Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 051_མདོ་སྡེ།_ཇ

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
་པར་ཕབ་
པ་བཞིན། །མི་ཡི་མེ་ཏོག་མང་པོ་མཐའ་ཡས་པ། །དེས་ནི་མང་པོའི་སྨན་བཞིན་རྣམ་པར་སྐྱེད། །རང་གིས་རིག་པའི་ཆོས་རྣམས་རབ་ཏུ་བཤད། །སངས་རྒྱས་བྱང་ཆུབ་དག་ནི་དུས་སུ་བསྟན། །དེ་ནི་འཇིག་རྟེན་འདྲེན་པ་ཐམས་ཅད་དང་། །ང་ཡི་ཐབས་ལ་མཁས་པ་

མཆོག་ཡིན་ནོ། །འདི་ལྟར་དོན་དམ་ཡང་དག་ངས་བཤད་པ། །ཉན་ཐོས་དེ་ཀུན་མྱ་ངན་མ་འདས་ཏེ། །དེ་དག་བྱང་ཆུབ་སྤྱོད་པ་རབ་སྤྱད་ནས། །ཉན་ཐོས་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །འོད་སྲུང་གཞན་ཡང་དེ་བཞིན་གཤེགས་པ་ནི། སེམས་ཅན་འདུལ་
བར་མཚུངས་ཏེ་མི་མཚུངས་པ་མེད་དོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། ཉི་མ་དང་ཟླ་བའི་འོད་ཀྱིས་འཇིག་རྟེན་ཐམས་ཅད་དུ་སྣང་བར་བྱེད་པ་ནི། དགེ་བ་བྱེད་པ་དང་མི་དགེ་བ་བྱེད་པ་དང་སྟེང་ན་གནས་པ་དང་འོག་ན་གནས་པ་དང་དྲི་ཞིམ་པ་དང་དྲི་མི་ཞིམ་པ་ཐམས་ཅད་ལ་
མཉམ་པར་འོད་ཀྱིས་ཕོག་སྟེ། མི་མཉམ་པ་མ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་ཀྱི་འོད་ཀྱིས་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་ཐམས་ཅད་ཇི་
ལྟར་མོས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་པ་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་དང་། ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ལ་ཆོས་བཤད་པ་དེ་མཉམ་པར་འཇུག་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་སྐྱེ་བ་ཡང་མེད། འབྲི་བ་ཡང་མེད་དེ། འདི་ལྟར་བསོད་ནམས་དང་ཡེ་ཤེས་ཡང་
དག་པར་སྡུད་པར་འགྱུར་རོ།། །།བམ་པོ་ལྔ་པ། འོད་སྲུང་ཐེག་པ་ནི་གསུམ་དུ་མེད་དེ། སེམས་ཅན་སྤྱོད་པ་ཐ་དད་པས། དེའི་ཕྱིར་གྱི་ན་ཐེག་པ་གསུམ་དུ་བཏགས་པར་ཟད་དོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་
པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཐེག་པ་གསུམ་དུ་མ་མཆིས་ན། ཅིའི་སླད་དུ་ད་ལྟར་བྱུང་བའི་དུས་ན། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔར་གདགས་པས་རབ་ཏུ་གདགས། དེ་སྐད་ཅེས་གསོལ་ནས།
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྫ་མཁན་གྱིས་འཇིམ་པ་མཚུངས་པ་ལ་སྣོད་བྱས་ཏེ། དེ་ལས་ཁ་ཅིག་ནི་བུ་རམ་གྱི་སྣོད་དུ་གྱུར། ཁ་ཅིག་ནི་མར་གྱི་སྣོད། ཁ་ཅིག་ནི་ཞོ་དང་འོ་

མའི་སྣོད་ཁ་ཅིག་ནི་ངན་པ་མི་གཙང་བའི་སྣོད་དུ་གྱུར་ཏེ། འཇིམ་པ་ལ་ཐ་དད་པ་མེད་མོད་ཀྱི། རྫས་བཅུག་པ་ཙམ་གྱིས་སྣོད་ཐ་དད་པར་སྣང་ངོ་། །འོད་སྲུང་དེ་བཞིན་དུ་ཐེག་པ་གཅིག་པུ་འདི་ཉིད་དེ། འདི་ལྟ་སྟེ་སངས་རྒྱས་ཀྱི་ཐེག་པ་སྟེ། ཐེག་པ་གཉིས་སམ་
གསུམ་དུ་མེད་དོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་སེམས་ཅན་མོས་པ་ཐ་དད་པ་གང་དག་ཁམས་གསུམ་ནས་བྱུང་བ་དེ་དག་གི་མྱ་ངན་ལས་འདས་པ་གཅིག་གམ།
འོན་ཏེ་གཉིས་སམ་གསུམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པའི་ཕྱིར། མྱ་ངན་ལས་འདའ་བས་ན། དེ་ནི་གཅིག་སྟེ་གཉིས་སུ་མེད་གསུམ་དུ་ཡང་མེད་དོ། །འོད་སྲུང་སྐྱེས་བུ་མཁས་པ་ཁ་ཅིག་ནི་
དཔེས་བཤད་པའི་དོན་རིག་པར་འགྱུར་ཏེ། དེའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། མི་དམུས་ལོང་ཞིག་འདི་སྐད་དུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པའི་གཟུགས་ཀྱང་མེད་ཁ་དོག་བཟང་པོ་དང་། ཁ་དོག་ངན་པའི་གཟུགས་མཐོང་བ་ཡང་
མེད་ཉི་མ་དང་ཟླ་བ་ཡང་མེད། སྐར་མ་ཡང་མེད། གཟའ་མཐོང་བ་ཡང་མེད་དོ་ཞེས་ཟེར་རོ། །དེ་ནས་མི་གཞན་དག་གིས་དམུས་ལོང་དེའི་མདུན་དུ་འདི་སྐད་ཅེས། ཁ་དོག་བཟང་པོ་དང་ཁ་དོག་ངན་པ་དག་ཀྱང་ཡོད། ཁ་དོག་བཟང་པོ་དང་ཁ་དོག་
ངན་པའི་གཟུགས་མཐོང་བ་ཡང་ཡོད། དེ་བཞིན་དུ་ཉི་མ་དང་ཟླ་བ་དང་སྐར་མ་ཡང་ཡོད་གཟའ་ཡང་ཡོད་གཟའ་མཐོང་བ་ཡང་ཡོད་དོ་ཞེས་སྨྲས་ན། མི་དམུས་ལོང་དེ་མི་དེ་དག་ལ་ཡིད་མི་ཆེས་ཤིང་སྨྲས་པ་བཞིན་མི་འཛིན་ཏོ། །དེ་ནས་སྨན་པ་ནད་ཐམས་ཅད་ཤེས་པ་ལ་ལ་ཞིག་
གིས་མི་དམུས་ལོང་དེ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། མི་དེ་སྔོན་གྱི་སྡིག་པའི་ལས་ཀྱིས་ནད་དུ་གྱུར་ཏེ། གང་ཅུང་ཟད་ནད་དུ་གྱུར་པ་དེ་ཐམས་ཅད་རྣམ་པར་ཞི་སྟེ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་

ལས་གྱུར་པའོ་སྙམ་མོ། །དེ་ནས་སྨན་པས་དེའི་ནད་ཞི་བར་བྱ་བའི་ཕྱིར་ཡང་དང་ཡང་ཐབས་བསམས་ཏེ། གང་འདི་ན་སྨན་ཡོད་པ་རྣམས་ཀྱིས་ནི་ནད་དེ་ཕྱིན་པར་མི་ནུས་ཀྱི། གངས་ཀྱི་རིའི་རྒྱལ་པོ་ལ་སྨན་སྣ་བཞི་ཡོད་དེ། བཞི་གང་ཞེ་ན་འདི་ལྟ་སྟེ། གཅིག་པ་ཁ་དོག་དང་རོ་ཐམས་
ཅད་ཀྱི་གནས་དང་ལྡན་པ་ཞེས་བྱ་བ་དང་གཉིས་པ་ནད་ཐམས་ཅད་ལས་རབ་ཏུ་ཐར་བར་བྱེད་པ་ཞེས་བྱ་བ་དང་གསུམ་པ་དུག་ཐམས་ཅད་ལས་ཐར་བར་བྱེད་པ་ཞེས་བྱ་བ་དང་། བཞི་པ་གནས་གང་ན་འདུག་པར་བདེ་བ་སྦྱིན་པ་ཞེས་བྱ་བ་དང་དེ་བཞི་ཡོད་དོ་སྙམ་མོ། །དེ་ནས་དམུས་ལོང་དེ་
ལ་སྨན་པ་དེས་སྙིང་རྗེ་བསྐྱེད་ནས། ཐབས་གང་གིས་གངས་ཀྱི་རིའི་རྒྱལ་པོ་ལ་འགྲོ་ནུས་པ་དེ་ལྟ་བུའི་ཐབས་བསམས་ཏེ། སོང་ནས་ཡར་ཡང་འཛེགས་མར་ཡང་བབས་ངོས་ལ་ཡང་བཙལ་ཏོ། །དེ་ལྟར་བཙལ་ཏེ་སྨན་དེ་སྣ་བཞི་རྙེད་ནས། རྙེད་པ་དང་ཁ་ཅིག་ནི་སོས་བཅས་
ཏེ་བྱིན། ཁ་ཅིག་ནི་བཏགས་ཁ་ཅིག་ནི་ཕྲད་གཞན་དང་སྦྱར་ལ་བཙོས་ཏེ་སྦྱིན་ནོ་ཁ་ཅིག་ནི་ཕྲད་རློན་པ་དང་སྦྱར་ཏེ་བྱིན། ཁ་ཅིག་ནི་ལུས་ཀྱི་གནས་ཐུར་མས་ཕུག་སྟེ་བླུགས། ཁ་ཅིག་ནི་མེས་བསྲེགས་ཏེ་བྱིན། ཁ་ཅིག་ནི་ཕྲད་གཞན་དང་སྦྱར་ཏེ། ཟས་དང་སྐོམ་ལ་སོགས་
པ་དང་བསྲེས་ཏེ་བྱིན་ནོ་དེ་ནས་དམུས་ལོང་དེ་ཐབས་སྦྱར་བ་དེས་མིག་ཐོབ་བོ། །དེས་མིག་ཐོབ་ནས། ཕྱི་དང་ནང་དང་རིང་པོ་དང་ཉེ་བ་དང་ཟླ་བ་དང་ཉི་མའི་འོད་དང་སྐར་མ་དང་གཟའི་གཟུགས་ཐམས་ཅད་ཀྱང་མཐོང་ནས། འདི་སྐད་ཅེས་ཀྱེ་མ་ཨ་ལ་ལ་བླུན་པོ་ཁོ་བོ་སྔོན་ནི་བསྟན་ཀྱང་ཡིད་མི་ཆེས་
ཤིང་སྨྲས་པ་བཞིན་མི་འཛིན་ན། ད་ནི་ཁོ་བོས་ཐམས་ཅད་མཐོང་ནས་དམུས་ལོང་ལས་ཐར་ཏེ་ཁོ་བོས་མིག་ཐོབ་པས། ཁོ་བོ་ལྟ་བུར་ཁྱད་པར་དུ་འཕགས་པ་གང་ཡང་མེད་དོ་ཞེས་སྨྲས་སོ། །དེའི་ཚེ་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལྷའི་མིག་དང་ལྷའི་རྣ་བ་དང་ཕ་རོལ་གྱི་སེམས་ཤེས་པ་དང་
སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དང་། རྫུ་འཕྲུལ་མངོན་སུམ་དུ་བྱ་བ་ལ་མཁས་པ་དག་ཅིག་ཡོད་དེ། དེ་དག་གིས་མི་དེ་ལ་འདི་སྐད་ཅེས་སྨྲས་ཏེ། ཀྱེ་མི་ཁྱོད་ནི་མིག་རྙེད་པ་འབའ་ཞིག་ཏུ་ཟད་ཀྱི། ཁྱོད་གཞན་ཅི་ཡང་མི་ཤེས་ན་ཁྱོད་ཀྱི་ང་རྒྱལ་དེ་ཅི་ལས་བྱུང་ཁྱོད་ལ་ནི་ཤེས་རབ་ཀྱང་མེད།

མཁས་པ་ཡང་མ་ཡིན་ནོ། །དེ་དག་གིས་ཡང་དེ་ལ་འདི་སྐད་ཅེས་སྨྲས་ཏེ། ཀྱེ་མི་ཁྱོད་གང་གི་ཚེ་ཁྱིམ་གྱི་ནང་ན་འདུག་པ་ན། ཕྱི་ལོགས་ཀྱི་གཟུགས་གཞན་དག་མི་མཐོང་མི་ཤེས། ཁྱོད་ཀྱིས་སེམས་ཅན་གང་དག་བྱམས་པར་སེམས་པ་དང་། གནོད་པར་སེམས་
པ་དེ་དག་ཀྱང་མི་ཤེས། དཔག་ཚད་ལྔའི་བར་ན་འདུག་པའི་སྨྲ་བ་དང་རྔ་དང་དུང་ལ་སོགས་པའི་སྒྲ་ཡང་མི་ཤེས་མི་ཐོས། རྒྱང་གྲགས་གཅིག་གི་བར་དུ་གོམ་པ་མི་འདོར་བར་འགྲོ་ཡང་མི་ནུས། མའི་ལྟོ་ན་སྐྱེ་ཞིང་འཕེལ་བའི་བྱེད་པ་དེ་དག་ཀྱང་མི་དྲན་ན། ཇི་ལྟར་མཁས་པ་ཡིན།
ཇི་ལྟར་ན་ཐམས་ཅད་མཐོང་ཞེས་སྨྲ། ཀྱེ་མི་ཁྱོད་ཀྱིས་སྣང་བ་གང་ཡིན་པ་དེ་ནི་མུན་པར་ཤེས་སོ། །མུན་པ་གང་ཡིན་པ་དེ་ནི་སྣང་བར་ཤེས་སོ་ཞེས་སྨྲས་པ་དང་། དེ་ནས་མི་དེས་དྲང་སྲོང་དེ་དག་ལ་འདི་སྐད་ཅེས་སྨྲས་ཏེ། ཐབས་གང་དང་དགེ་བའི་ལས་ཅི་བྱས་ན། འདི་འདྲ་བའི་ཤེས་རབ་
འཐོབ། ཁྱོད་ཀྱི་བྱ་དགའ་ལ་ཡོན་ཏན་དེ་དག་ཐོབ་པར་གྱིས་ཤིག །དེ་ནས་དྲང་སྲོང་དེ་དག་གིས་མི་དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་འདོད་ན་འབྲོག་དགོན་པར་གནས་པར་གྱིས། ཡང་ན་བྲག་ཕུག་ཏུ་འདུག་ལ་ཆོས་སེམས་ཤིང་ཁྱོད་ཀྱིས་ཉོན་མོངས་པ་རྣམས་སྤང་བར་བྱ་སྟེ། དེ་
བཞིན་དུ་སྦྱངས་པའི་ཡོན་ཏན་དང་ལྡན་ན། མངོན་པར་ཤེས་པ་རབ་ཏུ་འཐོབ་བོ། །དེ་ནས་མི་དེས་དེའི་དོན་བླངས་ཏེ། རབ་ཏུ་བྱུང་ནས་དགོན་པ་ལ་གནས་ཏེ། སེམས་རྩེ་གཅིག་པས་འཇིག་རྟེན་གྱི་སྲེད་པ་སྤངས་ཏེ། མངོན་པར་ཤེས་པ་ལྔ་ཐོབ་བོ། །མངོན་པར་ཤེས་པ་ལྔ་ཐོབ་
ནས་བསམས་པ། སྔོན་བདག་གིས་ལས་གཞན་བྱས་པ་དེས་བདག་གིས་ཡོན་ཏན་གང་ཡང་མ་ཐོབ་བོ། །ད་ནི་གར་བསམས་པར་འགྲོའོ། །སྔོན་བདག་ནི་ཤེས་རབ་ཆུང་ཞིང་རྟོགས་པ་ཆུང་སྟེ། བདག་གི་ནི་དམུས་ལོང་དུ་གྱུར་པའོ་སྙམ་མོ། །འོད་སྲུང་དེ་ལྟར་དོན་དེ་རིག་པར་བྱ་བའི་ཕྱིར།
དཔེ་འདི་བྱས་ཏེ་དེའི་དོན་ནི་འདི་ལྟར་བལྟའོ། །འོད་སྲུང་དམུས་ལོང་ཞེས་བྱ་བ་དེ་ནི་སེམས་ཅན་འགྲོ་བ་ལྔའི་འཁོར་བ་ན་གནས་པ་རྣམས་ཀྱི་ཚིག་བླ་དགས་ཏེ། གང་དག་དམ་པའི་ཆོས་མི་ཤེས་ཤིང་། ཉོན་མོངས་པའི་མུན་པ་མུན་ནག་སྐྱེད་པ་དེ་དག་མ་རིག་པས་ལྡོངས་སོ།

མ་རིག་པས་ལྡོངས་པས། འདུ་བྱེད་སོགས་སོ། །འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ནས། དེ་བཞིན་དུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་དེའི་བར་དུ་འབྱུང་བར་འགྱུར་རོ། །དེ་ལྟར་མ་རིག་པས་ལྡོངས་ཏེ། སེམས་ཅན་འཁོར་བ་ན་གནས་པ་རྣམས་ལ་དེ་
བཞིན་གཤེགས་པས་ཐུགས་རྗེ་བསྐྱེད་ནས། ཁམས་གསུམ་ལས་འདས་ཀྱང་བུ་གཅིག་པའི་ཕ་བྱམས་པ་བཞིན་དུ། ཐུགས་རྗེ་ཆེན་པོ་བསྐྱེད་ནས་ཁམས་གསུམ་དུ་གཤེགས་ཏེ། སེམས་ཅན་རྣམས་འཁོར་བའི་འཁོར་ལོ་ན་འཁྱམ་ཞིང་ཉོན་མོངས་ཀྱང་དེ་དག་འཁོར་བ་ལས་
འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པར་དེ་དག་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། །གཟིགས་ནས་ཀྱང་སེམས་ཅན་འདི་དག་སྔོན་དགེ་བ་བྱས་པས་ཞེ་སྡང་ཆུང་ལ་འདོད་ཆགས་ཆེ་བ་དང་། འདོད་ཆགས་ཆུང་ལ་ཞེ་སྡང་ཆེ་བ་དང་། ཁ་ཅིག་ཤེས་
རབ་ཆུང་བ་དང་། ཁ་ཅིག་མཁས་པ་དང་། ཁ་ཅིག་ཡོངས་སུ་སྨིན་ཅིང་དག་པ་དང་། ཁ་ཅིག་ལོག་པར་ལྟ་བ་མཁྱེན་ནས། སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པ་ཐབས་མཁས་པས་ཐེག་པ་གསུམ་དུ་བཤད་དོ། །དེ་ལ་ཇི་ལྟར་དྲང་སྲོང་ཆེན་པོ་དེ་དག་མངོན་པར་ཤེས་
པ་ལྔ་དང་ལྡན་ཞིང་མིག་རྣམ་པར་དག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བལྟའོ། །དེ་ལ་སྨན་པ་ཆེན་པོ་དེ་ཅི་ལྟ་བ་
བཞིན་དུ་དེ་བཞིན་གཤེགས་པར་བལྟའོ། །དམུས་ལོང་ཇི་ལྟ་བ་བཞིན་དུ་གཏི་མུག་གིས་ལྡོངས་པའི་སེམས་ཅན་དུ་བལྟའོ། །རླུང་དང་མཁྲིས་པ་དང་བད་ཀན་ཇི་ལྟ་བ་དེ་བཞིན་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལྟ་བ་དྲུག་ཅུ་རྩ་གཉིས་སུ་གྱུར་པར་བལྟའོ། །ཇི་
ལྟར་སྨན་སྣ་བཞི་པོ་དེ་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མྱ་ངན་ལས་འདས་པའི་སྒོར་བལྟའོ། །ཇི་ལྟ་ཇི་ལྟ་བུར་སྨན་རྣམས་བཏང་བས། དེ་ལྟ་དེ་ལྟ་བུར་ནད་རབ་ཏུ་ཞི་བ་དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་

པ་དང་སྨོན་པ་མེད་པ་བསྒོམས་པས་མ་རིག་པ་འགག་པར་བྱེད་ཅིང་། མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས། དེ་བཞིན་དུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་དེའི་བར་དུ་འགག་པར་གྱུར་ཏེ། དེ་བཞིན་དུ་དེའི་སེམས་དགེ་བ་ལ་ཡང་མི་
གནས་སྡིག་པ་ལ་ཡང་མི་གནས་ཏེ། ཇི་ལྟར་དམུས་ལོང་གིས་མིག་མཐོང་བ་དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་དུ་བལྟའོ། །འཁོར་བའི་ཉོན་མོངས་པས་བཅིངས་པ་གཅོད་ཅིང་ཉོན་མོངས་པའི་བཅིང་བ་ལས་རྣམ་པར་གྲོལ་ཏེ་ཁམས་གསུམ་གྱི་འགྲོ་བ་དྲུག་
ལས་རབ་ཏུ་ཐར་བས་ན། དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་འདི་ལྟར་ཤེས་ནས། འདི་སྐད་ཅེས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་གཞན་མེད་དེ་བདག་ནི་མྱ་ངན་ལས་འདས་པ་ཐོབ་པོ་ཞེས་ཟེར་རོ། །དེ་ནས་དེ་བཞིན་གཤེགས་པ་དེ་ལ་ཆོས་སྟོན་ཏེ། གང་གིས་
ཆོས་ཐམས་ཅད་མ་ཐོབ་པ་དེ་ལ་མྱ་ངན་ལས་འདས་པ་ག་ལ་ཡོད་ཅེས་དེ་བཞིན་གཤེགས་པས་དེ་དག་བྱང་ཆུབ་ཏུ་བཙུད་དེ། དེ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་འཁོར་བ་ལ་ཡང་མི་གནས་མྱ་ངན་ལས་འདའ་བ་ཐོབ་པར་ཡང་མི་འགྱུར་རོ། །དེས་ཁམས་གསུམ་རབ་ཏུ་རྟོགས་ནས་ཕྱོགས་
བཅུའི་འཇིག་རྟེན་སྟོང་པ་དང་། སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། རྨི་ལམ་དང་། སྨིག་རྒྱུ་དང་། བྲག་ཅ་ལྟ་བུ་དང་། ཆོས་ཐམས་ཅད་མ་སྐྱེས་པ་དང་། མ་འགགས་པ་དང་། མ་བཅིངས་པ་དང་། མ་གྲོལ་བ་དང་། མུན་པ་ཡང་མ་ཡིན། སྣང་བ་
ཡང་མ་ཡིན་པར་མཐོང་ངོ་། །གང་གིས་དེ་ལྟར་ཆོས་ཟབ་མོ་མཐོང་བ་དང་ཐོས་པ་དེས་ཁམས་གསུམ་ཐམས་ཅད་གང་བའི་སེམས་ཅན་གྱི་བསམ་པ་དང་མོས་པ་ཐ་དད་པ་མི་མཐོང་བའི་ཚུལ་གྱིས་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་དོན་རྒྱས་པར་སྟོན་ཅིང་དེའི་ཚེ་ཚིགས་
སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་ཉི་མ་ཟླ་བའི་འོད། །ཡོན་ཏན་ལྡན་དང་སྡིག་ཅན་གྱི། །མི་ལ་མཉམ་པར་རབ་འཆར་ཏེ། །དེ་ལ་སྐྱེ་ཞིང་འབྲི་བ་མེད། །དེ་བཞིན་གཤེགས་ཀྱི་ཤེས་རབ་འོད། །སྙོམས་པ་ཉི་མ་ཟླ་བ་བཞིན། །ལྷག་ཅིང་ཆད་པ་མེད་པར་ནི། །

སེམས་ཅན་ཐམས་ཅད་རྣམ་པར་འདུལ། །ཇི་ལྟར་ཁམ་སྣོད་རྫ་མཁན་གྱིས། །འཇིམ་པ་མཚུངས་ལས་བྱས་པ་དག །དེ་ལས་སྣོད་དུ་གྱུར་པ་ནི། །བུ་རམ་འོ་མ་མར་དང་ཆུ། །ཡང་ན་ལ་ལ་མི་གཙང་དང་། །ཁ་ཅིག་ཞོ་ཡི་སྣོད་དུ་གྱུར། །ཁམ་པ་སྣ་གཅིག་དེས་བླངས་ཏེ། །
རྫ་མཁན་གྱིས་ནི་སྣོད་དུ་བྱས། །ཇི་ལྟར་དངོས་པོ་བཅུག་པ་བཞིན། །དེས་ནི་སྣོད་ཀྱང་སོ་སོར་རྟོགས། །དེ་བཞིན་སེམས་ཅན་བྱེ་བྲག་མེད། །ཐ་དད་མོས་པས་དེ་བཞིན་གཤེགས། །ཐེག་པ་ཐ་དད་རབ་སྟོན་ཀྱང་། །ཐེག་པ་སངས་རྒྱས་ཐེག་པར་དེས། །འཁོར་བའི་འཁོར་ལོ་
མི་ཤེས་པས། །མྱ་ངན་འདས་པའང་ཤེས་མ་ཡིན། །ཆོས་རྣམས་བདག་ཉིད་རྣམ་སྤངས་ཤིང་། །སྟོང་པར་གང་དག་རྣམ་ཤེས་པ། །དེ་དག་སངས་རྒྱས་བཅོམ་ལྡན་གྱི། །བྱང་ཆུབ་ཡང་དག་ཉིད་དུ་ཤེས། །ཤེས་རབ་བར་མར་གདགས་པ་ནི། །དེ་ནི་རང་རྒྱལ་ཞེས་ཀྱང་
བྱ། །སྟོང་པར་ཤེས་ནས་རྣམས་བཏུལ་བ། །དེ་ནི་ཉན་ཐོས་ཉིད་དུ་བཞག །ཆོས་རྣམས་ཐམས་ཅད་རྟོགས་པ་ནི། །ཡང་དག་རྫོགས་པའི་སངས་རྒྱས་ཡིན། །ཇི་ལྟར་དམུས་ལོང་ལ་ལས་ནི། །ཉི་ཟླ་གཟའ་དང་སྐར་མ་རྣམས། །དེས་མ་མཐོང་བས་འདི་སྐད་ཅེས། །གཟུགས་
ནི་རྣམས་ཀུན་མེད་ཅེས་སྨྲ། །སྨན་པ་ཆེན་པོས་དམུས་ལོང་ལ། །སྙིང་རྗེ་ཆེན་པོ་བསྐྱེད་ནས་སུ། །གངས་ཀྱི་རི་ལ་དེ་སོང་སྟེ། །གྱེན་འཛེགས་ཐུར་བབས་ཐད་ཀར་སོང་། །ཁ་དོག་རོ་ཀུན་གནས་ལྡན་པ། །དེ་ལ་སོགས་པ་སྣ་བཞི་དག །རི་ལས་སྨན་ཡང་ཀུན་རྙེད་དེ། །
དེ་ནས་དེ་དག་རབ་ཏུ་སྦྱར། །ཁ་ཅིག་དག་ནི་སོས་ཀྱང་བཅས། །ཁ་ཅིག་བཏབས་ཏེ་དེ་བཞིན་གཞན། །ཡན་ལག་ཏུ་ཡང་ཁབ་རྩེ་བཅུག །དམུས་ལོང་ལ་ནི་རབ་ཏུ་གཏོང་། །དེ་ཡིས་མིག་ཐོབ་ཉི་ཟླ་དང་། །སྐར་མ་གཟའ་རྣམས་མཐོང་བར་གྱུར། །མི་ཤེས་པས་ན་སྔོན་
སྨྲས་ཤེས། །དེ་ནི་དེ་ལྟར་སེམས་པར་གྱུར། །དེ་བཞིན་སེམས་ཅན་མི་ཤེས་ཚེ། །དམུས་ལོང་འདྲ་དག་འདི་ན་འཁོར། །རྟེན་འབྱུང་འཁོར་ལོ་མི་ཤེས་པས། །སྡུག་བསྔལ་ཆུ་བོའི་ལམ་དུ་གྱུར། །དེ་བཞིན་མི་ཤེས་རྨོངས་པ་ཡི། །འཇིག་རྟེན་དུ་ནི་ཀུན་གྱི་མཆོག །

སྨན་པ་ཆེན་པོ་དེ་བཞིན་གཤེགས། །སྙིང་རྗེ་བདག་ཉིད་འདིར་བྱུང་སྟེ། །སྟོན་པ་ཐབས་ལ་མཁས་པས་ན། །དེས་ནི་དམ་པའི་ཆོས་བཤད་དེ། །བླ་མེད་ཡང་དག་རྫོགས་བྱང་ཆུབ། །ཐེག་པ་དམ་པར་ཞུགས་ལ་བཤད། །འདྲེན་པས་ཤེས་རབ་འབྲིང་ལ་ཡང་། །
བར་མ་དག་གི་རབ་ཏུ་བཤད། །འཁོར་བས་འཇིགས་ལ་བྱང་ཆུབ་ཀྱང་། །གཞན་དུ་རབ་ཏུ་བཤད་པ་ཡིན། །ཁམས་གསུམ་ལས་ནི་བྱུང་བ་ཡི། །ཉན་ཐོས་རྣམས་ཀྱིས་འདི་ལྟར་ཤེས། །མྱ་ངན་འདས་པའི་དྲི་མེད་ཞི། །བདག་གིས་རབ་ཏུ་ཐོབ་སྙམ་སེམས། །ཆོས་ཀུན་ཁོང་
དུ་ཆུད་གྱུར་ན། །མི་འཆི་མྱ་ངན་འདས་པ་ཐོབ། །དྲང་སྲོང་ཆེ་རྣམས་དེ་ལ་ནི། །ཤིན་ཏུ་སྙིང་རྗེ་བསྐྱེད་ནས་སུ། །དེ་ལ་སྨྲས་པ་བླུན་པོ་ཁྱོད། །ཡེ་ཤེས་ཅན་དུ་བདག་མ་སེམས། །གང་ཚེ་ཁྱོད་ནི་ཁང་པ་ཡི། །ནང་ན་འདུག་པར་གྱུར་པ་ན། །ཕྱི་རོལ་དག་ན་གང་ཡོད་པ། །
ཤེས་རབ་ཆུང་ཁྱོད་དེ་མི་ཤེས། །གང་ཞིག་ནང་ན་འདུག་པ་དེས། །བྱས་དང་མ་བྱས་ཕྱི་རོལ་གྱི། །ཤེས་བྱ་ད་དུང་མི་ཤེས་ན། །ཤེས་ཆུང་ཁྱོད་ཀྱིས་ག་ལ་ཤེས། །དཔག་ཚད་ལྔ་ཙམ་བར་དག་གི། །སྒྲ་གང་བྱུང་བ་དེ་རྣམས་ཀྱང་། །དེ་ཡང་ཐོས་པར་མི་ནུས་ན། །དེ་
བས་རིང་བ་གཞན་ཅི་སྨོས། །ཁྱོད་ལ་གང་དག་ཉེས་སེམས་དང་། །དེ་བཞིན་གཞན་དག་བྱམས་པ་ཡང་། །ཁྱོད་ཀྱིས་དེ་དག་ཤེས་མི་ནུས། །ཅི་ཕྱིར་ཁྱོད་ཀྱིས་ང་རྒྱལ་བྱ། །རྒྱང་གྲགས་ཙམ་དུ་འགྲོ་ན་ཡང་། །གོམ་པ་མ་བོར་འགྲོ་མི་ནུས། །མ་ཡི་མངལ་དུ་ཅི་བྱུང་བ། །
དེ་དག་དེ་མ་ཐག་ཏུ་བརྗེད། །སུ་ལ་མངོན་ཤེས་འདི་ལྔ་ཡོད། །དེ་འདིར་ཐམས་ཅད་ཤེས་ཞེས་བྱ། །ཁྱོད་ནི་གཏི་མུག་ཅང་མི་ཤེས། །བདག་ནི་ཐམས་ཅད་ཤེས་ཞེས་སྨྲ། །ཐམས་ཅད་མཁྱེན་པར་ཁྱེད་འདོད་ན། །འདི་ལྟར་མངོན་པར་ཤེས་པ་སྒྲུབས། །མངོན་པར་
ཤེས་པ་དེ་བསྒྲུབས་ན། །དགོན་པར་གནས་ཤིང་རྣམ་དག་ཆོས། །བསམ་པར་བྱ་སྟེ་དེ་ཡིས་ཁྱོད། །མངོན་པར་ཤེས་པ་ཐོབ་པར་འགྱུར། །དོན་གཟུང་དགོན་པར་དེ་སོང་སྟེ། །ཤིན་ཏུ་མཉམ་བཞག་རྣམ་པར་སེམས། །མངོན་པར་ཤེས་པ་ལྔ་ཐོབ་སྟེ། །རིང་པོར་མི་

ཐོགས་ཡོན་ཏན་ལྡན། །དེ་བཞིན་ཉན་ཐོས་ཐམས་ཅད་ཀྱང་། །མྱ་ངན་འདས་ཐོབ་འདུ་ཤེས་ཏེ། །རྒྱལ་བས་བཤད་པ་དེ་དག་ལ། །མྱ་ངན་མ་འདས་དེ་ངལ་བསོ། །གང་ཡང་ཚུལ་འདི་གསུང་བ་ནི། །སངས་རྒྱས་རྣམས་ཀྱི་ཐབས་འདི་སྟེ། །ཐམས་ཅད་མཁྱེན་པ་མ་གཏོགས་
པར། །མྱ་ངན་འདའ་མེད་འདི་རྩོམས་ཤིག །དུས་གསུམ་ཡེ་ཤེས་མཐའ་ཡས་དང་། །ཕ་རོལ་ཕྱིན་དྲུག་དགེ་བ་དང་། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་ལམ་རྣམ་པར་སྤངས་པ་དང་། །བྱང་ཆུབ་སེམས་དང་གཞན་ཡང་གང་། །མྱ་ངན་འདའ་བར་འགྲོ་བའི་ཆོས། །ཚངས་
པའི་གནས་པ་རྣམ་བཞི་དང་། །བསྡུ་བ་རྣམས་སུ་གང་བརྗོད་པ། །སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །དྲང་སྲོང་མཆོག་གིས་རབ་ཏུ་བརྗོད། །རྨི་ལམ་སྒྱུ་མའི་རང་བཞིན་དང་། །སྙིང་པོ་མེད་པ་ཆུ་ཤིང་ཕུང་། །བྲག་ཅ་དང་ཡང་མཚུངས་པར་ནི། །གང་གིས་ཆོས་རྣམས་
རབ་ཤེས་ཤིང་། །ཁམས་གསུམ་ལྷག་མ་མ་ལུས་པར། །དེ་ཡི་རང་བཞིན་ཤེས་པར་ཡང་། །བཅིངས་མེད་རྣམ་གྲོལ་མེད་པ་ཡི། །མྱ་ངན་འདས་པ་མི་ཤེས་སོ། །ཆོས་ཀུན་སྟོང་ཞིང་མཉམ་པ་སྟེ། །ཐ་དད་དབྱེར་མེད་བདག་ཉིད་དོ། །དེ་དག་ལ་ནི་མི་རྟོགས་ཏེ། །ཆོས་
ནི་གང་ཡང་མཐོང་མེད་ན། །ཆོས་ཀྱི་སྐུ་ནི་མ་ལུས་པར། །ཤེས་རབ་ཆེན་པོ་དེས་མཐོང་ངོ་། །ཐེག་པ་གསུམ་དུ་ཡོང་མེད་དེ། །འདི་ན་ཐེག་པ་གཅིག་པུ་ཡོད། །ཆོས་ཀུན་མཉམ་སྟེ་ཐམས་ཅད་ཀྱང་། །མཉམ་ཞིང་སྙོམས་ཏེ་རྟག་ཏུ་མཉམ། །དེ་ལྟར་རིག་ནས་ཞི་བ་ཡི། །
མི་འཆི་མྱ་ངན་འདའ་བ་ཤེས། །དམ་པའི་ཆོས་པད་མ་དཀར་པོ་ལས་སྨན་གྱི་ལེའུ་ཞེས་བྱ་བ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་དགེ་སློང་གི་དགེ་འདུན་ལ་བཀའ་སྩལ་པ། ཀྱེ་
དགེ་སློང་དག་ཁྱེད་མོས་པར་བྱ། ཁོང་དུ་ཆུད་པར་བྱའོ། །ངའི་ཉན་ཐོས་དགེ་སློང་འོད་སྲུང་འདི། སངས་རྒྱས་བྱེ་བ་སྟོང་ཕྲག་སུམ་ཅུ་ལ་བཀུར་སྟི་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པ་བྱེད་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དམ་པའི་ཆོས་

འཛིན་པར་འགྱུར་རོ། །དེ་ལུས་ཐ་མའི་ཚེ་བསྐལ་པ་བཀོད་པ་ཆེན་པོ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་སྣང་བ་ཐོབ་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་
པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་རབ་ཏུ་སྣང་བ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་། །དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུ་གཉིས་སུ་འགྱུར་རོ། །བར་གྱི་བསྐལ་པ་
ཉི་ཤུར་ནི་དམ་པའི་ཆོས་གནས་པར་འགྱུར་རོ། །བར་གྱི་བསྐལ་པ་ཉི་ཤུར་ནི་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་འགྱུར་རོ། །དེའི་སངས་རྒྱས་ཀྱི་ཞིང་དེ་ཡང་དག་པར་འགྱུར་ཏེ། གཙང་ཞིང་གྱོ་མོ་དང་གསེག་མ་མེད་པ་ངམ་གྲོག་དང་གཡང་ས་མེད་པ་འཇིམ་ངན་
དང་སྨེ་བ་མེད་དེ་མཉམ་པ་ཉམས་དགའ་བ་མཛེས་པ་བལྟ་ན་སྡུག་པ་བཻ་དཱུརྱའི་གཞི་ལ་རིན་པོ་ཆེའི་ཤིང་ལྗོན་པས་རབ་ཏུ་བརྒྱན་པ་གསེར་གྱི་སྐུད་པས་མིག་མངས་རིས་སུ་བྲིས་པ་མེ་ཏོག་གིས་གང་བ་སྟེ། དེར་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་འབྱུང་བར་འགྱུར་རོ། །དེར་
ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་འབྱུང་ངོ་། །དེ་ན་བདུད་སྡིག་ཅན་དང་བདུད་ཀྱི་དཀྱིལ་འཁོར་ཡང་མི་སྣང་ངོ་། །དེར་བདུད་དང་བདུད་ཀྱི་འཁོར་དག་བྱུང་ན་ཡང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་རབ་ཏུ་སྣང་བ་དེའི་བསྟན་པ་ལ་དམ་པའི་ཆོས་
ཡོངས་སུ་འཛིན་པ་ལ་བརྩོན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དགེ་སློང་ཁྱེད་དག་སངས་རྒྱས་སྤྱན་གྱིས་ངས། །གྲངས་མེད་བསྐལ་པར་གནས་བརྟན་འོད་སྲུང་འདིས། །རྐང་གཉིས་རྣམས་ཀྱི་དམ་པ་
མཆོད་བྱས་ནས། །མ་འོངས་དུས་ན་སངས་རྒྱས་འགྱུར་བར་མཐོང་། །སྟོང་ཕྲག་སུམ་ཅུ་ཡོངས་སུ་ཚང་བ་ཡི། །རྒྱལ་བ་རྣམས་ནི་འོད་སྲུང་འདི་ཡིས་མཐོང་། །སངས་རྒྱས་ཡེ་ཤེས་ཕྱིར་ནི་དགེ་སློང་འདི། །དེ་ན་ཚངས་པར་སྤྱད་པ་སྤྱོད་འགྱུར་ཞིང་། །རྐང་གཉིས་

གཙོ་བོ་རྣམས་ལ་མཆོད་བྱས་ནས། །བླ་ན་མེད་ཀྱི་ཡེ་ཤེས་འདི་བསྒྲུབས་ཏེ། །དེ་ནི་ཐ་མའི་ལུས་ཚེ་འཇིག་རྟེན་མགོན། །མཚུངས་པ་མེད་པ་དྲང་སྲོང་ཆེན་པོར་འགྱུར། །དེ་ཡི་ཞིང་ཡང་རྣམ་བཀྲ་མཆོག་འགྱུར་ཏེ། །བཟང་ཞིང་རྣམ་དག་ཉམས་དགའ་བལྟ་ན་སྡུག །
རྟག་ཏུ་དགའ་བྱེད་ཡིད་དུ་འོང་བའི་གཟུགས། །གསེར་གྱི་སྐུད་པ་དག་གིས་ལེགས་པར་བརྒྱན། །དེ་ཡི་རིན་ཆེན་ཤིང་ལྗོན་སྣ་ཚོགས་པ། །མིག་མངས་རིས་བྲེས་དེ་ནང་རེ་རེ་སྟེ། །ཡིད་དུ་འོང་བའི་དྲི་ཡང་རྣམ་པར་འབྱུང་། །དེ་ནི་དགེ་སློང་འདི་ཡི་ཞིང་དུ་འགྱུར། །མེ་ཏོག་
མང་པོས་ལེགས་པར་བརྒྱན་པ་སྟེ། །མེ་ཏོག་སྣ་ཚོགས་རྣམས་ཀྱིས་མཛེས་པར་བྱས། །ངམ་གྲོག་གཡང་ས་རྣམས་ཀྱང་དེ་ན་མེད། །མཉམ་ཞིང་བཟང་ལ་བལྟ་ན་སྡུག་པར་འགྱུར། །དེ་ན་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་། །རྫུ་འཕྲུལ་ཆེ་ཞིང་ཤིན་ཏུ་དུལ་བའི་
སེམས། །སྐྱོབ་པའི་མདོ་སྡེ་ཤིན་ཏུ་རྒྱས་འཛིན་པ། །སྟོང་ཕྲག་དུ་མ་མང་པོ་འབྱུང་བར་འགྱུར། །དེ་ཚེ་ཆོས་ཀྱི་རྒྱལ་པོའི་ཉན་ཐོས་ནི། །ཟག་མེད་ཐ་མའི་ལུས་འཛིན་རྣམས་འབྱུང་འགྱུར། །བསྐལ་པར་ལྷ་ཡི་ཤེས་པས་བགྲངས་ན་ཡང་། །དེ་དག་ཚད་ནི་ནམས་ཀྱང་
མི་ཟིན་ཏོ། །དེ་ནི་བར་གྱི་བསྐལ་པ་བཅུ་གཉིས་གནས། །དམ་པའི་ཆོས་ནི་ཉི་ཤུ་ཚང་བར་གནས། །བར་གྱི་བསྐལ་པ་ཉི་ཤུར་གཟུགས་བརྙན་ཏེ། །འོད་ཟེར་རབ་སྣང་དེ་བཀོད་དེ་འདྲར་འགྱུར། །དེ་ནས་ཚེ་དང་ལྡན་པ་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་
པ་རབ་འབྱོར་དང་། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡའི་བུ་ཆེན་པོ་ལུས་འདར་ནས་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་ལྟ་ཞིང་། དེའི་ཚེ་སོ་སོའི་ཡིད་ལ་བརྗོད་ནས། ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །དཔའ་བོ་ཆེན་པོ་དགྲ་བཅོམ་པ། །ཤཱཀྱ་སེང་གེ་མི་ཡི་མཆོག །
བདག་ཅག་ལ་ནི་ཐུགས་བརྩེའི་ཕྱིར། །སངས་རྒྱས་སྒྲ་ནི་བསྒྲག་ཏུ་གསོལ། །སྐབས་མཁྱེན་པས་ན་ངེས་པར་ཡང་། །བདག་ཅག་ལ་ནི་མི་མཆོག་གིས། །བདུད་རྩི་དག་གིས་རབ་གཏོར་ཏེ། །རྒྱལ་བས་བདག་ཅག་ལུང་བསྟན་འགྱུར། །མུ་གེ་བྱུང་ཚེ་མི་འགའ་

ཞིག །ཁ་ཟས་བཟང་པོ་རྙེད་ནས་སུ། །བདག་གིས་ཁ་ཟས་རྙེད་དོ་ཞེས། །དེ་ཡང་བསྟན་ནས་རབ་ཏུ་སྨྲ། །དེ་བཞིན་བདག་ཅག་སྤྲོ་བ་ནི། །ཐེག་པ་དམན་པར་སེམས་པ་ལས། །སངས་རྒྱས་ཡེ་ཤེས་ཐོབ་འགྱུར་ཏེ། །དུས་ངན་སེམས་
ཅན་ཟས་རྙེད་བཞིན། །བདག་ཅག་རྫོགས་པའི་སངས་རྒྱས་ཀྱི། །ཐུབ་པ་ཆེན་པོས་ལུང་མ་བསྟན། །ཇི་ལྟར་སུག་པ་བཅུག་ནས་ནི། །ཁ་ཟས་དེ་ཡང་མ་བརྩལ་བཞིན། །དཔའ་བོ་བདག་ཅག་སྤྲོ་བ་ཡང་། །བླ་ན་མེད་པའི་གསུང་ཐོས་ཤིང་། །གང་ཚེ་ལུང་བསྟན་
གྱུར་པ་ན། །དེ་ཚེ་མྱ་ངན་འདས་པར་འགྱུར། །ཕན་པར་བཞེད་པ་ཐུགས་བརྩེ་བ། །དཔའ་བོ་ཆེན་པོ་ལུང་བསྟན་གསོལ། །དབུལ་པོར་སེམས་པ་རྣམས་ཀྱང་ནི། །ཐུབ་པ་ཆེན་པོ་མཐར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་གནས་བརྟན་ཉན་ཐོས་ཆེན་པོ་དེ་དག་
གི་སེམས་ཀྱི་རྟོག་པ་དེ་ལྟ་བུ་དེ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། ཡང་ཐམས་ཅད་དང་ལྡན་པའི་དགེ་སློང་གི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཆེན་པོ་གནས་བརྟན་རབ་འབྱོར་འདི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་ལ་བཀུར་སྟི་བྱེད་
བཙུན་པར་བྱེད་རི་མོ་བྱེད་མཆོད་པ་བྱེད་རྗེད་པ་བྱེད། གསོལ་བར་བྱེད་ཅིང་དེ་ན་ཚངས་པར་སྤྱོད་པ་སྤྱད་དེ་བྱང་ཆུབ་སྒྲུབ་པར་འགྱུར་རོ། །དེ་ལྟ་བུར་ལྷག་པར་བྱ་བ་བྱས་ཏེ། ལུས་ཐ་མ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་
སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཟླ་བའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་འབྱུང་སྟེ། སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་འབྱུང་བ་ཞེས་བྱ་བར་
འགྱུར་རོ། །བསྐལ་པ་དེ་ནི་རིན་པོ་ཆེ་སྣང་བ་ཞེས་བྱ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ནི་མཉམ་པ་ཉམས་དགའ་བ། ཤེལ་གྱི་གཞི་ལ་རིན་པོ་ཆེའི་ཤིང་ལྗོན་པས་རྣམ་པར་སྤྲས་པ། ངམ་གྲོག་དང་གཡང་ས་མེད་པ། འཇིམ་ངན་དང་སྨེ་བ་མེད་པ། ཡིད་དུ་འོང་

བའི་མེ་ཏོག་དག་བཀྲམ་པར་འགྱུར་ཏེ། ཁང་པ་བརྩེགས་པའི་ཡོངས་སུ་སྤྱོད་པ་དག་ན། མི་རྣམས་གནས་པར་འགྱུར་རོ། །དེར་ཉན་ཐོས་མང་པོ་ཚད་མེད་པར་འབྱུང་བར་འགྱུར་ཏེ། དེ་དག་གི་མཐའ་ནི་བགྲང་བར་རྟོགས་པར་མི་ནུས་སོ། །དེར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་
ཁྲིག་བརྒྱ་སྟོང་ཕྲག་མང་པོ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེའི་ཚེའི་ཚད་ནི། བར་གྱི་བསྐལ་པ་བཅུ་གཉིས་སུ་འགྱུར། དམ་པའི་ཆོས་འདི་ནི་བར་གྱི་བསྐལ་པ་ཉི་ཤུར་གནས་པར་འགྱུར། དམ་པའི་ཆོས་ཀྱི་གཟུགས་བརྙན་ཡང་བར་གྱི་བསྐལ་པ་ཉི་ཤུར་གནས་པར་འགྱུར་རོ། །
བཅོམ་ལྡན་འདས་དེ་ནམ་མཁའ་བར་སྣང་ལ་གནས་ནས་རྟག་ཏུ་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་བརྒྱ་སྟོང་མང་པོ་དང་། ཉན་ཐོས་བརྒྱ་སྟོང་མང་པོ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ངས་དེང་དགེ་སློང་
དག་ནི་མོས་པར་བྱ། །ཁོང་དུ་ཆུད་པར་བྱའོ་ང་ལས་ཉོན། །ང་ཡི་ཉན་ཐོས་གནས་བརྟན་རབ་འབྱོར་ནི། །མ་འོངས་དུས་ཀྱི་ཚེ་ན་སངས་རྒྱས་འགྱུར། །བྱེ་བ་ཁྲག་ཁྲིག་སུམ་ཅུ་ཚང་བ་ཡི། །སངས་རྒྱས་མཐུ་ཆེན་རྣམས་ཀྱང་རབ་ཏུ་མཐོང་། །ཡེ་ཤེས་འདི་ཡི་ཕྱིར་ཡང་འདི་
ཉིད་ནི། །དེ་ཚེ་འཐུན་པའི་སྤྱོད་པ་སྤྱད་པར་འགྱུར། །ཐ་མའི་ལུས་ཀྱི་ཚེ་ན་དཔའ་བོ་དེ། །སུམ་ཅུ་རྩ་གཉིས་མཚན་གྱི་གཟུགས་དང་ལྡན། །དྲང་སྲོང་ཆེན་པོ་གསེར་གྱི་མཆོད་སྡོང་འདྲ། །འཇིག་རྟེན་རྣམས་ལ་ཕན་ཞིང་ཐུགས་བརྩེར་འགྱུར། །སྲོག་ཆགས་བྱེ་བ་ཁྲག་
ཁྲིག་བསྒྲལ་ནས་ནི། །འཇིག་རྟེན་རྩ་ལག་དེ་ནི་གནས་པ་ཡི། །ཞིང་དེ་ཤིན་ཏུ་བལྟ་ན་སྡུག་པ་དང་། །སྐྱེ་བོ་མང་པོའི་ཡིད་འོང་མཛེས་པར་འགྱུར། །དེ་ན་བྱང་ཆུབ་སེམས་དཔའ་མཐུ་ཆེན་མང་། །ཕྱིར་མི་ལྡོག་པའི་འཁོར་ལོ་སྐོར་བྱེད་པ། །རྒྱལ་བ་དེ་ཡི་བསྟན་ལ་དབང་པོ་
རྣོ། །དེ་དག་རྣམས་ཀྱིས་སངས་རྒྱས་ཞིང་མཛེས་འགྱུར། །དེ་ཡི་ཉན་ཐོས་མང་པོ་གྲངས་མེད་དེ། །དེ་དག་ཚད་ནི་ནམས་ཀྱང་མི་ཟིན་ནོ། །དྲུག་མངོན་ཤེས་ཤིང་གསུམ་རིག་རྫུ་འཕྲུལ་ཆེ། །རྣམ་ཐར་བརྒྱད་ལ་ཤིན་ཏུ་གནས་པའོ། །བྱང་ཆུབ་མཆོག་འདི་རབ་ཏུ་བཤད་

པ་ན། རྫུ་འཕྲུལ་སྟོབས་ནི་བསམ་གྱིས་མི་ཁྱབ་འགྱུར། །གང་གཱའི་བྱེ་མ་སྙེད་ཀྱི་ལྷ་དང་མི། །དེ་ལ་རྟག་ཏུ་ཐལ་མོ་སྦྱོར་བར་འགྱུར། །དེ་ནི་བར་གྱི་བསྐལ་པ་བཅུ་གཉིས་གནས། །དམ་ཆོས་བར་གྱི་བསྐལ་པ་ཉི་ཤུར་གནས། །དེ་བཞིན་རྐང་གཉིས་མཆོག་གི་
གཟུགས་བརྙན་ཡང་། །བར་གྱི་བསྐལ་པ་ཉི་ཤུར་གནས་པར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཐམས་ཅད་དང་ལྡན་པའི་དགེ་སློང་གི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་མོས་པར་བྱ། ཁྱེད་ཁོང་དུ་ཆུད་པར་བྱའོ། །ང་ཡི་ཉན་ཐོས་གནས་བརྟན་ཀཱ་ཏྱཱ་ཡའི་
བུ་ཆེན་པོ་འདི། སངས་རྒྱས་བྱེ་བ་སྟོང་ཕྲག་བརྒྱད་ལ་བཀུར་སྟི་བྱེད་བཙུན་པར་བྱེད་རི་མོར་བྱེད་མཆོད་པར་བྱེད་རྗེད་པར་བྱེད། གསོལ་བ་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། གསེར་དང་། དངུལ་དང་།
བཻ་དཱུརྱ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། རིན་པོ་ཆེ་སྣ་བདུན་པ་སྤུག་ལས་མཆོད་རྟེན་འཕང་དུ་དཔག་ཚད་སྟོང་། ཁོར་ཡུག་ཏུ་དཔག་ཚད་ལྔ་བརྒྱ་པ་དག་བྱེད་པར་འགྱུར་ཏེ། མཆོད་རྟེན་དེ་དག་ལ་མེ་ཏོག་དང་བདུག་པ་དང་། སྤོས་དང་། ཕྲེང་
བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དག་གིས་མཆོད་པ་བྱེད་པར་འགྱུར་རོ། །དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ཏུ། སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་ལ་དེ་ལྟ་བུའི་བཀུར་སྟི་
བྱེད། བཙུན་པར་བྱེད་རི་མོ་བྱེད་མཆོད་པ་བྱེད་རྗེད་པ་བྱེད་གསོལ་བ་བྱེད་པར་འགྱུར་རོ། །དེ་ནས་ལུས་ཐ་མ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་
འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཛམ་བུའི་ཆུ་བོའི་གསེར་གྱི་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་ངོ་། །དེའི་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་འགྱུར་ཏེ་མཉམ་པ་ཉམས་དགའ་བ་མཛེས་པ་བལྟ་ན་སྡུག་པ་

ཤེལ་གྱི་གཞི་ལ་རིན་པོ་ཆེའི་ཤིང་ལྗོན་པས་རྣམ་པར་སྤྲས་པ། གསེར་གྱི་སྐུད་པ་བྲིས་པ་མེ་ཏོག་གིས་ཆལ་པར་བཀྲམ་པ། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དང་ལྷ་མ་ཡིན་གྱི་རིས་མེད་དེ་ལྷ་དང་མི་མང་པོས་ཡོངས་སུ་གང་བ་ཉན་ཐོས་བརྒྱ་སྟོང་
མང་པོས་མཛེས་པར་བྱས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་མང་པོས་བརྒྱན་པར་འགྱུར་རོ། །དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུ་གཉིས་སུ་འགྱུར། དེའི་དམ་པའི་ཆོས་ནི་བར་གྱི་བསྐལ་པ་ཉི་ཤུར་གནས་པར་འགྱུར། དམ་པའི་ཆོས་ཀྱི་གཟུགས་བརྙན་ཡང་བར་གྱི་
བསྐལ་པ་ཉི་ཤུར་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གཞན་དུ་མི་འགྱུར་བ་ཡི་ཚིག་བརྗོད་ཀྱིས། །དེ་རིང་ང་ལས་དགེ་སློང་ཀུན་ཉོན་ཅིག །ང་ཡི་ཉན་ཐོས་གནས་བརྟན་ཀཱ་ཏྱཱའི་བུ། །འདི་ནི་རྣམ་
འདྲེན་རྣམས་ལ་མཆོད་པར་འགྱུར། །འཇིག་རྟེན་འདྲེན་པ་མྱ་ངན་ཡོངས་འདས་ནས། །དེ་དག་རྣམས་ཀྱི་མཆོད་རྟེན་རྣམ་མང་བྱེད། །བཀུར་སྟི་རྣམ་པ་མང་པོ་བྱེད་འགྱུར་ཞིང་། །སྤོས་དང་མེ་ཏོག་གིས་ཀྱང་མཆོད་པར་འགྱུར། །དེ་ཡིས་ཐ་མ་ཡི་ནི་ལུས་ཐོབ་ནས། །ཡོངས་སུ་
དག་པའི་ཞིང་དུ་རྒྱལ་བར་འགྱུར། །ཡེ་ཤེས་འདི་ཉིད་ཡོངས་སུ་རྫོགས་བྱས་ཏེ། །སྲོག་ཆགས་བྱེ་བ་སྟོང་ལ་འཆད་པར་བྱེད། །ལྷར་བཅས་འཇིག་རྟེན་དག་ན་བཀུར་སྟི་བྱས། །འོད་བྱེད་གཙོ་བོ་བཅོམ་ལྡན་འདས་སུ་འགྱུར། །དེ་མིང་འཛམ་བུའི་ཆུ་བོ་གསེར་གྱི་འོད། །ལྷ་མི་བྱེ་བ་དག་
ཀྱང་ཤིན་ཏུ་སྒྲོལ། །བྱང་ཆུབ་སེམས་དཔའ་དེ་བཞིན་ཉན་ཐོས་མང་། །སངས་རྒྱས་ཞིང་དེར་ཚད་མེད་གྲངས་མེད་དེ། །ཐམས་ཅད་འབྱུང་དང་འཇིགས་པ་རབ་སྤངས་ནས། །སངས་རྒྱས་བསྟན་པ་མཛེས་པར་བྱེད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་
པའི་དགེ་སློང་གི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་མོས་པར་བྱ་ཁོང་དུ་ཆུད་པར་བྱའོ། །ང་ཡི་ཉན་ཐོས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་འདི། སངས་རྒྱས་ཉི་ཁྲི་བརྒྱད་སྟོང་མཉེས་པར་བྱེད་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རྣམ་པ་མང་

པོས་བཀུར་སྟི་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པ་བྱེད། རྗེད་པ་བྱེད། གསོལ་བར་བྱེད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། གསེར་དང་།
དངུལ་དང་། བཻ་དཱུརྱ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། སྤུག་གི་མཆོད་རྟེན་འཕང་དུ་དཔག་ཚད་སྟོང་། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ལྔ་བརྒྱ་པ་དག་བྱེད་པར་འགྱུར་ཏེ། མཆོད་རྟེན་དེ་དག་ལ་མེ་ཏོག་དང་བདུག་པ་དང་སྤོས་དང་ཕྲེང་བ་དང་བྱུག་
པ་དང་ཕྱེ་མ་དང་གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དག་གིས་མཆོད་པར་བྱེད་པར་འགྱུར་རོ། །དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ཏུ་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུ་རྣམས་ལ། དེ་བཞིན་དུ་འདི་
ལྟར་བཀུར་སྟི་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པར་བྱེད། རྗེད་པ་བྱེད། གསོལ་བ་བྱེད་པར་འགྱུར་རོ། །དེའི་འོག་ཏུ་ལུས་ཐ་མ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་
གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏ་མ་ལའི་ལོ་མ་དང་ཙན་དན་གྱི་དྲི་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་སྟེ། དེའི་སངས་རྒྱས་ཀྱི་ཞིང་ནི་མངོན་པར་དགའ་བ་ཞེས་བྱ་བར་འགྱུར་
རོ། །བསྐལ་པ་དེ་ནི་དགའ་བས་གང་བ་ཞེས་བྱ་བར་འགྱུར་རོ། །དེའི་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་དག་པ་སྟེ། མཉམ་པ་ཉམས་དགའ་བ་མཛེས་པ་བལྟ་ན་སྡུག་པ་ཤེལ་གྱི་གཞི་ལ་རིན་པོ་ཆེའི་ཤིང་ལྗོན་པས་རྣམ་པར་སྤྲས་པ་མེ་ཏོག་སིལ་མས་གཏོར་བ་ལྷ་དང་མི་
མང་པོས་རབ་ཏུ་གང་བ་སྟེ། འདི་ལྟར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དྲང་སྲོང་བརྒྱ་སྟོང་གནས་པར་འགྱུར་རོ། །དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་ཉི་ཤུ་རྩ་བཞིར་འགྱུར། དེའི་དམ་པའི་ཆོས་ནི་བར་གྱི་བསྐལ་པ་བཞི་བཅུར་གནས་པར་འགྱུར། དམ་པའི་ཆོས་ཀྱི་

གཟུགས་བརྙན་ཡང་བར་གྱི་བསྐལ་པ་བཞི་བཅུར་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ང་ཡི་ཉན་ཐོས་མཽད་གལ་རིགས་འདི་ནི། །མི་ཡི་ལུས་སུ་གྱུར་པ་དེ་བོར་ནས། །སྐྱོབ་པ་རྒྱལ་བ་སྟོང་ཕྲག་ཉི་ཤུ་
དང་། །གཞན་ཡང་རྡུལ་དང་བྲལ་བ་བརྒྱད་རྣམས་མཐོང་། །ཚངས་པར་སྤྱད་པ་ཡང་ནི་དེར་སྤྱད་དེ། །སངས་རྒྱས་ཡེ་ཤེས་འདི་ནི་ཚོལ་བྱེད་ཅིང་། །རྐང་གཉིས་གཙོ་བོ་འདྲེན་པ་དེ་དག་ལ། །དེ་ཚེ་བཀུར་སྟི་རྣམ་པ་མང་པོ་བྱེད། །དེ་དག་གསུངས་པ་དམ་ཆོས་དྲི་མེད་པ། །
བསྐལ་པ་བྱེ་བ་སྟོང་དུ་འཛིན་པར་འགྱུར། །བདེ་གཤེགས་དེ་དག་མྱ་ངན་ཡོངས་འདས་ནས། །མཆོད་རྟེན་དག་ལ་དེ་ཚེ་མཆོད་བྱེད་འགྱུར། །རྒྱལ་མཆོག་དེ་དག་རྣམས་ཀྱི་མཆོད་རྟེན་ནི། །རིན་ཆེན་མཆོད་རྟེན་བ་དན་བཅས་པ་བྱེད། །འཇིག་རྟེན་ཕན་པ་མཛད་པ་སྐྱོབ་
རྣམས་ལ། །རོལ་མོའི་སྒྲ་དང་མེ་ཏོག་སྤོས་ཀྱིས་མཆོད། །དེ་ནས་འདི་ལྟར་ཐ་མའི་ལུས་ཀྱི་ཚེ། །བལྟ་སྡུག་ཡིད་དུ་འོང་བའི་ཞིང་དེར་ནི། །འཇིག་རྟེན་ཕན་པ་ཐུགས་བརྩེར་དེར་འགྱུར་ཏེ། །མིང་ནི་ཏ་མ་ལའི་ལོ་ཙན་དན་དྲི། །བར་གྱི་བསྐལ་པ་ཉི་ཤུ་བཞི་ཚང་བར། །
བདེ་བར་གཤེགས་པའི་ཚེ་ཡི་ཚད་དུ་འགྱུར། །རྟག་ཏུ་ལྷ་རྣམས་དང་ནི་མི་དག་ལ། །སངས་རྒྱས་ཚུལ་འདི་རབ་ཏུ་སྟོན་པར་འགྱུར། །དེ་ནས་རྒྱལ་བ་དེ་ཡི་ཉན་ཐོས་མང་། །བྱེ་བ་སྟོང་ཕྲག་གང་གཱའི་བྱེ་མ་སྙེད། །དྲུག་མངོན་ཤེས་ཤིང་གསུམ་རིག་རྫུ་འཕྲུལ་ཆེ། །བདེ་
གཤེགས་བསྟན་ལ་མངོན་པར་ཤེས་པ་ཐོབ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་མང་། །བརྩོན་འགྲུས་བརྩམས་ཤིང་རྟག་ཏུ་ཤེས་བཞིན་ཅན། །བདེ་བར་གཤེགས་ཀྱི་བསྟན་ལ་བརྩོན་བྱེད་པ། །སྟོང་ཕྲག་མང་པོ་དེ་དག་དེ་ན་ཡོད། །རྒྱལ་བ་དེ་དག་མྱ་ངན་
ཡོངས་འདས་ནས། །བར་གྱི་བསྐལ་པ་བཞི་བཅུ་ཚང་བར་ནི། །དེ་ཡི་ཚེ་ན་དམ་ཆོས་གནས་པར་འགྱུར། །གཟུགས་བརྙན་ཚད་ཀྱང་དེ་དང་མཉམ་པར་འགྱུར། །ང་ཡི་ཉན་ཐོས་འཕྲུལ་ཆེན་ལྔ་པོ་འདི། །ངས་ནི་དེ་དག་བྱང་ཆུབ་མཆོག་ལུང་བསྟན། །མ་འོངས་དུས་ན་རང་འབྱུང་

རྒྱལ་བ་ཡི། །དེ་དག་གི་ནི་སྤྱོད་པ་ང་ལས་ཉོན། །དམ་པའི་ཆོས་པད་མ་དཀར་པོ་ལས་ཉན་ཐོས་ལུང་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་དྲུག་པའོ།། །།དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་
གྲངས་མེད་པ་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པ་གཞལ་དུ་མེད་པ་ཚད་མེད་པའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་དུ་གྱུར་པ། དེའི་ཚེ་དེའི་དུས་ན་བསྐལ་པ་གཟུགས་ཆེན་པོ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་འབྱུང་བ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་
ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དགེ་སློང་དག་དེ་བཞིན་གཤེགས་པ་དེ་བྱུང་ནས་ཇི་སྲིད་ལོན་ཞེ་ན། དགེ་སློང་དག་འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སའི་ཁམས་ཐམས་ཅད་བཏབས་ཏེ་ཕྱེ་མར་བྱས་ལ།
དེ་ནས་མི་དེས་འཇིག་རྟེན་གྱི་ཁམས་དེ་ནས་རྡུལ་ཕྲ་རབ་ཀྱི་རྡུལ་ཅིག་བླངས་ཏེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྟོང་འདས་ནས་དེར་རྡུལ་ཕྲ་རབ་ཀྱི་རྡུལ་ཅིག་བཞག །དེ་ནས་ཡང་མི་དེས་རྡུལ་ཕྲ་རབ་ཀྱི་རྡུལ་ཅིག་བླངས་ཏེ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་འཇིག་རྟེན་གྱི་
ཁམས་སྟོང་འདས་ནས་རྡུལ་ཕྲ་རབ་ཀྱི་རྡུལ་ཅིག་བཞག་ལ། རྣམ་གྲངས་འདིས་མི་དེས་ཤར་ཕྱོགས་སུ་སའི་ཁམས་དེ་ཐམས་ཅད་བཞག་ན། དགེ་སློང་དག་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་དག་གི་མཐའ་དང་མུ་བགྲང་བས་རྟོགས་པར་ནུས་སམ། དེ་དག་གིས་
གསོལ་པ། བཅོམ་ལྡན་འདས་དེ་རྔོ་མི་ཐོགས་སོ། །བདེ་བར་གཤེགས་པ་དེ་རྔོ་མི་ཐོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གང་དག་ཏུ་རྡུལ་ཕྲ་རབ་བཞག་པ་དང་། གང་དག་ཏུ་མ་བཞག་པའི་འཇིག་རྟེན་གྱི་ཁམས་དེ་རྣམས་ནི་རྩིས་པའམ་རྩིས་པ་

ཆེན་པོ་ལ་ལ་ཞིག་གིས་བགྲང་ཞིང་རྟོགས་པར་ནུས་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ། ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཇི་སྙེད་ལོན་པའི་བསྐལ་པ་ནི་བགྲང་བའི་ཚུལ་གྱིས་
མཐའ་རྟོགས་པར་མི་ནུས་ཏེ། དགེ་སློང་དག་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས། དེ་ཙམ་དུ་ཡུན་རིང་བ་ནི་དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་དེ་ལྟར་ཚད་མེད་དེ། ངས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བའི་སྟོབས་བསྐྱེད་པས། ཁར་སང་ངམ་དེ་
རིང་ཡོངས་སུ་མྱ་ངན་ལས་འདས་པ་བཞིན་དྲན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྗེས་སུ་དྲན་པ་འདས་པའི་བསྐལ་པ་མང་། །དེ་ཚེ་ཐུབ་ཆེན་རྐང་གཉིས་རྣམས་ཀྱི་མཆོག །མངོན་ཤེས་ཡེ་ཤེས་ཆེན་པོས་ཟིལ་གྱིས་
གནོན། །རྒྱལ་བ་དམ་པ་འཇིག་རྟེན་བྱུང་བར་འགྱུར། །འདི་ལྟར་སྟོང་གསུམ་འདི་ཡི་འཇིག་རྟེན་ཁམས། །ལ་ལས་ཕྲ་རབ་རྡུལ་གྱི་རྡུལ་དུ་བྱས། །དེ་ནས་ཕྲ་རབ་རྡུལ་ཅིག་ཁྱེར་ནས་སུ། །ཞིང་སྟོང་རྣམས་ནི་འདས་ནས་དེ་བཞག་ལ། །དེ་བཞིན་དུ་ནི་གཉིས་དང་གསུམ་
བཞག་སྟེ། །དེས་ནི་རྡུལ་དུ་གྱུར་པ་ཀུན་བཞག་པས། །འཇིག་རྟེན་འདི་ཡི་ཁམས་ནི་སྟོངས་གྱུར་ཅིང་། །རྡུལ་ཕྲན་དེ་ཡང་ཐམས་ཅད་ཟད་གྱུར་ལ། །འཇིག་རྟེན་ཁམས་དེ་དག་ན་ཡོད་པ་ཡི། །རྡུལ་ཕྲན་ཕྱེ་མ་དེ་ཡང་ཚད་མེད་པ། །དེ་དག་མ་ལུས་གང་གིས་རྡུལ་བྱས་
ཏེ། །བསྐལ་པ་བརྒྱ་འདས་མཚན་མར་འཇོག་བྱེད་པ། །དེ་ལྟར་བདེ་གཤེགས་མྱ་ངན་དེ་འདས་ནས། །བསྐལ་པ་བྱེ་བ་མང་པོ་དཔག་ཏུ་མེད། །ཕྲ་རབ་རྡུལ་ཀུན་མཚན་མར་མི་ཆོག་སྟེ། །དེ་སྙེད་བསྐལ་པ་མང་པོ་ཟད་པར་གྱུར། །འདྲེན་པ་མྱ་ངན་འདས་རིང་དེ་སྲིད་ལོན། །
ཉན་ཐོས་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། །དེ་འདྲ་དེ་བཞིན་གཤེགས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དྲན་པ་ཁར་སང་དེ་རིང་བཞིན། །དགེ་སློང་གང་དག་ཡེ་ཤེས་མཐའ་ཡས་ཅན། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་འདི་འདྲའོ། །དྲན་པ་ཕྲ་ཞིང་ཟག་པ་མེད་པ་

ཡིས། །བསྐལ་པ་དུ་མ་བརྒྱས་ནི་ང་སངས་རྒྱས། །དགེ་སློང་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེའི་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་
ལྔ་བཅུ་རྩ་བཞིར་གྱུར་ཏོ། །བཅོམ་ལྡན་འདས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པར། སྔར་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་ནས། བདུད་ཀྱི་སྡེ་ཐམས་ཅད་རབ་ཏུ་བཅོམ་ཞིང་ཕམ་པར་བྱས་སོ། །རབ་ཏུ་བཅོམ་ཞིང་ཕམ་
པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱའོ་སྙམ་ཡང་། དེ་སྲིད་དུ་དེ་ལ་ཆོས་དེ་དག་མངོན་སུམ་དུ་ནི་མ་གྱུར་ཏོ། །དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཀྱི་སྙིང་པོར་བར་གྱི་བསྐལ་པ་གཅིག་ཏུ་གནས། བར་གྱི་བསྐལ་པ་
གཉིས་སུ་གནས་ཀྱང་དེ་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ནས། བར་གྱི་བསྐལ་པ་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དང་བརྒྱད་དང་དགུ་དང་བཅུར་ཡང་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཀྱི་སྙིང་པོ་སྐྱིལ་མོ་ཀྲུང་
ལན་ཅིག་བཅས་པ་ལས། བར་དུ་མ་ལངས་པར་འདུག་ཅིང་སེམས་མི་གཡོ་ལུས་མི་འགུལ་ཞིང་། མི་འགྱུར་བར་འདུག་ཀྱང་དེ་སྲིད་དུ་ཡང་དེ་ལ་ཆོས་དེ་དག་མངོན་དུ་མ་གྱུར་ནས། དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་
སྙིང་པོ་མཆོག་དམ་པར་སོང་བའི་བཅོམ་ལྡན་འདས་དེ་གང་ལ་འདུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སེང་གེའི་ཁྲི་ཆེན་པོ་འཕང་དུ་དཔག་ཚད་ལྔ་བརྒྱ་པ་བཤམས་ཏེ། བཅོམ་ལྡན་འདས་དེ་བྱང་ཆུབ་ཀྱི་སྙིང་པོར་འདུག་
མ་ཐག་ཏུ། དེ་ནས་ཚངས་རིས་ཀྱི་ལྷའི་བུ་དག་གིས། བྱང་ཆུབ་ཀྱི་སྙིང་པོ་དེའི་ཁོར་ཡུག་དཔག་ཚད་བཅུ་ཚུན་ཆད་དུ་མེ་ཏོག་གི་ཆར་མངོན་པར་ཕབ་བོ། །བར་སྣང་ལས་རླུང་ལངས་པས་མེ་ཏོག་གང་དག་རྙིས་ས་དེ་དག་སེལ་ཏོ། །དེ་ལྟར་མེ་ཏོག་གི་ཆར་དེ་རབ་ཏུ་ཕབ་པ་དེ་

བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེ་ལ། རྒྱུན་མི་འཆད་པར་རབ་ཏུ་ཕབ་སྟེ། བཅོམ་ལྡན་འདས་དེ་ལ་བར་གྱི་བསྐལ་པ་བཅུ་ཚང་བར་མངོན་པར་ཕབ་བོ། །དེ་ལྟར་མེ་ཏོག་གི་ཆར་དེ་རབ་ཏུ་ཕབ་སྟེ་བཅོམ་ལྡན་འདས་དེ་དེ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་བར་དུ་རབ་ཏུ་
ཕབ་ཅིང་། བཅོམ་ལྡན་འདས་དེ་ལ་མངོན་པར་འཐོར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དག་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ན་འདུག་པ་དེ་ལ་བཀུར་སྟི་བྱ་བའི་ཕྱིར། ལྷ་ཡུལ་པའི་ལྷའི་རྔ་རབ་ཏུ་བརྡུངས་ཏེ་བར་གྱི་བསྐལ་པ་བཅུ་ཚང་བར་
རབ་ཏུ་བརྡུངས་ནས། དེ་ནས་བཅོམ་ལྡན་འདས་དེ་ནམ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་དུས་ཀྱི་བར་དུ། ལྷའི་སིལ་སྙན་དག་རྒྱུན་མི་འཆད་པར་རབ་ཏུ་བསིལ་ཏོ། །དགེ་སློང་དག་དེ་ནས་བར་གྱི་བསྐལ་པ་བཅུ་འདས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ། བཅོམ་ལྡན་འདས་དེ་གཞོན་ནུར་
གྱུར་པའི་ཚེ། དེ་ལ་སྙིང་གི་བུ་ཤ་སྟག་བཅུ་དྲུག་ཡོད་དེ། དེ་དག་གི་བུ་ཐུ་བོ་ནི་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་འགྱུར་ཏེ། དགེ་སློང་དག་འདི་ལྟར་རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་རེ་རེ་ལ་ཡང་རྩེད་མོར་བྱ་བ། སྣ་ཚོགས་བཀྲ་བ་དགའ་བར་འགྱུར་བ་བལྟ་ན་སྡུག་པ་
རྣམ་པ་དུ་མ་ཡོད་ལ། དགེ་སློང་དག་དེ་ནས་རྒྱལ་བུ་གཞོན་ནུར་གྱུར་པ་བཅུ་དྲུག་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་རིག་ནས། རྩེད་མོར་བྱ་བ་དགའ་བར་འགྱུར་བ་རྣམ་པ་མང་པོ་དེ་དག་སྤངས་ཏེ། མ་དང་མ་མ་དག་བཞིན་དུ་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཕགས་པའི་

མཛོད་མང་པོ་དང་རྒྱལ་པོའི་བློན་པོ་དང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་
ཆེན་པོས་ཟིལ་གྱིས་གནོན་པ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ན་འདུག་པ་ག་ལ་བ་དེར་དོང་ངོ་། །བཅོམ་ལྡན་འདས་དེ་ལ་བཀུར་སྟིར་བྱ་བ་དང་། བཙུན་པར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་དང་། རྗེད་པ་དང་། གསོལ་བའི་ཕྱིར་དེར་དོང་སྟེ་ལྷགས་ནས།
བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །མངོན་པ་ཆེན་པོ་དྲུག་ལྡན་བླ་
ན་མེད། །བསྐལ་པ་མཐའ་ཡས་དག་གིས་ཡང་དག་བསྒྲུབས། །ལུས་ཅན་ཐམས་ཅད་མ་ལུས་བསྒྲལ་བའི་ཕྱིར། །ཁྱོད་ཀྱི་བརྣག་པ་བཟང་དེ་འདིར་རྫོགས་སོ། །རབ་ཏུ་དཀའ་མཛད་བསྐལ་པ་བར་མ་བཅུར། །གདན་ཅིག་དེ་ལ་བཞུགས་ཏེ་མཛད་པ་ན། །བར་དུ་ནམ་
ཡང་ཁྱོད་ཀྱི་སྐུ་མ་གཡོས། །ཕྱག་ཞབས་མ་གཡོས་དེ་བཞིན་གར་མ་གཤེགས། །ཁྱོད་ཐུགས་ཞི་བར་གྱུར་ཅིང་ཤིན་ཏུ་གནས། །རྟག་པར་མི་གཡོ་གྱུར་ཅིང་མི་འགུལ་ཏེ། །ཁྱོད་ལ་ནམ་ཡང་གཡེང་བ་མི་མངའ་ལ། །ཁྱོད་ནི་རབ་ཞི་ཟག་པ་མེད་ལ་གནས། །དགེ་བ་དང་
ནི་བདེ་བ་དགའ་བ་དང་། །གནོད་པ་མེད་པར་བྱང་ཆུབ་མཆོག་འདི་བརྙེས། །དེ་ལྟ་བུ་ནི་བདག་ཅག་རྣམས་ཀྱི་ཁེ། །མི་དབང་སེང་གེ་བདག་ཅག་དགེ་བར་སྐྱེས། །སྐྱེ་དགུ་འདི་ཀུན་མགོན་མེད་སྡུག་བསྔལ་ཏེ། །མིག་ཕྱུང་བདེ་བ་དག་ལས་རྣམ་པར་ཉམས། །སྡུག་བསྔལ་
མཐར་མཆི་ལམ་རྣམས་མི་འཚལ་བས། །ཐར་པའི་ཕྱིར་ནི་བརྩོན་འགྲུས་མི་སྐྱེད་དོ། །ཡུན་རིང་དུ་ནི་ངན་སོང་འཕེལ་བར་བགྱིད། །ལྷ་ཡི་ལུས་ལས་ཡོངས་སུ་ཉམས་པའི་ཆོས། །དེ་ན་རྒྱལ་བའི་སྒྲ་ནི་ཡོང་མི་གྲག །འཇིག་རྟེན་འདི་ཀུན་གཏི་མུག་མུན་གནག་གོ། །

ཟག་མེད་དམ་པ་ཞི་བའི་གོ་འཕང་ནི། །འཇིག་རྟེན་རིག་པ་ཁྱོད་ཀྱིས་དེང་བརྙེས་པས། །བདག་ཅག་རྣམས་དང་འཇིག་རྟེན་རྗེས་སུ་བཟུང་། །མགོན་པོ་ཁྱོད་ལ་རབ་ཏུ་སྐྱབས་སུ་མཆི། །དགེ་སློང་དག་དེ་ནས་རྒྱལ་བུ་གཞོན་ནུར་གྱུར་པ་བྱིས་པ་བཅུ་དྲུག་པོ་དེ་རྣམས་ཀྱིས་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་
དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་ལྷ་དང་མི་དང་སྐྱེ་བོ་ཕལ་པོ་ཆེའི་དོན་དང་ཕན་པ་དང་བདེ་བའི་སླད་དུ། བཅོམ་ལྡན་འདས་ཆོས་བཤད་དུ་གསོལ། །བདེ་བར་གཤེགས་པ་ཆོས་བཤད་དུ་གསོལ། །ཞེས་བཅོམ་ལྡན་འདས་དེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་
གསོལ་བ་བཏབ་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བསོད་ནམས་བརྒྱ་ཡི་མཚན་ཅན་ཆོས་བཤད་གསོལ། །རྣམ་པར་འདྲེན་པ་མཚུངས་མེད་དྲང་སྲོང་ཆེ། །ཡེ་ཤེས་དམ་པ་ཁྱད་པར་འཕགས་བརྙེས་པ། །ལྷ་དང་བཅས་པ་འཇིག་རྟེན་རྣམས་ལ་སྟོན། །
བདག་ཅག་རྣམས་དང་སེམས་ཅན་འདི་དག་སྒྲོལ། །ཅི་ནས་བྱང་ཆུབ་མཆོག་འདི་བདག་ཅག་དང་། །སེམས་ཅན་འདི་རྣམས་ཀྱིས་ཀྱང་ཐོབ་འགྱུར་བར། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་བསྟན་དུ་གསོལ། །སྤྱོད་པ་དང་ནི་ཡེ་ཤེས་ཀུན་ཀྱང་མཁྱེན། །བསམ་པ་རྣམས་
དང་སྔོན་གྱི་བསོད་ནམས་དང་། །སྲོག་ཆགས་ཀུན་གྱི་མོས་པ་རྣམས་མཁྱེན་པ། །བླ་མེད་འཁོར་ལོ་དམ་པ་བསྐོར་དུ་གསོལ།། །།བམ་པོ་དྲུག་པ། །དགེ་སློང་དག་དེ་ནས་ཡང་དེའི་ཚེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་

བཅུ་རྣམ་པ་དྲུག་ཏུ་གཡོས་ནས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་འཇིག་རྟེན་གྱི་བར་མི་ཁོམ་པར་གྱུར་ཅིང་། མུན་པ་མུན་ནག་ཏུ་གྱུར་པ་གང་དག་ན། ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་
ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ། དེ་དག་གི་འོད་ཀྱིས་ཀྱང་སྣང་བར་མི་ནུས་ཏེ། དེ་དག་གི་ཁ་དོག་གིས་ཀྱང་ཁ་དོག་དང་གཟི་བརྗིད་དུ་བྱེད་མི་ནུས་པ་དེ་དག་ཏུ་ཡང་དེའི་ཚེ་སྣང་བ་ཆེན་པོར་བྱུང་བར་གྱུར་ཏོ། །འཇིག་རྟེན་གྱི་བར་དེ་དག་ཏུ་སེམས་ཅན་གང་དག་སྐྱེས་པ་དེ་དག་
ཀྱང་། གཅིག་གིས་གཅིག་མཐོང་ནས། ཨེ་མ་ཀྱེ་སེམས་ཅན་གཞན་དག་ཅིག་ཀྱང་འདིར་སྐྱེས་ཤིང་འཁོད་པ་ལྟ། ཨེ་མ་ཀྱེ་སེམས་ཅན་གཞན་དག་ཅིག་ཀྱང་འདིར་སྐྱེས་ཤིང་འཁོད་པ་ལྟ་ཞེས་གཅིག་གིས་གཅིག་ཤེས་སོ། །འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ན་
ལྷའི་གནས་དང་ལྷའི་གཞལ་མེད་ཁང་གང་དག་ཡོད་པ་ནས། ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ནས། སྣང་བ་ཆེན་པོས་ཁྱབ་སྟེ། ལྷ་རྣམས་ཀྱི་ལྷའི་མཐུ་ལས་ཀྱང་འདས་སོ། །དགེ་སློང་དག་དེ་ལྟར་དེའི་ཚེ། འཇིག་རྟེན་གྱི་ཁམས་དེ་
དག་ཏུ་ས་ཆེར་གཡོས་ཤིང་སྣང་བ་ཆེན་པོ་ཡང་བྱུང་བར་གྱུར་ཏོ། །དེ་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པ་དེ་དག་ན་ཚངས་པའི་གཞལ་མེད་ཁང་གང་དག་ཡོད་པ་དེ་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ། དཔལ་དང་ལྡན་
ཞིང་གཟི་བརྗིད་ཅན་དུ་གྱུར་ཏོ། །དགེ་སློང་དག་དེ་ནས་ཚངས་པ་དེ་དག་འདི་སྙམ་དུ། ཚངས་པའི་གཞལ་མེད་ཁང་འདི་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ། དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་པ་འདི་སུའི་སྔ་ལྟས་སུ་འགྱུར་སྙམ་དུ་སེམས་སོ། །དགེ་
སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན། ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་གནས་དག་ཏུ་ཕན་ཚུན་དོང་ནས་སྨྲའོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་སེམས་ཅན་ཐམས་ཅད་སྐྱོབ་པ་ཞེས་བྱ་བས།

ཚངས་པ་ཆེན་པོའི་ཚོགས་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་ཅག་ཐམས་ཅད་དེ་རིང་ཤིན་ཏུ་དགའ། །གཞལ་མེད་ཁང་མཆོག་འདི་དག་རབ་ཏུ་འབར། །དཔལ་ལྡན་ལྷམ་མེ་ཡིད་དུ་འོང་བ་སྟེ། །ཅི་ཡི་ཕྱིར་ན་དེ་རིང་འདི་འདྲར་གྱུར། །དོན་འདི་བཙལ་བར་བྱས་ན་རབ་ཏུ་
ལེགས། །ལྷ་ཡི་བུ་ཞིག་དེ་རིང་སྐྱེས་གྱུར་ཏེ། །འདི་འདྲ་བར་ནི་དེ་ཡི་མཐུས་གྱུར་ཏམ། །སྔོན་ཆད་མ་བྱུང་འདི་ནི་དེ་རིང་སྣང་། །གལ་ཏེ་སངས་རྒྱས་མི་དབང་རྒྱལ་པོ་དེ། །འཇིག་རྟེན་ག་ཤེད་དུ་ནི་དེང་བྱུང་སྟེ། །དེ་རིང་ཕྱོགས་བཅུ་དག་ན་དཔལ་འབར་བ། །འདི་འདྲ་འདི་ནི་
དེ་ཡི་ལྟས་ཡིན་ནམ། དགེ་སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན། ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་ལྷན་ཅིག་ཏུ་འདུས་ནས། དེ་དག་རང་རང་གི་ཚངས་པའི་ལྷའི་གཞལ་མེད་ཁང་དེ་དག་ཏུ་བཞུགས་ཏེ།
ལྷའི་མེ་ཏོག་གི་ཕུར་མ་རི་རབ་ཙམ་ཐོགས་ནས། ཕྱོགས་བཞིར་རྒྱུ་ཞིང་འདོང་བ་ལས། ནུབ་ཕྱོགས་ལོགས་སུ་དོང་བ་དང་། དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས། ནུབ་ཕྱོགས་ལོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་ཤིང་། བྱང་ཆུབ་ཀྱི་ཤིང་དྲུང་ན་སེང་གེའི་ཁྲི་ལ་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་
ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དག་གིས་ནི་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། སྲས་རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་གིས་ནི། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པར་མཐོང་ངོ་། །
མཐོང་ནས་ཀྱང་བཅོམ་ལྡན་འདས་དེ་ག་ལ་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་བརྒྱ་སྟོང་དུ་མ་བསྐོར་བ་བྱས་ནས། མེ་ཏོག་གི་ཕུར་མ་རི་རབ་ཙམ་དེ་དག་གིས་བཅོམ་ལྡན་འདས་དེ་ལ་

གཏོར་རབ་ཏུ་གཏོར་ཏེ། བྱང་ཆུབ་ཀྱི་ཤིང་དེའི་དཔག་ཚད་བཅུ་ཚུན་ཆད་གཏོར་ནས། ཚངས་པའི་གཞལ་མེད་ཁང་དེ་དག་ཀྱང་བཅོམ་ལྡན་འདས་དེ་ལ་ཕུལ་ཏེ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། ཚངས་པའི་གཞལ་མེད་
ཁང་འདི་དག་བཞེས་སུ་གསོལ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། ཚངས་པའི་གཞལ་མེད་ཁང་འདི་དག་ཡོངས་སུ་སྤྱད་དུ་གསོལ། བདེ་བར་གཤེགས་པ་ཡོངས་སུ་སྤྱད་དུ་གསོལ་ཞེས་གསོལ་ཏོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་
རང་རང་གི་གཞལ་མེད་ཁང་དེ་དག་བཅོམ་ལྡན་འདས་དེ་ལ་ཕུལ་ནས། དེའི་ཚེ་བཅོམ་ལྡན་འདས་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ངོ་མཚར་གྱུར་པ་རྒྱལ་བ་ཚད་མེད་པ། །འཇིག་རྟེན་ཕན་པ་ཐུགས་བརྩེ་འདིར་བྱུང་སྟེ། །
མགོན་པོ་བླ་མ་སྟོན་པ་བྱུང་གྱུར་པས། །དེང་ནི་ཕྱོགས་བཅུ་པོ་དག་རྗེས་སུ་གཟུང་། །འདི་དག་ནས་ཀྱང་འཇིག་རྟེན་མཁས་རྣམས་ནི། །བྱེ་བ་ཁྲག་ཁྲིག་ལྔ་བཅུ་ཚང་བ་ནས། །བདག་ཅག་དེ་ནས་རྒྱལ་ལ་ཕྱག་འཚལ་ལྷགས། །གཞལ་མེད་ཁང་མཆོག་རྣམ་པ་ཀུན་ཏུ་
སྤངས། །བདག་ཅག་རྣམས་ཀྱིས་སྔོན་ཆད་ལས་བགྱིས་པས། །གཞལ་མེད་ཁང་པ་རི་མོ་བཀྲ་འདི་དག །བདག་ཅག་རྣམས་ལ་ཐུགས་བརྩེའི་སླད་དུ་བཞེས། །འཇིག་རྟེན་མཁྱེན་པ་ཅི་དགྱེས་སྤྱད་དུ་གསོལ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག །བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བ་བཤད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་རྣམས་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཇིག་རྟེན་འདི་དག་རྗེས་སུ་གཟུང་དུ་གསོལ།

བཅོམ་ལྡན་འདས་ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་རྣམས་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་ལ་ཆོས་བསྟན་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་
བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བར་འགྱུར་རོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་གིས་སྒྲ་སྐད་གཅིག་ཏུ་འཐུན་པར་བརྗོད་དེ། བཅོམ་
ལྡན་འདས་དེ་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་བཤད་གསོལ། །རྐང་གཉིས་གཙོ་བོས་བསྟན་དུ་གསོལ། །བྱམས་པའི་སྟོབས་ཀྱིས་བཤད་དུ་གསོལ། །སེམས་ཅན་སྡུག་བསྔལ་རྣམས་ལས་སྒྲོལ། །འཇིག་རྟེན་སྒྲོན་
མ་རྙེད་དཀའ་སྟེ། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །དཔའ་བོ་ཆེན་པོ་བྱུང་བས་ན། །དེ་བཞིན་གཤེགས་ལ་གསོལ་བར་འཚལ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་ལ། བཅོམ་ལྡན་འདས་དེས་ཅང་མི་གསུང་བར་གྱུར་པས་གནང་ངོ་། །དགེ་སློང་དག་དེའི་
ཚེ་ན་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་དག་ན། ཚངས་པའི་གཞལ་མེད་ཁང་གང་དག་ཡོད་པ་དེ་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ། དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་ཏོ། །དགེ་སློང་དག་དེ་
ནས་ཚངས་པ་ཆེན་པོ་དེ་དག་འདི་སྙམ་དུ། ཚངས་པའི་གཞལ་མེད་ཁང་གང་དག་ཡོད་པ་དེ་དག་ཤིན་ཏུ་མཛེས་ཤིང་། ལྷན་ནེ་ལྷང་ངེར་གྱུར་ལ་དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་པ་འདི། སུའི་སྔ་ལྟས་སུ་འགྱུར་སྙམ་དུ་སེམས་སོ། །དགེ་སློང་དག་དེ་ནས་
འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན་ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་གནས་དག་ཏུ་ཕན་ཚུན་དོང་ནས་སྨྲའོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་རབ་ཏུ་སྙིང་རྗེ་ཅན་ཞེས་བྱ་བས། ཚངས་པའི་ཚོགས་ཆེན་པོ་དེ་ལ་

ཚིགས་སུ་བཅད་དེ་སྨྲས་པ། གྲོགས་དག་སུ་ཡི་སྔ་ལྟས་ཀྱིས། །གཞལ་མེད་ཁང་རྣམས་དེང་མཛེས་ཤིང་། །ཤིན་ཏུ་གཟི་བརྗིད་ལྡན་གྱུར་པར། །དེ་རིང་འདི་ན་སྣང་བར་འགྱུར། །ཅི་སྟེ་དེ་རིང་ལྷ་ཡི་བུ། །བསོད་ནམས་ཅན་ཞིག་འདིར་འོངས་ཏེ། །དེ་ཡི་
མཐུས་ནི་གཞལ་མེད་ཁང་། །འདི་དག་ཐམས་ཅད་མཛེས་གྱུར་ཏམ། །འོན་ཏེ་སངས་རྒྱས་རྐང་གཉིས་མཆོག །འཇིག་རྟེན་འདིར་ནི་བྱུང་གྱུར་ཏམ། །གང་གི་མཐུས་ནི་འདི་ལྟར་དེང་། །གཞལ་མེད་ཁང་འདི་འདི་འདྲར་གྱུར། །ཐམས་ཅད་འདུས་ཏེ་བརྟག་པར་བྱ། །འདི་ནི་
དོན་ཆུང་མ་ཡིན་ཏེ། །སྔོན་ཆད་དག་ནི་འདི་འདྲ་བའི། །ལྟས་ནི་ནམ་ཡང་མ་མཐོང་ངོ་། །ཕྱོགས་བཞི་དག་ཏུ་འདོང་བར་བྱ། །བྱེ་བ་སྙེད་ཀྱི་ཞིང་ཡང་བསྐོར། །དེ་རིང་སངས་རྒྱས་འཇིག་རྟེན་དུ། །གདོན་མི་ཟ་བར་འབྱུང་བར་འགྱུར། །དགེ་སློང་དག་དེ་ནས་ཚངས་པ་བྱེ་བ་ཁྲག་
ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག །རང་རང་གི་ཚངས་པའི་ལྷའི་གཞལ་མེད་ཁང་དེ་དག་ཏུ་ཞུགས་ཏེ། ལྷའི་མེ་ཏོག་གི་ཕུར་མ་རི་རབ་ཙམ་ཐོགས་ནས། ཕྱོགས་བཞིར་རྒྱུ་ཞིང་འདོང་བ་ལས། ནུབ་བྱང་གི་ཕྱོགས་མཚམས་སུ་དོང་བ་དང་། དགེ་སློང་དག་དེ་ནས་ཚངས་པ་ཆེན་
པོ་དེ་དག་གིས། ནུབ་བྱང་གི་ཕྱོགས་མཚམས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་ཤིང་། བྱང་
ཆུབ་ཀྱི་ཤིང་དྲུང་ན། སེང་གེའི་ཁྲི་ལ་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དག་གིས་ནི་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ།
སྲས་རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་ནི། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་དེ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་

བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་མེ་ཏོག་གི་ཕུར་མ་རི་རབ་ཙམ་དེ་དག་གིས་བཅོམ་ལྡན་འདས་དེ་ལ་གཏོར་རབ་ཏུ་གཏོར་ཏེ། བྱང་ཆུབ་ཀྱི་ཤིང་དེའི་དཔག་ཚད་བཅུ་ཚུན་ཆད་གཏོར་ནས། ཚངས་པའི་གཞལ་མེད་ཁང་དེ་དག་ཀྱང་བཅོམ་ལྡན་འདས་དེ་ལ་ཕུལ་ཏེ། བཅོམ་
ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་ཚངས་པའི་གཞལ་མེད་ཁང་འདི་དག་བཞེས་སུ་གསོལ། བདེ་བར་གཤེགས་པ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་ཚངས་པའི་གཞལ་མེད་ཁང་འདི་དག་ཡོངས་སུ་སྤྱད་དུ་གསོལ། ཞེས་གསོལ་ཏོ། །དགེ་སློང་
དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་རང་རང་གི་གཞལ་མེད་ཁང་དེ་དག་བཅོམ་ལྡན་འདས་དེ་ལ་ཕུལ་ནས། དེའི་ཚེ་བཅོམ་ལྡན་འདས་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །མཚུངས་མེད་དྲང་སྲོང་ཆེ་ལ་ཕྱག་འཚལ་ལོ། །
ཀ་ལ་པིང་ཀའི་དབྱངས་སྙན་ལྷ་ཡི་ལྷ། །རྣམ་པར་འདྲེན་པ་ལྷར་བཅས་འཇིག་རྟེན་ན། །འཇིག་རྟེན་ཕན་བརྩེ་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཤིན་ཏུ་ཡུན་རིང་བརྒྱ་ལམ་ན། །ངོ་མཚར་གྱུར་པ་དེ་རིང་འཇིག་རྟེན་བྱུང་། །བསྐལ་པ་བརྒྱ་ཚང་ཚོལ་བའི་འཇིག་རྟེན་
འདི། །སངས་རྒྱས་བརྒྱད་ཅུ་དག་དང་མཚུངས་པར་གྱུར། །བསྐལ་པ་ཁྲག་ཁྲིག་བརྒྱད་ཅུ་རྫོགས་པར་ནི། །རྐང་གཉིས་གཙོ་བོས་སྔོན་ཆད་སྟོངས་པར་གྱུར། །དེ་སྲིད་ངན་སོང་ས་ནི་རྣམ་པར་འཕེལ། །ལྷ་ཡི་ལུས་ནི་རྟག་ཏུ་ཉམས་པར་གྱུར། །ད་ནི་བདག་ཅག་
རྣམས་ཀྱི་བསོད་ནམས་ཀྱིས། །ཆོས་ཀྱི་རྒྱལ་པོ་མིག་དང་རྟེན་དང་གནས། །སྐྱོབ་དང་ཕ་དང་རྩ་ལག་ཕན་མཛད་པ། །ཐུགས་བརྩེར་ལྡན་པ་འཇིག་རྟེན་འདིར་བྱུང་ངོ་། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བ་བཤད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་རྣམས་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཇིག་རྟེན་འདི་དག་རྗེས་སུ་གཟུང་དུ་གསོལ། བཅོམ་ལྡན་འདས་
ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་རྣམས་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་ལ་ཆོས་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་
བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བར་འགྱུར་རོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་གིས་སྒྲ་སྐད་གཅིག་ཏུ་འཐུན་པར་བརྗོད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་
དག་གསོལ་ཏོ། །ཐུབ་པ་ཆེན་པོ་འཁོར་ལོ་མཆོག་བསྐོར་གསོལ། །ཕྱོགས་བཅུ་རྣམས་སུ་ཆོས་རབ་བཤད་དུ་གསོལ། །སྡུག་བསྔལ་ཆོས་ཀྱིས་གཟིར་བའི་སེམས་ཅན་སྒྲོལ། །ལུས་ཅན་རྣམས་ལ་དགའ་ཞིང་རངས་པ་སྐྱེད། །དེ་ཐོས་པས་ན་བྱང་ཆུབ་ཐོབ་འགྱུར་
ཏེ། །ལྷ་ཡི་གནས་རྣམས་སུ་ཡང་མཆི་བར་འགྱུར། །ཀུན་གྱིས་ལྷ་མ་ཡིན་གྱི་ལུས་སྤངས་ཏེ། །དུལ་ཞིང་ཞི་ལ་རབ་ཏུ་བདེ་བར་འགྱུར། །དགེ་སློང་དག་དེ་ནས་ཚངས་པ་དེ་དག་ལ་ཡང་། བཅོམ་ལྡན་འདས་དེས་ཅང་མི་གསུང་བར་གྱུར་པས་གནང་ངོ་། །དགེ་སློང་
དག་དེའི་ཚེ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན་ཚངས་པའི་གཞལ་མེད་ཁང་གང་དག་ཡོད་པ་དེ་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ། དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་ཏོ། །དགེ་སློང་དག་དེ་ནས་ཚངས་
པ་ཆེན་པོ་དེ་དག་འདི་སྙམ་དུ་ཚངས་པའི་གཞལ་མེད་ཁང་འདི་དག་ནི་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ། དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་པ་འདི་སུའི་སྔ་ལྟས་སུ་འགྱུར་སྙམ་དུ་སེམས་སོ། །དགེ་སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་

བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན། ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་གནས་དག་ཏུ་ཕན་ཚུན་དོང་ནས་སྨྲའོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་ཆོས་བཟང་ཞེས་བྱ་བས་ཚངས་པའི་ཚོགས་ཆེན་པོ་དེ་ལ་ཚིགས་སུ་བཅད་པ་སྨྲས་པ། གྲོགས་པོ་དེ་རིང་རྒྱུ་མེད་རྐྱེན་མེད་པར། །གཞལ་
མེད་ཁང་འདི་ཐམས་ཅད་གཟི་ཅན་གྱུར། །འཇིག་རྟེན་འདིར་ནི་ཅུང་ཟད་ལྟས་ཅི་སྟོན། །དེ་ཡི་དོན་ནི་ལེགས་པར་བཙལ་བར་བྱ། །བསྐལ་པ་བརྒྱ་ཕྲག་མི་ཉུང་འདས་པ་ནས། །འདི་འདྲའི་ལྟས་སྔོན་ནམ་ཡང་བྱུང་མ་གྱུར། །ཡང་ན་འདིར་ནི་ལྷ་ཡི་བུ་ཞིག་སྐྱེས། །ཡང་ན་འཇིག་རྟེན་འདིར་ནི་སངས་རྒྱས་
བྱུང་། །དགེ་སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན་ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་ལྷན་ཅིག་ཏུ་འདུས་ནས། རང་རང་གི་ཚངས་པའི་གཞལ་མེད་ཁང་དེ་དག་ཏུ་བཞུགས་ཏེ། ལྷ་ཡི་མེ་ཏོག་གི་ཕུར་མ་རི་རབ་ཙམ་དེ་དག་ཐོགས་ནས་
ཕྱོགས་བཞིར་རྒྱུ་ཞིང་འདོང་བ་ལས་བྱང་ཕྱོགས་སུ་དོང་བ་དང་། དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་བྱང་ཕྱོགས་ལོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ།
བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་ཤིང་བྱང་ཆུབ་ཀྱི་ཤིང་དྲུང་ན་སེང་གེའི་ཁྲི་ལ་བཞུགས་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དག་གིས་ནི་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། སྲས་རྒྱལ་
བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་དེ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས།
མེ་ཏོག་གི་ཕུར་མ་རི་རབ་ཙམ་དེ་དག་གིས་བཅོམ་ལྡན་འདས་དེ་ལ་གཏོར་རབ་ཏུ་གཏོར་ཏེ། བྱང་ཆུབ་ཀྱི་ཤིང་དེའི་དཔག་ཚད་བཅུ་ཚུན་ཆད་གཏོར་ནས་ཚངས་པའི་གཞལ་མེད་ཁང་དེ་དག་ཀྱང་བཅོམ་ལྡན་འདས་དེ་ལ་ཕུལ་ཏེ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་ཏུ་ཚངས་

པའི་གཞལ་མེད་ཁང་འདི་དག་བཞེས་སུ་གསོལ། བདེ་བར་གཤེགས་པ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་ཚངས་པའི་གཞལ་མེད་ཁང་འདི་དག་ཡོངས་སུ་སྤྱད་དུ་གསོལ་ཞེས་གསོལ་ཏོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་ཀྱང་རང་རང་གི་གཞལ་མེད་
ཁང་དེ་དག་བཅོམ་ལྡན་འདས་དེ་ལ་ཕུལ་ནས། དེའི་ཚེ་བཅོམ་ལྡན་འདས་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ལེགས་གཤེགས་ཁྱོད་ནི་སྲིད་པའི་འདོད་ཆགས་འཇོམས། །འཇིག་རྟེན་གྱི་ནི་རིང་ལོན་
ཁྱོད་དེ་མཐོང་། །བསྐལ་པ་བརྒྱ་སྙེད་ཚང་ནས་སྣང་བར་འགྱུར། །འཇིག་རྟེན་མགོན་པོ་སྐྱེ་དགུ་སྐོམ་ངོམས་མཛོད། །སྔོན་ཆད་མ་མཐོང་བརྒྱ་ལམ་སྣང་བར་གྱུར། །རྙེད་དཀའ་ཨུ་དུམ་བཱ་རའི་མེ་ཏོག་བཞིན། །དེ་བཞིན་རྣམ་པར་འདྲེན་པ་བརྒྱ་ལམ་མཐོང་། །རྣམ་པར་འདྲེན་པ་བདག་ཅག་
གཞལ་མེད་ཁང་། །ཁྱོད་ཀྱི་མཐུས་ནི་དེ་རིང་མཛེས་པར་གྱུར། །ཀུན་ཏུ་སྤྱན་གྱིས་འདི་དག་བཞེས་སུ་གསོལ། །བདག་ཅག་ཐུགས་བརྩེའི་སླད་དུ་སྤྱད་པ་མཛོད། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། བཅོམ་
ལྡན་འདས་མྱ་ངན་ལས་འདའ་བ་བཤད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་རྣམས་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཇིག་རྟེན་འདི་དག་རྗེས་སུ་གཟུང་དུ་གསོལ། བཅོམ་ལྡན་འདས་ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་
པའི་སྐྱེ་དགུ་རྣམས་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་ལ་ཆོས་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བར་འགྱུར་རོ། །དགེ་སློང་དག་དེ་ནས་ཚངས་པ་བྱེ་བ་

ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་གིས་སྒྲ་སྐད་གཅིག་ཏུ་འཐུན་པར་བརྗོད་དེ། བཅོམ་ལྡན་འདས་དེ་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །རྣམ་པར་འདྲེན་པ་བཅོམ་ལྡན་ཆོས་བཤད་གསོལ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་དུ་གསོལ། །ཆོས་ཀྱི་རྔ་རྣམས་རབ་ཏུ་བརྡུང་དུ་
གསོལ། །ཆོས་ཀྱི་དུང་ཡང་རབ་ཏུ་བུད་པར་གསོལ། །དམ་ཆོས་ཆར་པ་འཇིག་རྟེན་དབབ་ཏུ་གསོལ། །དབྱངས་སྙན་པས་ནི་ལེགས་པར་བསྟན་དུ་གསོལ། །གསོལ་བ་བཞིན་དུ་ཆོས་ནི་བཤད་དུ་གསོལ། །སེམས་ཅན་བྱེ་བ་ཁྲག་ཁྲིག་དགྲོལ་དུ་གསོལ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་
པོ་དག་ལ་ཡང་བཅོམ་ལྡན་འདས་དེས་ཅང་མི་གསུང་བར་གྱུར་པས་གནང་ངོ་། །དེ་བཞིན་དུ་སྦྱར་ཏེ་དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་དང་དེ་བཞིན་དུ་ནུབ་ཀྱི་ཕྱོགས་དང་དེ་བཞིན་དུ་ནུབ་བྱང་གི་ཕྱོགས་དང་དེ་བཞིན་དུ་བྱང་གི་ཕྱོགས་དང་དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་དང་འོག་གི་ཕྱོགས་ཀྱང་དེ་བཞིན་ནོ། །
དགེ་སློང་དག་དེ་ནས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན་ཚངས་པའི་གཞལ་མེད་ཁང་གང་དང་གང་དག་ཡོད་པ་དེ་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ་དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་ཏོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་
དེ་དག་འདི་སྙམ་དུ་ཚངས་པའི་གཞལ་མེད་ཁང་འདི་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ་དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་པ་འདི་སུའི་སྔ་ལྟས་སུ་འགྱུར་སྙམ