Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 051_མདོ་སྡེ།_ཇ

Văn bản gốc(Tây Tạng)

Trang 18 / 19 (50.000 ký tự/trang)
་དང་། ངག་གི་ལེགས་པར་སྤྱོད་པ་དང་། ཡིད་ཀྱི་ལེགས་པར་སྤྱོད་པའོ། །བར་དུ་དགེ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། སེམས་དང་། ཤེས་རབ་ལ་བསླབ་པར་བྱའོ། །ཐ་མར་དགེ་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

མ་མེད་པ་དང་། སྨོན་པ་མེད་པའོ། །གཞན་ཡང་ཐོག་མར་དགེ་བ་ནི་འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པའོ། །བར་དུ་དགེ་བ་ནི་དྲན་པ་དང་། ཏིང་ངེ་འཛིན་དང་། སེམས་རྩེ་གཅིག་པའོ། །ཐ་མར་དགེ་བ་ནི་ཤེས་རབ་དང་། ལྷག་མཐོང་དང་། ཡེ་
ཤེས་སོ། །གཞན་ཡང་ཐོག་མར་དགེ་བ་ནི་སངས་རྒྱས་ལ་མི་ཕྱེད་པར་དད་པའོ། །བར་དུ་དགེ་བ་ནི་ཆོས་ལ་མི་ཕྱེད་པར་དད་པའོ། །ཐ་མར་དགེ་བ་ནི་དགེ་འདུན་ལ་མི་ཕྱེད་པར་དད་པས་འབྲས་བུ་ཐོབ་པའོ། །གཞན་ཡང་ཐོག་མར་དགེ་བ་ནི་གཞན་ལས་ཉན་པའོ། །
བར་དུ་དགེ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཐ་མར་དགེ་བ་ནི་འཕགས་པའི་ཡང་དག་པར་ལྟ་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤང་བའོ། །བར་དུ་དགེ་བ་ནི་ལམ་བསྒོམ་པའོ། །ཐ་མར་དགེ་བ་ནི་
འགོག་པ་མངོན་སུམ་དུ་བྱེད་པ་སྟེ། འདི་དག་ནི་ཉན་ཐོས་རྣམས་ཀྱི་ཐོག་མར་དགེ་བ་དང་། བར་དུ་དགེ་བ་དང་། ཐ་མར་དགེ་བའོ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མར་དགེ་བ་དང་། བར་དུ་དགེ་བ་དང་། ཐ་མར་དགེ་བ་གང་ཞེ་ན། དེ་ལ་ཐོག་མར་དགེ་
བ་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །བར་དུ་དགེ་བ་ནི་ཐེག་པ་དམན་པ་མི་འདོད་པའོ། །ཐ་མར་དགེ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་བྱམས་པ་ཆེན་པོའོ། །
བར་དུ་དགེ་བ་ནི་སེམས་ཅན་ཐམས་ཅད་ལ་བྱ་བ་ཇི་ཡོད་སྙམ་པས་སྙིང་རྗེ་ཆེན་པོའོ། །ཐ་མར་དགེ་བ་ནི་དགའ་བ་དང་། བཏང་སྙོམས་མཉམ་པའི་སེམས་ཀྱིས་ངེས་པར་སེམས་པའོ། །གཞན་ཡང་ཐོག་མར་དགེ་བ་ནི་སེར་སྣའི་སེམས་ཚར་གཅོད་པ་དང་། འཆལ་
བའི་ཚུལ་ཁྲིམས་སྤོང་བ་དང་། གནོད་སེམས་སེལ་བ་དང་། ལེ་ལོ་སྤོང་བ་དང་། རྣམ་པར་གཡེང་བ་ཀུན་དུ་མི་སྤྱོད་པ་དང་། འཆལ་བའི་ཤེས་རབ་སྤོང་བའོ། །བར་དུ་དགེ་བ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་

གཏན་དང་། ཤེས་རབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །ཐ་མར་དགེ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་བསྡུ་བའི་དངོས་པོ་བཞིས་
སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །བར་དུ་དགེ་བ་ནི་ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །ཐ་མར་དགེ་བ་ནི་སྐྱོན་མེད་པར་ལྟུང་བའི་འཇིགས་པ་ལས་སྲུང་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་སེམས་ས་དང་མཚུངས་པ་མི་
གཏོང་བས་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །བར་དུ་དགེ་བ་ནི་འཇུག་པ་དང་ལྡོག་པའི་ཤེས་པས་ཕྱིར་མི་ལྡོག་པའི་ས་འོ། །ཐ་མར་དགེ་བ་ནི་དབང་ཐོབ་པས་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མར་དགེ་བ་དང་། བར་
དུ་དགེ་བ་དང་། ཐ་མར་དགེ་བའོ། །དེ་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་གཞན་མུ་སྟེགས་ཅན་གྱི་འཁོར་དེ་ན། དེ་ལྟ་དེ་ལྟར་ཆོས་སྟོན་ཏེ། གཞན་མུ་སྟེགས་ཅན་ལྔ་བརྒྱ་ནི་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །གཞན་མུ་སྟེགས་ཅན་བརྒྱད་
སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་སྤྲུལ་པ་ལྔ་བརྒྱ་པོ་དེ་དག་གིས་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་ནས། ཚིག་ཏུ་ཡང་སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་དོ། །དེ་
དག་གི་རྗེས་སུ་སློབ་པའི་ཚུལ་གྱིས་གཞན་མུ་སྟེགས་ཅན་གྱི་འཁོར་དེ་དག་ཐམས་ཅད་ཀྱིས་ཀྱང་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་ནས། ཚིག་ཏུའང་སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་དོ། །ལྷ་རྣམས་ཀྱི་དབང་པོ་
བརྒྱ་བྱིན་གྱིས་ཀྱང་དེ་དག་ལ་ཁྱེད་འདིས་བཅོམ་ལྡན་འདས་ལ་མཆོད་པ་བྱོས་ཤིག་ཅེས་མེ་ཏོག་མན་དཱ་ར་བ་དག་བྱིན་ནོ།། །།བམ་པོ་བཞི་པ་སྟེ་ཐ་མ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། སྨྱིག་མའི་

ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །གཞན་མུ་སྟེགས་ཅན་གྱི་འཁོར་དེ་དག་གིས་ཀྱང་མེ་ཏོག་མན་དཱ་ར་བ་
དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་ཀྱིས་སྤྲུལ་པ་ལྔ་བརྒྱ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། བདག་ཅག་སངས་རྒྱས་ལ་བལྟ་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་ཆོས་ནི་བརྗོད་དུ་མ་མཆིས་པ་སྟེ། བདག་ཅག་བཅོམ་ལྡན་འདས་ཀྱི་ཆོས་ཉན་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་བཅོམ་
ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་སྟེ། བདག་ཅག་དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ནི་ཡོན་ཏན་དང་ཕན་ཡོན་མ་མཆིས་པ་སྟེ། བདག་ཅག་ཡོན་ཏན་དོན་དུ་མི་
གཉེར་རོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཤིན་ཏུ་མ་བྱུང་བ་སྟེ། བདག་ཅག་འབྱུང་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་རྣམ་པར་གྲོལ་བ་ནི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་བྲལ་བ་སྟེ། བདག་ཅག་ཐོབ་པ་དོན་དུ་མི་གཉེར་རོ། །
བཅོམ་ལྡན་འདས་ཡོངས་སུ་ཤེས་པ་ནི་གཉིས་དང་བྲལ་བ་སྟེ། བདག་ཅག་སྡུག་བསྔལ་ཡོངས་སུ་འཚལ་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཤིན་ཏུ་མ་བྱུང་བ་སྟེ། བདག་ཅག་ཀུན་འབྱུང་སྤོང་བ་དོན་དུ་མི་གཉེར་རོ། །བཅོམ་
ལྡན་འདས་ཆོས་ཐམས་ཅད་ནི་ཤིན་ཏུ་འགགས་པ་སྟེ། བདག་ཅག་འགོག་པ་མངོན་དུ་བགྱི་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་ལམ་ནི་མཆིས་པ་དང་། མ་མཆིས་པ་དང་བྲལ་བ་སྟེ། བདག་ཅག་ལམ་བསྒོམ་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་

འདས་ཆོས་ཐམས་ཅད་ནི་གནས་ན་མི་གནས་པ་སྟེ། བདག་ཅག་དྲན་པ་ཉེ་བར་གཞག་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་རྣམ་པར་གྲོལ་བ་ནི་བསོད་ནམས་དང་། བསོད་ནམས་མ་ལགས་པ་དང་། མི་གཡོ་བའི་འདུ་བྱེད་དང་བྲལ་བ་
སྟེ། བདག་ཅག་ཡང་དག་པར་སྤོང་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་གང་ནས་ཀྱང་མཆི་བ་མ་མཆིས་པ། གང་དུ་ཡང་མཆི་བ་མ་མཆིས་པར་ཚད་མར་བགྱིས་ཏེ། བདག་ཅག་རྫུ་འཕྲུལ་གྱི་རྐང་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་དོན་ནི་དབང་པོ་
དང་བྲལ་བ་སྟེ། བདག་ཅག་དབང་པོ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་སྟོབས་མ་མཆིས་ཤིང་ཉམ་ཆུང་བ་སྟེ། བདག་ཅག་སྟོབས་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་འདི་ལ་དོན་དམ་པར་ན་བྱང་ཆུབ་པ་ནི་གང་ཡང་མ་མཆིས་ཏེ། བདག་
ཅག་བྱང་ཆུབ་ཀྱི་ཡན་ལག་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་འགྲོ་བས་འཇིག་རྟེན་གྱི་མཐར་འགྲོ་བ་མ་མཆིས་ཏེ། བདག་ཅག་ལམ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་ཞི་བའི་དབྱིངས་ལ་གཡེང་བ་མ་མཆིས་ཏེ། བདག་ཅག་ཞི་གནས་དོན་དུ་མི་གཉེར་རོ། །
བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་ཆུང་ཟད་ཀྱང་མི་མཐོང་བ་སྟེ། བདག་ཅག་ལྷག་མཐོང་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་དེ་ལྟར་བླང་བ་དང་དོར་བ་ཤིན་ཏུ་མ་མཆིས་ཏེ། བདག་ཅག་རྩོལ་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་ཆོས་
ཀྱི་དབྱིངས་ནི་ཡང་དག་པར་སངས་མ་རྒྱས་པ་སྟེ། བདག་ཅག་རྣམ་པར་གྲོལ་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་དགེ་སྦྱོང་ནི་ཆགས་པ་ཐམས་ཅད་དང་བྲལ་བ་སྟེ། བདག་ཅག་དགེ་སྦྱོང་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་བྲམ་ཟེ་ནི་སྡིག་པ་ཐམས་ཅད་དང་བྲལ་
བ་སྟེ། བདག་ཅག་བྲམ་ཟེ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་ཆོས་ཀྱི་རང་བཞིན་ནི་ཐ་མི་དད་པ་སྟེ། བདག་ཅག་དགེ་སློང་གི་དངོས་པོ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་འདི་ལྟར་སྐྱེ་མཆེད་དྲུག་ཉིད་འགགས་པ་སྟེ། བདག་ཅག་ཕ་རོལ་ཏུ་མཆི་བ་དོན་དུ་མི་གཉེར་རོ། །བཅོམ་

ལྡན་འདས་འདི་ལྟར་འཇིག་པ་ཇི་ཙམ་ཆུང་ངུ་ལ་ཡང་མི་སྟོད་པ་སྟེ། བདག་ཅག་འདོད་པ་ཆུང་བ་མ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་ཆོས་གང་ཡང་མི་ཚོལ་བ་སྟེ། བདག་ཅག་ནི་ཆོག་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་ལུས་དང་། སེམས་ཀྱིས་
བརྗོད་པར་མི་བགྱི་བ་སྟེ། བདག་ཅག་དབེན་པ་མ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་ཁམས་གསུམ་དུ་མི་གནས་པ་སྟེ། བདག་ཅག་ཟག་པ་མེད་པ་མ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་གཉིས་པོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། བདག་ཅག་མ་འདྲེས་
པ་མ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་ཁམས་གསུམ་ཐམས་ཅད་ནི་རྣལ་འབྱོར་པའི་དགོན་པ་སྟེ། བདག་ཅག་དགོན་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་འདི་ལྟར་གཉེན་པོ་མ་མཆིས་པས་རྩོད་པ་མ་མཆིས་པ་སྟེ། བདག་ཅག་ཉོན་མོངས་པ་མེད་པར་གནས་པ་
མ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་བསོད་སྙོམས་ཀྱི་འདུ་ཤེས་སྤངས་པ་སྟེ། བདག་ཅག་བསོད་སྙོམས་པ་མ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་འཁོར་བ་ཉིད་ཡང་དག་པར་ན་མི་མཐོང་སྟེ། བདག་ཅག་འཁོར་བས་མི་སྐྲག་གོ། །བཅོམ་ལྡན་འདས་འདི་
ལྟར་རྟོག་པར་མི་བགྱིད། རྣམ་པར་རྟོག་པར་མི་བགྱིད་དེ། བདག་ཅག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤོང་བར་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟར་ཆོས་རྣམས་ཀྱི་རང་བཞིན་ཉོན་མོངས་པ་མ་མཆིས་པ་སྟེ། བདག་ཅག་ཉོན་མོངས་པ་སྤོང་བ་ལ་མི་བརྩོན་
ནོ། །བཅོམ་ལྡན་འདས་འདི་ལྟར་རང་གི་ལུས་ནི་ལུས་མ་ལགས་པ་སྟེ། བདག་ཅག་རང་གི་ལུས་ལས་མི་གཡོ་བར་བགྱིའོ། །བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་མི་བསྐྱོད་པའི་མཚན་ཉིད་དེ། བདག་ཅག་ལྟ་བས་བགྱིས་པ་མི་བསྐྱོང་བར་བགྱིའོ། །བཅོམ་ལྡན་འདས་
འདི་ལྟར་རྣམ་པར་གྲོལ་བ་ནི་རྟག་པ་དང་། བདེ་བ་དང་། བདག་དང་། གཙང་བའི་ངོ་བོ་ཉིད་དེ། བདག་ཅག་ཕྱིན་ཅི་ལོག་སྤོང་བར་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟར་ཚུ་རོལ་ནས་ཕ་རོལ་རྗེས་སུ་མི་མཐོང་བས་བདག་ཅག་ཆུ་བོ་ལས་རྒལ་བར་མི་བགྱིད་དོ། །བཅོམ་ལྡན་འདས་འདི་

ལྟར་རྣམ་པར་གྲོལ་བ་ནི་སྒྲིབ་པ་མ་མཆིས་ཤིང་རྣམ་པར་མ་བརྟགས་པ་སྟེ། བདག་ཅག་སྒྲིབ་པ་རྣམས་སྤོང་བར་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟར་ཡང་དག་པའི་མཐའ་ནི་ཀུན་ནས་ལྡང་བ་མ་མཆིས་པ་སྟེ། བདག་ཅག་ཀུན་ནས་ལྡང་བ་རྣམ་པར་
གནོན་པར་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟར་དགེ་སྦྱོང་ནི་ནོངས་པ་མ་མཆིས་པ་སྟེ། བདག་ཅག་འགྱོད་པ་བསལ་བར་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟར་ཐོག་མ་ནས་མོས་ཤིང་དད་པ་སྟེ། བདག་ཅག་ཐེ་ཙོམ་སེལ་བར་མི་བགྱིད་དོ། །བཅོམ་ལྡན་འདས་
འདི་ལྟར་མོས་པས་རྣམ་པར་གྲོལ་བ་རྟོགས་པ་སྟེ། བདག་ཅག་ནེམ་ནུར་སེལ་བར་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བདག་ཅག་ཡོངས་སུ་མྱ་ངན་ལས་འདས་པ་དོན་དུ་མི་གཉེར་རོ། །བསྟན་པ་འདི་
བཤད་པའི་ཚེ་དགེ་སློང་ཉིས་བརྒྱ་ནི་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་བསམ་གཏན་བཞི་ཐོབ་པ་སྲིད་པ་ཐ་མ་པ། མ་ཐོབ་པར་ཐོབ་པའི་ང་རྒྱལ་ཅན་ཉིས་བརྒྱ་ནི་སྟན་ལས་ལངས་ཏེ། ཀྱེ་མའོ་འདི་དག་ནི་འཇིག་རྟེན་ཐམས་ཅད་དང་
འགལ་བར་ཆོས་འཆད་དེ། སྔོན་བདག་ཅག་གིས་རྗེས་སུ་འཐུན་པར་ཆོས་འཆད་པར་ཐོས་ན། ད་ལྟར་ནི་ཆོས་མ་ཡིན་པ། འདུལ་བ་མ་ཡིན་པ། སྟོན་པའི་བསྟན་པ་མ་ཡིན་པ་འཆད་དོ་ཞེས་ཚིག་དེ་སྐད་སྨྲས་ཏེ་དོང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོས་འཇམ་དཔལ་གཞོན་ནུར་
གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དགེ་སློང་ཉིས་བརྒྱ་པོ་འདི་དག་སྟན་ལས་ལངས་ཏེ། ཆོས་བཤད་པ་འདི་ནི་འཇིག་རྟེན་ཐམས་ཅད་དང་འགལ་བ་ཡིན་ནོ་ཞེས་ཚིག་དེ་སྐད་སྨྲས་ཏེ་དོང་ངོ་། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་གང་པོ་རྣམ་གྲངས་གང་གིས་ཆོས་བཤད་
པ་འདི་འཇིག་རྟེན་ཐམས་ཅད་དང་འགལ་བར་འགྱུར་བ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་གང་པོ་འཇིག་རྟེན་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མངོན་པར་ཞེན་པ་སྟེ། འཁོར་བ་སྤངས་པས་མྱ་ངན་ལས་འདས་པ་ཚོལ་ཞིང་འཁོར་བ་རང་བཞིན་གྱིས་མི་དམིགས་པ་ཉིད་མྱ་ངན་

ལས་འདས་པ་ཡིན་པར་དེ་ལྟར་ནི་མི་ཤེས་སོ། །འདི་ལ་གང་འཁོར་བའམ། མྱ་ངན་ལས་འདས་པ་ནི་གང་ཡང་མེད་དེ། གང་དེ་ལྟ་བུའི་བཟོད་པ་དེ་ནི་མི་འགལ་བའོ། །བདེན་པ་བཞི་རྣམ་པར་གཞག་པ་བསྟན་པ་ལ་མངོན་པར་ཞེན་པ་དེ་ནི་འགལ་བའི་གནས་ཉིད་དོ། །དོན་དམ་པའི་བདེན་པ་
ལ་ནི་བདེན་པ་བཞི་རྣམ་པར་གཞག་པའང་མེད་དེ། དེ་ནི་མི་འགལ་བའོ། །ལམ་གྱི་རྒྱུ་འཐུན་པ་དང་། འབྲས་བུ་ཐོབ་ཅེས་བྱ་བ་དེ་ནི་གཉིས་ཏེ། གཉིས་གང་ཡིན་པ་དེ་ནི་འགལ་བའོ། །ལམ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་འདི་ནི་གཉིས་སུ་མེད་པ་སྟེ། གཉིས་སུ་
མེད་པ་གང་ཡིན་པ་དེ་ནི་མི་འགལ་བའོ། །ཇི་སྲིད་དུ་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་མངོན་པར་བརྩོན་པ་དེ་སྲིད་དུ་མངོན་པའི་ང་རྒྱལ་ལོ། །ཇི་སྲིད་དུ་མངོན་པའི་ང་རྒྱལ་བ་དེ་སྲིད་དུ་འགལ་བའོ། །གང་ཡང་ཆད་པར་མི་བྱེད། ལྷག་པར་མི་བྱེད། མཉམ་པ་ཉིད་དང་མཉམ་
པར་མི་བྱེད། མི་མཉམ་པ་ཉིད་དང་མི་མཉམ་པར་མི་བྱེད་ཅིང་། བྱེད་པ་མ་ཡིན་པ། རྣམ་པར་བྱེད་པ་མ་ཡིན་པ་དེ་ནི་མངོན་པའི་ང་རྒྱལ་མེད་པ་སྟེ། གང་ལྷག་པའི་ང་རྒྱལ་མེད་པ་དེ་ནི་མི་འགལ་བའོ། །གང་མི་འགལ་བ་དེ་ནི་གཉིས་སུ་མེད་པ་སྟེ། དེ་ལ་དགོངས་ནས་བཅོམ་ལྡན་
འདས་ཀྱིས་ཀྱང་ང་ནི་འཇིག་རྟེན་དང་ལྷན་ཅིག་ཏུ་མི་རྩོད་དོ། །འཇིག་རྟེན་ནི་ང་དང་ལྷན་ཅིག་ཏུ་རྩོད་པར་བྱེད་དོ་ཞེས་དེ་སྐད་ཅེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ནི་རྩོད་པའི་རྩ་བ་བཅད་དོ། །རྩོད་པའི་རྩ་བ་དེ་བཞིན་གཤེགས་པས་བཅད་པ་གང་ཞེ་ན།
འདི་ལྟ་སྟེ། འདི་ནི་བདེན་པའོ། །འདི་ནི་བརྫུན་པའོ་ཞེས་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་བདེན་པ་ཞེས་བྱ་བའི་ཚིག་ཀྱང་ཅི། ཅིའི་ཕྱིར་ན་བརྫུན་པ་ཞེས་ཀྱང་བརྗོད། གང་ལ་མཉམ་པ་དང་མི་མཉམ་པ་མེད་ན། དེ་ལ་སུ་
ཞིག་རྩོད་པ་སྦྱོར་བར་བྱེད་ཅེས་གསུངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་དེ་དག་ལམ་གང་ནས་དོང་བ་དེ་ཐམས་ཅད་མེས་ཡོངས་སུ་གང་བར་བྱིན་གྱིས་བརླབས་ནས། དེ་དག་ཕྱོགས་གང་དང་གང་དུ་དོང་བ་དེ་དང་དེ་དག་ཐམས་ཅད་མེས་ཡོངས་

སུ་གང་བར་མཐོང་སྟེ། མེའི་ཕུང་པོ་དེ་ལས་རྒལ་བར་མ་ནུས་སོ། །དེ་དག་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟེང་གི་བར་སྣང་ལ་དོང་བ་དང་། ལྕགས་ཀྱི་དྲ་བས་ནམ་མཁའི་དཀྱིལ་ཐམས་ཅད་ཡོག་པར་མཐོང་ངོ་། །འོག་ཏུ་བལྟས་ན་ཡང་ཆུའི་ཕུང་པོ་ཆེན་པོ་
མཐོང་སྟེ། དེ་དག་ཕྱོགས་བསླད་ཅིང་སྤུའི་ཁུང་བུ་ཟིང་ཞེས་བྱེད་པར་གྱུར་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་ལམ་དུ་བལྟས་ན་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་ཡོག་ཅིང་། ལམ་དེ་ནས་སྐྱེ་བོའི་ཚོགས་མང་པོ་དག་བཅོམ་ལྡན་འདས་ལས་
ཆོས་མཉན་པའི་ཕྱིར་དོང་བ་མཐོང་ངོ་། །མཐོང་ནས་དེ་ནས་དེ་དག་ཀྱང་ཕྱིར་ལོག་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང་། སྨྱིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་
ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་པ་དང་། དེ་དག་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གར་དོང་དོང་། གང་ནས་འོངས།
དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཁོ་བོ་ཅག་ནི་དགྲ་བཅོམ་པ་ཟག་པ་ཟད་པ། བསམ་གཏན་ཐོབ་པ། རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་སོན་པ་སྟེ། ཁོ་བོ་ཅག་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ལས་མི་འཐུན་པའི་ཆོས་བཤད་པ་ཐོས་ནས་སྟན་ལས་ལངས་ཏེ་དོང་ན། ཁོ་བོ་
ཅག་གིས་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་མེས་ཡོངས་སུ་གང་བར་མཐོང་སྟེ། མེའི་ཕུང་པོ་དེ་ལས་རྒལ་བར་མ་ནུས་སོ། །ཁོ་བོས་བཅོམ་ལྡན་འདས་ལ་ཞུས་པ། དགྲ་བཅོམ་པ་ཟག་པ་ཟད་པའི་ས་དེ་གང་ལགས། དེ་ལ་བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་
ཏོ། །གང་པོ་གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་ལ་སྤྱོད་པས་མེའི་ཕུང་པོ་ལས་འདའ་བ་ནི་གནས་མ་ཡིན་ནོ། །ལྟ་བའི་དྲ་བས་བསྒྲིབས་པས་ལྕགས་ཀྱི་དྲ་བ་བཅད་པ་དང་། སྲེད་པའི་ཆུར་ཞུགས་པས་ཆུའི་ཕུང་པོ་ལས་རྒལ་བ་ནི་གནས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་

ན། གང་པོ་འདི་ལྟར་དགེ་སློང་འདི་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་ལ་སྤྱོད་དེ། དེ་དག་མེའི་ཕུང་པོ་ཆེན་པོ་ལས་འདའ་བར་མི་ནུས་སོ། །དེ་དག་ལྟ་བའི་དྲ་བས་བསྒྲིབས་ཏེ། ལྕགས་ཀྱི་དྲ་བ་གཅད་པར་མི་ནུས་སོ། །དེ་དག་སྲེད་པའི་ཆུ་བོར་ཞུགས་ཏེ། ཆུའི་ཕུང་
པོ་ལས་རྒལ་བར་མི་ནུས་སོ། །གང་པོ་འདི་ལྟ་སྟེ་དཔེར་ན་མེའི་ཕུང་པོ་གང་ཡིན་པ་དང་། ལྕགས་ཀྱི་དྲ་བ་གང་ཡིན་པ་དང་། ཆུའི་ཕུང་པོ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་སྟེ། གཞན་དུ་ན་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་
གྱི་རླབས་ཀྱིས་སྣང་ངོ་། །གང་པོ་དེ་བཞིན་དུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་ཡིན་པ་དང་། ལྟ་བར་བྱས་པ་གང་ཡིན་པ་དང་། སྲིད་པའི་སྲེད་པ་གང་ཡིན་པའི་ཆོས་དེ་དག་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་སྟེ། གཞན་དུ་ན་ཕྱིན་ཅི་ལོག་སྔོན་དུ་འགྲོ་བའི་
རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ལས་བདག་པོ་མེད་པ། བདག་གི་མེད་པ། ཡོངས་སུ་གཟུང་བ་མེད་པའི་བདག་དང་གཞན་དུ་སྒྲོ་འདོགས་པར་འབྱུང་ངོ་། །དེ་ལ་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པས་རྣམ་པར་གཡེངས་པའི་སེམས་རྩེ་གཅིག་ཏུ་བྱེད་དོ། །
སེམས་རྩེ་གཅིག་པས་ཞི་གནས་སྒྲུབ་པར་བྱེད་དོ། །ཞི་གནས་ཀྱི་ཚོགས་ཀྱིས་བསམ་གཏན་སྐྱེད་པར་བྱེད་དོ། །བསམ་གཏན་ཐོབ་པས་ཀྱང་རློམ་སེམས་སུ་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། །བསམ་གཏན་ལས་སུ་རུང་བར་བྱས་པའི་སེམས་ཀྱིས་ཀྱང་ཆོས་རྣམས་ལ་
རྣམ་པར་ལྟ་སྟེ། ཆོས་གང་གི་རྒྱུ་དང་། རྐྱེན་དུ་འགྱུར་ཞེས་དེ་སོ་སོར་རྟོག་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་དེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་
དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་

འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་ཏེ། འདི་ནི་ལོག་པར་བསྒྲུབ་པའི་འདུ་བྱེད་ཀྱི་ལམ་ཞེས་བྱའོ། །མ་རིག་པ་འགགས་པས་
འདུ་བྱེད་རྣམས་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་
ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་
དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་ཏེ། འདི་ནི་ཡང་དག་པར་སྒྲུབ་པ་འདུས་མ་བྱས་སུ་ངེས་པར་འཇུག་པའོ། །དེ་ལ་མ་རིག་པ་འགགས་པ་ནི་འདས་པ་མ་ཡིན། མ་འོངས་པ་མ་
ཡིན། ད་ལྟར་བྱུང་བ་མ་ཡིན་མོད་ཀྱི་འོན་ཀྱང་གང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བྱུང་བས་མ་རིག་པ་འབྱུང་སྟེ། དེ་ཚུལ་བཞིན་ཡིད་ལ་བྱེད་པས་སོ་སོར་རྟོག་པ་ཡིད་ལ་བྱེད་ན་འབྱུང་བར་མི་འགྱུར་རོ། །མི་འབྱུང་བ་དེ་ནི་ཤིན་ཏུ་འགགས་པ་སྟེ། དེ་བས་ན་མ་རིག་པ་
འགག་ཅེས་བྱའོ། །དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ལུས་འདི་ལ་འདི་ལྟ་སྟེ། ལུས་འདི་ནི་བེམས་པོ་སྟེ། རྩྭ་དང་། ཤིང་དང་། རྩིག་པ་དང་། རྡོ་ལྟར་སྣང་བར་སོ་སོར་རྟོག་གོ། །གང་སེམས་སམ། ཡིད་དམ། རྣམ་པར་ཤེས་པ་ཞེས་བྱ་བ་
དེའང་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་མི་རིག་པ། སྒྱུ་མ་དང་། རྨི་ལམ་ལྟ་བུ་སྟེ། ནང་དང་། ཕྱི་དང་། གཉི་ག་མ་ཡིན་པར་ཡང་མི་དམིགས་སོ་ཞེས་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་པའི་དགེ་སློང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་

སྐྱེས་པར་རྟོགས་པར་འགྱུར་ཏེ། གང་མ་སྐྱེས་པ་དེ་ནི་དོན་དམ་པའོ། །བསྟན་པ་འདི་བཤད་པའི་ཚེ་དགེ་སློང་ཉིས་བརྒྱ་པོ་དེ་དག་གིས་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་གཅེར་བུ་མའི་བུ་བདེན་པ་པོ་འཁོར་དམས་པར་གྱུར་ཏེ། གཡོག་ལྔ་བརྒྱ་
ཞིག་དང་སྤ་གོང་བར་གྱུར་ཅིང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང་། སྨྱིག་མའི་ཚལ་ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཀུན་དགའ་བ་
དང་། མགུ་བར་འགྱུར་བ་དང་། དགའ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་དགེ་སྦྱོང་གཽ་ཏ་མ་ནི་གཞན་གྱི་འཁོར་ཁ་འདྲེན་པའི་སྒྱུས་ཁ་འདྲེན་ཏོ་ཞེས་ཡང་དང་ཡང་དུ་ཐོས་ན། དེ་ད་ནི་མངོན་སུམ་དུ་གྱུར་ཏེ། འདི་
ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་ཁོ་བོའི་འཁོར་ཕྱེ་སྟེ་དགེ་སྦྱོང་གཽ་ཏ་མ་ལ་ཕུལ་ལོ། །དགེ་སྦྱོང་གཽ་ཏ་མས་ཀྱང་ལོག་པའི་གཟུང་བས་བཟུང་སྟེ། དེ་དག་སླར་ཁོ་བོའི་དྲུང་དུ་མི་འོང་། བསྙེན་བཀུར་མི་བྱེད། རྣ་བླགས་ཏེ་མི་ཉན། ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་མི་འཇོག་གོ། །
དེའི་ཚེ་ཀུན་དུ་རྒྱུ་ཟླ་བ་ཅན་ཞེས་བྱ་བའི་སྣག་གི་གཉེན་མཚམས་ཀུན་དུ་རྒྱུ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་འཁོར་དེར་འདུས་ཏེ་འདུག་པར་གྱུར་པ་དེས་གཅེར་བུ་མའི་བུ་བདེན་པ་པོ་ལ་འདི་སྐད་ཅེས་སྨྲས་སོ། །གཅེར་བུ་མའི་བུ་བདེན་པ་པོ་བཅོམ་ལྡན་འདས་དང་། བཅོམ་ལྡན་འདས་ཀྱི་
ཉན་ཐོས་རྣམས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མ་དད་པར་མ་བྱེད་ཅིག །ཁྱོད་ལ་ཡུན་རིང་པོར་དོན་མེད་པ་དང་། མི་ཕན་པ་དང་། སྡུག་བསྔལ་བ་དང་། རྣམ་པར་ལྟུང་བར་གྱུར་ཏ་རེ། གཅེར་བུ་པ་འདི་ལྟ་སྟེ་ངས་དཔེ་བྱ་བར་སྤོབས་སོ། །གཅེར་བུ་པ་འདི་ལྟ་སྟེ་དཔེར་
ན་སྐྱེས་བུ་བྱིས་པའི་རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན་ལ་ལ་ཞིག་མར་གྱི་ཉིང་ཁུ་འདོད་ཅིང་མར་ཚོལ་ལ་དེས་ཆུ་བུམ་པའི་ནང་དུ་བླུགས་ཏེ་བསྲུབས་ནས་དེ་ཇི་ཙམ་ན་དོན་མེད་པ་དང་ཆད་པའི་སྐལ་བ་ཅན་དུ་གྱུར་ཀྱང་དེའི་རྒྱུས་མར་རམ་མར་གྱི་ཉིང་ཁུ་ནི་མི་རྙེད་དོ། །

གཅེར་བུ་པ་དེ་བཞིན་དུ་འདི་ལས་ཕྱི་རོལ་གྱི་ཡ་མཚན་ཅན་ཐམས་ཅད་རྣལ་འབྱོར་དང་། སྒོམ་པ་དང་། དཀའ་ཐུབ་དང་། བརྟུལ་ཞུགས་དེ་དག་ཐམས་ཅད་ནི་ལོག་པར་བཟུང་བ་སྟེ། དེ་དག་ནི་ཆུའི་བུམ་པ་བསྲུབས་པ་ལྟ་བུའོ་ཞེས་ང་སྨྲའི་སྟེང་དུ། དེ་བཞིན་
གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་སེམས་གདུག་པར་བྱས་པས་སེམས་ཅན་དམྱལ་བའི་གཡང་སར་ལྟུང་བར་འགྱུར་རོ། །གཅེར་བུ་པ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མཁས་པའི་རང་བཞིན་ཅན་ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ལ་ལ་ཞིག་མར་གྱི་ཉིང་ཁུ་འདོད་
ཅིང་མར་ཚོལ་ལ་དེས་འོ་མ་བུམ་པའི་ནང་དུ་བླུགས་ཏེ་བསྲུབས་ན་དེ་ཚེགས་ཆུང་ངུས་མར་སར་འབྱིན་པར་འགྱུར་ཏེ། མར་སར་ལས་མར་རོ། །མར་ལས་མར་གྱི་ཉིང་ཁུ་འཐོབ་པོ། །གཅེར་བུ་པ་དེ་བཞིན་དུ་ཁྱིམ་ན་གནས་པར་འགྱུར་བའམ། རབ་ཏུ་བྱུང་བ་ཡང་རུང་དེ་
བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་འདི་ལ་དད་པ་དང་ལྡན་ཞིང་མོས་པ་མང་བས་སྦྱོར་བར་བྱེད། རྩོལ་བར་བྱེད། འབད་པར་བྱེད་ན་མར་འདོད་པའི་འོ་མའི་བུམ་པ་ལས་མར་གྱི་ཉིང་ཁུ་ཐོབ་པ་བཞིན་དེ་དག་མྱུར་དུ་འཕགས་པའི་རྣམ་པར་གྲོལ་བ་ཐོབ་བོ། །
གཅེར་བུ་པ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ཞིག་གིས་སྐྱེས་བུ་གཉིས་པའི་འཇིམ་པ་ལས་བྱས་པའི་སྣོད་བརྒྱ་སྟོང་བཞག་སྟེ། དེ་སྙེད་ཀྱི་རིན་པོ་ཆེའི་སྣོད་བྱིན་ན་གཅེར་བུ་པ་འདི་ཇི་སྙམ་དུ་སེམས། ཅི་སྐྱེས་བུ་དེས་སྐྱེས་བུ་དེ་བསླུས་པ་ཡིན་ནམ། སྨྲས་པ། རྒྱལ་བའི་
བློ་གྲོས་དེ་ནི་མ་ཡིན་ནོ། །སྨྲས་པ། གཅེར་བུ་པ་དེ་བཞིན་དུ་འཇིམ་པ་ལས་བྱས་པའི་སྣོད་ལྟ་བུའི་མུ་སྟེགས་ཅན་གྱི་ཉན་ཐོས་རྣམས་བཅོམ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་ལ་ཆོས་རིན་པོ་ཆེའི་སྣོད་དུ་བྱེད་ན་དེས་མུ་སྟེགས་རྣམས་གང་ཡང་བསླུས་པར་མི་འགྱུར་རོ། །གཅེར་
བུ་པ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དེད་དཔོན་ཐབས་ལ་མི་མཁས་པ་མངོན་པའི་ང་རྒྱལ་ཅན་ཞིག་གིས་འདྲོན་པ་མང་པོ་ལམ་ངན་པར་བཙུད་པ་ལས། དེད་དཔོན་ཐབས་ལ་མཁས་པ་ལམ་ཤེས་པ། ལམ་མཐོང་བ་ཞིག་གིས་ལམ་ངན་པ་དེ་ནས་བཟློག་སྟེ། ཡང་དག་པའི་ལམ་དུ་བཙུད་པ་དེ་བཞིན་

དུ། གཅེར་བུ་པ་ཁྱེད་ཀྱི་སྟོན་པ་དྲུག་པོ་ཐམས་ཅད་ཀྱང་ལམ་མི་ཤེས་པ། ལམ་མི་མཁས་པ་སྟེ། དེས་ཁྱེད་ཅག་སེམས་ཅན་མང་པོ་རྣམས་ལམ་ངན་པར་བཙུད་དོ། །དེ་བཞིན་གཤེགས་པ་ནི་ལམ་མཁྱེན་པ། ལམ་ལ་མཁས་པ་སྟེ། དེས་སེམས་ཅན་དེ་དག་ལམ་ངན་པ་དེ་ལས་
བཟློག་ནས་ཡང་དག་པའི་ལམ་དུ་འཛུད་དོ། །གཅེར་བུ་པ་དེ་ལྟ་མོད་ཀྱི་ཁྱོད་ཀྱི་འཁོར་འདི་དག་ཁྲིད་དེ་སོང་ཤིག །དེ་ནས་ཡང་གཅེར་བུ་པ་ཁྲི་ཉིས་སྟོང་གཅེར་བུ་མའི་བུ་བདེན་པ་པོ་དང་ལྷན་ཅིག་ཏུ་དོང་ངོ་། ལྷག་མ་རྣམས་ནི་མངོན་པར་ཤེས་པ་ཐོབ་ནས་དེ་དག་བཅོམ་ལྡན་འདས་ཀྱིས་
དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཀུན་དུ་རྒྱུ་རྒྱལ་བའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་བའི་བློ་གྲོས་ཁྱོད་ཀྱིས་གང་དག་གཅེར་བུ་མའི་བུ་བདེན་པ་པོ་དང་ལྷན་ཅིག་ཏུ་དོང་བའི་གཅེར་བུ་པ་ཁྲི་ཉིས་སྟོང་པོ་དེ་དག་མཐོང་
ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་བའི་བློ་གྲོས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་བྱམས་པའི་འདུས་པ་དང་པོའི་གྲངས་སུ་གཏོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་དག་གིས་ཆོས་ཟབ་མོ་འདི་
བཤད་པ་ཐོས་སོ། །གཅེར་བུ་མའི་བུ་བདེན་པ་པོ་ནི་འདི་ལྟ་སྟེ་དཔེར་ན་ད་ལྟར་ངའི་དགེ་སློང་ཤཱ་རིའི་བུ་བཞིན་དུ། དེ་བཞིན་གཤེགས་པ་བྱམས་པའི་བསྟན་པ་ལ་ཉན་ཐོས་རྣམས་ཀྱི་ནང་ན་ཤེས་རབ་ཆེ་བའི་མཆོག་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ང་ལ་མོས་པ་ཡོད་
དོ། །ལྷག་པའི་ང་རྒྱལ་གྱིས་ནི་ལྟ་བ་ཡོངས་སུ་མི་གཏོང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཀུན་དུ་རྒྱུ་རྒྱལ་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དགེ་སློང་མངོན་པའི་ང་རྒྱལ་ཅན་ཇི་སྙེད་ཅིག་
འབྱུང་བར་འགྱུར། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དགེ་སློང་མངོན་པའི་ང་རྒྱལ་ཅན་འབྱུང་བ་ནི་དཀོན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བསམ་གཏན་བཞི་མ་བསྐྱེད་པར་མངོན་པའི་ང་རྒྱལ་དུ་ལྟུང་བར་མི་ནུས་སོ། །དེ་ཅིའི་

ཕྱིར་ཞེ་ན། དེ་ལྟར་དེའི་ཚེ་དགེ་སློང་དེ་དག་སེམས་གནས་པ་ཡང་དཀོན་ན་གང་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་དེ་དག་ཅི་སྨོས། རིགས་ཀྱི་བུ་དེ་ལྟ་བས་ན་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དགེ་སློང་མངོན་པའི་ང་རྒྱལ་ཅན་འབྱུང་བ་ནི་
དཀོན་ནོ། །རིགས་ཀྱི་བུ་འོན་ཀྱང་འདི་གཉིས་ནི་མངོན་པའི་ང་རྒྱལ་ཅན་ཏེ། གཉིས་གང་ཞེ་ན། ལྟ་བ་ལ་ཆགས་པས་བསམ་གཏན་གྱི་མངོན་པའི་ང་རྒྱལ་ཅན་དང་། རྙེད་པ་དང་བཀུར་སྟིའི་ཕྱིར་འཕགས་པའི་རིགས་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། སྦྱངས་པའི་
ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ཙམ་གྱིས་མངོན་པའི་ང་རྒྱལ་དུ་ལྟུང་བ་སྟེ། དེ་གཉིས་ནི་མངོན་པའི་ང་རྒྱལ་ཅན་ནོ། །གང་ཡང་མངོན་པའི་ང་རྒྱལ་ཅན་དུ་གྱུར་ཏེ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་སྤོང་བ་དེ་དག་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་
སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ། །སྨྲས་པ། འཇམ་དཔལ་ཕ་རོལ་གྱི་སེམས་མི་ཤེས་པར་འདི་ནི་མངོན་པའི་ང་རྒྱལ་ཅན་ནོ་ཞེས་ཇི་ལྟར་ཤེས་པར་བྱ། སྨྲས་པ། གལ་ཏེ་སོ་སོའི་སྐྱེ་བོ་རྣམས་མྱ་ངན་ལས་འདའ་བར་འགྱུར་གྱི། དགྲ་
བཅོམ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་དེ་སྐད་ཐོས་ནས་སྐྲག་པར་གྱུར་ན་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །གལ་ཏེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དེ་བཞིན་གཤེགས་པ་མཐོང་གི །དགྲ་བཅོམ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་དེ་སྐད་ཐོས་ནས་སྐྲག་པར་གྱུར་ན་མངོན་པའི་
ང་རྒྱལ་ཅན་དུ་རིག་པར་བྱའོ། །གལ་ཏེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྦྱིན་པ་ཡོངས་སུ་སྦྱོང་བར་བྱེད་ཀྱི། དགྲ་བཅོམ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་དེ་སྐད་ཐོས་ནས་སྐྲག་པར་གྱུར་ན་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །གལ་ཏེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དེ་བཞིན་
གཤེགས་པ་མཉེས་པར་བྱེད་ཀྱི། དགྲ་བཅོམ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་དེ་སྐད་ཐོས་ནས་སྐྲག་པར་གྱུར་ན་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །གང་དག་ཉོན་མོངས་པ་ཐམས་ཅད་ལས་མི་གཡོ་བ་དེ་དག་ནི་མི་རྟེན་པའོ། །གང་དག་མི་རྟེན་པ་དེ་དག་ནི་འཇིག་

རྟེན་ན་སྦྱིན་པའི་གནས་སོ། །གང་ཡང་ཉོན་མོངས་པ་ལས་གཡོ་བ་དེ་དག་ནི་རྟེན་པའོ། །གང་དག་རྟེན་པ་དེ་དག་ནི་འཇིག་རྟེན་ན་སྦྱིན་པའི་གནས་མ་ཡིན་ནོ། །དེ་ལ་གང་དག་རྩོད་པར་བྱེད་པ་དེ་དག་ནི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །ཆོས་ཐམས་ཅད་ནི་འབྱུང་
བའོ་ཞེས་བྱ་བའི་ཆོས་ཟབ་མོའི་ཚུལ་འདི་གང་གིས་མི་རྟོགས་པ་དེ་དག་ནི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །ཆོས་ཐམས་ཅད་ཡོངས་སུ་ཤེས་པར་མི་བྱའོ། །སྤང་བར་མི་བྱའོ། །བསྒོམ་པར་མི་བྱའོ། །མངོན་དུ་མི་བྱའོ་ཞེས་བྱ་བའི་བདེན་པའི་ཚུལ་འདི་ལ་གང་
མི་འཇུག་པ་དེ་དག་ནི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །སྨྲས་པ། འཇམ་དཔལ་མངོན་པའི་ང་རྒྱལ་མེད་པའི་ཕྱག་རྒྱ་ཇི་ལྟ་བུ་ཡིན། སྨྲས་པ། འགལ་བ་མེད་པ་དང་། རྩོད་པ་མེད་པ་ནི་མངོན་པའི་ང་རྒྱལ་མེད་པའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་
ན་རི་དགས་ཀྱི་རྒྱལ་པོ་སེང་གེ་ནི་སྒྲ་ཐམས་ཅད་ཀྱིས་མི་སྐྲག་གོ། །དེ་བཞིན་དུ་རིགས་ཀྱི་བུ་དགེ་སློང་མངོན་པའི་ང་རྒྱལ་མེད་པ་ནི་སྒྲ་ཐམས་ཅད་ཀྱིས་མི་སྐྲག་གོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་རིག་སྟེ། སྒྲ་བརྙན་ལ་ནི་སེམས་མེད།
ཡིད་མེད། རྣམ་པར་ཤེས་པ་མེད་ཀྱང་དེ་ལ་རྟེན་ཅིང་སྒྲ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་དེས་སེམས་དང་ཡིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། དེ་སྒྲ་ཐམས་ཅད་རྐྱེན་ལ་རག་ལས་པར་རྟོགས་ནས་དེ་སྒྲ་ཐམས་ཅད་ལ་དགའ་བ་ཡང་མི་སྐྱེད་དོ། །དེ་སངས་
རྒྱས་ཀྱི་སྒྲ་ལ་ཡང་རྗེས་སུ་ཆགས་པར་མི་བྱེད། མུ་སྟེགས་ཅན་གྱི་སྒྲ་ལ་ཡང་ཁོང་ཁྲོ་བར་མི་བྱེད། རྣམ་པར་བྱང་བའི་སྒྲ་ལ་ཡང་རྗེས་སུ་ཆགས་པར་མི་བྱེད། ཉོན་མོངས་པའི་སྒྲ་ལ་ཡང་ཁོང་ཁྲོ་བར་མི་བྱེད་ཅིང་དེས་སྒྲ་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་། ཕྱི་མའི་
མཐའ་རྟོགས་པར་གྱུར་པ་འདི་ནི་རིགས་ཀྱི་བུ་མངོན་པའི་ང་རྒྱལ་མེད་པའི་ཕྱག་རྒྱ་ཞེས་བྱ་སྟེ། གཞག་པ་མེད་པ་དང་། གདེག་པ་མེད་པའི་ཕྱག་རྒྱའོ། །ཇི་ལྟ་བ་བཞིན་གྱི་ཕྱག་རྒྱའོ། །ཡང་དག་པར་བསྒྲུབ་པའི་ཕྱག་རྒྱའོ། །རང་བཞིན་གྱི་མཚན་ཉིད་ཀྱི་ཕྱག་རྒྱའོ། །

ཚུལ་གཅིག་ཏུ་འཇུག་པའི་ཕྱག་རྒྱའོ། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་ཕྱག་རྒྱའོ། །དེ་བཞིན་ཉིད་ཐ་མི་དད་པའི་ཕྱག་རྒྱའོ། །ཡང་དག་པའི་མཐའི་གནས་ཀྱི་ཕྱག་རྒྱའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱག་རྒྱའོ། །དུས་གསུམ་
མཉམ་པ་ཉིད་ཀྱི་ཕྱག་རྒྱའོ། །གཟོད་མ་ནས་མ་སྐྱེས་པའི་ཕྱག་རྒྱའོ། །རང་བཞིན་ལ་སོ་སོར་རྟོག་པའི་ཕྱག་རྒྱ་སྟེ། །རིགས་ཀྱི་བུ་ཕྱག་རྒྱ་དེ་དག་གིས་བཏབ་པའི་ཆོས་ཐམས་ཅད་མངོན་པའི་ང་རྒྱལ་མེད་པའི་དགེ་སློང་གིས་ཐོས་ན་ནམ་ནུར་དུ་མི་འགྱུར། ཐེ་ཙོམ་དུ་མི་འགྱུར་
ཏེ། བདག་མི་དམིགས་པར་རྟོགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཀུན་དུ་རྒྱུ་རྒྱལ་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྔོན་ཡང་ཀུན་དུ་རྒྱུ་ལྷག་སྤྱོད་དང་། སྣག་གི་གཉེན་མཚམས་ཀུན་དུ་རྒྱུ་ཟླ་བ་ཅན་ལས་
ཐེག་པ་ཆེན་པོ་འདིའི་ཡོན་ཏན་བསྔགས་པ་བརྗོད་པ་ཁ་ཅིག་ཐོས་པར་གྱུར་ཏོ། །བཅོམ་ལྡན་འདས་བདག་གིས་ད་ལྟར་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལས་དམ་པའི་ཆོས་བཤད་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་
ལྡན་འདས་ཀྱིས་ཀྱང་བདག་ལ་ཅི་ནས་ཀྱང་བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསགས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་མ་མཆིས་གྲངས་མ་མཆིས་པ་རྣམས་ཀྱི་དོན་བགྱིད་
པར་འགྱུར་བ་ད་ལྟར་ཆོས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་འདི་གཉིས་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ཤེས་པར་བྱེད་པའོ། །གཉིས་གང་ཞེ་ན།
འདི་ལྟ་སྟེ། བརྩོན་འགྲུས་དང་། བག་ཡོད་པའོ། །དེ་ལ་བརྩོན་འགྲུས་གང་ཞེ་ན། གང་ཆོས་ཀྱིས་བཙལ་བའི་ལོངས་སྤྱོད་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །བག་ཡོད་པ་གང་ཞེ་ན། གང་རྣམ་པར་སྨིན་པ་ལ་མི་རེ་བས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ། །

དེ་ལ་བརྩོན་འགྲུས་ནི་གང་མི་དགེ་བའི་ཆོས་ཐམས་ཅད་སྤང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡང་དག་པར་རྩོལ་བའོ། །བག་ཡོད་པ་ནི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་སྐྱེ་བ་ཐམས་ཅད་མི་འདོད་པས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ། །དེ་ལ་
བརྩོན་འགྲུས་ནི་གང་ལུས་དང་སེམས་ལ་མི་ལྟ་བས་བཟོད་ཅིང་དེས་པའོ། །བག་ཡོད་པ་ནི་གང་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀུན་དུ་སྲུང་བའོ། །དེ་ལ་བརྩོན་འགྲུས་ནི་གང་དགེ་བའི་ཆོས་ཡང་དག་པར་སྒྲུབ་པས་ཡོངས་སུ་མི་སྐྱོ་བའོ། །བག་ཡོད་
པ་ནི་གང་དགེ་བའི་ཆོས་ཡང་དག་པར་བསྒྲུབས་པ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བའོ། །དེ་ལ་བརྩོན་འགྲུས་ནི་གང་བསམ་གཏན་གྱི་ཡན་ལག་ཡང་དག་པར་བསྒྲུབས་པས་ཡོངས་སུ་མི་སྔོ་བའོ། །བག་ཡོད་པ་ནི་གང་བསམ་གཏན་གྱི་རོ་མྱོང་བར་བྱེད་པ་
ལས་ལྡོག་པའི་ཤེས་པའོ། །དེ་ལ་བརྩོན་འགྲུས་ནི་གང་མང་དུ་ཐོས་པ་ཚོལ་བས་ཆོག་མི་ཤེས་པའོ། །བག་ཡོད་པ་ནི་གང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པའི་འཕགས་པའི་ཤེས་རབ་དང་ཡེ་ཤེས་སོ། །དེ་ལ་བརྩོན་འགྲུས་ནི་གང་བསྡུ་བའི་དངོས་པོ་རྣམས་མི་འདོར་
བའོ། །བག་ཡོད་པ་ནི་གང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་སོ། །དེ་ལ་བརྩོན་འགྲུས་ནི་གང་ལུས་དང་སེམས་རབ་ཏུ་འཛིན་པའོ། །བག་ཡོད་པ་ནི་གང་ལུས་དང་སེམས་དབེན་པའོ། །དེ་ལ་བརྩོན་འགྲུས་ནི་གང་སེམས་ཅན་ལ་དམིགས་པའི་
བྱམས་པས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ། །བག་ཡོད་པ་ནི་གང་ཆོས་ལ་དམིགས་པའི་བྱམས་པས་ཆོས་ཐམས་ཅད་མི་དམིགས་པའོ། །དེ་ལ་བརྩོན་འགྲུས་ནི་གང་སེམས་ཅན་གཞན་དང་གང་ཟག་གཞན་དག་བྱང་ཆུབ་ཀྱི་སེམས་ལ་སྦྱོར་བའོ། །
བག་ཡོད་པ་ནི་གང་སྒྱུ་མ་ལྟ་བུའི་ཆོས་ལ་སོ་སོར་རྟོག་པས་བྱང་ཆུབ་ཀྱི་སེམས་མི་རྗེད་པའོ། །དེ་ལ་བརྩོན་འགྲུས་ནི་གང་མངོན་པར་ཤེས་པའི་ཡེ་ཤེས་སྐྱེད་པའོ། །བག་ཡོད་པ་ནི་གང་ཟག་པ་ཟད་པར་བྱེད་པས་ཀུན་དུ་བསྲུང་བའོ། །དེ་ལ་བརྩོན་འགྲུས་ནི་གང་མགོ་

དང་གོས་ལ་མེ་འབར་བ་ལྟ་བུས་བདེན་པ་ཚོལ་བའོ། །བག་ཡོད་པ་ནི་གང་འགོག་པ་མངོན་སུམ་དུ་བྱ་བར་མི་ལྟུང་བའོ། །དེ་ལ་བརྩོན་འགྲུས་ནི་གང་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དགེ་བའི་རྩ་བས་ཆོག་མི་ཤེས་པའོ། །
བག་ཡོད་པ་ནི་གང་ཆོས་ཀྱི་སྐུ་ལ་སོ་སོར་རྟོག་པའོ། །དེ་ལ་བརྩོན་འགྲུས་ནི་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །བག་ཡོད་པ་ནི་གང་སེམས་ཅན་ཀྱི་ཞིང་ཡོངས་སུ་དག་པའོ། །དེ་ལ་བརྩོན་འགྲུས་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་
རྫོགས་པའོ། །བག་ཡོད་པ་ནི་གང་ཉེ་བར་ཞི་བའི་རྣམ་པར་གྲོལ་བས་རྣམ་པར་གྲོལ་བའོ། །རིགས་ཀྱི་བུ་མདོར་ན་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་ལས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བརྩོན་འགྲུས་དང་ལྡན་པར་བལྟ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་ལས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བག་ཡོད་པ་དང་ལྡན་པར་བལྟ་སྟེ། དེ་བས་ན་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་འཇིགས་པ་ཆུང་ཟད་ཀྱང་མེད་
དོ་ཞེས་བྱའོ། །བསྟན་པ་འདི་བཤད་པའི་ཚེ་ཀུན་དུ་རྒྱུ་རྒྱལ་བའི་བློ་གྲོས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་སེམས་དགའ་བ་དང་། མགུ་བ་དང་། རངས་པ་དེ་ཉིད་ཀྱིས་དེ་ཤིང་ཏ་ལ་བདུན་ཙམ་དུ་སྟེང་གི་བར་སྣང་ལ་མངོན་པར་འཕགས་པར་
གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །སྣང་བ་ཆེན་པོས་ཀྱང་འཇིག་རྟེན་ཁྱབ་པར་གྱུར་ཏོ། །སྟེང་གི་བར་སྣང་ལས་མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་བབ་བོ། །སིལ་སྙན་དང་གླུ་དབྱངས་
ཀྱི་སྒྲ་ཡང་བྱུང་བར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཀྱིས་ནམ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་པ་འདི་

ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། དེས་འཇིག་རྟེན་གྱི་ཁམས་མཐའ་དང་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་
རྟེན་མན་ཆད་དུ་མངོན་པར་བྱུང་ཞིང་ཉི་མ་དང་། ཟླ་བའི་འོད་ཀྱང་ཟིལ་གྱིས་མནན་ནས་ཡང་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་
ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་འཛུམ་པའི་དོན་ཡོངས་སུ་ཞུས་པ།
བསོད་ནམས་ཡེ་ཤེས་སྟོབས་དཔལ་དཔེ་མེད་འདོམ་གང་འོད་ཀྱིས་བརྒྱན། །མཚན་མཆོག་སུམ་ཅུ་རྩ་གཉིས་བརྒྱན་ཅིང་དཔེ་བྱད་དག་གིས་སྤྲས། །སེང་གེ་དང་མཆོག་འགྱིང་འགྲོ་ལྟར་ནི་བརྩོན་འགྲུས་སྟོབས་ཀྱིས་བྱུང་། །ཅི་སླད་འཛུམ་མཛད་དེ་ནི་བཅོམ་
ལྡན་འདས་ཀྱིས་བསྟན་པར་གསོལ། །ཐུབ་པ་དབྱར་གྱི་སྤྲིན་དང་རྔ་སྒྲ་སེང་གེའི་སྒྲ་བས་ལྷག །ཀ་ལ་པིང་ཀའི་སྒྲ་དང་དྲིལ་སྒྲ་ཚངས་པའི་སྒྲ་བས་ལྷག །ལྷ་འམ་དེ་བཞིན་མི་ཡི་སྒྲ་གང་སྟོང་གསུམ་དག་ན་སྙན། །དེ་ཀུན་ཆར་ཡང་མི་འགྲོ་བཅོམ་ལྡན་ཐུབ་
པའི་གསུང་མཆོག་གོ། །དགྲ་བཅོམ་མཆོག་རབ་རང་རྒྱལ་ཡང་དག་བྱང་ཆུབ་སེམས་དཔས་ཀྱང་། །དཔེ་མེད་ཐུབ་དབང་ཡེ་ཤེས་རྨད་བྱུང་ཡུལ་ནི་མི་རྟོགས་པ། །ལྷ་མི་ལྷ་མིན་ཀླུ་གང་ཐོས་ནས་བྱང་ཆུབ་མཆོག་འཚལ་བར། །ཡེ་ཤེས་དེ་ཡི་སྟོབས་
ཀྱིས་ཅི་ཕྱིར་འཛུམ་བསྟན་བཤད་དུ་གསོལ། །མཐར་འཛིན་ཀུན་ལས་ཐུགས་གྲོལ་བློ་བཟང་དབུས་སུ་ཁྱོད་མི་ཆགས། །ཆགས་མེད་ཉེས་མེད་སྤྱོད་པ་གནས་མེད་ནམ་མཁའ་ཚད་མེད་བཞིན། །དཔེ་མཆོག་གང་ཡང་མེད་ཅིང་འཇིག་རྟེན་མཆོག་འདྲར་

བགྲང་བ་མེད། །མཁའ་འདྲའི་བློ་མངའ་སྡིག་མེད་ཁྱོད་ལ་ཅི་སླད་འཛུམ་བསྟན་ཞུའོ། །ཁྱོད་ཀྱི་ཞལ་ནས་འོད་ཟེར་སྣ་ཚོགས་སྔོ་དང་དམར་དང་དཀར། །དྲི་མེད་གསེར་ལྟར་འཚེར་ཞིང་དམར་བ་གང་གཱའི་བྱེ་སྙེད་བྱུང་། །གྲངས་
མེད་ནམ་མཁའི་ཁམས་མཉམ་ཕྱོགས་ཀྱི་འཇིག་རྟེན་དེས་སྣང་བྱས། །ཐུབ་པའི་འོད་ཀྱིས་རེག་པའི་ངན་སོང་མ་ལུས་ཞི་ཞིང་བདེ་དང་ལྡན། །གལ་ཏེ་འོད་ཟེར་པུས་མོར་ནུབ་ན་དགྲ་བཅོམ་ཁྱོད་ལུང་བསྟན། །འོད་ཟེར་ཁྱོད་ཀྱི་དཔུང་པར་ནུབ་ན་རང་
སངས་རྒྱས་སུ་བསྟན། །དེང་ནི་ཕན་མཛད་ཐུབ་ཁྱོད་གཙུག་ཏུ་དྲི་མེད་འོད་ནུབ་ཀྱིས། །ཀུན་མཁྱེན་མཉམ་ཉིད་ཐེག་པར་ངེས་པར་ཁྱོད་ནི་ལུང་སྟོན་ཏོ། །དེ་བས་ལེགས་པ་ལྷ་ལྷག་ལྷས་མཆོད་འཇིག་རྟེན་གསུམ་མཆོད་འོས། །སྲོག་ཆགས་མང་པོ་གང་
ཐོས་དགའ་ཞིང་སེམས་ཀྱང་མགུ་འགྱུར་བར། །ཡང་དག་བདེན་ཚིག་ངེས་པར་གསུང་དག་དེ་ནི་རྒྱལ་བས་ཤོད། །ཅི་ཕྱིར་འཛུམ་མཛད་ཐེ་ཙོམ་ཆོད་དེ་སློབ་མ་མགུ་བར་མཛོད། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་
ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་བཟོད་པ་ཐོབ་པ་སྟེང་གི་བར་སྣང་ལ་ཏ་ལ་བདུན་ཙམ་ན་འདུག་སྟེ། ཐལ་མོ་སྦྱར་ནས་ང་ལ་ཕྱག་འཚལ་བ་ལྷ་བརྒྱ་སྟོང་དག་གིས་མཆོད་པ་འདི་ཁྱོད་
ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་འདིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་
ལས་དགེ་བའི་རྩ་བ་བསྐྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བཞུགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་མཆོད་དོ། །སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལས་ཚངས་པར་སྤྱོད་པ་སྤྱད་དེ། ཐམས་ཅད་

དུ་ཡང་དམ་པའི་ཆོས་ཡོངས་སུ་བཟུང་ངོ་། །ཀུན་དགའ་བོ་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་འདི་ད་ཕྱིན་ཆད་ཀྱང་དེ་བཞིན་གཤེགས་པ་བགྲང་བ་ལས་འདས་པ་རྣམས་མཉེས་པར་བྱེད་པར་འགྱུར། གུས་པར་བྱེད་པར་འགྱུར། བཙུན་པར་བྱེད་པར་
འགྱུར། ཕུ་དུད་དུ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར། ཚངས་པར་སྤྱད་པ་ཡང་སྤྱོད་པར་འགྱུར། སེམས་ཅན་ཚད་མེད་གྲངས་མེད་པ་དག་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་
ཆོས་རྣམས་ཡང་དག་པར་བསྒྲུབས་ནས་བསྐལ་པ་གྲངས་མེད་པ་ན་བསྐལ་པ་རིན་པོ་ཆེ་གཅིག་བཀོད་པ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་བལྟ་ན་སྡུག་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་
ཕུང་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །
ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་བལྟ་ན་སྡུག་པ་དེའི་ལོངས་སྤྱོད་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་དང་འདྲ་བར་འགྱུར་རོ། །སེམས་ཅན་དེ་དག་གི་མདུན་དུ་ཡུལ་དྲུག་ལས་ཡིད་དུ་མི་འོང་བའི་ཆོས་གང་ཡང་འབྱུང་བར་མི་འགྱུར་རོ། །སེམས་ཅན་
དེ་དག་ཐམས་ཅད་གཅིག་གིས་གཅིག་མཐོང་ན་དགའ་བ་དང་ཡིད་བདེ་བ་སྐྱེ་བར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་རྨི་ལམ་དུའང་དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་དེ་མཐོང་ཞིང་དེ་དག་སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བར་འགྱུར་
ཏེ། དེ་བས་ན་འཇིག་རྟེན་གྱི་ཁམས་དེ་བལྟ་ན་སྡུག་པ་ཞེས་བྱའོ། །བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དེ་གཅིག་པུ་འབྱུང་ཞིང་། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་བསྐལ་པར་ཐུབ་པར་འགྱུར་ཏེ། དེ་བས་ན་བསྐལ་པ་དེ་ཡང་རིན་པོ་ཆེ་

གཅིག་བཀོད་པ་ཞེས་བྱ་བར་འགྱུར་རོ། །བཅོམ་ལྡན་འདས་དེའི་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་འབའ་ཞིག་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། སྤོབས་པ་ཐོགས་པ་མེད་པ། ཚིག་དབྱེ་བ་ལ་མཁས་པ་ཤ་སྟག་གོ། །དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་དེ་ནམ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་ཡང་། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་འགྲོ་བ་དེ་ལ་
རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་འགྲོ་བ་འདི་ངའི་འོག་ཏུ། དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ནས་ཡོངས་སུ་མྱ་ངན་ལས་འདའོ། །དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་ཕུང་པོ་དེ་ཡོངས་སུ་མྱ་
ངན་ལས་འདས་ནས་བར་གྱི་བསྐལ་པ་བཅུར་དམ་པའི་ཆོས་གནས་པར་འགྱུར་རོ། །བཅོམ་ལྡན་འདས་དེའི་སྐུ་ཡང་མི་འཇིག་པར་འགྱུར་ཏེ། གང་ལ་སེམས་ཅན་དེ་དག་མཆོད་པར་བྱེད་པའི་མཆོད་རྟེན་རིན་པོ་ཆེ་ལས་བྱས་པ་རྒྱར་དཔག་ཚད་དྲུག་ཅུ་རྩ་བཞི་པ། འཕང་
དུ་དཔག་ཚད་བརྒྱད་ཅུ་པ་རིན་པོ་ཆེ་ཐམས་ཅད་ཀྱིས་སྨྲས་པ་གཅིག་ཅིག་ཡོད་པར་འགྱུར་རོ། །དེ་ནས་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་བར་སྣང་དེ་ལས་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་
གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །བདག་གི་དབྱིངས་དང་སེམས་ཅན་དབྱིངས། །ཆོས་ཀྱི་དབྱིངས་དང་དེ་དག་མཉམ། །དེ་ཡི་དབྱིངས་ལྡན་ཡེ་
ཤེས་དབྱིངས། །དེ་བས་ཁྱོད་ཀྱིས་བདག་ལུང་བསྟན། །ཆོས་ཀྱི་དབྱིངས་དང་ཉོན་མོངས་ཁམས། །སྟོང་པའི་དབྱིངས་དང་དེ་དག་མཉམ། །ཆོས་ཀུན་དེ་ཡི་དབྱིངས་ལྡན་ཏེ། །དེ་བས་ཁྱོད་ཀྱིས་བདག་ལུང་བསྟན། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །གང་

གཞན་ཁམས་ཀྱང་གསུམ་པོ་དག །ནམ་མཁའི་ཁམས་དང་མཉམ་པ་སྟེ། །དེ་བས་ཁྱོད་ཀྱིས་བདག་ལུང་བསྟན། །འཁོར་བ་དང་ནི་མྱ་ངན་འདས། ཆོས་ཀྱི་དབྱིངས་དང་དེ་དག་མཉམ། །རླུང་གི་ཁམས་དང་ཆུ་དང་མེ། །ས་རྣམས་དེ་ཡི་ཁམས་ལྡན་
ནོ། །ཕུང་པོའི་ཁམས་དང་མཉམ་པ་སྟེ། །མིག་ལ་སོགས་པའི་ཁམས་རྣམས་དང་། །ཡིད་ཀྱི་ཁམས་དང་ཆོས་ཁམས་དང་། །དེ་དག་དབྱིངས་ཀུན་མཉམ་པའོ། །འདུས་བྱས་དབྱིངས་ནི་གང་ཡིན་དང་། །འདུས་མ་བྱས་དབྱིངས་གང་ཡིན་པ། །དེ་དག་
ཆོས་དབྱིངས་གཉིས་མེད་དེ། །དེ་བས་ཁྱོད་ཀྱིས་བདག་ལུང་བསྟན། །ཕུང་པོ་རྣམས་ནི་ཤེས་དང་བྲལ། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་སྟེ། །མིང་ལ་མེད་ཅིང་གཟུགས་ལའང་མེད། །ནང་ན་མེད་ཅིང་ཕྱི་ནའང་མེད། །སྒྲ་གང་དག་གིས་རིག་འགྱུར་བའི། །
ཐུབ་པས་བདག་ནི་ལུང་བསྟན་པ། །ཇི་ལྟ་བུར་ནི་སྒྲ་གསུངས་པ། །དེ་ལྟར་བདག་ནི་ལུང་བསྟན་ཏོ། །གང་གིས་བདག་ནི་ལུང་བསྟན་པའི། །སེམས་ནི་སངས་རྒྱས་མི་མངའ་སྟེ། །བདག་ལའང་ཡང་དག་བྱང་ཆུབ་ཏུ། །ལུང་བསྟན་རྣམ་ཤེས་མ་མཆིས་སོ། །
ཇི་ལྟར་སངས་རྒྱས་བདག་དེ་བཞིན། །བདག་ལྟར་བདེ་གཤེགས་དེ་བཞིན་ཏེ། །སེམས་ཅན་ཀུན་ཀྱང་དེ་དང་འདྲ། །དེ་བས་ཁྱོད་ཀྱིས་བདག་ལུང་བསྟན། །ལུང་བསྟན་འདི་ནི་ཡང་དག་པ། །དེ་བཞིན་ཉིད་དང་ལྡན་པ་སྟེ། །ཡང་དག་མཐའ་ལ་གནས་པས་ན། །ཆོས་
ཀྱི་དབྱིངས་ལ་ཐ་དད་མེད། །ཆོས་ཀྱི་དབྱིངས་ལས་ཡང་དག་བྱུང་། །ནམ་མཁའ་ལྟ་བུར་ཡེ་ཤེས་ཟབ། །ཐབས་ལ་མཁས་ཤིང་ལེགས་སྦྱངས་པ། །བཅོམ་ལྡན་ཁྱོད་ལ་བདག་ཕྱག་འཚལ། །དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་ཀྱིས་ཆོས་ཀྱི་
དབྱིངས་དང་ཐ་མི་དད་པའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འཇམ་དཔལ་

གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་དང་། ཆོས་སྟོན་པ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ལས་གང་ཁོ་བོས་ཕྱོགས་ཙམ་ཞིག་མངོན་སུམ་དུ་གྱུར་པ་ནི་དེ་ལྟ་བུ་དེ་དག་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་འཇམ་དཔལ་གཞོན་
ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་དང་། ཆོས་བསྟན་པ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཇི་ལྟར་མངོན་སུམ་དུ་གྱུར་པ་དག་ཕན་ཚུན་དུ་རྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་
གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ཡང་རྒྱ་ཆེར་ཡང་དག་པར་ཤོད་ཅིག །གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།
འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ན་ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་རྣམ་པར་འཕྲུལ་པ་དང་། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་འཇོམས་ཤིང་ཚར་གཅོད་པ་
དང་། དཀོན་མཆོག་འབྱུང་གནས་བསྟན་པ་དང་། དཀོན་མཆོག་གི་ཟ་མ་ཏོག་ཅེས་བྱ་བར་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་
དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཀོན་མཆོག་གི་ཟ་མ་ཏོག་ཅེས་བྱ་བ་
ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ཞུ་ཆེན་གྱི་ལོཙྪ་བ་བན་དེ་རཏྣརཀྵི་ཏས་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་རཏྣ་ཀོ་ཊི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རིན་པོ་ཆེའི་མཐའ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་
པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་མཚན་མོ་སྲོད་ལ་བཅོམ་ལྡན་འདས་ཀྱི་བཞུགས་
ཁང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཞུགས་ཁང་གི་སྒོ་དྲུང་ན་འགྲེང་སྟེ་བཅོམ་ལྡན་འདས་ལ་སྡོད་དོ། །དེའི་ཚེ་བཅོམ་ལྡན་འདས་རིན་པོ་ཆེའི་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དྲན་པ་དང་མཁྱེན་བཞིན་དུ་ཏིང་ངེ་
འཛིན་དེ་ལས་བཞེངས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྒོ་ན་འདུག་པ་གཟིགས་སོ། །གཟིགས་ནས་ཀྱང་འཇམ་དཔལ་ཁྱོད་ནང་དུ་ཤོག་ཅེས་དེ་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ་ཞེས་གསོལ་ཏེ། འཇམ་དཔལ་གཞོན་
ནུར་གྱུར་པས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འགྲེང་ངོ་། །འཇམ་དཔལ་གཞོན་ནུར་གྱུར་པ་ཕྱོགས་གཅིག་ཏུ་འགྲེང་བ་དང་།
བཅོམ་ལྡན་འདས་ཀྱིས་སྟན་ལ་འདུག་ཅེས་གནང་བ་མཛད་དོ། །བཅོམ་ལྡན་འདས་ཀྱིས་གནང་བས་དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་
འདུག་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་གདོད་ཏིང་ངེ་འཛིན་གང་གིས་བཞུགས་བཞུགས་པ་ལས་བཞེངས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་

དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་རིན་པོ་ཆེའི་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་དེས་ང་ད་གདོད་གནས་གནས་པ་ལས་ལངས་སོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་
དེ་ལ་རིན་པོ་ཆེའི་མཐའ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཤིན་ཏུ་དག་ཅིང་ཤིན་ཏུ་བྱི་དོར་བྱས་པ་ས་ཕྱོགས་མཉམ་པ་ལ་བཞག་ན་དེ་གང་དང་གང་ཁོ་ནར་བཞག་པ་དེ་དང་དེར་རིན་པོ་
ཆེ་བྱེ་བ་གནས་པར་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་ང་ཏིང་ངེ་འཛིན་དེ་ལ་གནས་ནས་ཤར་ཕྱོགས་སུ་བལྟས་ཏེ། ཤར་ཕྱོགས་སུ་བལྟས་ན་ངས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཆོས་སྟོན་ཅིང་བཞུགས་པ་དག་མཐོང་ངོ་། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། འོག་དང་། སྟེང་ནས་ཕྱོགས་བཅུའི་བར་དུ་བལྟས་ན་ངས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་ཅིང་བཞུགས་པ་དག་མཐོང་ངོ་། །འཇམ་དཔལ་ངས་ཏིང་ངེ་འཛིན་འདི་ལ་གནས་ནས་གང་ཡང་དག་པའི་མཐའ་མ་ཡིན་པའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །འཇམ་དཔལ་
ཡང་དག་པའི་མཐའི་ཕྱག་རྒྱ་འདི་ངས་ཕྱག་རྒྱར་བཞག་སྟེ། དད་པ་ཅན་གྱི་རིགས་ཀྱི་བུ་རྣམས་དང་། རིགས་ཀྱི་བུ་མོ་རྣམས་ཀྱིས་ཕྱག་རྒྱ་འདི་ལ་སྤྱད་ན་སྤོབས་པ་མི་ཆོད་པ་འཛིན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བདག་སྤོབས་ལགས་སོ། །
བདེ་བར་གཤེགས་པ་སྤོབས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་སྤོབས་པར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་དཔེར་བགྱི་ན་ནོར་བུ་རིན་པོ་ཆེ་དེ་ཉིད་ངོས་གང་དང་གང་ཁོ་ནས་ཕབ་སྟེ་གཞག་པའི་རིན་པོ་ཆེའི་ངོས་དེ་དང་དེ་ཁོ་ན་འབབ་ཅིང་གནས་

པར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་ཁོ་ནས་གནས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཡང་དག་པའི་མཐའ་ཤེས་སམ། གསོལ་པ། བཅོམ་ལྡན་འདས་འཚལ་ལགས་སོ། །
བཀའ་སྩལ་པ། འཇམ་དཔལ་འོ་ན་ཡང་དག་པའི་མཐའ་གང་ན་འདུག །གསོལ་པ། བཅོམ་ལྡན་འདས་ཡང་དག་པའི་མཐའ་ནི་བདག་གི་མཐའ་གང་ན་མཆིས་པ་དེ་ན་མཆིས་ལགས་སོ། །ཡང་དག་པའི་མཐའ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་གང་ན་མ་མཆིས་
པ་དེ་ན་མཆིས་ལགས་སོ། །ཡང་དག་པའི་མཐའ་ནི་ལས་སམ། རྣམ་པར་སྨིན་པ་ཡང་མ་ལགས་ལ་ཆོས་ཐམས་ཅད་ཀྱི་མཐའ་ཡང་དེ་ཁོ་ན་ལགས་སོ། །བཅོམ་ལྡན་འདས་གང་དག་དེ་ལྟར་མོས་པ་དེ་དག་ནི་གང་ལས་ཀྱང་རྣམ་པར་གྲོལ་བ་མ་མཆིས་ལགས་
སོ། །གང་དག་གང་ལས་ཀྱང་གྲོལ་བ་མ་མཆིས་པ་དེ་དག་ནི་ལོག་པ་ལས་རྣམ་པར་གྲོལ་བ་ལགས་སོ། །གང་དག་ལོག་པ་ལས་རྣམ་པར་གྲོལ་བ་དེ་དག་ནི་ཡང་དག་པར་རྣམ་པར་གྲོལ་བ་ལགས་སོ། །གང་དག་ཡང་དག་པར་རྣམ་པར་གྲོལ་བ་དེ་དག་ནི་སྤྱོད་ཡུལ་
མ་ལགས་པ་ལ་ཞུགས་པ་ལགས་སོ། །གང་དག་སྤྱོད་ཡུལ་མ་ལགས་པ་ལ་ཞུགས་པ་དེ་དག་ནི་ཡང་དག་པར་ཞུགས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྤྱོད་ཡུལ་མ་ལགས་པ་ཞེས་བགྱི་བ་ནི་སྤྱོད་ཡུལ་དེས་བགྱིས་ལགས་པ་སྟེ།
དེའི་སླད་དུ་སྤྱོད་ཡུལ་མ་ལགས་པ་ཞེས་འདོགས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ཡིན། གསོལ་པ། བཅོམ་ལྡན་འདས་སྤྱོད་ཡུལ་མ་ལགས་པ་ཞེས་བགྱི་བ་དེ་ནི་ཡང་དག་པའི་མཐའི་ཚིག་
བླ་དགས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ལམ་སྒོམ་པ་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ཡིན། གསོལ་པ། བཅོམ་ལྡན་འདས་ལམ་བསྒོམ་པ་ཞེས་བགྱི་བ་དེ་ནི་ལམ་སྒོམ་པ་མ་མཆིས་པའི་ཚིག་བླ་དགས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་

ཁྱོད་ལས་དང་པོ་པའི་རིགས་ཀྱི་བུ་རྣམས་དང་། རིགས་ཀྱི་བུ་མོ་རྣམས་ལ་ཆོས་ཇི་ལྟར་སྟོན། གསོལ་པ། བཅོམ་ལྡན་འདས་བདག་ནི་ལས་དང་པོ་པའི་རིགས་ཀྱི་བུ་རྣམས་དང་། རིགས་ཀྱི་བུ་མོ་རྣམས་ལ་འཇིག་ཚོགས་དོར་དུ་མ་མཆིས་པར་ཆོས་སྟོན་
ལགས་སོ། །བདག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་སྤང་དུ་མ་མཆིས་པར་ཆོས་སྟོན་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འདི་རྣམས་ཀྱི་རང་བཞིན་གང་ལགས་པ་དེ་ནི་སྤང་བར་རྔོ་མི་ཐོགས་པའི་སླད་དུ་ལགས་སོ། །
བཅོམ་ལྡན་འདས་འཇིག་ཚོགས་སམ། འཇིག་ཚོགས་ཀུན་འབྱུང་བ་སྤོང་བར་འཚལ་བ་དེ་ནི་ཡང་དག་པའི་མཐའ་སྤོང་བར་བས་ཏེ། བཅོམ་ལྡན་འདས་བདག་ནི་ལས་དང་པོ་པའི་རིགས་ཀྱི་བུ་རྣམས་དང་། རིགས་ཀྱི་བུ་མོ་རྣམས་ལ་མངོན་པར་ཞེན་པ་མ་མཆིས་པའི་
ཚུལ་གྱིས་སངས་རྒྱས་ཀྱི་ཆོས་རྣམས་གཟུང་བར་མི་བགྱི་བའམ། མངོན་སུམ་དུ་མི་བགྱི་བ་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་ལྷག་པར་མི་དམིགས་པའམ། སྤང་བར་མི་བགྱི་བ་དེ་ལྟ་བུར་ཆོས་སྟོན་ལགས་ན་གདུལ་བ་ལས་དང་པོ་པ་རྣམས་ལ་བཅོམ་ལྡན་འདས་ཇི་
ལྟར་ཆོས་སྟོན་པར་མཛད་ལགས། བཀའ་སྩལ་པ། འཇམ་དཔལ་ང་ནི་གཟུགས་རྣམ་པར་འཇིག་པ་མེད་པ་དང་། སྐྱེ་བ་མེད་པར་ཆོས་སྟོན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་འཇིག་པ་མེད་པ་དང་། སྐྱེ་བ་
མེད་པར་ཆོས་སྟོན་ཏོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་རྣམ་པར་འཇིག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཀྱང་ཐོབ་པ་མེད་པར་ཆོས་སྟོན་ཏོ། །ངས་ནི་འདི་ལྟར་ཆོས་གང་ཡང་མ་བཤིག་མ་བསྐྱེད་པ་
དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ་སངས་རྒྱས་ཉིད་ཅེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་ལགས་སོ། །སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། མ་འདྲེས་པ་

ལ་ཐུག་པའི་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་ཀྱང་ཆོས་ཀྱི་དབྱིངས་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ངས་ནི་ཆོས་ཀྱི་དབྱིངས་ལ་འདི་ལྟ་སྟེ། སོ་སོའི་སྐྱེ་བོའི་ཆོས་རྣམས་སམ། དགྲ་བཅོམ་པའི་ཆོས་རྣམས་སམ། རང་སངས་རྒྱས་ཀྱི་ཆོས་
རྣམས་སམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རུང་སྟེ། དེ་དག་ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དབྱིངས་དེ་ལ་ནི་བྱེ་བྲག་མེད་དེ། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ནི་མ་འདྲེས་པའི་
དབྱིངས་སོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཆུ་ཀླུང་མིང་ཐ་དད་པ་དང་། ཁ་དོག་ཐ་དད་པ་དང་། རོ་ཐ་དད་པ་རྒྱ་མཚོའི་ནང་དུ་བབ་པ་རྣམས་ལ་ནི་འདི་ལྟ་སྟེ། འདི་ནི་གང་གཱའོ་ཞེའམ་སི་ཏའོ་ཞེའམ། ཡ་མུ་ནའོ་ཞེས་བྱེ་བྲག་ཏུ་དབྱེ་བའམ་ཐ་དད་དུ་བྱར་མི་ནུས་
སོ། །འཇམ་དཔལ་དེ་བཞིན་དུ་མིང་ཐ་དད་པའི་ཆོས་རྣམས་ཀྱང་ཆོས་ཀྱི་དབྱིངས་ལ་འདི་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ་ཞེའམ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་ཐ་དད་པར་གདགས་
པར་མི་ནུས་སོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་འབྲུའི་ཕུང་པོ་སྣ་ཚོགས་ལ་ནི་འདི་ནི་འབྲུ་ཆེ་གེ་མོ་ཞིག་གི་ཕུང་པོའོ། །འདི་ནི་ཆེ་གེ་མོ་ཞིག་གོ་ཞེས་གདགས་སུ་ཡོད་པ་བཞིན་དུ་ཆོས་ཀྱི་དབྱིངས་ལ་ནི་འདི་དག་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ་ཞེའམ། ཉན་ཐོས་དང་།
རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་ཐ་དད་པར་གདགས་པར་མི་ནུས་སོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་འབྲུའི་ཕུང་པོ་སྣ་ཚོགས་ལ་ནི་འདི་ནི་འབྲུ་ཆེ་གེ་མོ་ཞིག་གི་ཕུང་པོའོ། །འདི་ནི་ཆེ་གེ་མོ་ཞིག་གོ་
ཞེས་གདགས་སུ་ཡོད་པ་བཞིན་དུ་ཆོས་ཀྱི་དབྱིངས་ལ་ནི་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ། །འདི་དག་ནི་དགྲ་བཅོམ་པའི་ཆོས་རྣམས་སོ། །འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་རྣམས་སོ། །འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་སོ། །འདི་དག་

ནི་སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་ཐ་དད་པར་གདགས་པར་མི་ནུས་སོ། །འདི་ནི་ཆོས་ཀྱི་དབྱིངས་ཏེ་དེ་ནི་འདི་ན་འདུག་གོ་ཞེའམ། ག་གེ་མོ་ཞིག་ན་འདུག་གོ་ཞེས་དེ་ལྟར་བསྟན་པའམ་གདགས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
ཆོས་ཀྱི་དབྱིངས་ནི་བལྟར་མི་མཐོང་ཞིང་བསྟན་དུ་མེད་དེ། གདགས་པར་བྱ་བ་མ་ཡིན་ཞིང་གདགས་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །འགྲོ་བ་འདི་དེ་ལྟ་བུའི་དབྱིངས་ཡིན་པར་ངས་ཇི་སྐད་བསྟན་པ་ལ་གལ་ཏེ་མཚམས་མེད་པ་བྱེད་པ་དེ་ལྟར་མོས་ཏེ། མཚམས་
མེད་པ་ཡང་དེ་ལྟ་བུའི་དབྱིངས་ཡིན་པར་ཤེས་ན། དེ་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་མཚམས་མེད་པ་ནི་ཆོས་ཀྱི་དབྱིངས་དང་མཚུངས་པར་མཉམ་པའི་ཕྱིར་ཏེ། འདི་ལྟར་མཚམས་མེད་པའི་དབྱིངས་དང་། ཆོས་
ཀྱི་དབྱིངས་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། འདི་ལ་ནི་འོང་བའམ། འགྲོ་བའམ། ཀུན་ནས་ལྡང་བ་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་དབྱིངས་ངན་སོང་དུ་མཆི་བའམ། མཐོ་རིས་སུ་མཆི་བའམ། མྱ་ངན་ལས་འདས་པར་མཆི་བར་མ་མཐོང་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་གལ་ཏེ། ལ་ལ་ཞིག་ཁྱོད་ལ་འདི་སྐད་དུ་འདྲི་སྟེ།
ཁྱོད་ཀྱི་སྟོན་པ་འགྲོ་བ་དྲུག་དང་ལྡན་པའི་འཁོར་བ་ཇི་ལྟར་འདོགས་ཞེས་དེ་སྐད་དྲིས་ན་འཇམ་དཔལ་ཁྱོད་ཀྱིས་ཇི་སྐད་ལན་གདབ། གསོལ་པ། བཅོམ་ལྡན་འདས་དེ་སྐད་དུ་སྨྲས་ན་བདག་གིས་འདི་སྐད་དུ་ལན་གདབ་པར་བགྱི་སྟེ། དཔེར་ན་མི་གཉིད་ཀྱིས་ལོག་པའི་རྨི་
ལམ་དུ་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། ཡི་དགས་ཀྱི་ཡུལ་ལམ། ལྷ་མ་ཡིན་གྱི་རིས་སམ། ལྷ་རྣམས་སམ། མི་རྣམས་མཐོང་ན། བཅོམ་ལྡན་འདས་ཇི་ལྟར་གཡར་ལམ་རྨི་བའི་མིས་སྣ་ཚོགས་མཐོང་ཡང་གཡར་ལམ་སྣ་ཚོགས་

མ་མཆིས་པ་དེ་བཞིན་དུ་བདག་གིས་འགྲོ་བ་ཐ་དད་པ་བསྟན་ཀྱང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཐ་དད་པ་གདགས་པར་རྔོ་མི་ཐོགས་ཏེ། དེ་ལྟ་ལགས་པས་བཅོམ་ལྡན་འདས་བདག་གིས་ནི་དེ་སྐད་འདྲི་བ་ལ་དེ་སྐད་ཅེས་ལན་གདབ་པར་བགྱི་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་སངས་
རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཡང་ཐ་དད་པར་གདགས་པར་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་དེ་དག་གིས་གནས་པ་དག་ཀྱང་ཐ་དད་པར་གདགས་པར་རྔོ་མི་ཐོགས་ལགས་སོ། །དེ་
ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ལས་ཐ་མི་དད་པའི་སླད་དུ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན་རྒྱ་མཚོ་ཆེན་པོའི་རིན་པོ་ཆེ་སྣ་ཚོགས་དུང་དང་། མན་ཤེལ་དང་། བྱི་རུ་ལ་སོགས་པ་ཐ་མ་དང་། འབྲིང་དང་། མཆོག་རྣམས་ལ་འདི་ནི་རིན་པོ་ཆེ་ཆེ་གེ་མོ་ཞིག་གོ། །འདི་
ནི་རིན་པོ་ཆེ་ཆེ་གེ་མོ་ཞིག་གོ་ཞེས་ཐ་དད་པར་གདགས་སུ་མཆིས་ལགས་ཀྱི། ཆོས་ཀྱི་དབྱིངས་ལ་ནི་དེ་ལྟར་ཐ་དད་པར་གདགས་པའི་རྔོ་མི་ཐོགས་ལ། གདགས་པ་དེ་ལ་ཡང་ཐ་དད་པར་དབྱེར་མ་མཆིས་ལགས་སོ། །དེ་ལ་ནི་འཆི་འཕོ་བ་དང་། སྐྱེ་བ་ཐ་དད་པར་གདགས་པའི་རྔོ་མི་ཐོགས་
ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི་འཆི་འཕོའམ། སྐྱེ་བའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་མ་མཆིས་པའི་སླད་དུ་ལགས་སོ། །ཆོས་ཀྱི་དབྱིངས་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ལགས། ཆོས་ཀྱི་དབྱིངས་ནི་འདྲེས་པ་མ་ལགས་ཏེ། ཆོས་ཀྱི་
དབྱིངས་ལ་ནི་གང་དག་སྤང་བར་བགྱི་བའམ། བསྐྱེད་པར་བགྱི་བའི་ཆོས་དེ་དག་མ་མཆིས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་ཆོས་ཀྱི་དབྱིངས་ཤེས་སམ། གསོལ་པ།
གལ་ཏེ་དམིགས་ན་བདག་གིས་འཚལ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་འཇིག་རྟེན་གང་ལ་སྤྱོད་ཤེས་སམ། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ནི་སྒྱུ་མ་སྤྲུལ་པའི་མི་གང་ཁོ་ན་ལ་སྤྱོད་པ་དེ་ལ་སྤྱོད་ལགས་སོ། །བཅོམ་ལྡན་འདས་འཇིག་རྟེན་ཞེས་བགྱི་བ་དེ་ནི་མིང་ཙམ་དུ་བས་ཏེ།

བདག་གིས་ནི་གང་བསྟན་པར་བགྱི་བའི་འཇིག་རྟེན་གྱི་དངོས་པོ་དང་། འཇིག་རྟེན་གང་ལ་སྤྱོད་པ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ལགས་ཏེ། བདག་གིས་ནི་འཇིག་རྟེན་གྱི་ཆོས་ཀྱི་དབྱིངས་ལས་ཐ་དད་པར་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མ་མཆིས་
པའི་སླད་དུ་ལགས་སོ། །བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གང་ལ་སྤྱོད་ཅེས་བཀའ་སྩལ་པ་དེ་ཡང་། གཟུགས་ཀྱི་ངོ་བོ་ཉིད་གང་ལགས་པ་དེ་ལ་ནི་འཆི་འཕོ་དང་། སྐྱེ་བ་ཡང་མ་མཆིས། དེ་ལ་ནི་འཇིག་པའམ། རབ་ཏུ་འཇིག་པ་ཡང་མ་མཆིས་ན་གང་ལ་སྤྱོད་པར་འགྱུར་ལགས། དེ་བཞིན་དུ་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་གང་ལགས་པ་དེ་ནི་གཏན་མ་མཆིས་པའི་སླད་དུ་སྐྱེ་བའམ་འགག་པ་མ་མཆིས་ལ། མཚན་ཉིད་གཅིག་ལས་མི་འདའ་སྟེ། འདི་ལྟ་སྟེ་མཚན་ཉིད་གཅིག་པ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། ང་ད་ལྟར་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་འདི་ལ་ཁྱོད་འདི་སྙམ་དུ་འདི་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའམ། མི་སྣང་བར་འགྱུར་རོ་སྙམ་དུ་སེམས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་
དབྱིངས་ནི་ཡང་དག་པར་གྲུབ་པ་མ་ལགས་པའི་སླད་དུ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི་དབྱིངས་ཡང་དག་པར་གྲུབ་པ་ཞིག་ལགས་ན་ནི་དེའི་སླད་དུ་དེ་མི་འདའ་བར་ཡང་འགྱུར་བ་ཞིག་ན། དེ་ལ་ནི་ཡང་དག་པར་གྲུབ་པ་མི་དམིགས་པ་སྟེ། དེ་མི་གདའ་བའམ། ཡོངས་སུ་མྱ་ངན་
ལས་འདའ་བར་ལྟ་ག་ལ་འགྱུར་ལགས། དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་དབྱིངས་ལགས་ཏེ། དེའི་སླད་དུ་བཅོམ་ལྡན་འདས་ནི་སྐྱེས་པ་ཡང་མ་ལགས། ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འོ་ན་ཁྱོད་
འདས་པའི་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་དེ་ལ་ཁྱོད་ཇི་ལྟར་མོས། གསོལ་པ། གལ་ཏེ་དེ་དག་གི་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་ན་ནི་བདག་མོས་ལགས་སོ། །བཀའ་སྩལ་པ། ཁྱོད་སོ་སོའི་སྐྱེ་བོ་ཤི་བ་རྣམས་ཉིད་

མཚམས་སྦྱོར་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་སོ་སོའི་སྐྱེ་བོ་ཉིད་ཀྱང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་མི་དམིགས་ན་དེའི་ཉིང་མཚམས་སྦྱོར་བ་ལྟ་ག་ལ་དམིགས་ལགས། བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པ་ཆོས་གནས་པར་བཞེད་ཀྱིས་ཁྱོད་སྤོབས་
པར་གྱིས་ཤིག །གསོལ་པ། ཅི་ཞིག་ལས་བརྩམས་ཏེ་སྤོབས་པར་བགྱི་ལགས། བཀའ་སྩལ་པ། ཆོས་ཀྱི་དབྱིངས་ལས་རྩོམས་ཤིག །གསོལ་པ། བཅོམ་ལྡན་འདས་གང་ཆོས་ཀྱི་དབྱིངས་མ་ལགས་པའི་ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །བཀའ་སྩལ་
པ། འཇམ་དཔལ་མངོན་པའི་ང་རྒྱལ་ཅན་རྣམས་སྐྲག་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཡང་དག་པའི་མཐའ་སྐྲག་པར་འགྱུར་ན་ནི་དེའི་སླད་དུ་མངོན་པའི་ང་རྒྱལ་ཅན་ཡང་སྐྲག་པར་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཡང་དག་པའི་མཐའ་ཡང་
གཞན་ལ་མངོན་པའི་ང་རྒྱལ་ཅན་ཡང་གཞན་པ་ནི་མ་ལགས་ཀྱི། མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་མཐའ་གང་ལགས་པའི་མཐའ་དེ་ཉིད་ཡང་དག་པའི་མཐའ་ལགས་ལ། ཡང་དག་པའི་མཐའ་གང་ལགས་པ་དེ་ཡང་ཆོས་ཐམས་ཅད་ཀྱི་མཐའ་ལགས་ཏེ། དེའི་སླད་དུ་མི་སྐྲག་ལགས་སོ། །ཆོས་
ཐམས་ཅད་ཡང་དག་པར་མ་བསྒྲུབས་པ་ཞེས་བགྱི་བ་འདི་ནི་རྡོ་རྗེའི་གཞི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་ན་འདི་རྡོ་རྗེའི་གཞི་ཞེས་བྱ། གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མི་ཕྱེད་པ་ལགས་ཏེ། དེའི་སླད་དུ་འདི་རྡོ་རྗེའི་གཞི་ལགས་
སོ། །དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་སླད་དུ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་འདི་ནི་རྡོ་རྗེའི་གཞི་ལགས་ཏེ། ཅིའི་སླད་དུ་རྡོ་རྗེའི་གཞི་ཞེས་བགྱི་ཞེ་ན། ཆོས་ཐམས་ཅད་སེམས་མ་མཆིས་པའི་སླད་དུ་ལགས་སོ། །ཆོས་ཐམས་ཅད་བྱང་ཆུབ་ཅེས་བགྱི་བ་འདི་ནི་རྡོ་རྗེའི་གཞི་
ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་བརྗོད་པ་མ་མཆིས་པའི་སླད་དུ་སྟེ། འདི་ན་མིང་གང་དང་གང་གིས་ཆོས་གང་དང་གང་བརྗོད་པའི་ཆོས་དེ་དང་དེ་ཆོས་དེ་དང་དེ་ལ་མ་མཆིས་ལགས་སོ། །གང་མ་མཆིས་པ་དེ་ནི་སྟོང་པ་ལགས་སོ། །གང་སྟོང་པ་དེ་ནི་མེད་པ་ལགས་སོ། །གང་མེད་པ་དེ་ནི་

བརྗོད་པའི་རྔོ་མི་ཐོགས་པ་ལགས་སོ། །བརྗོད་དུ་མ་མཆིས་པ་དེ་ནི་བྱང་ཆུབ་ལགས་ཏེ། དེའི་སླད་དུ། འདི་ནི་རྡོ་རྗེའི་གཞི་ལགས་སོ། །ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཡུལ་ལགས་ཏེ། འདི་ནི་རྡོ་རྗེའི་གཞི་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་རྡོ་རྗེའི་གཞི་ཞེས་བྱ།
གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རང་གི་ཡུལ་ལས་དབེན་པ་ལགས་ཏེ། དེའི་སླད་དུ་འདི་རྡོ་རྗེའི་གཞི་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་དགེ་སློང་ཀུན་དགའ་བོ་དེ་ཡང་ཆོས་ཀྱི་རྣམ་གྲངས་འདི་ཀུན་འཛིན་པར་འགྱུར་ན། འདིར་འོངས་པའི་མཚན་མ་ངས་བྱའམ། གསོལ་པ། བཅོམ་
ལྡན་འདས་འདི་ནི་ཆོས་བརྗོད་པའམ། བསྟན་པ་མཆིས་ལགས་སམ། བདག་གིས་ནི་ཡི་གེ་གཅིག་ཀྱང་བསྟན་པར་ཡང་དག་པར་རྗེས་སུ་མ་མཐོང་ལགས་ན། མང་པོ་ལྟ་ག་ལ་མཐོང་ལགས། བཀའ་སྩལ་པ། འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་འདི་སྐད་དུ་འཆད་པ་ནི་ཁྱོད་ཀྱི་ཚིག་
འདི་ལེགས་པར་སྨྲས་པ་ཡིན་ཏེ། འཇམ་དཔལ་ཁྱོད་ལེགས་སོ། །འཇམ་དཔལ་ངས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཆོས་ཉིད་འདི་ཁོ་ན་སྟོན་ཅིང་བཞུགས་པ་དག་མཐོང་ངོ་། །
དེ་ནས་ཚེ་དང་