Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 063_མདོ་སྡེ།_ཛ

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
དུད་འགྲོའི་སྐྱེ་གནས་རྣམས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །མཽད་གལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་བརྩེ་བ་དང་སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་ཆོས་སྟོན་ཏེ། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་ཆོ་འཕྲུལ་རྣམ་པ་བཅྭ་བརྒྱད་ཀྱིས་ཆོས་སྟོན་ཏོ། །དེས་ལོ་བདུན་བརྒྱའི་བར་དུ་ཆོས་བསྟན་ཀྱང་སེམས་ཅན་གཅིག་གིས་ཀྱང་ཆོས་
མངོན་པར་རྟོགས་པར་མ་གྱུར་ལ་དེ་བཞིན་གཤེགས་པ་དེ་ཡང་སྐྱོ་བ་མེད་པའི་སྟེང་དུ་སྙིང་རྗེ་ཆེན་པོས་ཆོས་ཀྱང་སྟོན་ཏོ། །མཽད་གལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་དུ་གནས་ཤིང་བཞུགས་ལ་སེམས་ཅན་དེ་དག་གིས་སྤྱོས་ཤིང་བརྒྱད་བཀག་སྟེ། སྨོད་

ཅིང་བཤུང་བར་བྱེད་ཀྱང་དེར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོས་དེ་དག་བཟོད་པར་མཛད་དོ། །མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དེས་ལོ་བདུན་བརྒྱ་བས་ཀྱང་ལྷག་པས་སེམས་ཅན་ཁ་ཅིག་ཡོངས་སུ་སྨིན་པར་མཛད་དེ་ཆོས་བསྟན་པ་ལན་ཅིག་ལ།
སེམས་ཅན་ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི་དགྲ་བཅོམ་པ་ཉིད་ཐོབ་བོ། །ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི་རྒྱུན་དུ་
ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་དག་ཀྱང་ཉི་མ་གཅིག་ལ་རབ་ཏུ་བྱུང་བ་བསྙེན་པར་རྫོགས་སོ། །སློབ་པ་དང་མི་སློབ་པ་དེ་དག་ཐམས་ཅད་ཀྱང་གཅིག་ལ་གཅིག་ལུང་བསྟན་པས་ཉི་མ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་བཞིན་གཤེགས་པ་དེ་ནི་བྱང་ཆུབ་སེམས་དཔའ་ལྔ་
ལས་ཀྱི་སྒྲིབ་པས་དེར་སྐྱེས་ཏེ། སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་དེ་དག་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ད་དུང་ཡང་བཞུགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་ལས་ཀྱི་སྒྲིབ་པ་གང་གིས་ན་བྱང་ཆུབ་སེམས་དཔའ་རྣམས་རེ་ཞིག་འཇིག་རྟེན་གྱི་ཁམས་ཉོན་མོངས་པར་སྐྱེ་བར་འགྱུར་ལགས། བཀའ་སྩལ་པ། མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རེ་ཞིག་སྐྱེ་བ་ངན་པ་ལེན་པར་འགྱུར་རོ། །བཞི་གང་ཞེ་ན། མཽད་
གལ་གྱི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་མིང་གིས་རྙེད་པས་འཚོ་བར་བྱེད་ལ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་མི་སློབ་པ་དང་། མཽད་གལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་སྤོང་བ་ཡལ་བར་འདོར་ཞིང་ཟློག་པར་མི་བྱེད་པ་དང་། མཽད་གལ་གྱི་བུ་གཞན་
ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་གཞན་དག་གི་རྙེད་པའི་བར་ཆད་བྱེད་ཅིང་བསྔགས་པ་མ་ཡིན་པ་བརྗོད་པ་དང་། མཽད་གལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་མ་བསྲུངས་པ་དང་ལྡན་པ་སྟེ། མཽད་གལ་

གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་རེ་ཞིག་འགྲོ་བ་ངན་པར་འགྲོ་བར་འགྱུར་རོ། །མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྙིང་བརྩེ་བ་དང་སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་དེ་གཞན་
ཞིག་ཡིན་སྙམ་དུ་སེམས་ན། མཽད་གལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མཽད་གལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་
འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། །མཽད་གལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་ཕྲིན་ལས་མཛད་དེ། དེ་ལ་ནི་སྟོན་པས་མ་བསྟན་
པའི་བར་དུ་ཁྱེད་ཉན་ཐོས་རྣམས་ཀྱིས་འཇུག་པར་མི་ནུས་སོ། །མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་
ཆོས་སྟོན་ཏོ། །མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གང་ན་ང་ཚངས་པའི་གཟུགས་ཀྱིས་ཆོས་སྟོན་ཏེ། དེ་བཞིན་གཤེགས་པ་རབ་ཏུ་འབྱུང་བ་དང་། གོས་ངུར་སྨྲིག་མི་སྟོན་པ་ཡང་ཡོད་དོ། །
དེ་བཞིན་དུ་བརྒྱ་བྱིན་གྱི་གཟུགས་ཀྱིས་ཀྱང་ང་ཆོས་སྟོན་ཏོ། །དེ་བཞིན་དུ་སྐྱེ་བ་ཐམས་ཅད་ཀྱིས་ཀྱང་ང་ཆོས་སྟོན་ཏོ། །མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན་ཇི་ལྟ་བུར་མོས་པའི་སེམས་ཅན་རྣམས་ལ་ཇི་ལྟར་མོས་པ་བཞིན་དུ་
ང་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་ཚད་མེད་པ་གཞན་དང་གཞན་དག་ཏུ་ཡང་ང་ཆོས་སྟོན་ཏེ། དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། །མཽད་གལ་གྱི་བུ་དཔེར་ན་ཟླ་བའི་དཀྱིལ་འཁོར་རམ། ཉི་མའི་དཀྱིལ་འཁོར་ནི་གཞལ་

མེད་ཁང་ནས་ཀྱང་མི་གཡོ་ལ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་ཡང་དག་པར་སྣང་ངོ་། །མཽད་གལ་གྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རང་གི་སངས་རྒྱས་
ཀྱི་ཞིང་ལས་ཀྱང་མ་གཡོས་ལ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་ཏུ་ཡང་དག་པར་སྣང་སྟེ། སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་གྱུར་པ་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་
སུམ་ཅུ་རྩ་གསུམ་དག་ན་བཞུགས་པ་དང་། འཛམ་བུའི་གླིང་དང་། ལྷའི་གནས་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་ཆོས་སྟོན་ཅིང་བཞུགས་པ་ལ་དེ་བཞིན་གཤེགས་པ་ཡང་དག་པ་
གང་ལགས། གང་ལ་ཡོན་ཕུལ་ན་མཐུ་ཆེ་བར་འགྱུར་བའི་དེ་བཞིན་གཤེགས་པ་ཡང་དག་པ་ནི་འདི་ལགས་སོ་སྙམ་དུ་བདག་གིས་ཇི་ལྟར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་
གལ་གྱི་བུ་དེའི་ཕྱིར་ཁྱོད་ཉིད་ལ་ཕྱིར་དྲི་བར་བྱས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པའམ། བུད་མེད་གང་ཡིན་པ་དེ་ལ་ཡང་དག་པ་གང་ཡིན། གསོལ་པ། བཅོམ་ལྡན་འདས་
དེ་ལ་ནི་ཡང་དག་པ་ཅི་ཡང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། སྒྱུ་མ་མཁན་གྱིས་གསང་སྔགས་དང་རིག་སྔགས་ཀྱི་སྟོབས་བསྐྱེད་དེ། སྤྲུལ་པ་སྤྲུལ་པར་བྱས་པས་ན་དེ་དག་ལ་ནི་ཁྱད་པར་མ་མཆིས་སོ། །བཀའ་སྩལ་པ། མཽད་གལ་གྱི་བུ་ཅི་གང་གི་ཕྱིར་སྤྲུལ་པ་
དེའི་བྱ་བ་བྱེད་དམ། གསོལ་པ། བཅོམ་ལྡན་འདས་བགྱིད་ལགས་སོ། །བཀའ་སྩལ་པ། མཽད་གལ་གྱི་བུ་དེ་བཞིན་དུ་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་ནི་ཁྱད་པར་རམ་ཐ་དད་དུ་དབྱེ་བ་མེད་དོ། །མཽད་གལ་གྱི་བུ་ཇི་ལྟར་སྒྱུ་མ་མཁན་གྱི་གསང་སྔགས་དང་རིག་སྔགས་ཀྱི་སྟོབས་

ཀྱིས་སྤྲུལ་པ་མང་པོ་སྤྲུལ་ལ། དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེད་པ་དེ་བཞིན་དུ་མཽད་གལ་གྱི་བུ་དེ་བཞིན་གཤེགས་པའི་ཤེས་རབ་དང་། རིག་པ་དང་། ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྟོན་པར་མཛད་ལ། དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེད་པ་འདི་ལྟ་
སྟེ། སངས་རྒྱས་ཀྱི་ཕྲིན་ལས་ཀྱི་བྱ་བ་བྱེད་དེ་དེ་ལ་ཡོན་ཕུལ་བ་གང་ཡིན་པ་དེ་དག་གི་རྣམ་པར་སྨིན་པ་ཡང་མཉམ་པར་འགྱུར་རོ། །མཽད་གལ་གྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཅུང་ཟད་ཀྱང་ཐ་དད་དུ་དབྱེར་མེད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་ཡང་དག་པ་མ་ཡིན་པ་དང་།
སྒྱུ་མ་ལྟ་བུར་གྱུར་པའི་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཁྱད་པར་ར་མ་ཐ་དད་དུ་དབྱེར་མེད་དོ། །མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་ནི་བཞེད་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡང་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན་གཤེགས་པ་དེའི་རང་བཞིན་དང་ཆུ་ཞེང་དང་ལྡན་
པ་གང་གཱའི་ཀླུང་གི་བྱེ་མ་སྙེད་སྤྲུལ་པར་མཛད་དེ། དེ་དག་ཀྱང་རྣམ་པ་དྲུག་ཅུ་དང་ལྡན་པའི་ངག་གི་ལས་ཀྱིས་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཇི་ལྟར་
མོས་པའི་སེམས་ཅན་རྣམས་ལ་མོས་པ་དང་། དབང་པོ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཤེས་པ་བསྐྱེད་པའི་ཕྱིར་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཆོས་བསྟན་པས་སེམས་ཅན་སྣ་ཚོགས་ངེས་པར་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་ཡང་དག་པར་
ཟད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཆོ་འཕྲུལ་རྣམ་པ་བཞིས་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་ཡང་དག་པར་སྟོན་ཏོ། །མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་དག་ལ་ཆེས་ཁྱད་པར་དུ་
འཕགས་པའམ། ཆེས་གཟུགས་དང་ལྡན་པའམ། ཆེས་ཁ་དོག་དང་ལྡན་པའམ། ཆེས་སྤོབས་པ་དང་ལྡན་པའམ། ཆེས་ཡེ་ཤེས་དང་ལྡན་པའམ། ཆེས་རྫུ་འཕྲུལ་དང་ལྡན་པའམ། ཆེས་ཆོས་སྟོན་པ་དང་ལྡན་པའམ། ཆེས་སེམས་ཅན་ཡོངས་སུ་དགྲོལ་བ་དང་

ལྡན་པ་གང་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ལ་ནི་ཐ་དད་པར་བསྟན་པར་མི་ནུས་ལགས་སོ། །བཀའ་བསྩལ་པ། མཽད་གལ་གྱི་བུ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ནི་སྤྲུལ་པའི་ངོ་བོ་ཉིད་དེ། ཁྱད་པར་ཡང་མེད། ཐ་དད་དུ་དབྱེར་ཡང་མེད་
པ་དེ་ལྟར་རིག་པར་བྱའོ། །མཽད་གལ་གྱི་བུ་ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་དུ་ཤེས་པ་གང་ཡིན་པ་དེ་དག་ནི་སོ་སོའི་སྐྱེ་བོ་རྣམས་ལའང་ཐ་དད་པར་དབྱེ་བར་མི་འདོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། མཽད་གལ་གྱི་བུ་ཆོས་ཐམས་ཅད་ནི་
རང་བཞིན་གྱིས་སྟོང་པ། ཀུན་དུ་བརྟགས་པ་དང་། ཡོངས་སུ་བརྟགས་པ་ལས་བྱུང་བ་སྟེ། དེ་དག་ལ་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་སྒྲུབ་མོད་ཀྱི། ཆོས་ཀྱི་དབྱིངས་ནི་སྐྱེ་བ་ཡང་མེད་འཇིག་པ་ཡང་མེད་དོ། །མཽད་གལ་གྱི་བུ་ཆོས་ཀྱི་དབྱིངས་དེ་ནི་དེ་བཞིན་གཤེགས་པས་
དེ་བཞིན་དུ་ཐུགས་སུ་ཆུད་དེ། དེ་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་
གཅིག་གིས་གཅིག་མི་ཤེས་སོ། །མཽད་གལ་གྱི་བུ་འཛམ་བུའི་གླིང་ལྟ་ཞོག་གི། །གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྷའམ། མིའམ། དེ་མ་ཡིན་པའི་སྐྱེ་བའི་གནས་ན་གནས་པ་ཇི་སྙེད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་
གཤེགས་པས་སྤུའི་ཁུང་བུ་གཅིག་ནས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ། །མཽད་གལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་ཞོག་གི །མཽད་
གལ་གྱི་བུ་ནན་གྱིས་དཔེར་བྱ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དུ་བསྡུ་བར་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། མཽད་གལ་གྱི་བུ་སེམས་ཅན་མིར་གྱུར་པ་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་

གཤེགས་པས་སྤུའི་ཁུང་བུ་གཅིག་ནས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་པར་མཛད་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ། །མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་
ཐམས་ཅད་ལྟ་ཞོག་གི །མཽད་གལ་གྱི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གི་སའི་ཁམས་ནི་དེ་ལྟ་མ་ཡིན་ནོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་དང་།
ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་བཅུར་ཁོ་ར་ཁོར་ཡུག་ཏུ་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གི །སའི་ཁམས་ནི་དེ་ལྟ་མ་ཡིན་ནོ། །མཽད་གལ་གྱི་
བུ་ནན་གྱིས་དཔེར་བྱ་ན། སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཀྱང་། མཽད་གལ་གྱི་བུ་སེམས་ཅན་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་རེ་རེའི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་
བཅས་པ་ཡང་དག་པར་སྟོན་ལ་སེམས་ཅན་དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ། །མཽད་གལ་གྱི་བུ་ཕྱོགས་བཅུར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་འཁོད་པ་རྣམས་ལྟ་ཞོག་གི །མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་ནི་གདན་
འདི་ལ་བཞུགས་བཞིན་དུ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་དང་ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་རྣམས་གཟིགས་ཏེ། དེ་དག་ནི་ངས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མ་ཉམས་པས་བསྐལ་པ་འབུམ་དུ་ཡང་དཔེར་བླང་བ་བགྲངས་པའི་ཚུལ་གྱིས་བསྟན་པར་སླ་བ་མ་
ཡིན་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ནི་དེ་ཙམ་དུ་དཔག་ཏུ་མེད་དོ། །ངས་གདན་འདི་ལ་བཞུགས་བཞིན་དུ་གང་གཟིགས་པ་དང་། དེ་བཞིན་གཤེགས་པས་དཔེར་བླང་བ་བགྲངས་པ་དག་གིས་བསྟན་པ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་རང་སངས་རྒྱས་དང་འདྲ་བར་གྱུར་པས་

ཀྱང་ཤེས་པའམ། གཞལ་བའམ། བརྟག་པར་སླ་བ་མ་ཡིན་ན་ཉན་ཐོས་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་འབའ་ཞིག་གིས་སངས་རྒྱས་ཀྱི་ཞིང་དེ་དག་བརྒྱ་ཕྲག་ཇི་སྙེད་ཡོད་པ་དང་། སྟོང་ཕྲག་ཇི་སྙེད་ཡོད་པ་དང་། འབུམ་ཕྲག་ཇི་སྙེད་ཡོད་པ་དང་།
བྱེ་བ་འབུམ་ཕྲག་ཇི་སྙེད་ཡོད་པ་དང་། གཏམས་ཕྲག་ཇི་སྙེད་ཡོད་པ་དང་། དཀྲིགས་ཕྲག་ཇི་སྙེད་ཡོད་པ་དང་། མི་འཁྲུགས་ཕྲག་ཇི་སྙེད་ཡོད་པ་དང་། གྲངས་མེད་པ་ཕྲག་ཇི་སྙེད་ཡོད་པ་དང་། དཔག་ཏུ་མེད་པ་ཕྲག་ཇི་སྙེད་ཡོད་པ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཕྲག་ཇི་སྙེད་ཡོད་
པ་དང་། སྟོང་གསུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཡོངས་སུ་གང་བ་ཇི་སྙེད་ཡོད་པ་མཁྱེན་ཏོ། །མཽད་གལ་གྱི་བུ་ངས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་དང་ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་མཐོང་བའི་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་སེམས་ཅན་དུ་བསྡུ་བས་བསྡུས་
ཤིང་སྨོས་པའི་སེམས་ཅན་གྱི་ཁམས་རྣམས་ནི་ཆེས་མང་གི་སའི་ཁམས་ནི་དེ་ལྟ་མ་ཡིན་ནོ། །སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ་ཐོབ་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེ་ལ་ཡང་དེ་སྙེད་ཀྱི་
འཁོར་ཡོད་པར་གྱུར་ཀྱང་། མཽད་གལ་གྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པ་དེ་དག་ཐམས་ཅད་ལ་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་རེ་རེའི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ་གཅིག་གིས་གཅིག་
ཀྱང་མི་ཤེས་ཏེ་རང་རང་གི་དེ་བཞིན་གཤེགས་པ་མཐོང་ངོ་། །དེ་བཞིན་དུ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ཀྱང་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་བརྒྱའི་ཆའམ།
སྟོང་གི་ཆའམ། འབུམ་གྱི་ཆའམ། བྱེ་བ་ཕྲག་འབུམ་གྱི་ཆའམ། གྲངས་སམ། ཆའམ། བགྲང་བའམ། དཔེའམ། རྒྱུ་ཙམ་ཡང་ཡང་དག་པར་བསྟན་པར་མི་འགྱུར་ཏེ་མཽད་གལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྫུ་

འཕྲུལ་དང་ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་ནོ། །མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་གང་གི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་རིན་པོ་ཆེ་སྣ་བདུན་ཐོབ་པའི་བསོད་ནམས་ཀྱི་ཕུང་པོ་མང་ངམ་གསོལ་པ། བཅོམ་ལྡན་
འདས་མང་ལགས་སོ། །བདེ་བར་གཤེགས་པ་དཔག་ཏུ་མ་མཆིས་སོ། །བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་མོས་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་པ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་བའི་བསོད་ནམས་ཀྱི་ཕུང་
པོས་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་གཅིག་ཡོངས་སུ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་སྟོན་པ་འདི་ལྟར་རྫུ་འཕྲུལ་ཆེ་བ་དང་། འདི་ལྟར་ཆེ་བར་གྲགས་པ་
དང་། འདི་ལྟར་མཐུ་ཆེ་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་ལགས་སོ། །དེ་ལྟ་ལགས་ཀྱིས་ཀྱང་བདག་ནི་རྒྱུའི་རྗེས་སུ་འགྲོ་བའི་ཆོས་ཐམས་ཅད་ལ་ཐོགས་པ་མ་མཆིས་པའི་ཡེ་ཤེས་འདི་ལྟ་བུ་ལས་དམན་པར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་
པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ཐོས་ནས་ལན་ཅིག་སེམས་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ལགས་ན་གང་དག་མོས་པར་བགྱིད་ལ་མོས་ཤིང་ཡིད་ཆེས་ནས་ཀྱང་རྫུ་འཕྲུལ་དང་ཡེ་ཤེས་འདི་ལྟ་བུ་ཡོངས་སུ་རྫོགས་
པར་བགྱི་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་སེམས་ཅན་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བགྱི་བའི་གནས་ལགས་སོ། །བཀའ་སྩལ་པ། མཽད་གལ་གྱི་བུ་དེ་ནི་དེ་བཞིན་ཏེ། ཁྱོད་ཇི་སྐད་ཟེར་
བ་བཞིན་དུ་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་ཡིད་ཆེས་པ་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་དོ། །དེ་དག་ནི་ལོག་པར་ལྟུང་བའི་དོགས་པ་མེད་པར་ཤེས་པར་བྱའོ། །དེ་ནས་ལྷ་དེ་དག་དང་། ཀླུ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ཚངས་པ་དེ་

དག་གིས་བཅོམ་ལྡན་འདས་ལས་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ཐོས་ནས་ཚིག་འཐུན་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ་ཕྱག་འཚལ་ལོ། །སེམས་ཅན་གང་དག་གིས་ཡེ་ཤེས་འདི་ལྟ་བུ་ཡོངས་སུ་རྫོགས་པར་
བྱ་བའི་ཕྱིར་སེམས་བསྐྱེད་པའམ་སྐྱེད་པར་འགྱུར་བ་དེ་དག་ལ་ཡང་ཕྱག་འཚལ་ལོ། །ཇི་ལྟར་ད་ལྟར་ན་དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པ་དེ་བཞིན་དུ་དེ་དག་ཀྱང་རྣམ་པར་འཕྲུལ་པར་འགྱུར་ཏེ་དེ་བས་ན་བདག་ཅག་གིས་འདི་ལ་སོམ་ཉིའམ་ཡིད་གཉིས་སམ་ཐེ་ཚོམ་ཟ་བར་མི་བྱའོ་ཞེས་
ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ཚངས་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་གུས་པར་བྱ་བའི་ཕྱིར་སིལ་སྙན་འབུམ་སྒྲ་ཕྱུང་ངོ་། །ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་
དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་སུམ་ཅུ་རྩ་གསུམ་གྱི་གནས་ཐམས་ཅད་ལ་མངོན་པར་གཏོར་ཏོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་ལྷ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་སེམས་བསྐྱེད་དེ་ཚིག་
འདི་སྐད་དུ་ཇི་ལྟར་ད་ལྟར་ན་དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་པ་དེ་བཞིན་དུ་བདག་ཅག་ཀྱང་མ་འོངས་པའི་དུས་ན་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་བླ་ན་མེད་པའི་སེང་གེའི་སྒྲ་སྒྲོགས་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བ་དང་ཟླ་མཆོག་གིས་འདི་
སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར་ལགས། དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་དང་ཟླ་མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་བདག་ཉིད་ཀྱང་འཆང་ལ་གཞན་དག་ལ་ཡང་སྟོན་པ་དེ་ནི་དཀོན་མཆོག་གསུམ་རྒྱུན་མི་གཅད་པའི་ཕྱིར་ཞུགས་པ་ཡིན་

ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཏུ་སེམས་བསྐྱེད་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན།
ལྷའི་བུ་རྒྱ་ཆེན་པོ་ལ་མོས་པ་དབང་པོ་རྣོན་པོ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་རྣམས་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་སྐྱེ་བར་འགྱུར་གྱི། ཆུང་ངུ་ལ་མོས་པ་རྣམས་ནི་དེ་ལྟ་མ་ཡིན་ནོ། །ལྷའི་བུ་རྣམ་གྲངས་འདིས་ན་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་།
ཀློག་པ་རྣམས་ནི་ཅི་ནས་དཀོན་མཆོག་གསུམ་གྱི་རྒྱུན་མི་གཅད་པའི་ཕྱིར་གནས་པ་ཡིན་པ་དེ་ལྟར་རིག་པར་བྱའོ། །ལྷའི་བུ་འདི་ཇི་སྙམ་དུ་སེམས། གང་དཀོན་མཆོག་གསུམ་རྒྱུན་མི་གཅད་པའི་ཕྱིར་གནས་པ་དེའི་བསྔགས་པའི་མཐའ་འམ། བསོད་ནམས་ཀྱི་མཐའ་སངས་རྒྱས་
འབུམ་སྐུ་ཚེའི་ཚད་བསྐལ་པར་བཞུགས་པས་ཀྱང་བསྟན་པའམ། བཤད་པར་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། ལྷའི་བུ་རྣམ་གྲངས་འདིས་ཀྱང་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བའམ། གཞན་དག་ལ་སྟོན་པ་དེ་
བསོད་ནམས་ཚད་མེད་པ་སྐྱེད་པར་འགྱུར་བར་མཁས་པས་དེ་ལྟར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བར་ཟུང་ཤིག །སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་
དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་བུ་ཟླ་བ་དང་། ཟླ་མཆོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚངས་པ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་།

དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་
གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སྠཱི་ར་ཨ་དྷྱཱ་ཤ་ཡ་པ་རི་བརྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ལྷག་
པའི་བསམ་པ་བརྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་
ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་ནང་པར་སྔར་ཤམ་ཐབས་དང་། ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་
སྙོམས་ལ་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་བསོད་སྙོམས་ཀྱི་ཕྱིར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་མཐར་ཆགས་སུ་རྒྱུ་བ་ན། ཚོང་དཔོན་ཞིག་གི་ཁྱིམ་ན་བུ་མོ་གཟུགས་བཟང་བ་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་
མཆོག་དང་ལྡན་པ་ཞིག་ཡོད་པ་མཐོང་ངོ་། །དེས་བུ་མོ་དེ་མཐོང་ནས་འདོད་ཆགས་ཀྱིས་ཡོངས་སུ་གདུང་བ་སྐྱེས་ཏེ། དེས་མི་སྡུག་པ་ཡིད་ལ་བྱའོ་སྙམ་དུ་བསམས་ཀྱང་དེའི་སེམས་སྡུག་པའི་མཚན་མ་འབའ་ཞིག་གིས་ཡོངས་སུ་ཟིན་ཏེ་འདུག་པར་གྱུར་ཏོ། །དེ་ནས་བྱང་ཆུབ་
སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་དགའ་བར་འཛིན་པའི་སེམས་ཀྱིས་ཁྱིམ་དེ་ནས་བསོད་སྙོམས་མ་བླངས་པར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་ལྷུང་བཟེད་སྟོང་བཞིན་དུ་ཕྱིར་སོང་སྟེ། འདོད་པའི་རྟོག་པ་དེ་ཡིད་ལ་མི་བྱ་བར་བྱ་བའི་ཕྱིར་འབད་ན་སོ་སོར་བརྟག་པའི་

སྟོབས་ཀྱིས་ཀྱང་འདོད་པའི་རྟོག་པ་བསལ་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པའི་འདོད་པའི་རྟོག་པ་དང་ལྡན་པ་སོ་སོར་རྟོག་པའི་སྟོབས་ཀྱིས་ཀྱང་འདོད་པའི་རྟོག་པ་
བསལ་མ་ནུས་པ་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་གདུལ་བར་བྱ་བའི་དབང་གི་ཕྱིར་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་ལམ་གང་ནས་འགྲོ་བའི་ལམ་དེར་ཚོང་དཔོན་གྱི་བུ་མོ་དེ་ཅི་འདྲ་བ་དེ་
འདྲ་བའི་བུ་མོ་ཞིག་སྤྲུལ་ནས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པས་སྤྲུལ་པའི་བུ་མོ་དེ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་མོ་ཁྱོད་གར་འགྲོ། །སྤྲུལ་པའི་བུ་མོས་སྨྲས་པ། ཁྱོད་གར་བཞུད་པ་དེར་བདག་མཆིའོ། །
དེ་ནས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་འཇིགས་ཤིང་སྐྲག་ནས་བྲོས་སོ། །བྲོས་ནས་རི་བགྲོད་དཀའ་བ་ཞིག་ཏུ་སོང་ངོ་། །སྤྲུལ་པའི་བུ་མོ་དེ་ཡང་རི་བགྲོད་དཀའ་བ་དེ་ཉིད་དུ་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་
ལུས་ངལ་ཆད་དེ་འདུག་གོ། །སྤྲུལ་པའི་བུ་མོ་དེ་ཡང་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པའི་མདུན་དུ་འདུག་གོ། །འདུག་ནས་ཀྱང་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །བདག་ནི་སེམས་ཀྱིས་སྤང་བར་གྱིས། །ལུས་ནི་བྲོས་པས་ཅི་ཞིག་བྱ། །
བརྟན་པོ་ལུས་ནི་བྲོས་པ་ཡིས། །འདོད་ཆགས་སྤོང་བར་མི་འགྱུར་རོ། །དེ་ནས་སྤྲུལ་པའི་བུ་མོ་དེས་ཚིགས་སུ་བཅད་པ་དེ་སྐད་ཅེས་སྨྲས་ནས་རི་བགྲོད་དཀའ་བ་དེ་ལས་ལྷུང་ངོ་། །ལྷུང་ནས་དེའི་མགོ་ཡང་ལོགས་ཤིག་ཏུ་སོང་ངོ་། །ལག་པ་ཡང་ལོགས་ཤིག །རྐང་པ་ཡང་
ལོགས་ཤིག །ཡན་ལག་དང་ཉིང་ལག་རྣམས་ཀྱང་ལོགས་ཤིག་ཏུ་སོང་སྟེ། འདི་ལྟ་སྟེ་དཔེར་ན་ཁ་བ་བཅངས་པ་ལས་རབ་ཏུ་དྲོས་ཤིང་རབ་ཏུ་ཞུ་ནས་ས་ལ་ཐིམ་པ་དེ་བཞིན་དུ་སྤྲུལ་པའི་བུ་མོ་དེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷག་

པའི་བསམ་པ་བརྟན་པས། སྤྲུལ་པའི་བུ་མོ་དེ་མ་མཐོང་ནས་འདོད་ཆགས་ཀྱི་སེམས་དེ་ཉིད་ཞི་བར་གྱུར་ཏེ། དེ་སྐྱོ་བ་ཆེན་པོ་སྐྱེས་སོ། །དེས་སྐྱོ་བ་ཆེན་པོ་ཐོབ་སྟེ། སྤྲུལ་པས་ཚིགས་སུ་བཅད་པ་སྨྲས་པ་དེ་མངོན་སུམ་དུ་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ།
རང་བཞིན་འདི་དག་ཐམས་ཅད་བཅོམ་ལྡན་འདས་ལ་བདག་གིས་གསོལ་ཏོ། །དེ་ལྟར་བྱས་ན་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་སེམས་མཁྱེན་ནས་ཅི་ནས་བདག་གིས་ཆོས་མངོན་པར་རྟོགས་པར་འགྱུར་བའི་ཆོས་སྟོན་པར་འགྱུར་སྙམ་མོ། །དེ་ནས་བྱང་ཆུབ་སེམས་
དཔའ་ལྷག་པའི་བསམ་པ་བརྟན་པ་བགྲོད་དཀའ་བ་དེ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་
སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པས་བཅོམ་ལྡན་འདས་ཀྱི་བཀའ་རྫོགས་པར་རིག་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་
དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་རང་བཞིན་ཐམས་ཅད་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་ལམ་གྱིས་འབྱུང་བ་ཡོངས་སུ་ཚོལ་བ་དེ་ནི་དེ་བཞིན་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་ཆགས་
པར་འགྱུར་བའི་ཆོས་རྣམས་སྤངས་པས་འདོད་ཆགས་སྤངས་པར་མ་གསུངས་སོ། །དེ་བཞིན་དུ་ཞེ་སྡང་བར་འགྱུར་བ་དང་། གཏི་མུག་པར་འགྱུར་བའི་ཆོས་རྣམས་སྤངས་པས་དེ་བཞིན་གཤེགས་པས་གཏི་མུག་སྤངས་པར་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན།
རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཆོས་གང་ཡང་དོར་བར་བྱ་བའམ། ཐོབ་པར་བྱ་བའི་ཕྱིར་ཆོས་མི་སྟོན་ཏོ། །ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་སྤང་བར་བྱ་བ་དང་། བསྒོམ་པར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། མངོན་པར་རྟོགས་པར་བྱ་

བ་དང་། འཁོར་བ་ལས་བསྐྱོད་པར་བྱ་བ་དང་། མྱ་ངན་ལས་འདས་པར་འགྲོ་བར་བྱ་བ་དང་། བསལ་བར་བྱ་བ་དང་། གཞག་པར་བྱ་བ་དང་། དབྱེ་བར་བྱ་བའི་ཕྱིར་ཆོས་མི་སྟོན་ཏོ། །རིགས་ཀྱི་བུ་གཉིས་སུ་དབྱེ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཉིད་མ་ཡིན་ནོ། །
གཉིས་སུ་སྤྱོད་པ་གང་ཡིན་པ་དེ་དག་ནི་ཡང་དག་པ་ལ་ཞུགས་པ་མ་ཡིན་ནོ། །རིགས་ཀྱི་བུ་གཉིས་གང་ཞེ་ན། བདག་གིས་འདོད་ཆགས་སྤང་བར་བྱའོ་སྙམ་པ་འདི་ནི་གཉིས་སོ། །བདག་གིས་ཞེ་སྡང་སྤང་བར་བྱའོ། །བདག་གིས་གཏི་མུག་སྤང་བར་བྱའོ་སྙམ་པ་འདི་ནི་
གཉིས་སོ། །དེ་ལྟར་སྦྱོར་བ་གང་ཡིན་པ་དེ་དག་ནི་ཡང་དག་པ་ལ་ཞུགས་པ་མ་ཡིན་ཏེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གིས་སྒྱུ་མ་མཁན་གྱི་རོལ་མོ་བྱུང་བའི་ཚེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་མཐོང་
ན་འདོད་ཆགས་ཀྱི་སེམས་བསྐྱེད་དེ། དེ་འདོད་ཆགས་ཀྱིས་སེམས་དཀྲིས་ནས་འཁོར་གྱིས་འཇིགས་ཤིང་བག་ཚ་སྟེ་སྟན་ལས་ལངས་ནས་སོང་སྟེ། དེ་སོང་ནས་བུད་མེད་དེ་ཉིད་ལ་མི་སྡུག་པ་ཡིད་ལ་བྱེད་ཅིང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་
མེད་པར་ཡིད་ལ་བྱེད་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཅི་མི་དེ་ཡང་དག་པར་ཞུགས་པ་ཡིན་ནམ། འོན་ཏེ་ལོག་པར་ཞུགས་པ་ཡིན། གསོལ་པ། བཅོམ་ལྡན་འདས་གང་བུད་མེད་མ་མཆིས་པ་ལ་མི་སྡུག་པར་ཡིད་ལ་བགྱིད་ཅིང་མི་རྟག་པ་དང་། སྡུག་བསྔལ་
བ་དང་། སྟོང་པ་དང་། བདག་མེད་པར་ཡིད་ལ་བགྱིད་པའི་མི་དེའི་མངོན་པར་བརྩོན་པ་དེ་ནི་ལོག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཁ་ཅིག་མ་སྐྱེས་
མ་བྱུང་བའི་ཆོས་རྣམས་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡིད་ལ་བྱེད་པ་གང་ཡིན་པ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ།

དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ལ་ལ་གཉིད་ལོག་པའི་རྨི་ལམ་དུ་བདག་གི་ཁྱིམ་དུ་རྒྱལ་པོའི་བཙུན་མོ་མཐོང་ནས་དེ་དང་ལྷན་ཅིག་ཉལ་བར་བྱེད་དེ། དྲན་པ་ཉམས་པའི་ཕྱིར། བདག་ནི་གསད་དོ་སྙམ་དུ་
དེ་ལྟར་སེམས་ནས་རྒྱལ་པོས་མ་ཚོར་གྲང་། དེས་བདག་གསད་དུ་འོང་ངོ་སྙམ་ནས་དེ་འཇིགས་ཤིང་སྐྲག་སྟེ་བྲོས་ན་འདི་ཇི་སྙམ་དུ་སེམས། ཅི་མི་དེ་འཇིགས་ཤིང་སྐྲག་སྟེ་བྲོས་པས་རྒྱལ་པོའི་བཙུན་མོའི་ཕྱིར་འཇིགས་པ་དེ་ལས་ཐར་བར་འགྱུར་རམ། གསོལ་པ།
བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་མི་དེས་བུད་མེད་མ་མཆིས་པར་བུད་མེད་ཀྱི་འདུ་ཤེས་བསྐྱེད་དེ་ཡང་དག་པ་མ་ལགས་པ་ཀུན་བརྟགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་
འདི་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཁ་ཅིག་འདོད་ཆགས་མེད་པ་ལ་འདོད་ཆགས་ཀྱི་འདུ་ཤེས་བསྐྱེད་ནས་འདོད་ཆགས་ཀྱི་འཇིགས་པས་སྐྲག་སྟེ། འདོད་ཆགས་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་བ་དང་། དེ་བཞིན་དུ་ཞེ་
སྡང་མེད་པར་ཞེ་སྡང་གི་འདུ་ཤེས་བསྐྱེད། གཏི་མུག་མེད་པར་གཏི་མུག་གི་འདུ་ཤེས་བསྐྱེད་ནས་གཏི་མུག་གི་འཇིགས་པས་སྐྲག་སྟེ། གཏི་མུག་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་བ་གང་ཡིན་པ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་
དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མི་དེས་མེད་བཞིན་དུ་སྒྲོ་བཏགས་པས་འཇིགས་པ་མེད་པ་ལ་འཇིགས་པའི་འདུ་ཤེས་བསྐྱེད་པ་དེ་བཞིན་དུ། རིགས་ཀྱི་བུ་བྱིས་པ་སོ་སོའི་
སྐྱེ་བོ་རྣམས་ནི་འདོད་ཆགས་ཀྱི་མཐའ་མ་ཤེས་ནས་འདོད་ཆགས་ཀྱི་མཐའི་འཇིགས་པས་སྐྲག་སྟེ། འདོད་ཆགས་ཀྱི་མཐའ་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་ལོ། །ཞེ་སྡང་གི་མཐའ་ཅི་ཡང་མེད་པའི་མཐར་མ་ཤེས་ནས་ཞེ་སྡང་གི་མཐའི་འཇིགས་པས་སྐྲག་

ཅིང་ཅི་ཡང་མེད་པའི་མཐའ་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་ལོ། །གཏི་མུག་གི་མཐའ་སྟོང་པ་ཉིད་ཀྱི་མཐར་མ་ཤེས་ནས་གཏི་མུག་གི་མཐའི་འཇིགས་པས་སྐྲག་སྟེ། སྟོང་པ་ཉིད་ཀྱི་མཐའ་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་བར་བྱེད་དོ། །ང་ནི་མི་བླུན་པོ་དེ་དག་ལ་
ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་སོས་ཀའི་ཟླ་བ་ཐ་མའི་ཉི་མ་གུང་ལ་ལམ་དུ་ཞུགས་ནས་ཚ་བས་ཉེན་ཏེ་ངལ་ཆད་ནས་སྐོམ་ཞིང་གདུངས་ཏེ་ཤིན་ཏུ་སོ་སོར་རྟོག་པའི་སྟོབས་དང་ལྡན་པར་
གྱུར་ནས། དེས་འབྲོག་དགོན་པར་སྨིག་རྒྱུའི་ཆུ་འདལ་པ་ཆེན་པོའི་རྒྱུན་འབབ་པ་མཐོང་ལ། དེ་དེར་འདི་ལྟར་སོ་སོར་རྟོག་པར་བྱེད་དེ། བདག་ཁྱིམ་དུ་མ་ཕྱིན་གྱི་བར་དུ་རེ་ཞིག་ཆུ་འདི་བཏུང་བར་མི་བྱའོ་སྙམ་ནས་དེས་སྨིག་རྒྱུ་དེ་བོར་ཏེ་རང་གི་ཁྱིམ་དུ་སོང་ངོ་། །རང་གི་ཁྱིམ་དུ་སོང་ནས་
བདག་སྐོམ་ལ་ཆུ་མཐོང་བཞིན་དུ་མ་འཐུངས་པར་བོར་བ་ནི་བདག་གིས་ངོ་མཚར་ཅིག་བྱས་སོ། །བདག་གིས་མཆོག་ཏུ་ངོ་མཚར་བ་ཞིག་བྱས་སོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། མི་དེས་ཆུ་མེད་ཅིང་ཡོད་པ་མ་ཡིན་པ་མ་འཐུངས་ཏེ་བོར་
བ་ལ་ངོ་མཚར་ཅིག་བྱས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ན་ཆབ་ཀྱང་མ་མཆིས། ཆབ་ཏུ་གདགས་པ་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་མི་དེ་ཆབ་མ་མཆིས་པར་འདུ་ཤེས་འཁྲུལ་ཏེ། དེ་ཆབ་དོར་
བར་སོ་སོར་རྟོག་པར་བགྱིད་ཅིང་མི་བདེན་པའི་དགའ་བ་དང་། མཆོག་ཏུ་དགའ་བ་བསྐྱེད་ནས་དགའ་བ་དེས་མགུ་བར་འཛིན་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཁ་ཅིག་དེ་བཞིན་
གཤེགས་པའི་དགོངས་པའི་ཚིག་མ་ཤེས་ནས། སེར་སྣའི་སེམས་ཡོངས་སུ་སྤང་བའི་ཕྱིར་སྦྱིན་པ་མེད་པར་སྦྱིན་པའི་འདུ་ཤེས་སྐྱེད་དེ་མེད་བཞིན་དུ་སོ་སོར་རྟོག་པར་བྱེད་ལ། མི་བདེན་པའི་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེད་ཅིང་བདག་ཅག་གིས་ནི་སེར་སྣའི་སེམས་བསལ་ཏོ་

སྙམ་སྟེ། དགའ་བ་དེས་མགུ་བར་འཛིན་པ་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་ཡོངས་སུ་སྤང་བའི་ཕྱིར་ཚུལ་ཁྲིམས་མེད་པར་ཚུལ་ཁྲིམས་ཀྱི་འདུ་ཤེས་སྐྱེད་དེ་མེད་བཞིན་དུ་སོ་སོར་རྟོག་པར་བྱེད་ལ། མི་བདེན་པའི་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེད་ཅིང་
བདག་ཅག་གིས་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་བསལ་ཏོ་སྙམ་སྟེ། དགའ་བ་དེས་མགུ་བར་འཛིན་པ་དང་། གནོད་སེམས་ཀྱི་སེམས་ཡོངས་སུ་སྤང་བའི་ཕྱིར་བཟོད་པ་མེད་པར་བཟོད་པའི་འདུ་ཤེས་སྐྱེད་དེ་མེད་བཞིན་དུ་སོ་སོར་རྟོག་པར་བྱེད་ལ། མི་བདེན་པའི་དགའ་བ་དང་།
མཆོག་ཏུ་དགའ་བ་སྐྱེད་ཅིང་བདག་ཅག་གིས་ནི་གནོད་སེམས་ཀྱི་སེམས་བསལ་ཏོ་སྙམ་སྟེ། དགའ་བ་དེས་མགུ་བར་འཛིན་པ་དང་། ལེ་ལོའི་སེམས་ཡོངས་སུ་སྤང་བའི་ཕྱིར་བརྩོན་འགྲུས་མེད་པར་བརྩོན་འགྲུས་ཀྱི་འདུ་ཤེས་སྐྱེད་དེ། མེད་བཞིན་དུ་སོ་སོར་རྟོག་པར་བྱེད་ལ། མི་
བདེན་པའི་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེད་ཅིང་བདག་ཅག་གིས་ནི་ལེ་ལོའི་སེམས་བསལ་ཏོ་སྙམ་སྟེ། དགའ་བ་དེས་མགུ་བར་འཛིན་པ་དང་། རྣམ་པར་གཡེངས་པའི་སེམས་ཡོངས་སུ་སྤང་བའི་ཕྱིར་བསམ་གཏན་མེད་པར་བསམ་གཏན་གྱི་འདུ་ཤེས་སྐྱེད་དེ་མེད་བཞིན་དུ་སོ་
སོར་རྟོག་པར་བྱེད་ལ། མི་བདེན་པའི་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེད་ཅིང་བདག་ཅག་གིས་ནི་རྣམ་པར་གཡེངས་པའི་སེམས་བསལ་ཏོ་སྙམ་སྟེ། དགའ་བ་དེས་མགུ་བར་འཛིན་པ་དང་། མི་ཤེས་པའི་སེམས་ཡོངས་སུ་སྤང་བའི་ཕྱིར་ཤེས་རབ་མེད་པར་ཤེས་རབ་ཀྱི་འདུ་ཤེས་
སྐྱེད་དེ་མེད་བཞིན་དུ་སོ་སོར་རྟོག་པར་བྱེད་ལ། མི་བདེན་པའི་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེད་ཅིང་བདག་ཅག་གིས་ནི་མི་ཤེས་པའི་སེམས་བསལ་ཏོ་སྙམ་སྟེ། དགའ་བ་དེས་མགུ་བར་འཛིན་པ་གང་ཡིན་པ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་
ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཆུ་མེད་པར་འདུ་ཤེས་འཁྲུལ་ཏེ། དེ་ཆུ་དོར་བར་སོ་སོར་རྟོག་པར་བྱེད་ལ། མི་བདེན་པའི་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེད་ཅིང་དགའ་བ་དེས་མགུ་

བར་འཛིན་པ་དེ་བཞིན་དུ་རིགས་ཀྱི་བུ་འདི་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཁ་ཅིག་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་མ་ཤེས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མེད་པར་རྒྱུན་དུ་ཞུགས་པའི་འབྲས་བུར་འདུ་ཤེས་འཁྲུལ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད་
པར་ལན་ཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས་འཁྲུལ། ཕྱིར་མི་འོང་བའི་འབྲས་བུ་མེད་པར་ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་འཁྲུལ། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མེད་པར་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུར་འདུ་ཤེས་འཁྲུལ། རང་སངས་རྒྱས་ཉིད་ཀྱི་འབྲས་བུ་མེད་པར་རང་སངས་རྒྱས་
ཉིད་ཀྱི་འབྲས་བུར་འདུ་ཤེས་འཁྲུལ། སངས་རྒྱས་ཉིད་ཀྱི་འབྲས་བུ་མེད་པར་སངས་རྒྱས་ཉིད་ཀྱི་འབྲས་བུར་འདུ་ཤེས་འཁྲུལ། མྱ་ངན་ལས་འདས་པའི་འབྲས་བུ་མེད་པར་མྱ་ངན་ལས་འདས་པའི་འབྲས་བུར་འདུ་ཤེས་འཁྲུལ་ཏེ། མེད་བཞིན་དུ་སོ་སོར་རྟོག་པར་བྱེད་ལ། མི་བདེན་པའི་དགའ་
བ་དང་། མཆོག་ཏུ་དགའ་བ་སྐྱེད་ཅིང་དགའ་བ་དེས་མགུ་བར་འཛིན་པ་གང་ཡིན་པ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལྟ་བས་ན་རིགས་ཀྱི་བུའམ།
རིགས་ཀྱི་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་ལྟར་སྨིག་རྒྱུ་ལ་ཆུའི་འདུ་ཤེས་སྐྱེད་པ་དེ་ལྟ་བུར་ཆོས་རྣམས་རབ་ཏུ་ཤེས་པར་བྱའོ། །དེ་ལྟར་ཆོས་རྣམས་རབ་ཏུ་ཤེས་པ་དེ་དག་ནི་ཡང་དག་པར་ཞུགས་པ་ཡིན་ནམ་གཞན་དུ་ཤེས་པ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་ཞུགས་པ་མ་ཡིན་ནོ། །ང་ནི་
མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་བུད་མེད་གཅིག་གིས་མེ་ལོང་བླངས་ཏེ་བཞིན་གྱི་མཚན་མ་བརྟགས་ན་དེས་མེ་ལོང་ཤིན་ཏུ་ཕྱིས་པ་དེ་ལ་གཟུགས་བརྙན་མཛེས་ཤིང་བལྟ་ན་སྡུག་པ་མཐོང་
ནས། དེས་དེ་ལ་བདག་གིས་གཟུགས་བརྙན་འདི་ལ་འདོད་ཆགས་ཀྱི་སེམས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་བདག་གི་མ་ཡིན་ལ་བདག་ཀྱང་འདིའི་མ་ཡིན་པའི་ཕྱིར་རོ་སྙམ་དུ་སོ་སོར་རྟོག་པར་བྱེད་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། དེ་ལྟར་གཟུགས་བརྙན་དེ་

བུད་མེད་འདི་ལ་འདོད་ཆགས་ཀྱི་སེམས་མི་སྐྱེད་པ་ངོ་མཚར་ཏོ་སྙམ་དུ་འཛིན་ཏམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་བརྙན་ནི་རྣམ་པར་རྟོག་པ་མ་མཆིས་པ་དང་། ཡོངས་སུ་མ་གྲུབ་པ་
ལགས་ཏེ། དེ་ལ་རྟོག་པ་ཅི་ཡང་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་གཟུགས་རྣམས་ལ་རྟོག་པར་བྱེད་དེ་གཟུགས་འདི་དག་ནི་ངན་ནོ། །འདི་དག་ནི་འབྲིང་ངོ་། །འདི་དག་ནི་རབ་བོ་སྙམ་
དུ་སེམས་མོད་ཀྱི་འོན་ཀྱང་གཟུགས་རྣམས་ནི་གཟུགས་ཀྱི་ངོ་བོ་ཉིད་ལ་རྣམ་པར་རྟོག་པ་མི་སྐྱེད་དེ་རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་དོ། །སྒྲ་དང་། དྲི་དང་། རོ་དང་རེག་བྱ་རྣམས་ཀྱང་དེ་དང་འདྲའོ། །འདི་ལྟར་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཆོས་རྣམས་ལ་རྟོག་པར་བྱེད་
དེ་ཆོས་འདི་དག་ནི་ངན་ནོ། །འདི་དག་ནི་འབྲིང་ངོ་། །འདི་དག་ནི་རབ་བོ་སྙམ་དུ་སེམས་མོད་ཀྱི། འོན་ཀྱང་ཆོས་རྣམས་ནི་ཆོས་ཀྱི་ངོ་བོ་ཉིད་ལ་རྣམ་པར་རྟོག་པ་མི་སྐྱེད་དེ། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་བུད་མེད་དེས་མེད་པ་ལ་ཡོད་པའི་
འདུ་ཤེས་བསྐྱེད་ནས། དེ་ཡང་སོ་སོར་རྟོག་པར་བྱེད་ཅིང་དེ་ལ་མངོན་པར་ཞེན་པ་དེ་བཞིན་དུ་རིགས་ཀྱི་བུ་འདི་དག་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཁ་ཅིག་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུར་ཤེས་ནས་འདི་སྐད་དུ་བདག་ཅག་གཟུགས་རྣམས་ལ་
ཆགས་པར་མི་བྱའོ། །དེ་བཞིན་དུ་བདག་ཅག་སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས་དང་། ཆོས་རྣམས་ལ་ཆགས་པར་མི་བྱའོ། །བདག་ཅག་གིས་སྡོམ་པ་བསྒྲུབ་པར་བྱའོ་ཞེས་ཟེར་ཏེ། དེ་དག་མེད་པ་དེ་ལ་ཡོད་པར་འདུ་ཤེས་བསྐྱེད་ནས་མེད་བཞིན་དུ་
སོ་སོར་རྟོག་པར་བྱེད་དེ་དེ་ལ་མངོན་པར་ཞེན་ལ། དེས་ཀྱང་དགའ་བར་འཛིན་ཅིང་བདག་ལ་ནི་སྟོད་པར་བྱེད། གཞན་ལ་ནི་བརྙས་པར་བྱེད་པ་གང་དག་ཡིན་པ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་

ལོག་པར་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མོ་ཤམ་ཞིག་ཡོད་ལ་དེ་དྲན་པ་ཉམས་པས་འདི་ལྟར་བདག་ནི་བུ་མི་འདོད་པར་བྱའོ་ཞེས་དམ་འཆའ་བར་བྱེད་པ་དེ་ལ། བུད་མེད་ལ་ལ་ཞིག་གིས་ཡིད་བསྲུང་བའི་ཕྱིར་ཤེས་ཤིང་རྟོགས་བཞིན་དུ་འདི་སྐད་ཅེས། ཁྱོད་
ཀྱི་བུ་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་ཞིག་ཡོད་པར་འགྱུར་གྱིས། འདི་ལྟར་དམ་མི་བཅའ་བར་གསོལ་ཞེས་ཟེར་ལ། དེ་ནས་མོ་ཤམ་དེས་བུད་མེད་དེའི་ཚིག་མཉན་ནས་དྲན་པ་ཉམས་པས་བདག་གི་བུ་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་ཞིག་ཡོད་
པར་འགྱུར་རོ་སྙམ་དུ་རེ་བའི་སེམས་སྐྱེད་པར་བྱེད་དེ། སེམས་འཁྲུལ་པ་དེས་འདུ་ཤེས་ཀྱི་རྣམ་པ་དེས་སེམས་ཡོངས་སུ་མགུ་བར་བྱེད་ལ། བུ་ནི་སྐྱེས་ཀྱང་མ་སྐྱེས་སྐྱེ་བར་ཡང་མི་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད། མོ་ཤམ་གྱི་བུ་དང་
འདྲ་བར་མཁྱེན་ཅིང་གཟིགས་བཞིན་དུ་འཇིག་རྟེན་གྱི་རྗེས་སུ་འཐུན་པར་བྱ་བའི་ཕྱིར་གཉིས་སུ་སྟོན་ཏེ། འདས་པའི་དུས་ན་ཁྱོད་མིང་འདི་ཞེས་བྱ་བར་གྱུར། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་དོག་ནི་འདི་འདྲ་བར་གྱུར། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཡུན་
ནི་འདི་སྲིད་ཅིག་ཏུ་གནས་གནས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་། ཚེའི་མཐའ་ནི་འདི་སྲིད་ཅིག་ཏུ་གྱུར་ཏོ། །མ་འོངས་པའི་དུས་ན་ནི་འདི་ལྟ་བུ་ཞིག་ཏུ་འགྱུར་ཏེ། མིང་ནི་འདི་སྐད་ཅེས་བྱ་བར་འགྱུར། རིགས་ནི་འདི་ཞེས་བྱ། རུས་ནི་འདི་
ཞེས་བྱ། ཁ་དོག་ནི་འདི་འདྲ་བར་འགྱུར། ཟས་ནི་འདི་ལྟ་བུ་ཞིག་ཟ་བར་འགྱུར། ཡུན་ནི་འདི་སྲིད་ཅིག་ཏུ་གནས་པར་འགྱུར། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་བར་འགྱུར། ཚེའི་མཐའ་ནི་འདི་སྲིད་ཅིག་ཏུ་འགྱུར་རོ། །དེ་བཞིན་དུ་ད་ལྟར་བྱུང་
བའི་དུས་ན་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་དོག་ནི་འདི་འདྲ་བ་ཞིག །ཟས་ནི་འདི་ལྟ་བུ་ཞིག་ཟ། ཡུན་ནི་འདི་སྲིད་ཅིག་གནས། བདེ་བ་དང་སྡུག་བསྔལ་བ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་། ཚེའི་མཐའ་ནི་འདི་སྲིད་ཅིག་ཐུབ་པོ་ཞེས་

སྟོན་པར་མཛད་དོ། །རིགས་ཀྱི་བུ་དཔེར་ན་མོ་ཤམ་དེ་རང་གི་བརྟགས་པས་བུའི་འདུ་ཤེས་དེས་རེ་བར་བྱེད་ལ་བུ་དེ་ནི་མི་སྐྱེ་བའི་ཆོས་ཅན་ནོ། །མི་སྐྱེ་བའི་ཆོས་ཅན་ཡིན་པས་ན་མི་འགག་པའི་ཆོས་ཅན་ནོ། །མི་འགག་པའི་ཆོས་ཅན་ཡིན་པས་ན་རྣམ་པར་རིག་བྱེད་མ་ཡིན་
པའི་ཆོས་ཅན་ནོ། །རིགས་ཀྱི་བུ་དེ་བཞིན་དུ་གཟུགས་ཐམས་ཅད་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་མི་སྐྱེ་བའི་ཆོས་ཅན་ནོ། །མི་སྐྱེ་བའི་ཆོས་ཅན་ཡིན་པས་ན་མི་འགག་པའི་ཆོས་ཅན་ནོ། །མི་འགག་པའི་ཆོས་ཅན་ཡིན་པས་ན་རྣམ་པར་རིག་བྱེད་མ་ཡིན་པའི་ཆོན་ཅན་ནོ། །ཚོར་བ་
ཐམས་ཅད་དང་། འདུ་ཤེས་ཐམས་ཅད་དང་། འདུ་བྱེད་ཐམས་ཅད་དང་། རྣམ་པར་ཤེས་པ་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་མི་སྐྱེ་བའི་ཆོས་ཅན་ནོ། །མི་སྐྱེ་བའི་ཆོས་ཅན་ཡིན་པས་ན་མི་འགག་པའི་ཆོས་ཅན་ནོ། །མི་འགག་པའི་ཆོས་
ཅན་ཡིན་པས་ན་རྣམ་པར་རིག་བྱེད་མ་ཡིན་པའི་ཆོས་ཅན་ཏེ། ཆོས་ཀྱི་ངོ་བོ་ཉིད་དེ་ལྟར་མི་ཤེས་པ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་ཞུགས་པ་མ་ཡིན་ནོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །ཆོས་
རྣམས་དེ་ལྟར་ཤེས་པ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་ཞུགས་པ་ཡིན་ཏེ། དེ་དག་ནི་ལམ་ལ་གནས་པ་ཡིན་ནོ། །དེ་དག་ནི་ལམ་ལས་མི་གཡོ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་གནས་པ་ནི་ཆོས་ཀྱི་དབྱིངས་མི་གཡོ་བའི་
ཚུལ་གྱིས་མི་གཡོ་བ་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་ལྟ་བས་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཚུལ་ལ་འཇུག་པར་འདོད་པས་འདོད་ཆགས་ལས་གཡོ་བར་མི་བྱའོ། །ཞེ་སྡང་ལས་གཡོ་བར་མི་བྱའོ། །གཏི་མུག་ལས་
གཡོ་བར་མི་བྱའོ། །ཉོན་མོངས་པ་ཐམས་ཅད་ལས་གཡོ་བར་མི་བྱའོ། །མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་ལས་གཡོ་བར་མི་བྱའོ། །དེ་བཞིན་དུ་རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་

དང་། ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལས་གཡོ་བར་མི་བྱའོ། །ཆོས་ཐམས་ཅད་ཀྱི་འདུ་ཤེས་ལས་གཡོ་བར་མི་བྱའོ། །ཆོས་ཐམས་ཅད་ཀྱི་འདུ་ཤེས་ལ་ཡང་གནས་པར་
མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འདོད་ཆགས་ལས་གཡོ་བར་གྱུར་ན་ཆོས་ཀྱི་དབྱིངས་ལས་གཡོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་མི་གཡོ་བའི་དོན་གྱིས་འདོད་ཆགས་ཉིད་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །གལ་ཏེ་ཞེ་སྡང་ལས་གཡོ་བར་གྱུར་ན་ཆོས་ཀྱི་དབྱིངས་ལས་གཡོ་
བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་མེད་པ་མི་གཡོ་བའི་དོན་གྱིས་ཞེ་སྡང་ཉིད་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །གལ་ཏེ་གཏི་མུག་ལས་གཡོ་བར་གྱུར་ན་ཆོས་ཀྱི་དབྱིངས་ལས་གཡོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྨོན་པ་མེད་པ་མི་གཡོ་བའི་དོན་གྱིས་གཏི་མུག་ཉིད་
ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །གལ་ཏེ་ཉོན་མོངས་པ་ཐམས་ཅད་ལས་གཡོ་བར་གྱུར་ན་ཆོས་ཀྱི་དབྱིངས་ལས་གཡོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་མི་གཡོ་བའི་དོན་གྱིས་ཉོན་མོངས་པ་ཐམས་ཅད་ཉིད་ཆོས་ཀྱི་དབྱིངས་
ཡིན་པའི་ཕྱིར་རོ། །གལ་ཏེ་མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་ལས་གཡོ་བར་གྱུར་ན་ཆོས་ཀྱི་དབྱིངས་ལས་གཡོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མི་གཡོ་བའི་དོན་གྱིས་མིག་དང་། གཟུགས་དང་། མིག་གི་རྣམ་པར་
ཤེས་པ་ཉིད་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་
བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལས་གཡོ་བར་གྱུར་ན། ཆོས་ཀྱི་དབྱིངས་ལས་གཡོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མི་གཡོ་བའི་དོན་གྱིས། ཡིད་དང་།

ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །གལ་ཏེ་ཆོས་ཐམས་ཅད་ཀྱི་འདུ་ཤེས་ལས་གཡོ་བར་གྱུར་ན་ཆོས་ཀྱི་དབྱིངས་ལས་གཡོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་འདུ་ཤེས་ཀྱི་ངོ་བོ་ཉིད་ཇི་ལྟ་བ་
བཞིན་དུ་རྟོགས་པ་མི་གཡོ་བའི་དོན་གྱིས་ཆོས་ཐམས་ཅད་ཀྱི་འདུ་ཤེས་ཉིད་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །ངས་དེ་ལས་དགོངས་ནས་ཚིག་འདི་སྐད་དུ་ལོག་པར་ལྟ་བ། ལོག་པར་ལྟ་བ་ཡིན་པར་མཐོང་ན། དེ་དེའི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་གསུངས་སོ། །བསལ་
བ་མེད་པ་དང་། གཞག་པ་མེད་པའི་ཚུལ་གྱིས་ལོག་པར་ལྟ་བ་ལས་ཀྱང་མི་གཡོ་ལ། ལོག་པར་ལྟ་བ་མེད་པར་གྱུར་པ་ལས་གུད་ན་ཡང་། ཡང་དག་པར་ལྟ་བ་མེད་དེ། ཆོས་ཐམས་ཅད་གཉིས་སུ་མེད་པའི་ཕྱིར། ལོག་པར་ལྟ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་
ཉིད་ཡང་དག་པར་ལྟ་བ་ཡིན་གྱི་གཉིས་སུ་འདུ་ཤེས་པ་ལ་ནི་ཡང་དག་པར་ལྟ་བ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་ནུབ་མོ་མུན་པ་མུན་ནག་གི་ནང་ན་ལམ་དུ་ཞུགས་ཏེ། དེས་འབྲོག་ཁོང་སྟོང་ཞིག་ཏུ་ཤིང་ལྗོན་པ་ཕལ་པོ་ཆེ་སྟུག་པོ་མཐོང་ལ། དེས་དེར་ཤིང་ཞིག་གི་
དྲུང་ན་ཆོམ་རྐུན་ཡོད་པའི་འདུ་ཤེས་བསྐྱེད་ནས་སྐྲག་སྟེ་ལམ་དེར་མ་སོང་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཅི་མི་དེ་སྣང་བ་ཡང་མ་བྱུང་། ཤིང་དེ་ཡང་མངོན་སུམ་དུ་མ་བྱས་པར་ཤིང་སྟུག་པོ་དེ་ལས་འཕགས་པའམ། ཆོམ་རྐུན་གྱི་འཇིགས་པ་མེད་པར་འགྱུར་རམ།
གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཅི་མི་དེ་སྣང་བ་ཡང་ཡོད་ལ་ཤིང་ཡང་མངོན་སུམ་དུ་བྱས་ན་ཤིང་སྟུག་པོ་དེ་ལས་འཕགས་པའམ། ཆོམ་རྐུན་གྱི་འཇིགས་པ་མེད་པར་འགྱུར་རམ།
གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་མི་དེས་འཇིགས་པ་མ་མཆིས་པ་ལ་འཇིགས་པའི་འདུ་ཤེས་བསྐྱེད་ཅིང་། ཡང་དག་པ་མ་ལགས་པ་ཀུན་བརྟགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། རིགས་ཀྱི་བུ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྩོད་པས་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཏུ་གྱུར་པ། མ་རིག་པའི་མུན་པས་མིག་ཀུན་ནས་གཡོགས་པ་ཐམས་ཅད་མེད་བཞིན་དུ་སྒྲོ་བཏགས་པས་འཁོར་བའི་འཇིགས་པས་སྐྲག་ནས་འཁོར་བ་ལས་ངེས་པར་འབྱུང་
བ་ཡོངས་སུ་ཚོལ་ལོ། །དེ་དག་གིས་གང་དུ་འཇིགས་པའི་འདུ་ཤེས་བསྐྱེད་པའི་འཁོར་བ་དེ་ཡང་དོན་དམ་པར་མི་དམིགས་ན་དེ་དག་མྱ་ངན་ལས་འདས་པ་ནི་འཇིགས་པ་མེད་པའོ་ཞེས་ཡོངས་སུ་ཚོལ་བར་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡང་དག་པར་ཞུགས་པ་
རྣམས་ནི་འཁོར་བ་དེ་ཉིད་མྱ་ངན་ལས་འདས་པ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་ཡང་རབ་ཏུ་ཤེས་ཏེ། དེ་ལྟར་ཡང་དག་པར་ཞུགས་པ་དེ་དག་ནི་ཆོས་གང་ཡང་ལེན་པར་མི་བྱེད། འདོར་བར་མི་བྱེད། སེལ་བར་མི་བྱེད། འཇོག་
པར་མི་བྱེད་དོ། །ཆོས་ཀྱི་དབྱིངས་ལ་གནས་ཏེ་གཡོ་བ་མེད་དོ། །མི་གཡོ་བས་ན་གནས་སྒོམ་པར་མི་བྱེད། མི་སྒོམ་པས་ན་གནས་མེད་དོ། །གནས་མེད་པས་ན་གཡོ་བ་མེད་དེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཚུལ་གཡོ་བ་མེད་པ་སྟེ། དེ་ལ་ནི་གཡོ་བར་བྱ་བའམ་
འཕགས་པར་བྱ་བའམ། དོར་བར་བྱ་བའམ་བླང་བར་བྱ་བའི་ཆོས་ཅི་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཚུལ་ནི་ནམ་མཁའི་ཚུལ་ཉིད་ཡིན་ལ། ནམ་མཁའ་ལ་ནི་གཡོ་བ་ཡང་མེད། འཕགས་པ་ཡང་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་ལྟར་ཡང་དག་པར་ཞུགས་པ་ཤེས་
པ་དང་ལྡན་པ་ནི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཤེས་པའི་ཡོངས་སུ་ཤེས་པ་དེ་ལས་བསྐྱོད་ཅིང་བསྒུལ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་མི་གཡོ་བའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་
གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་

འདི་འཛིན་པའམ། ཀུན་ཆུབ་པར་བགྱིད་པའམ། མོས་པར་བགྱིད་པ་དེ་དག་ནི་ཤེས་རབ་དང་ལྡན་པའི་མཆོག་ཏུ་བསྟན་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་མི་ཤེས་པ་ཐམས་ཅད་སེལ་བ་དང་། ཤེས་པ་ཐམས་
ཅད་དང་ལྡན་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀུན་ཆུབ་བར་བགྱིད་པའམ། མོས་
པར་བགྱིད་པ་དེ་དག་ནི། རྫུ་འཕྲུལ་དང་ལྡན་པའི་མཆོག་ཏུ་བསྟན་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མིག་གི་རྣམ་པར་ཤེས་པར་བགྱི་བ་གང་ལགས་པ་དེ་ནི་རྫུ་འཕྲུལ་མ་ལགས་ཀྱི། བཅོམ་ལྡན་འདས་གང་མིག་གི་རྣམ་
པར་ཤེས་པར་བགྱི་བའི་ཆོས་ཐམས་ཅད་ལ་སེ་གོལ་གཏོགས་པ་ཙམ་ཡང་མོས་པར་མི་བགྱིད་པ་དེ་ནི་རྫུ་འཕྲུལ་གྱི་མཆོག་ལགས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ནམ་གྲུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་
ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀུན་ཆུབ་པར་བགྱིད་པའམ། མོས་པར་བགྱིད་པ་དེ་དག་ནི་བསམ་གཏན་པའི་མཆོག་ཏུ་བསྟན་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ཉོན་མོངས་པ་ཐམས་
ཅད་ངེས་པར་སྲེག་པ་ལགས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀུན་ཆུབ་པར་བགྱིད་པ་
འམ། མོས་པར་བགྱིད་པ་དེ་དག་ནི་ཉོན་མོངས་པ་མ་མཆིས་པར་གནས་པའི་མཆོག་ཏུ་བསྟན་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ཉོན་མོངས་པའི་དགྲ་ཐམས་ཅད་དང་བྲལ་བ་དང་། ཆོས་ཐམས་ཅད་ཀྱིས་མ་གོས་

པ་ལགས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀུན་ཆུབ་པར་བགྱིད་པའམ། མོས་པར་བགྱིད་
པ་དེ་དག་ནི་སྦྱངས་པའི་ཡོན་ཏན་སྨྲ་བའི་མཆོག་ཏུ་བསྟན་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ཉོན་མོངས་པ་ཐམས་ཅད་སྦྱངས་པ་དང་། ཆོས་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་བའི་སླད་དུའོ། །དེ་ནས་
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀུན་ཆུབ་པར་བགྱིད་པའམ། མོས་པར་བགྱིད་པ་དེ་དག་ནི་བསླབ་པ་ལ་དགའ་བའི་མཆོག་ཏུ་
བསྟན་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་བསླབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀུན་ཆུབ་པར་བགྱིད་པའམ། མོས་པར་བགྱིད་པ་དེ་དག་ནི་འདུལ་བ་འཛིན་པའི་མཆོག་ཏུ་བསྟན་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་
ནི་ཉོན་མོངས་པ་ཐམས་ཅད་སེལ་བར་བགྱིད་པ་ལགས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀུན་ཆུབ་
པར་བགྱིད་པའམ། མོས་པར་བགྱིད་པ་དེ་དག་ནི་མང་དུ་ཐོས་པའི་མཆོག་ཏུ་བསྟན་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ཐོས་པ་ཐམས་ཅད་དང་ལྡན་པ་ལགས་པའི་སླད་དུའོ། །དེ་ལྟར་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་ཀྱིས་

རང་རང་གི་མཆོག་བརྗོད་པ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་མངོན་པར་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་ཆོས་ཐམས་ཅད་བསལ་བ་མེད་ཅིང་གཞག་པ་མེད་པ་ལ་གནས་
པས་སངས་རྒྱས་ཀྱི་བྱང་ཆུབ་འདི་བདག་ཉིད་ཀྱིས་ཡང་དག་པར་སྟོན་ཅིག །ཆོས་གང་ཡང་དོར་དུ་མེད་པ་དང་། ཐོབ་པར་བྱར་མེད་པར་ཆོས་སྟོན་ཅིག །ཡོངས་སུ་ཤེས་པར་བྱར་མེད་པ་དང་། སྤང་དུ་མེད་པ་དང་། བསྒོམ་དུ་མེད་པ་དང་། མངོན་སུམ་དུ་བྱར་མེད་པ་དང་། མངོན་
པར་རྟོགས་པར་བྱར་མེད་པ་དང་། འཁོར་བ་ལས་བསྐྱོད་དུ་མེད་པ་དང་། མྱ་ངན་ལས་འདས་པར་འགྲོར་མེད་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱར་མེད་པ་དང་། ལན་ཅིག་ཕྱིར་འོང་བར་འགྱུར་བ་དང་། ཕྱིར་མི་འོང་བར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་
བུ་ཐོབ་པར་བྱར་མེད་པར་ཆོས་སྟོན་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་ཆོས་ཡིན་ཏེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཀུན་དགའ་བོ་དེ་ལྟ་བས་ན།
ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་བཟླར་མེད་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱར་མེད་པར་ཆོས་སྟོན་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་
ཡིན་ཏེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཀུན་དགའ་བོ། གཞན་ཡང་ཁྱོད་ཀྱིས་རྣལ་འབྱོར་སྤྱོད་པའི་དགེ་སློང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱ་བར་འདོད་པ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤང་དུ་མེད་པར་ཆོས་སྟོན་ཅིག །དེ་
བཞིན་གཤེགས་པ་བལྟར་མེད་པ་དང་། ཆོས་མཉན་དུ་མེད་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱར་མེད་པར་ཆོས་སྟོན་ཅིག །ཀུན་དགའ་བོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ནི་སྤང་དུ་མེད་པ་ཁོ་ན་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་

མུག་རྣམས་ཡ་མ་བརླ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོ་སྐད་ཅིག་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་ཏེ་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་བལྟར་མ་མཆིས་
པ་ལགས། ཇི་ལྟར་ཆོས་མཉན་དུ་མ་མཆིས་པ་ལགས། ཇི་ལྟར་དགེ་འདུན་བསྙེན་བཀུར་བགྱིར་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་
ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་སམ། ངག་གམ། སེམས་ཀྱིས་བསྙེན་བཀུར་བྱར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་འདི་ལྟར་རྟོགས་པར་དཀའ་བ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་ཁྱོད་ཇི་སྐད་ཟེར་བ་དེ་བཞིན་ཏེ། རྣམ་གྲངས་འདིས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་
ནི་རྟོགས་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཉོན་མོངས་པ་ཐམས་ཅད་ལས་ཀྱང་སེམས་ཡོངས་སུ་སྦྱང་དགོས་ལ། ཆོས་གང་ལས་ཀྱང་བསྐྱོད་པར་ཡང་མི་བྱ། འཕགས་པར་ཡང་མི་བྱ་བའི་ཕྱིར་རོ། །ཀུན་དགའ་བོ་གང་རྣམ་གྲངས་འདིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་
ཀྱི་ཚུལ་ལ་འཇུག་ཅིང་མོས་པར་བྱེད་པའི་སེམས་ཅན་དེ་དག་ནི་ངོ་མཚར་དུ་གྱུར་པ་ཡིན་པར་རིག་པར་བྱའོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ངའི་བསྟན་པ་འདི་ལ་རབ་ཏུ་བྱུང་བ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀུན་ཆུབ་པར་བྱེད་པའམ། མོས་པར་བྱེད་
པ་དེ་དག་གིས་ནི་ཡུལ་འཁོར་གྱི་ཟས་ལེགས་པར་ཟོས་སོ། །དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་ལེགས་པར་རབ་ཏུ་བྱུང་ངོ་། །དེ་དག་གིས་ནི་མིའི་ལུས་ཐོབ་པ་ལེགས་པར་ཐོབ་བོ། །དེ་དག་གིས་ནི་བདུད་སྡིག་ཅན་བཏུལ་ལོ། །དེ་དག་གིས་ནི་ངའོ་སྙམ་པའི་ང་རྒྱལ་ངེས་

པར་བཅོམ་མོ། །དེ་དག་གིས་ནི་སྦྱིན་གནས་སྦྱངས་སོ། །དེ་དག་གིས་ནི་ཡོན་གནས་སུ་གཟུང་བར་བྱའོ། །དེ་དག་གིས་ནི་བསོད་ནམས་ཀྱི་ཞིང་དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་མངོན་པའི་ང་རྒྱལ་ཅན་རྣམས་དང་། འབྲས་བུ་ལ་
དམིགས་པ་རྣམས་དང་། བྱང་ཆུབ་ལ་དམིགས་པ་རྣམས་དང་། སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་མ་བྱས་པ་རྣམས་ཀྱིས་བཟོད་པར་མི་ནུས་པའི་ཕྱིར་རོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་
དང་། བཙོད་ཀ་དང་ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས། འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བས་ཁྱབ་པར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དག་ཏུ་སོང་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་
འདས་ཀྱི་སྤྱི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་འཁོར་འདིའི་ནང་ནས་དགེ་སློང་མངོན་པའི་ང་རྒྱལ་ཅན་དུ་གྱུར་པ་ཉིས་བརྒྱ་པོ་དེ་དག་གིས་མངོན་པའི་ང་རྒྱལ་མེད་པའི་ཆོས་འདི་ཐོས་ནས་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་

སེམས་དཔའ་ལྷག་པའི་བསམ་པ་བརྟན་པས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་འདི་ནི་བསྐལ་པ་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་རིན་པོ་ཆེ་
ཐམས་ཅད་ཀུན་དུ་སྣང་བ་ལ། འཇིག་རྟེན་གྱི་ཁམས་མེ་ཏོག་ཐམས་ཅད་ཀྱིས་རྣམ་པར་བཀྲ་བ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པད་མ་དཔལ་གྱི་སྙིང་པོ་ཅན་ཞེས་བྱ་བར་འགྱུར་རོ། །དེའི་སངས་རྒྱས་ཀྱི་ཞིང་ཡང་ཡོན་ཏན་
བཀོད་པ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་ཡང་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་ཡོངས་སུ་གང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་
མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི། ཆོས་ཐམས་ཅད་གཡོ་བ་མེད་པ་ཞེས་བྱ་བར་ཟུང་ཤིག །ལྷག་པའི་བསམ་པ་བརྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་
ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་
ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ལྷག་པའི་བསམ་པ་བརྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་
པོ་སུ་རེན་དྲ་བོ་དྷི་དང་། པྲ་ཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། ཨཱ་རྱ་ཏྲི་ཤ་ར་ཎ་ག་མ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་
འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་དེའི་ཚེ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཅིག་པུ་དབེན་པར་འདུག་པ་དང་། སེམས་ཀྱིས་སེམས་
ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་སོ། །སྟོན་པ་ནི་བདག་གི་མངོན་སུམ་དུ་གྱུར་ན། བདེ་བར་གཤེགས་པ་ཆོས་ཀྱི་རྗེའི་སྤྱན་སྔར་བདག་སོང་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་
སྐྱབས་སུ་སོང་བའི་གང་ཟག་དེའི་བསོད་ནམས་ཇི་སྙེད་ཅིག་སོགས་པར་འགྱུར་བའི་དོན་དེ་ཞུ་བར་བྱའོ་སྙམ་དུ་སེམས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་
འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གཅིག་པུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག་འཇོག་ལ་མཆིས་པ་ན་སེམས་
ཀྱིས་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས་པའི་གང་ཟག་དེའི་བསོད་ནམས་ཇི་སྙེད་ཅིག་སོགས་པར་འགྱུར་སྙམ་བགྱིད་
ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚོགས་ཕལ་པོ་

ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུས་པ་ལེགས་སོ་ལེགས་སོ། །གང་ཁྱོད་དེ་བཞིན་གཤེགས་པའི་སྤྱན་སྔར་འོངས་ཏེ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་དེ་ནི་ཤཱ་རིའི་བུ་དོན་དེ་ཉིད་རྣམ་པར་ཤེས་པར་བྱ་བའི་ཕྱིར་དཔེས་བསྟན་པར་བྱ་སྟེ། སྐྱེས་བུ་
གང་ཟག་འགའ་ཞིག་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ་དང་ལྡན་པར་གྱུར་པས་གང་འདི་འཛམ་བུའི་གླིང་དང་ཉེ་བའི་གླིང་ཞེང་དང་། སྲིད་དུ་དཔག་ཚད་བདུན་སྟོང་ཡོད་པའི་འཛམ་བུའི་གླིང་དེ་ན་གང་སྲོག་ཆགས་གནས་པ་དེ་དག་འཇིག་རྟེན་གྱི་ཁམས་གཞན་དུ་བཀོད་དེ། ལག་མཐིལ་ལྟར་
མཉམ་པར་བྱས་པར་རིན་པོ་ཆེ་སྣ་བདུན་ལ་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། སྤུག་རྣམས་ལས་འཛམ་བུའི་གླིང་ཙམ་གྱི་མཆོད་རྟེན་སྲིད་དུ་ཚངས་པའི་འཇིག་རྟེན་གྱི་བར་ལ་ཐུག་པར་བརྩིགས་ཏེ།
མཆོད་རྟེན་དེ་ལ་ལྷའི་སྤོས་དང་། ལྷའི་མེ་ཏོག་དང་། ལྷའི་ཕྲེང་བ་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པ་བྱས་ལ། དེ་ནས་སྐྱེས་བུ་དེ་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ་དང་ལྡན་པར་གྱུར་པས། གང་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དེ་དག་
འཇིག་རྟེན་གྱི་ཁམས་གཞན་དུ་བྱོ་སྟེ། མ་རུ་ཀའི་ཏིལ་མར་གྱིས་རྒྱ་མཚོ་ཆེན་པོ་བཞི་ལྟར་བཀང་བའི་ནང་དུ་སྙིང་པོ་རི་རབ་ཙམ་བཙུགས་ལ། བསྐལ་པ་མང་པོའི་མཐའ་ཇི་སྲིད་པར་མར་མེའི་རྒྱུན་མི་འཆད་པར་བུས་ན། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་གཞི་
དེ་ལས་བསོད་ནམས་མང་དུ་སོགས་སྙམ་མམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས་འདི་ནི་དེ་བཞིན་གཤེགས་པའི་
ཡུལ་ལོ། །བདེ་བར་གཤེགས་པ་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ལོ། །བཀའ་སྩལ་པ། ཤཱ་རིའི་བུ་རིག