Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 051_མདོ་སྡེ།_ཇ

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
ས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་

བཀའ་སྩལ་ཏོ། །ཇི་ལྟར་སྐྱེས་བུ་ཞིག་གི་ཁྱིམ་ཡོད་པ། །ཆེ་ལ་རབ་ཏུ་འགྲུམས་ཏེ་ཞིག་ལ་ཐུག །དེ་བཞིན་ཁྱམས་རྣམས་ཞིག་པར་གྱུར་པ་སྟེ། །ཀ་བའི་རྩ་བ་དག་ཀྱང་རུལ་བར་གྱུར། །པུ་ཤུ་དང་ནི་སྐར་ཁུང་ཕྱོགས་རེར་དྲལ། །རྩིག་པ་རེ་ལྡེ་སྐྱང་
ནུལ་རྣམས་ཀྱང་གོགས། །སྟེགས་བུ་དག་ཀྱང་རྙིངས་ནས་འགྲུམས་ཤིང་ཞིག །རྩྭ་ཡིས་གཡོགས་པ་ཀུན་ཀྱང་འདྲལ་ཞིང་འཛག །བརྒྱ་ཕྲག་ལྔ་དག་ལས་ནི་མི་ཉུང་བ། །དེ་ན་དེ་དག་གི་ཡང་གནས་སུ་གྱུར། །ཁང་ཕྲན་ཤིན་ཏུ་དོག་པ་མང་པོ་དག །སྨེ་བས་རབ་ཏུ་གང་
ཞིང་སྨད་པར་གྱུར། །དེ་ན་ཁྱམས་རྣམས་དགུ་པོ་ཐམས་ཅད་འགྲུམས། །ར་བ་རྩིག་པ་དག་ཀྱང་དེ་བཞིན་ཞིག །བྱ་རྒོད་བྱེ་བ་དག་ནི་དེ་ན་གནས། །དེ་བཞིན་ཕུག་རོན་འུག་པ་བྱ་གཞན་དང་། །མི་བཟད་གདུག་པའི་སྦྲུལ་རྣམས་དེ་ན་ཡོད། །དུག་ཆེན་དྲག་པོ་རྣམས་
ཀྱང་ཕྱོགས་ཕྱོགས་ན། །སྡིག་པ་དང་ནི་བྱི་བ་སྣ་ཚོགས་དང་། །ཤིན་ཏུ་གཏུམ་པའི་སྲོག་ཆགས་རྣམ་མང་གནས། །མི་མ་ཡིན་པའང་གནས་དང་གནས་དག་ན། །བཤང་གཅི་དག་གིས་རབ་ཏུ་སྨེ་བར་བྱས། །སྲིན་བུ་མེ་ཁྱེར་གྲོག་མ་སྦུར་བུས་གང་། །ཁྱི་རྣམས་དང་
ནི་ཝ་དག་ང་རོ་འདོན། །ཅེ་སྤྱང་མི་བཟད་ཁྲོ་བོ་དེ་ན་འཁོད། །མི་རོ་རྣམས་ལ་འཁྲེན་ཅིང་རབ་ཏུ་ཟ། །དེ་ཡི་ཐེ་རེལ་སྡོད་ཅིང་ལྟ་བ་ཡང་། །ཝ་དང་ཁྱི་དག་དེ་ན་དུ་མ་འཁོད། །དེ་དག་ཉམ་ཆུང་རྟག་ཏུ་བཀྲེས་པས་ཉེན། །གནས་དང་གནས་ན་རྣམ་པར་འཆའ་ཞིང་ཟ། །ཐབ་མོ་
བྱེད་དེ་རབ་ཏུ་སྒྲ་ཡང་འབྱིན། །རྣམ་པ་དེ་འདྲར་ཁྱིམ་དེ་རབ་ཏུ་འཇིགས། །མི་ཡི་རོ་དག་ལ་ཡང་རྣམ་འཁྲེན་ཞིང་། །ཤིན་ཏུ་དྲག་སེམས་གནོད་སྦྱིན་དེ་ན་འཁོད། །སྦྲུལ་དང་རྐང་བརྒྱ་པ་དང་གཅན་གཟན་རྣམས། །དེ་ཡི་གནས་དང་གནས་ན་རབ་ཏུ་འཁོད། །དེ་དག་ཕྱོགས་དང་
ཕྱོགས་སུ་ཚང་བཅས་ཏེ། །ཕྲུག་གུ་རྣམས་ཀྱང་ཀློག་ཅིང་འཇོག་པར་བྱེད། །དེ་དག་གིས་ནི་བཞག་ཅིང་བཀོད་པ་ལ། །གནོད་སྦྱིན་རྣམས་ཀྱང་དེ་ལ་ཕལ་ཆེར་ཟ། །རབ་ཏུ་གཏུམ་སེམས་སེམས་ཅན་གཞན་ཟོས་པས། །ཇི་ཙམ་གནོད་སྦྱིན་དེ་དག་འདྲངས་གྱུར་ཏེ། །སེམས་

ཅན་གཞན་གྱི་ཤ་ཡིས་ལུས་རྒྱས་ནས། །དེ་ཚེ་དེ་ན་རབ་ཏུ་ཐབ་མོ་བྱེད། །མི་བཟད་གཏུམ་སེམས་ཁྲོ་བའི་གྲུལ་བུམ་རྣམས། །ཞིག་པའི་ཁྱིམ་དེ་རྣམས་སུ་གནས་འཆའ་སྟེ། །མཐོ་གང་ཚད་དང་དེ་བཞིན་ཁྲུ་གང་ཚད། །ཁྲུ་དོའི་ཚད་ཀྱི་ཕན་ཚུན་རྒྱུ་ཞིང་འགྲོ། །དེ་དག་ཁྱི་ཡི་རྐང་
ནས་བཟུང་ནས་ནི། །དེ་བཞིན་ས་ལ་གན་རྐྱལ་དེ་བཞག་སྟེ། །མགུལ་པ་རབ་ཏུ་བགགས་ཤིང་བསྡིགས་པ་ཡིས། །འཁང་དུ་བཅུག་པ་དེ་ལ་དགའ་བར་བྱེད། །གཅེར་བུ་གནག་ཅིང་དེ་བཞིན་རིད་པ་ཡི། །ཡི་དགས་ཆེ་ཞིང་རིང་བའང་དེར་གནས་ཏེ། །རབ་ཏུ་བཀྲེས་པས་
ཁ་ཟས་ཀུན་ཚོལ་ཞིང་། །དེ་དག་དེ་ན་ཉམ་ཐག་ཆོ་ངེས་འདེབས། །ལ་ལ་གླང་གི་མགོ་ལ་ཁབ་ཀྱི་ཁ། །མི་ཙམ་དང་ནི་དེ་བཞིན་ཁྱི་ཙམ་དག །ཟས་ལ་སྲེད་པས་རབ་ཏུ་གདུངས་པའི་ཕྱིར། །སྐྲ་དག་ལྷུག་པར་བཤིག་ཅིང་སྒྲ་ཡང་འབྱིན། །གནོད་སྦྱིན་ཤ་ཟ་ཡི་དགས་
དེ་དག་ཀྱང་། །སྲེད་བརྐམ་ཁ་ཟས་དག་ནི་ཚོལ་བའི་ཕྱིར། །རྟག་ཏུ་མཐོངས་དང་སྐར་ཁུང་དག་ནས་ཀྱང་། །དེ་ན་ཕྱོགས་བཞིར་རབ་ཏུ་ལྟ་བར་བྱེད། །དེ་ལྟར་ཁྱིམ་དེ་མི་བཟད་འཇིག་གྱུར་ལ། །ཆེ་ཞིང་མཐོ་ལ་རབ་ཏུ་མི་བརྟན་ཏེ། །རྣམ་པར་འགྲུམས་ཤིང་འཇིག་ཉེ་
འཇིགས་པ་དེ། །སྐྱེས་བུ་གཅིག་ཅིག་ཡོངས་སུ་དབང་གྱུར་ལ། །སྐྱེས་བུ་དེ་ཡང་ཁྱིམ་གྱི་ཕྱི་རོལ་བྱུང་། །ཁྱིམ་དེ་ཀུན་ཀྱང་རབ་ཏུ་འབར་གྱུར་ཏེ། །ངོས་བཞི་ཐམས་ཅད་ནས་ནི་གློ་བུར་དུ། །མེ་ལྕེ་སྟོང་སྙེང་ཀུན་ཏུ་འབར་བར་འགྱུར། །འོད་མ་དང་ནི་ཤིང་དག་མེས་
ཚིག་སྟེ། །དྲག་པོའི་སྒྲ་རྣམས་ཤིན་ཏུ་འཇིགས་པར་འབྱུང་། །ཀ་བ་དང་ནི་དེ་བཞིན་རྩིག་པ་འབར། །གནོད་སྦྱིན་ཡི་དགས་དག་ཀྱང་སྒྲ་དག་འབྱིན། །བྱ་རྒོད་བརྒྱ་ཡང་རག་རོག་ཚིག་པར་འགྱུར། །གྲུལ་བུམ་དག་ནི་གདོང་ཚིག་ལྡོམ་ཞིང་འཕྱན། །དེ་ན་ཀུན་ཏུ་སྦྲུལ་
བརྒྱ་མང་པོ་དག །མེ་ཡིས་ཚིག་ནས་ཙེར་ལྷང་སྒྲ་ཡང་འབྱིན། །བསོད་ནམས་མེད་པ་མེ་ཡིས་ཀུན་ཚིག་ཅིང་། །དེ་ན་ཤ་ཟ་མང་པོ་ཕན་ཚུན་རྒྱུ། །དེ་དག་གཅིག་ལ་གཅིག་ནི་སོས་བཏབ་སྟེ། །ཚིག་པར་གྱུར་པ་དག་ལ་ཁྲག་གིས་འཐོར། །དེ་ན་ཅེ་སྤྱང་དུས་བྱས་ཤི་

བ་ལ། །སེམས་ཅན་དག་ནི་ཕན་ཚུན་རྣམ་པར་ཟ། །ངན་སྐྱུགས་ཚིག་པའི་དྲི་ང་ཡིད་མི་འོང་། །འཇིག་རྟེན་དག་ན་ཕྱོགས་བཞིར་རབ་ཏུ་འཐུལ། །སྲིན་བུ་རྐང་བརྒྱ་པ་དག་བྲོས་པ་ལ། །དེ་ལ་གྲུལ་བུམ་དག་ནི་ཤིན་ཏུ་ཟ། །བཀྲེས་པ་དང་ནི་སྐོམ་པས་རབ་
གདུངས་ཤིང་། །ཡི་དགས་རྣམས་ཀྱང་སྒྲ་འབར་ཀུན་འཕྱན་ཏེ། །དེ་ལྟར་ཁྱིམ་དེ་ཤིན་ཏུ་མི་བཟད་འཇིགས། །མེ་ལྕེ་དག་ནི་སྟོང་སྙེད་འབར་བར་འགྱུར། །སྐྱེས་བུ་ཁྱིམ་དེའི་བདག་པོ་དེ་ཉིད་ནི། །ཤིན་ཏུ་རྣམ་པར་ལྟ་ཞིང་སྒོ་ན་འདུག །དེ་ན་དེ་ཡིས་ཐོས་པ་བདག་གི་བུ། །
འདི་ལྟར་བྱིས་པ་དག་ནི་མི་ཤེས་པས། །རྩེད་མོ་རྩེན་པ་དག་ལ་ཆགས་པའི་བློ། །རྩེད་མོ་དགའ་འམ་རབ་ཏུ་དྲེགས་མྱོས་ཞེས། །དེ་ཐོས་བདག་གི་བྱིས་པ་ཁྱེའུ་འདི་ཀུན། །མྱུར་དུ་ཚིག་ཅིང་ཆུད་ཟོས་མི་འགྱུར་བར། །བདག་གི་བུ་རྣམས་རབ་ཏུ་ཐར་བྱའི་ཕྱིར། །ཁྱིམ་
དེའི་ནང་དུ་མྱུར་དུ་ཞུགས་ནས་སུ། །དེ་ལ་དེས་ནི་ཁྱིམ་གྱི་ཉེས་བརྗོད་དེ། །སྡུག་བསྔལ་འདི་དག་མི་བཟད་རིགས་ཀྱི་བུ། །སེམས་ཅན་རྣམ་པ་མང་ཞིང་མེ་འདི་དང་། །སྡུག་བསྔལ་ཆེན་པོ་དག་ཀྱང་གཅིག་ཕྱི་གཅིག །སྦྲུལ་གདུག་ཤིན་ཏུ་གཏུམ་སེམས་གནོད་སྦྱིན་དང་། །
གྲུམ་བུམ་དང་ནི་ཡི་དགས་མང་པོ་གནས། །ཅེ་སྤྱང་དག་དང་ཝ་དང་ཁྱི་ཡང་མང་། །བྱ་རྒོད་དག་ཀྱང་ཁ་ཟས་ཀུན་ཏུ་ཚོལ། །དེ་འདྲ་བ་དག་འདི་ན་མང་གནས་ཏེ། །མེ་མེད་ཟིན་ཡང་ཤིན་ཏུ་མི་བཟད་འཇིགས། །འདི་ཡི་ཁོ་ར་ཡུག་ཏུ་མེ་འབར་ཏེ། །འདི་ན་དེ་འདྲའི་སྡུག་
བསྔལ་འབའ་ཞིག་གོ། །དེ་ལྟར་བྱིས་པའི་བློ་ཅན་དེ་སྦྲན་ཏེ། །གཞོན་ནུ་རྣམས་ནི་རྩེད་མོས་རབ་མྱོས་པས། །ཕ་ཡིས་བསྒོ་བ་དེ་ལ་མི་སེམས་ཏེ། །དེ་དག་གི་ནི་ཡིད་ལ་ཅི་མི་སྙམ། །དེ་ཚེ་སྐྱེས་བུ་དེ་ནི་ཡང་སེམས་པ། །བུ་ཕྱིར་སེམས་པས་བདག་ནི་སྡུག་བསྔལ་
ཏེ། །བདག་གི་བུ་དང་རྒྱུད་དག་མེད་པ་རུ། །མེ་འདིས་འདི་དག་ཚིག་ན་མི་རུང་ཞེས། །དེ་ཡི་དུས་ན་དེ་ཡི་ཐབས་བསམས་པ། །རྩེད་མོ་དག་ལ་བྱིས་པ་འདི་ཆགས་ཏེ། །འདི་ན་རྩེད་མོ་དགའ་བ་ཅི་ཡང་མེད། །ཀྱེ་མ་འདི་ལྟར་བྱིས་པ་གླེན་ཞིང་རྨོངས། །དེ་ལ་དེ་ཡིས་

སྨྲས་པ་གཞོན་ནུ་ཉོན། །བཞོན་པ་རྣམ་པ་གསུམ་པོ་ང་ལ་ཡོད། །ར་དང་གླང་པོ་རི་དགས་མཆོག་ལས་བཅས། །ཆེ་ཞིང་མཐོ་ལ་ལེགས་པར་བརྒྱན་པ་དག །ཁྱིམ་གྱི་ཕྱི་རོལ་ན་ནི་དེ་དག་ཡོད། །ཕྱི་རོལ་བྱུང་ལ་དེ་ལ་དགོས་པར་སྤྱོད། །ཁྱེད་ཅག་རྣམས་ཀྱི་ཕྱིར་ནི་
ངས་བྱས་ཀྱིས། །དེ་ལ་དགའ་བར་ལྷན་ཅིག་ཕྱིར་འཐོན་ཅིག །བཞོན་པ་དེ་འདྲ་ཡོད་པར་ཤེས་ནས་སུ། །དེ་དག་བརྩོན་འགྲུས་བརྩམས་ཏེ་རངས་གྱུར་ནས། །དེ་ཡི་མོད་ལ་ཐམས་ཅད་ཕྱི་རོལ་འཐོན། །སྡུག་བསྔལ་དག་ལས་ཐར་ཏེ་སྟོང་པར་འདུག །མི་དེས་བྱིས་པ་
འཐོན་པ་མཐོང་ནས་སུ། །གྲོང་ཁྱེར་དབུས་ཀྱི་དཔོང་སར་གནས་པ་ནི། །སེང་གེའི་ཁྲི་ལ་འདུག་ནས་དེ་ལ་སྨྲས། །ཀྱེ་མ་ང་ནི་དེ་རིང་མྱ་ངན་འདས། །ང་ཡིས་དཀའ་བར་རྙེད་པ་ཉོན་མོངས་དག །བུ་སྡུག་ཉི་ཤུ་འདི་དག་སྙིང་གི་བུ། །སྐྱེ་བོ་མང་པོས་གང་ཞིག་འཇིགས་པ་
ཡི། །དེ་དག་མི་བཟད་གདོན་དཀའི་ཁྱིམ་ན་འཁོད། །ཀུན་ཏུ་འབར་ཞིང་མེ་ལྕེ་སྟོང་གིས་གང་། །དེ་དག་རྩེད་མོ་དགའ་ལ་ཆགས་པར་གྱུར། །ངས་ནི་དེ་རིང་དེ་དག་ཐར་བྱས་ཏེ། །དེ་བས་ང་དེང་མྱ་ངན་འདས་པར་གྱུར། །ཕ་དེ་བདེ་བར་འདུག་པར་རིག་ནས་སུ། །
བྱིས་པ་དེ་དག་ལྷགས་ནས་འདི་སྐད་སྨྲ། །བཞོན་པ་ཡིད་དུ་འོང་བ་གསུམ་པོ་རྣམས། །ཡབ་ཀྱིས་གསུངས་པ་བཞིན་དུ་བདག་ཅག་སྩོལ། །བཞོན་པ་རྣམ་པ་གསུམ་པོ་ཁྱོད་སྦྱིན་ཞེས། །ཡབ་ཁྱོད་ཀྱིས་ནི་ཁྱིམ་དེར་གང་གསུངས་པ། །གལ་ཏེ་དེ་དག་ཐམས་ཅད་མེད་ན་ནི། །
ད་འདིར་དུས་ལ་བབ་ཀྱིས་དེ་དག་སྩོལ། །མི་དེ་མཛོད་ཀྱི་མཐུ་དང་ལྡན་པ་སྟེ། །གསེར་དང་དངུལ་དང་ནོར་བུ་མུ་ཏིག་དང་། །བྲན་དང་འགྲོན་བུ་དག་ནི་མི་ཉུང་བས། །བཞོན་པ་དེ་ཡང་རྣམ་པ་སྣ་གཅིག་བྱིན། །གླང་གི་ཤིང་རྟ་རིན་ཆེན་དམ་པ་སྟེ། །ལོགས་བཅས་དྲིལ་
བུ་གཡེར་ཁའི་དྲ་བས་བྲེས། །གདུགས་དང་རྒྱལ་མཚན་དག་གིས་ལེགས་པར་བརྒྱན། །མུ་ཏིག་དང་ནི་ནོར་བུའི་དྲ་བས་གཡོགས། །གསེར་གྱི་མེ་ཏོག་རྣམས་ཀྱི་ཕྲེང་བ་དག །ཕྱོགས་དང་ཕྱོགས་རྣམས་སུ་ནི་ཤིན་ཏུ་སྤྱངས། །རབ་ཏུ་ཆེ་བའི་གོས་ཀྱིས་དེ་གཡོགས་

ཏེ། །དཀར་བཟངས་བཅོས་བུའི་རས་རྣམས་ཤིན་ཏུ་བཏིང་། །དེ་ན་དེ་བཞིན་འཇམ་པའི་དར་རྣམས་དང་། །ཤིང་རྟ་དེ་ལ་ཤིང་བལ་མཆོག་ཀྱང་བཏིང་། །གོས་རབ་ཀོ་ཏམ་བ་མཆོག་ངང་པའི་མཚན། །བྱེ་བ་ཕྲག་སྟོང་རི་བ་རྣམས་ཀྱིས་གཡོགས། །
རིན་ཆེན་ཤིང་རྟ་བཅས་པ་དེ་དག་ནི། །གླང་པོ་དཀར་ཞིང་ཚོ་ལ་སྟོབས་དང་ལྡན། །བལྟ་ན་སྡུག་ཅིང་ཤིན་ཏུ་བོང་ཡང་ཆེ། །སྐྱེས་བུ་དམ་པ་དག་གིས་རབ་ཏུ་བརྟེན། །སྐྱེས་བུ་དེ་ནི་བུ་རྣམས་ཐམས་ཅད་ལ། །དེ་ལྟ་བུ་ཡི་ཤིང་རྟ་མཆོག་བྱིན་ཏེ། །དེས་ནི་དེ་དག་དགའ་ཞིང་
རངས་ནས་སུ། །ཕྱོགས་དང་ཕྱོགས་མཚམས་དག་ཏུ་རྩེ་ཞིང་དོང་། །དེ་བཞིན་དྲང་སྲོང་ང་ཡང་ཤཱ་རིའི་བུ། །སེམས་ཅན་རྣམས་ཀྱི་སྐྱབས་དང་ཕ་ཡིན་ཏེ། །སྲོག་ཆགས་འདི་དག་ཐམས་ཅད་ང་ཡི་བུ། །བྱིས་པ་དག་ནི་ཁམས་གསུམ་འདོད་ལ་ཆགས། །ཁམས་
གསུམ་དག་ནི་ཁང་པ་དེ་འདྲ་སྟེ། །སྡུག་བསྔལ་ཤིན་ཏུ་མི་བཟད་བརྒྱ་ཡིས་དཀྲུགས། །ན་བ་དང་ནི་སྐྱེ་རྒ་དུ་མ་རྒྱས། །མ་ལུས་ཐམས་ཅད་ནས་ཀྱང་རབ་ཏུ་འབར། །ང་ནི་ཁམས་གསུམ་དག་ལས་ཐར་ཅིང་ཞི། །ནགས་ཚལ་དག་ན་གནས་ཤིང་དབེན་པར་འདུག །ངས་
ནི་ཁམས་གསུམ་འདི་དག་ཡོངས་བཟུང་སྟེ། །འདི་ན་གང་རྣམས་སྲེག་པ་ང་ཡི་བུ། །ང་ཉིད་དེ་ཡི་སྐྱབས་སུ་རིག་ནས་སུ། །དེ་ལ་ཉེས་པ་དག་ནི་ངས་བསྟན་ཏེ། །འདི་ལྟར་འདོད་ལ་རྣམ་པར་ཆགས་པའི་བློ། །བྱིས་པ་འདི་ཀུན་ང་ཡི་མི་ཉན་ཏོ། །ཐབས་ལ་མཁས་པ་དག་ནི་ངས་
སྦྱར་ཏེ། །དེ་དག་ལ་ཡང་ཐེག་པ་གསུམ་དུ་བཤད། །ཁམས་གསུམ་དག་གི་ཉེས་པ་མང་མཁྱེན་ནས། །གདོན་པར་བྱ་བའི་ཕྱིར་ནི་ཐབས་བཤད་དོ། །བུ་གང་ང་ལ་རྟེན་པར་གྱུར་པ་དག །མངོན་ཤེས་དྲུག་དང་གསུམ་རིག་མཐུ་ཆེན་དང་། །འདི་ན་རང་རྒྱལ་རྣམས་ནི་
གང་ཡོད་དང་། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གང་། །ངས་ནི་བུ་འདྲར་མཁས་པ་དེ་དག་ལ། །དེ་ཡི་ཚེ་ན་དཔེ་མཆོག་འདི་དག་གིས། །སངས་རྒྱས་ཐེག་པ་གཅིག་པུ་འདི་བཤད་དེ། །ཐམས་ཅད་རྒྱལ་བར་འགྱུར་གྱིས་འདི་ཟུང་ཤིག །སངས་རྒྱས་རྐང་

གཉིས་མཆོག་གི་ཡེ་ཤེས་དེ། །ཁྱད་པར་འཕགས་ཤིང་ཤིན་ཏུ་ཡིད་དུ་འོང་། །འཇིག་རྟེན་འདི་དག་ཀུན་ན་ཁྱད་པར་ཅན། །ཡངས་པའི་དངོས་པོ་དེ་བཞིན་ཕྱག་བྱར་འོས། །སྟོབས་དང་བསམ་གཏན་དེ་བཞིན་རྣམ་ཐར་དང་། །ཏིང་ངེ་འཛིན་དག་བྱེ་བ་དུ་མ་བརྒྱ། །ཤིང་རྟ་
དེ་ནི་དེ་འདྲ་མཆོག་ཡིན་ཏེ། །དེ་ལ་སངས་རྒྱས་སྲས་རྣམས་རྟག་ཏུ་དགའ། །དེ་ལ་རྩེན་པར་ཉིན་མཚན་འདས་པར་བྱེད། །དུས་དང་ཟླ་བ་ཕྱེད་དང་ཟླ་བ་དང་། །དེ་བཞིན་ལོ་དང་བར་གྱི་བསྐལ་པ་དང་། །བསྐལ་པ་བྱེ་བ་སྟོང་ཡང་འདས་པར་བྱེད། །བདེ་གཤེགས་ཉན་
ཐོས་གང་རྣམས་ཉན་པ་དང་། །བྱང་ཆུབ་སེམས་དཔའ་མང་པོ་རྣམ་རྩེན་ཞིང་། །འདིས་ནི་བྱང་ཆུབ་སྙིང་པོ་དེར་འགྲོ་སྟེ། །རིན་ཆེན་ཐེག་པ་འདི་ནི་དམ་པ་མཆོག །སྐར་རྒྱལ་ཁྱོད་ཀྱིས་འདི་ལྟར་རིག་པར་གྱིས། །ཕྱོགས་བཅུ་ཐམས་ཅད་དུ་ནི་བཙལ་བྱས་ཀྱང་། །སྐྱེས་
བུ་དམ་པའི་ཐབས་རྣམས་མ་གཏོགས་པར། །དེ་ལ་ཐེག་པ་གཉིས་སུ་གང་ན་འང་མེད། །ཁྱོད་ཀྱི་ཕ་ང་ཁྱེད་ཀྱང་ང་ཡི་བུ། །ཁྱེད་རྣམས་ཁམས་གསུམ་རབ་ཏུ་འཇིག་པ་ན། །བསྐལ་པ་བྱེ་བ་མང་པོར་བསྲེགས་པ་ཡི། །སྡུག་བསྔལ་དག་ལས་ངས་ནི་རབ་ཏུ་བཏོན། །
འདི་ལྟར་མྱ་ངན་འདས་པར་ངས་བསྟན་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཏེ། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་ཉིད་ནི་བཙལ་བར་བྱ། །འདི་ན་བྱང་ཆུབ་སེམས་དཔའ་གང་འཁོད་པ། །ང་ཡི་སངས་རྒྱས་ཚུལ་འདི་ཀུན་
ཉོན་ཅིག །འདིས་ནི་བྱང་ཆུབ་སེམས་དཔའ་མང་པོ་འདུལ། །འདི་ནི་རྒྱལ་བའི་ཐབས་ལ་མཁས་པ་ཡིན། །གང་ཚེ་ཐེག་པ་དམན་པ་སྨད་པ་ལ། །དེ་ལ་སེམས་ཅན་དགའ་བར་གྱུར་པ་ན། །དེ་ཚེ་སྡུག་བསྔལ་འཕགས་པའི་བདེན་པ་དག །གཞན་མི་གསུང་བ་འཇིག་
རྟེན་འདྲེན་པ་འཆད། །གང་རྣམས་བྱིས་པའི་བློ་དག་མི་ཤེས་པས། །སྡུག་བསྔལ་དག་ནི་རྩ་བ་མི་མཐོང་བ། །དེ་དག་ལ་ཡང་ལམ་རྣམས་བསྟན་པར་བྱ། །སྲེད་པ་ཀུན་འབྱུང་ལས་ནི་སྡུག་བསྔལ་སྐྱེ། །རྟག་ཏུ་མི་གནས་སྲིད་པ་འགོག་པ་ཡང་། །འདི་ནི་ང་ཡི་འགོག་

བདེན་གསུམ་པ་ཡིན། །གཞན་མ་ཡིན་པ་གང་གིས་སྐྱེས་བུ་ཐར། །ལམ་རྣམས་བསྒོམས་ནས་རྣམ་པར་ཐར་བར་འགྱུར། །དེ་དག་ཅི་ལས་རྣམ་གྲོལ་ཤཱ་རིའི་བུ། །མེད་པར་འཛིན་ལས་དེ་རྣམས་རྣམ་གྲོལ་ཏེ། །ཀུན་ལས་དེ་དག་ད་དུང་ཐར་མ་ཡིན། །མྱ་ངན་
དེ་མ་འདས་ཞེས་འདྲེན་པ་གསུངས། །དེ་ལ་ཐར་བར་ཅི་ཕྱིར་བཤད་མ་མཛད། །བྱང་ཆུབ་དམ་པ་མཆོག་འདི་མ་ཐོབ་ཕྱིར། །འཇིག་རྟེན་བདེ་བྱའི་ཕྱིར་ནི་ང་སྐྱེས་པས། །ཆོས་ཀྱི་རྒྱལ་པོ་ང་ནི་དེ་ལྟར་འདོད། །ཐ་མར་དེ་རིང་ངས་ནི་གང་བཤད་པ། །ང་ཡི་ཆོས་ཀྱི་རྒྱ་འདི་ཤཱ་
རིའི་བུ། །ལྷར་བཅས་འཇིག་རྟེན་དག་ལ་ཕན་བྱའི་ཕྱིར། །ཕྱོགས་དང་ཕྱོགས་མཚམས་དག་ཏུ་བཤད་པར་གྱིས། །ཁྱོད་ཀྱིས་བསྟན་པའི་ཚེ་ན་སེམས་ཅན་གང་། །རྗེས་སུ་ཡི་རང་ངོ་ཞེས་ཚིག་སྨྲ་ཞིང་། །མདོ་འདི་མགོ་བོས་རབ་ཏུ་ལེན་པ་ནི། །མི་དེ་ཕྱིར་མི་ལྡོག་པར་ཁྱོད་
ཟུང་ཤིག །མདོ་སྡེ་འདི་ལ་དད་པར་གང་གྱུར་པ། །དེས་ནི་སྔོན་གྱི་དེ་བཞིན་གཤེགས་པ་མཐོང་། །དེ་དག་ལ་ཡང་བཀུར་སྟི་བྱས་པ་ཡིན། །རྣམ་པ་འདི་ལྟ་བུ་ཡི་ཆོས་ཀྱང་ཐོས། །ང་ཡིས་བཤད་པ་འདི་ལ་གང་དད་པ། །དེས་ནི་ཁྱོད་དང་ང་ཡང་མཐོང་བ་ཡིན། །ང་ཡི་
དགེ་སློང་དགེ་འདུན་འདི་ཀུན་དང་། །བྱང་ཆུབ་སེམས་དཔའ་འདི་དག་ཀུན་ཀྱང་མཐོང་། །མངོན་པར་ཤེས་པས་རིག་ནས་ངས་འདི་བསྟན། །མདོ་འདིས་སྐྱེ་བོ་བྱིས་པ་མྱོས་པར་འགྱུར། །འདི་ལ་ཉན་ཐོས་རྣམས་ཀྱི་ཡུལ་ཡང་མེད། །འདི་ལ་རང་སངས་རྒྱས་ཀྱི་འགྲོ་བ་མེད། །
ཤཱ་རིའི་བུ་ཁྱོད་མོས་པར་མི་བྱེད་ན། །ང་ཡི་ཉན་ཐོས་འདི་དག་གཞན་ཅི་སྨོས། །འདི་དག་ང་ལ་དད་ཕྱིར་འབྲང་བ་སྟེ། །སོ་སོར་རང་གིས་རིག་པའི་ཡེ་ཤེས་མེད། །ཁྱོད་ཀྱིས་ང་རྒྱལ་ཅན་དང་ཁེངས་པ་དང་། །མི་རིགས་ཞུགས་པ་དག་ལ་འདི་མ་བཤད། །བྱིས་པ་འདོད་
ལ་རྟག་ཏུ་རབ་མྱོས་ཤིང་། །མི་ཤེས་པས་ན་ཆོས་བསྟན་སྤོང་བར་བྱེད། །འཇིག་རྟེན་རྟག་ཏུ་ལེགས་གནས་སངས་རྒྱས་ཚུལ། །ང་ཡི་ཐབས་མཁས་འདི་ནི་རབ་སྤངས་ཤིང་། །ཁྲོ་གཉེར་བྱས་ཏེ་ཐེག་པ་སྤངས་པ་ཡི། །དེ་ཡི་མི་བཟད་རྣམ་སྨིན་འདིར་ཉོན་ཅིག །ང་ནི་འདུག་

གམ་མྱ་ངན་འདས་ཀྱང་རུང་། །རྣམ་པ་འདི་འདྲ་མདོ་སྡེ་རབ་སྤངས་ཤིང་། །དགེ་སློང་དེ་དག་ལ་ཡང་སྡང་འདོད་པས། །དེ་ཡི་རྣམ་པར་སྨིན་པ་ང་ལས་ཉོན། །དེ་དག་མི་ལས་འཆི་འཕོས་མནར་མེད་དུ། །བསྐལ་པ་ཚང་བར་རབ་ཏུ་གནས་པར་འགྱུར། །དེ་ནས་བར་གྱི་བསྐལ་པ་
དུ་མར་ཡང་། །བྱིས་པ་ཤི་ཞིང་འཕོས་ནས་དེར་ཡང་ལྷུང་། །སེམས་ཅན་དམྱལ་ལས་ནམ་ཞིག་ཤི་འཕོས་ཀྱང་། །དེ་ནས་དུད་འགྲོ་དག་ཏུའང་སྐྱེ་བར་འགྱུར། །ཤིན་ཏུ་རིད་པའི་ཝ་དང་ཁྱིར་གྱུར་ཅིང་། །གཞན་དག་རྩེད་མོ་བྱེད་པའི་གཞིར་འགྱུར་ཏེ། །དེ་ན་དེ་དག་ཁ་དོག་གནག་
པར་འགྱུར། །སྲེ་འོ་རྨ་ཅན་གཡན་པ་དག་གིས་གང་། །སྤུ་ཡང་བྱི་ཞིང་ཤིན་ཏུ་ཉམ་ཆུང་འགྱུར། །ང་ཡི་བྱང་ཆུབ་མཆོག་འདིར་ཞེ་སྡང་བས། །སྲོག་ཆགས་ནང་ན་རྟག་ཏུ་སྨད་འགྱུར་ཏེ། །རྡོ་དང་བོང་བས་ཕོག་ནས་ཤིན་ཏུ་འཁང་། །དེ་དང་དེ་ན་དབྱིག་པས་ཀུན་བསྡིགས་ལ། །
བཀྲེས་ཤིང་སྐོམ་པར་གྱུར་པས་ལུས་ཀྱང་སྐམས། །བྱིས་པའི་བློ་གང་སངས་རྒྱས་ཚུལ་སྤོང་བ། །རྔ་མོ་དང་ནི་བོང་བུར་ཡང་འགྱུར་ཏེ། །ཁ་ཟས་བསམ་པ་དག་ལ་རྗེས་སེམས་ཤིང་། །ཁལ་རྣམས་བཀལ་ནས་དབྱུག་པ་བརྒྱ་ཡིས་བརྡེགས། །ཕྱིར་ཡང་དེ་དག་དེར་ནི་
ཝར་གྱུར་ཏེ། །ཤིན་ཏུ་མི་སྡུག་ཞར་བ་འཐེང་པོར་འགྱུར། །གྲོང་གི་གཞོན་ནུ་དག་གིས་རབ་གཙེས་ཤིང་། །བྱིས་པ་དེ་དག་རྡོ་དང་བོང་བས་རྡེག །དེ་ནས་བྱིས་པའི་བློ་ཅན་ཤི་འཕོས་ནས། །དཔག་ཚད་དག་ཀྱང་ལྔ་བརྒྱ་མཉམ་པ་ཡི། །སྲོག་ཆགས་ལུས་རིད་རྣམས་སུ་
གྱུར་ནས་སུ། །ཤིན་ཏུ་བླུན་ཞིང་རྨོངས་ལ་འགྲེ་ཞིང་ལྡོག །འདི་འདྲ་བ་ཡི་མདོ་སྡེ་སྤངས་པས་ན། །དེ་དག་རྐང་པ་མེད་པའི་ལྟོ་འཕྱེར་འགྱུར། །སྲོག་ཆགས་བྱེ་བ་མང་པོས་བཟའ་བས་ན། །དེ་དག་ཤིན་ཏུ་མི་བཟད་ཚོར་བ་མྱོང་། །ནམ་ཞིག་མི་ལུས་ཐོབ་པར་གྱུར་པ་ན། །
ང་ཡི་མདོ་སྡེ་འདི་ལ་མ་དད་པས། །དེ་ན་དེ་དག་ལུས་གནག་འཐེང་པོར་འགྱུར། །སྒུར་པོ་ཞར་བ་ལྡོངས་པ་གླེན་ཞིང་སྨད། །སངས་རྒྱས་བྱང་ཆུབ་འདི་ལ་མ་དད་པས། །འཇིག་རྟེན་དག་ན་ཡིད་ཀྱང་མི་ཆེས་ཏེ། །དེ་དག་ཁ་ནས་རུལ་མནམ་རྒྱུན་མི་འཆད། །དེ་ཡི་ལུས་ལ་གནོད་

སྦྱིན་གདོན་ཀྱང་གནོད། །དབུལ་ཞིང་གཞན་གྱི་མངག་གཞུག་བྱེད་པ་སྟེ། །ཉམ་ཆུང་གཞན་གྱིས་རྟག་ཏུ་བཀོལ་བར་འགྱུར། །དེ་དག་ཤིན་ཏུ་ནད་དང་གནོད་པ་མང་། །མགོན་མེད་གྱུར་ཅིང་འཇིག་རྟེན་དག་ན་རྒྱུ། །དེ་ན་དེ་ཡིས་གང་ལ་ཉེར་བསྙེན་
ཀྱང་། །དེ་ལ་དེ་དག་སྦྱིན་པར་དད་མི་འགྱུར། །བྱིན་ན་ཡང་ནི་མྱུར་དུ་སྟོར་འགྱུར་ཏེ། །དེ་ཡི་སྡིག་པའི་འབྲས་བུ་དེ་འདྲའོ། །དེས་ན་དེ་ཡིས་སྨན་དག་རྙེད་པ་ནི། །ཤིན་ཏུ་སྦྱར་ལེགས་མཁས་པས་བྱིན་ན་ཡང་། །དེས་ཀྱང་དེ་དག་ནད་ནི་ཕྱིར་ཞིང་སྐྱེ། །ནམ་ཡང་དེ་ཡི་ནད་
རྣམས་མཐར་མི་འབྱུང་། །གཞན་གྱིས་རྐུན་པོ་བྱས་པར་གྱུར་པ་དང་། །འཁྲུག་ཅིང་དེ་བཞིན་དཔུང་འཆའ་འཐབ་པ་དང་། །དེ་བཞིན་གཞན་གྱིས་ནོར་རྣམས་འཕྲོགས་པ་ཡང་། །སྡིག་པའི་ལས་ཀྱིས་དེ་ཡི་སྟེང་དུ་འབབ། །ང་ཡི་སངས་རྒྱས་ཚུལ་འདི་སྤངས་པས་
ན། །མི་དབང་རྒྱལ་པོ་འཇིག་རྟེན་སྟོན་པ་ཡི། །འཇིག་རྟེན་མགོན་པོ་དེས་ནི་ཡོང་མི་མཐོང་། །དེ་ནི་མི་ཁོམ་པར་ཡང་གནས་པར་འགྱུར། །བྱིས་པ་དེས་ནི་ཆོས་ཀྱང་མི་ཐོས་ཏེ། །དེ་དག་སེམས་པ་མེད་ཅིང་འོན་པར་འགྱུར། །བྱང་ཆུབ་འདི་འདྲ་བ་ནི་སྤངས་པས་ན། །
དེ་དག་ནམས་ཀྱང་ཞི་བར་མི་འགྱུར་རོ། །བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད། །ཁྲག་ཁྲིག་དག་ནི་བརྒྱ་སྟོང་མང་པོ་ཡང་། །ལུས་ནི་མ་གྲིམས་ཡན་ལག་མ་ཚང་འགྱུར། །དེ་ནི་མདོ་སྡེ་འདི་སྤངས་སྡིག་པའི་འབྲས། །དེ་ཡི་སྐྱེད་མོས་ཚལ་ནི་སེམས་ཅན་དམྱལ། །ངན་སོང་
དག་ནི་དེ་ཡི་ཁྱིམ་ཡིན་ཏེ། །ཕག་དང་བོང་བུ་ཝ་དང་ས་འཛུལ་བར། །དེ་ན་དེ་དག་རྟག་ཏུ་གནས་པར་འགྱུར། །དེ་དག་མི་ཡི་ལུས་སུ་གྱུར་ན་ཡང་། །ལྡོངས་པ་དང་ནི་འོན་པ་གླེན་པ་སྟེ། །རྟག་ཏུ་དབུལ་ཞིང་གཞན་གྱིས་མངག་པར་འགྱུར། །དེ་ཚེ་དེ་ཡི་རྒྱན་ནི་དེ་དག་གོ། །
དེ་ན་དེ་ཡི་གོས་ནི་ནད་ཡིན་ཏེ། །ལུས་ལ་རྨ་ནི་བྱེ་བ་ཁྲག་ཁྲིག་འབྱུང་། །དེ་བཞིན་ཤུ་བ་གཡན་པ་འབྲུམ་བུ་དང་། །དེ་བཞིན་ཤ་བཀྲ་མཛེ་དག་བཤུལ་བར་མནམ། །དེ་ཡི་འཇིག་ཚོགས་ལྟ་བ་སྟུག་པོར་འགྱུར། །དེ་ཡི་ཁྲོ་བའི་སྟོབས་ཀྱང་ཤིན་ཏུ་ཆེ། །དེ་ཡི་འདོད་

ཆགས་དག་ཀྱང་ཤིན་ཏུ་བདོ། །དེ་ནི་དུད་འགྲོའི་སྐྱེ་གནས་རྟག་ཏུ་དགའ། །གང་གིས་ང་ཡི་མདོ་སྡེ་འདི་སྤངས་པ། །དེ་རིང་གལ་ཏེ་ང་ཡིས་ཤཱ་རིའི་བུ། །དེ་ཡི་ཉེས་པ་བསྐལ་པར་བརྗོད་ན་ཡང་། །ཉེས་པའི་མཐར་ནི་ཕྱིན་པར་ཡོང་མི་ནུས། །ངས་ནི་དེ་ཡི་དོན་རྣམས་རབ་
མཐོང་བས། །ཤཱ་རིའི་བུ་ཁྱོད་ཡང་དག་བསྟན་པ་ནི། །ཁྱོད་ཀྱིས་སྐྱེ་བོ་བྱིས་པའི་མདུན་དུ་ཡང་། །མདོ་སྡེ་འདི་འདྲ་མ་བཤད་ཅིག་ཅེས་བསྒོ། །འདི་ལྟར་གང་དག་གསལ་ཞིང་མང་ཐོས་པ། །དྲན་དང་ལྡན་ཞིང་གང་མཁས་ཡེ་ཤེས་ལྡན། །བྱང་ཆུབ་དམ་པ་མཆོག་ལ་གང་ཞུགས་པ། །དེ་ལ་ཁྱོད་ཀྱིས་དོན་
དམ་འདི་སྒྲོགས་ཤིག །གང་གིས་སངས་རྒྱས་བྱེ་བ་མང་པོ་མཐོང་། །གང་གིས་དཔག་ཏུ་མེད་པའི་དགེ་བ་སྐྱེད། །གང་རྣམས་ལྷག་པའི་བསམ་པ་ཤིན་ཏུ་བརྟན། །དེ་ལ་ཁྱོད་ཀྱིས་དོན་དམ་འདི་སྒྲོགས་ཤིག །གང་རྣམས་བརྩོན་འགྲུས་ལྡན་ཞིང་རྟག་བྱམས་སེམས། །བྱམས་
པ་དེ་ལ་དེ་དག་རིང་དུ་བསྒོམས། །ལུས་དང་དེ་བཞིན་སྲོག་ཀྱང་རབ་ཏུ་བཏང་། །དེ་དག་ལ་ནི་མདོ་འདི་མངོན་སུམ་ཤོད། །ཕན་ཚུན་རྟོག་ཅིང་རིམ་གྲོར་བཅས་པ་དང་། །གང་རྣམས་བྱིས་པ་དག་ཀྱང་མི་སྟེན་ཞིང་། །གང་དག་རི་སུལ་རྣམས་སུ་དགའ་བ་དག །དེ་ལ་མདོ་སྡེ་བཟང་
པོ་འདི་སྒྲོགས་ཤིག །དགེ་བའི་བཤེས་གཉེན་དག་ལ་རབ་བསྙེན་ཞིང་། །སྡིག་པའི་གྲོགས་པོ་དག་ནི་ཡོངས་སྤོང་བ། །དེ་ལྟ་བུ་ཡི་སངས་རྒྱས་སྲས་མཐོང་ན། །དེ་དག་ལ་ཡང་མདོ་སྡེ་འདི་སྟོན་ཅིག །ཚུལ་ཁྲིམས་མ་ཉམས་ནོར་བུ་རིན་ཆེན་བཞིན། །ཤིན་ཏུ་རྒྱས་པའི་མདོ་སྡེ་
གཟུང་བར་གནས། །དེ་འདྲ་སངས་རྒྱས་སྲས་པོ་མཐོང་ན་ཡང་། །དེ་དག་མདུན་དུ་མདོ་སྡེ་འདི་ཤོད་ཅིག །ཁྲོ་བ་མེད་ཅིང་རྟག་ཏུ་དྲང་བ་སྟེ། །སྲོག་ཆགས་ཐམས་ཅད་ལ་ཡང་སྙིང་རྗེར་ལྡན། །བདེ་བར་གཤེགས་པ་དག་ལ་རིམ་གྲོར་བཅས། །དེ་ཡི་མདུན་དུ་མདོ་སྡེ་འདི་ཤོད་ཅིག །
གང་དག་འཁོར་གྱི་དབུས་སུ་ཆོས་སྟོན་པ། །དཔེ་རྣམས་བྱེ་བ་ཁྲག་ཁྲིག་དུ་མ་ཡིས། །མ་ཆགས་གྱུར་ཅིང་ནན་ཏན་ཡིད་ཀྱིས་འཆད། །དེ་དག་ལ་ཡང་མདོ་སྡེ་འདི་ཤོད་ཅིག །ཐམས་ཅད་མཁྱེན་པ་ཉིད་ནི་ཡོངས་ཚོལ་ཞིང་། །གང་དག་ཐལ་མོ་སྦྱར་ཏེ་མགོ་ལ་འཐུག །ལེགས་

པར་སྨྲ་བའི་དགེ་སློང་ཚོལ་བའི་ཕྱིར། །གང་དག་ཕྱོགས་བཅུ་ཀུན་ཏུ་རབ་ཏུ་འགྲོ། །ཤིན་ཏུ་རྒྱས་པའི་མདོ་སྡེ་ཀུན་འཛིན་ཏེ། །དེ་ནི་ནམ་ཡང་གཞན་ལ་དགའ་མི་བྱེད། །གཞན་ལས་ཚིགས་བཅད་གཅིག་ཀྱང་མི་འཛིན་པས། །དེ་དག་ལ་ཡང་མདོ་སྡེ་མཆོག་འདི་
ཤོད། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གདུང་འཛིན། །དེ་ལྟར་མི་དག་ལ་ལ་དེ་ཚོལ་ཏེ། །དེ་བཞིན་དུ་ཡང་འདི་འདྲ་མདོ་སྡེ་ཚོལ། །རྙེད་ནས་ཀྱང་ནི་དེ་དག་སྤྱི་བོས་ལེན། །མདོ་སྡེ་གཞན་ལ་ནམ་ཡང་མི་སེམས་ཏེ། །འཇིག་རྟེན་རྒྱང་པན་པ་དང་བསྟན་བཅོས་གཞན། །དེ་འདྲ་
བྱིས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། །དེ་དག་ཁྱོད་ཀྱིས་སྤོངས་ལ་འདི་ཤོད་ཅིག །བསྐལ་པ་ཚང་བར་ཡང་ནི་ཤཱ་རིའི་བུ། །བྱང་ཆུབ་དམ་པ་མཆོག་འདིར་གང་ཞུགས་པའི། །རྣམ་པ་བྱེ་བ་ཕྲག་སྟོང་མང་སྨྲ་བ། །དེ་དག་མདུན་དུ་མདོ་སྡེ་འདི་ཤོད་ཅིག །དམ་པའི་ཆོས་པད་མ་དཀར་པོ་
ལས་དཔེའི་ལེའུ་ཞེས་བྱ་སྟེ་གསུམ་པའོ།། །།བམ་པོ་བཞི་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། སྔོན་མ་ཐོས་པའི་ཆོས་རྣམ་པ་འདི་ལྟ་བུ་
འདི་བཅོམ་ལྡན་འདས་ལས་ཐོས་ཤིང་། ཚེ་དང་ལྡན་པ་ཤཱ་རིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་སུམ་དུ་ལུང་བསྟན་པ་ཐོས་ནས། ངོ་མཚར་དུ་གྱུར། རྨད་དུ་གྱུར། ཤིན་ཏུ་དགའ་བར་གྱུར་ཏེ། དེའི་ཚེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་
དོང་སྟེ་ཕྱིན་པ་དང་། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་མངོན་དུ་ལྟ་ཞིང་། ལུས་བཏུད་ལུས་མངོན་པར་བཏུད། ལུས་རྣམ་པར་བཏུད། ལུས་ཤིན་
ཏུ་བཏུད་དེ། དེའི་ཚེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྒས་གཏུགས་འཁོགས་ནས། དགེ་སློང་གི་དགེ་འདུན་འདིའི་ནང་ན་ཡང་གནས་བརྟན་དུ་འཛིན་ཏེ། རྒས་འཁོགས་ཤིང་བདག་ཅག་མྱ་ངན་ལས་འདས་པ་ཐོབ་སྙམ་ནས་བཅོམ་ལྡན་འདས་

བདག་ཅག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་མ་མཆིས་ཏེ་བདག་ཅག་ནི་བརྩོན་འགྲུས་བརྩམ་པའི་རྔོ་མི་ཐོགས་པའོ། །གང་གི་ཚེ་བཅོམ་ལྡན་འདས་ཆོས་སྟོན་ཅིང་། བཅོམ་ལྡན་འདས་རིང་དུ་ཡང་བཞུགས་པར་གྱུར་ཏེ་ཆོས་བཤད་པ་དེ་ལ་བདག་ཅག་ཀྱང་མཆིས་པར་གྱུར་
པ་དེའི་ཚེ་ན་ནི། བཅོམ་ལྡན་འདས་བདག་ཅག་ཀྱང་རིང་དུ་མཆིས་ཤིང་། བཅོམ་ལྡན་འདས་ལ་རིང་དུ་བསྙེན་བཀུར་བགྱིས་པས། ཡན་ལག་དང་ཉིང་ལག་ཀྱང་བྲོ་འཚལ། ཚིགས་དང་ཚིགས་ཕྲེའུ་རྣམས་ཀྱང་བྲོ་འཚལ་ཏོ། །བཅོམ་ལྡན་འདས་དེའི་སླད་དུ། བཅོམ་ལྡན་འདས་
ཀྱིས་ཆོས་བསྟན་པ་ན་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཐམས་ཅད་བདག་ཅག་གིས་བརྗོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་དག་དང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་འདི་དག་དང་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་དག་དང་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་དག་ལ་བདག་
ཅིག་གིས་རེ་བ་མ་བསྐྱེད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བདག་ཅག་ཁམས་གསུམ་ནས་བྱུང་སྟེ། མྱ་ངན་ལས་འདས་པར་འདུ་ཤེས་ཤིང་། བདག་ཅག་ནི་རྒས་འཁོགས་པས། དེའི་སླད་དུ་བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་སེམས་དཔའ་གཞན་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཅིང་བཏམས་མོད་ཀྱི། བཅོམ་ལྡན་འདས་དེ་ལ་བདག་ཅག་གིས་རེ་བའི་སེམས་གཅིག་ཀྱང་བསྐྱེད་པར་མ་གྱུར་ཏེ། བཅོམ་ལྡན་འདས་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་དྲུང་ནས། ཉན་ཐོས་རྣམས་ཀྱང་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བར་ལུང་བསྟན་པ་ཐོས་ནས། ངོ་མཚར་དང་རྨད་དུ་གྱུར་ཏོ། །བཅོམ་ལྡན་འདས་དེང་འཕྲལ་ལ། དེ་བཞིན་གཤེགས་པའི་གསུང་སྔོན་མ་ཐོས་པ་རྣམ་པ་འདི་ལྟ་བུ་འདི་ཐོས་ནས། བདག་ཅག་གིས་རྙེད་པ་ཆེན་པོ་ཐོབ་བོ། །བཅོམ་ལྡན་འདས་བདག་
ཅག་གིས་རིན་པོ་ཆེ་ཆེན་པོ་ཐོབ་བོ། །བཅོམ་ལྡན་འདས་བདག་ཅག་གིས་ཚད་མ་མཆིས་པའི་རིན་པོ་ཆེ་ཆེན་པོ་ཐོབ་བོ། །བཅོམ་ལྡན་འདས་བདག་ཅག་གིས་མ་བསླངས་མ་བཙལ་མ་བསམས་མ་སྨོན་པར་རྣམ་པ་འདི་ལྟ་བུའི་རིན་པོ་ཆེ་ཆེན་པོ་འདི་ཐོབ་སྟེ། བཅོམ་ལྡན་འདས་བདག་

ཅག་སྤོབས་སོ། །བདེ་བར་གཤེགས་པ་སྤོབས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་འདི་ལྟར་ཕའི་གན་ནས་ལོགས་ཤིག་ཏུ་མཆིས་ལ། དེ་ལོགས་ཤིག་ཏུ་མཆིས་ནས་ཡུལ་ཕྱོགས་གཅིག་ཅིག་ཏུ་ཕྱིན་ཏེ། །དེ་དང་དེར་དགུང་ལོ་མང་དུ་ཉི་
ཤུའམ། སུམ་ཅུ་འམ་བཞི་བཅུ་འམ་ལྔ་བཅུར་གནས་ཏེ། བཅོམ་ལྡན་འདས་དེ་ནས་མི་དེ་ཆེན་པོ་ཞིག་ཏུ་ལགས་ལ། དེ་ཡང་དབུལ་པོར་གྱུར་ནས་འཚོ་བ་ཚོལ་ཞིང་། འཚལ་མ་དང་རད་པའི་སླད་དུ་ཕྱོགས་དང་ཕྱོགས་མཚམས་སུ་མཆིས་ནས། ཡུལ་ཕྱོགས་གཅིག་ཅིག་ཏུ་ཕྱིན་
ཏེ། དེའི་ཕ་དེ་ཡང་ཡུལ་གཞན་དུ་མཆིས་ལ། ནོར་དང་། འགྲོན་བུ་དང་། མཛོད་དང་། བང་བ་མང་པོར་གྱུར་ཏེ། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་
དགོག་དང་ལྡན་པར་གྱུར་ལ། བྲན་ཕོ་དང་། བྲན་མོ་དང་། སུག་ལས་བགྱིད་པ་དང་། ཞོ་ཤས་འཚོ་བའི་མི་མང་པོར་གྱུར་ལ། གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་བ་ལང་དང་། ལུག་མང་པོ་དང་ལྡན་པར་གྱུར་ཏེ། གཡོག་མང་ཞིང་ཡུལ་ཆེན་པོའི་ནང་ན་ནོར་དང་ལྡན་པ་ལགས་
ལ། འདུ་བ་དང་འཕེལ་བ་དང་རྨོ་བ་དང་ཚོལ་བ་ཡང་མང་དུ་གྱུར་ཏེ། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེ་འཚལ་མ་དང་རད་པ་ཚོལ་བའི་སླད་དུ། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དུ་མཐར་གྱིས་འཁྱམ་པ་ལས། དེ་ན་ནོར་དང་།
འགྲོན་བུ་དང་། མཛོད་དང་། བང་བ་མང་པོ་མཆིས་པའི་མི་དེ་གང་ན་མཆིས་པའི་གྲོང་ཁྱེར་དེར་ཕྱིན་པར་གྱུར་ཏེ། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེའི་ཕ་ནོར་དང་འགྲོན་བུ་དང་མཛོད་དང་བང་བ་མང་པོ་ཅན་དེ་གྲོང་ཁྱེར་དེ་ན་གནས་ཤིང་། བུ་ལོ་ལྔ་བཅུའི་བར་དུ་སྟོར་བ་དེ་རྟག་པར་
རྒྱུན་དུ་དྲན་ཏེ། དྲན་ཡང་བདག་གཅིག་པུ་ནང་དུ་གདུང་བ་མ་གཏོགས་པར་གཞན་སུ་ལ་ཡང་མི་སྨྲ་བར་འདི་སྙམ་དུ་ཡང་བདག་ནི་རྒས་ཤིང་འཁོགས་ཏེ་གཏུགས་ན། བདག་ལ་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་མང་དུ་ཡོད་ལ།

བདག་ལ་བུ་ནི་གཅིག་ཀྱང་མེད་ན། བདག་ནི་འཆི་བའི་དུས་བྱེད་པར་འགྱུར་ཏེ། འདི་དག་ཐམས་ཅད་མ་སྤྱད་པར་ཆུད་ཟོས་པར་མི་འགྱུར་རམ་སྙམ་དུ་དེའི་ཕྱིར་ཞིང་བུ་དེ་དྲན་ནས། ཀྱེ་མ་གལ་ཏེ་བདག་གི་བུ་དེ་ནོར་གྱི་ཚོགས་འདི་ལ་སྤྱོད་པར་གྱུར་ན་ནི། བདག་མྱ་ངན་མེད་པར་འགྱུར་
བར་སེམས་ལ། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེ་རད་པ་དང་འཚལ་མ་ཚོལ་ཞིང་མཐར་གྱིས་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་བང་བ་མང་པོ་ཅན་གྱི་མི་དེའི་གནས་ག་ལ་བ་དེར་མཆིས་ཏེ། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེའི་ཕ་
དེ་བདག་གི་མཆིས་བྲང་གི་ཆབ་སྒོ་ན་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཀྱི་འཁོར་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། སེང་གེའི་ཁྲི་ཆེན་པོ་སུག་རྟེན་དང་བཅས་པ་གསེར་དང་དངུལ་གྱིས་ཤིན་ཏུ་བརྒྱན་པ་ལ་མཆིས་ནས།
འགྲོན་བུ་བྱེ་བ་བརྒྱ་སྟོང་གིས་སྤྱོད་པ་བགྱིད་དེ། རྔ་ཡབ་ཀྱིས་གཡོབ་ཅིང་བླ་རེ་བྲེས་པའི་སའི་ཕྱོགས། མེ་ཏོག་སིལ་མ་གཏོར་ཅིང་རིན་པོ་ཆེའི་ཕྲེང་བ་སྤྱངས་པ་ན་འབྱོར་ཅིང་ལོངས་སྤྱོད་པ་ཆེན་པོས་མཆིས་ལ་བཅོམ་ལྡན་འདས་མི་དབུལ་པོ་དེས་རང་གི་ཕ་དེ་རང་གི་མཆིས་བྲང་གི་ཆབ་
སྒོ་ན་རྣམ་པ་འདི་ལྟ་བུའི་ལོངས་སྤྱོད་མཆིས་ཤིང་། སྐྱེ་བོ་ཕལ་པོ་ཆེས་ཡོངས་སུ་བསྐོར་ནས་ཁྱིམ་བདག་གི་སུག་ལས་བགྱིད་པ་མཐོང་སྟེ། མཐོང་ནས་ཀྱང་འཇིགས་ཤིང་སྐྲག་ལ་མི་དགའ་ནས་སྤུ་ཟིང་ཞེས་བགྱིད་དེ། རབ་ཏུ་ཡིད་མི་བདེ་ནས་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་འམ།
བློན་པོ་ཆེན་པོ་འདི་དང་བདག་བློ་བུར་དུ་ཕྲད་དེ། འདི་ན་བདག་གི་བྱ་བ་ཅི་ཡང་མེད་ཀྱིས་བདག་དབུལ་པོའི་གནས་ག་ལ་བ་དེར་སོང་ལ། དེར་བདག་གི་ཟས་དང་གོས་ཉོན་མི་མོངས་པར་རྙེད་ཀྱིས། བདག་འདིར་རིང་དུ་ཐོགས་སུ་ཟིན་ན་མི་རུང་ངོ་། །འདིར་བག་ཙམ་གཟུངས་སུ་ཟིན་ཏམ།
ཉེས་པ་གཞན་ལ་ལ་དང་ཕྲད་པར་གྱུར་དུ་མི་འོང་ངམ་སྙམ་ནས། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེ་འཇིགས་པ་བརྒྱུད་མར་ཡིད་ལ་བགྱིད་ཅིང་སྐྲག་ནས། དེ་ན་མི་གནས་པར་རིངས་པར་བྲོས་ཏེ་མཆིས་པ་དང་། བཅོམ་ལྡན་འདས་དེ་ནས་མི་ཕྱུག་པོ་དེ། བདག་གི་མཆིས་

བྲང་གི་ཆབ་སྒོ་ན་སེང་གེའི་ཁྲི་ལ་མཆིས་པས། བདག་གི་བུ་དེ་མཐོང་མ་ཐག་ཏུ་ངོ་མཚར་ཏེ། མཐོང་ནས་ཀྱང་དགའ་མགུ་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་པར་གྱུར་ནས། འདི་སྙམ་དུ་འགྲོན་བུ་དང་། གསེར་དང་། ནོར་དང་།
འབྲུ་དང་། མཛོད་དང་བང་བའི་ལོངས་སྤྱོད་ཆེན་པོ་འདི་ལ་སྤྱད་པ་འདི་ལྟར་རྙེད་དེ། བདག་ནི་རྒས་འཁོགས་གཏུགས་ནས་བདག་ཀྱང་འདི་ཉིད་ཕྱིར་ཞིང་དྲན་ན་འདི་ཡང་ཁོ་བདག་ཉིད་འདིར་འོངས་པ་ངོ་མཚར་ཆེའོ། །སྙམ་དུ་སེམས་སོ། །བཅོམ་ལྡན་འདས་དེ་ནས་མི་དེ་བུ་ལ་སྲེད་པས་
གདུངས་པས། དེའི་ཚེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ། མི་མགྱོགས་པ་དག་བཀྱེ་སྟེ། གྲོགས་པོ་དག་དེང་ལ་མི་དེ་མྱུར་དུ་ཁྲིད་དེ་ཤོག་ཅིག་ཅེས་བསྒོ་ནས། བཅོམ་ལྡན་འདས་དེ་ནས་མི་དེ་དག་ཐམས་ཅད་ཀྱིས་མགྱོགས་པར་བརྒྱུགས་ནས། མི་དབུལ་པོ་དེ་བཟུང་བ་དང་།
བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེ་དེའི་ཚེ་ན་འཇིགས་ཤིང་སྐྲག་ལ་མི་དགའ་ནས་བ་སྤུ་ཟིང་ཞེས་བགྱིད་ཅིང་རབ་ཏུ་ཡིད་མི་བདེ་སྟེ་སྔངས་པའི་སྒྲ་དྲག་པོ་ཕྱུང་ནས། ཀུ་ཅོ་འདོན་ཅིང་ཁོ་བོས་ཁྱེད་ལ་ཉེས་པ་ཅུང་ཟད་ཀྱང་མ་བྱས་ན་ཞེས་ཚིག་ཏུ་སྨྲས་ཏེ། དེ་ནས་མི་དེ་དག་གིས་ནན་གྱིས་
མི་དབུལ་པོ་དེ་ཀུ་ཅོ་འདོན་བཞིན་དུ་ཁྲིད་པ་དང་། དེ་ནས་མི་དབུལ་པོ་དེ་འཇིགས་ཤིང་སྐྲག་ལ་མི་དགའ་ནས། སྤུ་ཟིང་ཞེས་བགྱིད་ཅིང་རབ་ཏུ་ཡིད་མི་བདེ་སྟེ། འདི་ལྟར་བདག་གསོད་དུ་བཅུག་ནས་མ་རུང་བར་མི་བྱའམ་སྙམ་སེམས་ཤིང་། དེ་བརྒྱལ་ཏེ་དོག་ས་ལ་འགྱེལ་ནས་མྱོས་པར་
གྱུར་ལ། དེའི་ཕ་དེ་ཡང་ཉེ་བ་ཞིག་ན་མཆིས་ནས། དེས་མི་དེ་དག་ལ་ཁྱེད་ཀྱིས་མིའུ་ནི་ཁྲིད་དེ་མ་འོང་བར། འུ་ནི་ཆུ་གྲང་མོས་གཏོར་ཅིག་ཅེས་དེ་སྐད་སྨྲས་ནས་གཞན་མི་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཁྱིམ་བདག་དེ་བདག་ནི་མཐུ་ཆེན་པོ་དང་ལྡན་ལ། མི་དབུལ་པོ་འདི་ནི་
དམན་པ་ལ་མོས་པར་འཚལ་ནས། ཁྱིམ་བདག་གི་བུ་ལགས་པར་ཡང་འཚལ་ན། བཅོམ་ལྡན་འདས་དེ་ནས་ཁྱིམ་བདག་དེ་ཐབས་མཁས་པའི་སླད་དུ། འདི་བདག་གི་བུ་ལགས་ཤེས་སུ་ལ་ཡང་མི་མཆི་སྟེ། བཅོམ་ལྡན་འདས་དེ་ནས་ཁྱིམ་བདག་དེས་མི་གཞན་ཞིག་ལ། ཀྱེ་མི་ཁྱོད་

སོང་སྟེ་མི་དབུལ་པོ་ཕ་བི་ལ། ཀྱེ་མི་ཁྱོད་བཏང་གིས་གར་དགའ་བར་འགྲོ་ལ་རག་གོ་ཞེས་བསྒོ་ཤིག་ཅེས་མཆི་ནས། ལྷ་བཀའ་བཞིན་འཚལ་ཞེས་མི་དེས་དེ་ལས་མཉན་ནས། མི་དབུལ་པོ་དེ་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས། མི་དབུལ་པོ་དེ་ལ་ཀྱེ་མི་ཁྱོད་བཏང་གིས་གར་དགའ་
བར་འགྲོ་ལ་རག་གོ་ཞེས་བགྱིས་ནས། དེ་ནས་མི་དབུལ་པོ་དེའི་ཚིག་དེ་ཐོས་པ་དང་། ངོ་མཚར་དང་རྨད་དུ་བྱུང་བ་ཐོབ་པར་གྱུར་ཏེ། སའི་ཕྱོགས་དེ་ལས་ལངས་ནས། དེ་མི་དབུལ་པོའི་གནས་ག་ལ་བ་དེར་འཚལ་མ་དང་རད་པ་ཚོལ་བའི་སླད་དུ་མཆིས་ཏེ། དེ་ནས་ཁྱིམ་བདག་དེས་མི་
དབུལ་པོ་དེ་དགུག་པའི་སླད་དུ་ཐབས་མཁས་པ་སྦྱར་བ། དེས་དེ་ལ་མདོག་མི་སྡུག་ཅིང་མདངས་ངན་པའི་མི་གཉིས་ཤིག་མངགས་ཏེ། ཁྱེད་གཉིས་དེང་ལ་གང་འདིར་འོངས་པའི་མི་དེ་ལ་ཁྱེད་རང་གི་ཚིག་གིས་ཉི་མའི་གླ་ཐང་གིས་གླ་གྱིས་ལ། ངའི་ཁྱིམ་འདིར་ལས་བྱེད་དུ་ཆུག་ཅིག །
དེ་གལ་ཏེ་འདི་སྐད་དུ་ལས་ཅི་བྱ་ཞེས་ཟེར་བ་དང་། ཁྱེད་གཉིས་ཀྱིས་དེ་ལ་འདི་སྐད་དུ། ངེད་གཉིས་དང་ལྷན་ཅིག་ཏུ་ཕྱག་དར་གྱི་ཕུང་པོ་ཕྱག་གོ། །ཞེས་སྨྲོས་ཤིག་ཅེས་བགྱིས་ནས། མི་དེ་གཉིས་ཀྱིས་མི་དབུལ་པོ་དེ་བཙལ་ཏེ་སུག་ལས་དེ་བཞིན་དུ་བསྒྲུབས་ནས། དེ་ནས་མི་དེ་
གཉིས་དང་མི་དབུལ་པོ་དེས་མི་ནོར་ཆེན་པོ་དེ་ལས་གླ་བླངས་ཏེ། ཁྱིམ་དེ་ཉིད་ན་ཕྱག་དར་གྱི་ཕུང་པོ་འཕྱག་ཅིང་། མི་ནོར་པོ་ཆེ་དེ་ཉིད་ཀྱི་ཁྱིམ་དྲུང་གི་སྤྱིལ་པོ་ན་གནས་ཤིང་མཆིས་ནས། མི་ཕྱུག་པོ་དེས་མཐོངས་ཁུང་དང་སྐར་ཁུང་དག་ནས་བདག་གི་བུ་ཕྱག་དར་འཕྱག་པ་མཐོང་སྟེ། མཐོང་ནས་
ངོ་མཚར་དུ་གྱུར་ཏོ། །དེ་ནས་ཁྱིམ་བདག་དེ་ཕྲེང་བ་དང་རྒྱན་བཀྲོལ་ཏེ། རད་པ་བཟང་པོ་འཇམ་པོ་ཆེན་པོ་ཕུད་ནས། རད་པ་དྲི་མ་ཅན་འཚལ་ཏེ། བདག་གི་གནས་ནས་བབས་ནས་སུག་པ་གཡོན་པ་ན་སྐོན་པ་ཐོགས་ཏེ། ཕྱག་དར་གྱིས་བདག་གི་ལུས་ལ་གོས་པར་བགྱིས་ནས།
རྒྱང་རིང་པོ་ནས་སྨྲ་ཞིང་། བུ་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས། འདི་སྐད་དུ་ཁྱོད་མ་འཁོད་པར་སྐོན་པ་ཐོགས་ལ་ཕྱག་དར་སྐྱོས་ཤིག་ཅེས་མཆི་ཞིང་། ཐབས་འདིས་བུ་དེ་ལ་སྨྲས་ཏེ་ཡང་འདི་སྐད་བསྒོའོ། །ཀྱེ་མི་ཁྱོད་འདི་ཉིད་ན་ལས་བྱོས་ལ་ཕྱིར་གཞན་དུ་མ་འགྲོ་ཞིག་དང་

ངས་ཁྱོད་གླ་བསྐྱེད་དེ་སྦྱིན་ནོ། །ཁྱོད་ལ་ཅི་དང་ཅི་དགོས་པ་ཡང་ན་བུམ་པའི་རིན་ནམ། ཡང་ན་རིལ་བའི་རིན་ནམ། ཡང་ན་ཕྲུ་བའི་རིན་ནམ། ཡང་ན་ཤིང་གི་རིན་ནམ། ཡང་ན་ལན་ཚྭའི་རིན་ནམ། ཡང་ན་ཟས་སམ། ཡང་ན་གོས་ཀྱང་རུང་སྟེ། དེ་དག་ང་ལ་
འཛེམ་པ་མེད་པར་སློངས་ཤིག །ཀྱེ་སྐྱེས་བུ་ང་ལ་རས་རྙིང་པ་ཡང་ཡོད་དེ། དེ་སྟེ་དེ་ཡང་ཁྱོད་ལ་དགོས་ན་ཡང་སློངས་ཤིག་དང་། ངས་ཁྱེད་ལ་སྦྱིན་ནོ། །ཀྱེ་སྐྱེས་བུ་ཡོ་བྱད་ཀྱི་རྣམ་པ་དེ་ལྟ་བུ་དེ་དག་ཁྱོད་ལ་ཅི་དང་ཅི་དགོས་པ་དེ་དང་དེ་དག་ཐམས་ཅད་ངས་ཁྱོད་ལ་སྦྱིན་གྱིས། མི་ཁྱོད་
མྱ་ངན་མེད་པར་བྱོས་ལ། ཁྱོད་ཀྱི་ཕ་ཅི་ལྟ་བ་དེ་བཞིན་དུ་ཁྱོད་ཀྱིས་ང་ལ་སོམས་ཤིག །དེ་ཅིའི་ཕྱིར་ཞེ་ན། ང་ནི་རྒན་ཁྱོད་ནི་གཞོན་ཏེ་ཁྱོད་ཀྱིས་ངའི་ཕྱག་དར་གྱི་ཕུང་པོ་འདི་ཕྱགས་ཤིང་ལས་མང་པོ་བྱས་ཏེ། ཀྱེ་མི་ཁྱོད་ལས་འདི་བྱེད་པའི་ཚེ། སྒྱུ་འམ། གྱ་གྱུའམ། གཡོ་
འམ། ང་རྒྱལ་ལམ། འཆབ་པ་སྔོན་བྱས་པའམ། བྱེད་པ་ཡང་མེད་དེ་ཀྱེ་སྐྱེས་བུ་ཇི་ལྟར་མི་འདི་དག་གཞན་ལས་བྱེད་པའི་ཚེ། སྐྱོན་དེ་དག་ཡོད་པ། ཁྱོད་ལ་རྣམ་པ་ཐམས་ཅད་དུ་ཉེས་པ་དེ་དག་ལས་གཅིག་ཀྱང་མ་མཐོང་གིས་དེང་ཕན་ཆད་ང་ལ་ཁྱོད་ནི་ངའི་སྙིང་གི་བུ་ཅི་ལྟ་བ་དེ་དང་འདྲ་
བ་ཡིན་ནོ། །བཅོམ་ལྡན་འདས་དེ་ནས་ཁྱིམ་བདག་དེས་མི་དབུལ་པོ་དེ་ལ་བུ་ཞེས་མིང་དུ་བཏགས་སོ། །མི་དབུལ་པོ་དེ་ཡང་ཁྱིམ་བདག་དེ་ལ་ཕར་འདུ་ཤེས་སྐྱེད་དེ། བཅོམ་ལྡན་འདས་རྣམ་གྲངས་འདིས་ཁྱིམ་བདག་དེ་བུ་འཚལ་བས་སྐོམ་ནས། དགུང་ལོ་ཉི་ཤུའི་བར་དུ་བུ་དེ་ཕྱག་
དར་གྱི་ཕུང་པོ་འཕྱག་ཏུ་སྩལ་ཏེ། དེ་ནས་དགུང་ལོ་ཉི་ཤུ་འདས་པ་དང་། མི་དབུལ་པོ་དེ་ཁྱིམ་བདག་དེའི་མཆིས་བྲང་གི་སླད་ནང་དུ་མཆི་བ་ལ་འཛེམ་པ་མ་མཆིས་པར་གྱུར་ཏེ། སྤྱིལ་པོ་དེ་ཉིད་ན་གནས་ཤིང་མཆིས་པ་ལས། བཅོམ་ལྡན་འདས་དེ་ནས་ཁྱིམ་བདག་དེ་བྲོ་འཚལ་
བར་གྱུར་ཏེ། བདག་འགུམ་པའི་དུས་ལ་བབ་པར་མཐོང་ནས། དེ་མི་དབུལ་པོ་དེ་ལ་འདི་སྐད་དུ། ཀྱེ་མི་ཁྱོད་ཚུར་ཤོག །ངའི་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཤིན་ཏུ་མང་དུ་ཡོད་པ་འདི་དག་ང་ནི་ནད་ཚབས་ཆེ་ན་དེ་དག་སུ་ལ་

སྦྱིན་པ་དང་། སུ་ལས་བླང་བ་དང་། གང་སྦ་བར་བྱ་བ་དེ་དག་ཐམས་ཅད་ཁྱོད་ཀྱིས་ཤེས་པར་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ང་ནོར་འདིའི་བདག་པོར་གྱུར་པ་ལྟར་ཁྱོད་ཀྱང་དེ་བཞིན་གྱིས་ངའི་འདི་ལས་ཁྱོད་ཀྱིས་ཅུང་ཟད་ཀྱང་ཆུད་མ་གཟན་ཅིག་ཅེས་མཆིས་ནས། བཅོམ་ལྡན་འདས་
དེ་ནས་མི་དབུལ་པོ་དེ་རྣམ་གྲངས་འདིས། ཁྱིམ་བདག་དེའི་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་རབ་ཏུ་མང་བ་དེ་དག་མཆིས་པར་འཚལ་ལ། བདག་ཉིད་དེ་ལ་རེ་བ་མ་མཆིས་ཤིང་། ཐ་ན་ཕྱེ་ཕུལ་གང་གི་རིན་ཐང་ཙམ་ཡང་དེ་ལ་ཅུང་
ཟད་ཀྱང་སློང་བ་མ་མཆིས་ཏེ། རྩྭའི་སྤྱིལ་པོ་དེ་ན་གནས་ཤིང་མཆིས་ནས། དབུལ་པོའི་བསམ་པ་དེ་ཉིད་རྗེས་སུ་སེམས་སོ། །བཅོམ་ལྡན་འདས་དེ་ནི་ཁྱིམ་བདག་དེས་བུ་དེ་སྲུང་ནུས་ཤིང་ཡོངས་སུ་སྨིན་པར་འཚལ། སེམས་བཏུལ་ཏེ། རྒྱ་ཆེན་པོར་སེམས་ཤིང་། སྔོན་
དབུལ་པོ་བསམས་ན་ཉམ་ང་ཞིང་ངོ་ཚ་སྟེ་སྨོད་པར་འཚལ་ནས་བདག་འགུམ་པའི་དུས་ལ་བབ་པ་དང་མི་དབུལ་པོ་དེ་བཀུག་སྟེ། ཉེ་དུ་འདུས་པ་མང་པོ་དང་སྤྲད་ནས། རྒྱལ་པོ་དང་བློན་པོ་དང་གྲོང་རྡལ་གྱི་མི་དང་། ཡུལ་མིའི་མདུན་དུ་མངོན་སུམ་དུ་འདི་སྐད་ཅེས་བསྒྲགས་སོ། །ཁྱོད་
ཉོན་ཅིག །འདི་ནི་ཁོ་བོའི་སྙིང་གི་བུ་ཁོ་བོས་བསྐྱེད་པ་སྟེ། གྲོང་ཁྱེར་གྱི་མིང་འདི་ཞེས་བྱ་བ་ནས་འཁྱམས་ནས་ལོ་ལྔ་བཅུ་ལོན་ཏེ། འདིའི་མིང་འདི་ཞེས་བྱ། ཁོ་བོའི་མིང་ནི་འདི་ཞེས་བྱ་སྟེ། ཁོ་བོ་འདི་ཚོལ་བའི་ཕྱིར་གྲོང་ཁྱེར་དེ་ནས་འདིར་འོངས་སོ། །འདི་ནི་ཁོ་བོའི་བུ། ཁོ་བོ་
ནི་འདིའི་ཕ་སྟེ། བདག་གི་སྤྱོད་པ་དང་། ལོངས་སྤྱོད་ཅི་ཡོད་པ་ཐམས་ཅད་ནི་མི་འདི་ལ་བྱིན་ནོ། །ཁོ་བོའི་ནང་གི་ནོར་ཅུང་ཟད་ཅི་ཡོད་པ་དེ་ཀུན་ཀྱང་འདི་ཉིད་ཤེས་སོ་ཞེས་བགྱིས་པ་དང་། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེས་དེའི་ཚེ་འདི་ལྟ་བུའི་སྒྲ་ཐོས་ནས། ངོ་མཚར་དང་
རྨད་དུ་གྱུར་ཏེ། འདི་ལྟར་བདག་གིས་འཕྲལ་ལ་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་མང་པོ་རྙེད་དོ་སྙམ་དུ་སེམས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་ཅག་ནི་དེ་བཞིན་གཤེགས་པའི་སྲས་དང་འདྲ་སྟེ། དེ་བཞིན་གཤེགས་

པ་བདག་ཅག་ལ་ཁྱེད་ནི་ངའི་བུའོ་ཞེས་བཀའ་སྩལ་ཏེ། ཁྱིམ་བདག་དེ་ཅི་ལྟ་བ་བཞིན་ནོ། །བཅོམ་ལྡན་འདས་བདག་ཅག་ནི་སྡུག་བསྔལ་གསུམ་གྱིས་གཟིར་ཏོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་
བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དོ། །འཁོར་བ་ན་དམན་པ་ལ་མོས་པས་བདག་ཅག་བཅོམ་ལྡན་འདས་ཆོས་ངན་པ་མང་པོ་ཕྱག་དར་གྱི་ཕུང་པོ་དང་འདྲ་བ་ལ་སེམས་སུ་སྩལ་ཏེ། དེ་རྣམས་ལ་བདག་ཅག་ཞུགས་ནས་འབད་ཅིང་བཙལ་ནས། བཅོམ་ལྡན་འདས་བདག་
ཅག་མྱ་ངན་ལས་འདའ་བ་ཙམ་ཞིག་གདུགས་ཀྱི་གླ་བཞིན་དུ་ཚོལ་ཞིང་གསོལ་ཏེ། བཅོམ་ལྡན་འདས་བདག་ཅག་ནི་མྱ་ངན་ལས་འདའ་བ་དེ་རྙེད་པས་ན་དགའ་བར་གྱུར་ཏེ། དེ་བཞིན་གཤེགས་པ་ལས་ཆོས་འདི་དག་ལ་ཞུགས་ཏེ། འབད་ཅིང་བཙལ་བས། མང་པོ་རྙེད་པར་སེམས་
སོ། །དེ་བཞིན་གཤེགས་པས་བདག་ཅག་དམན་པ་ལ་མོས་པར་མཁྱེན་ཏོ། །དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ཅག་ཡལ་བར་བཞག་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཛོད་དུ་ཁྱེད་འགྱུར་རོ་ཞེས་མ་བརྟོལ་མ་བསྟན་ཏེ། བཅོམ་ལྡན་འདས་ཐབས་མཁས་
པས་བདག་ཅག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཛོད་ལ་བགོ་སྐལ་སྤྱོད་པར་བཀོད་ན། བཅོམ་ལྡན་འདས་བདག་ཅག་དེ་ལ་རེ་བ་མ་མཆིས་ཏེ། འདི་ལྟར་བདག་ཅག་གིས་དེ་བཞིན་གཤེགས་པ་ལས་མྱ་ངན་ལས་འདའ་བ་གདུགས་ཀྱི་གླ་ཐང་བཞིན་དུ་བགྱིས་པ་ནི། དེ་ཉིད་བདག་ཅག་
གིས་མང་དུ་བགྱིས་པར་འཚལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བརྩམས་ནས། ཆོས་རྒྱ་ཆེན་པོ་བཤད་དེ། དེ་བཞིན་གཤེགས་པའི་ཡེ་ཤེས་འབྱེད་ཅིང་སྟོན་ཏེ། ཉེ་བར་སྟོན་
དུ་ལགས་ཀྱང་། བཅོམ་ལྡན་འདས་བདག་ཅག་དེ་ལ་རེ་བ་མ་མཆིས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐབས་མཁས་པས་བདག་ཅག་གི་མོས་པ་རབ་ཏུ་མཁྱེན་ན་དེ་བདག་ཅག་གིས་ནི་མ་འཚལ་མ་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་འདི་ལྟར་བདག་ཅག་ལ་

བཅོམ་ལྡན་འདས་ཀྱི་སྲས་ཡང་དག་པ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཅག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བསྒོ་སྐལ་ལ་སྤྱོད་པ་དྲན་པར་མཛད་དོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བདག་ཅག་དེ་བཞིན་གཤེགས་པའི་སྲས་ཡང་དག་པ་ལགས་མོད་ཀྱི། བདག་ཅག་
དམན་པ་ལ་མོས་པའི་སླད་དུའོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ཅག་གི་མོས་པའི་སྟོབས་གཟིགས་ནས། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བར་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ཅག་བགྱི་བ་རྣམ་གཉིས་བགྱིད་དུ་སྩལ་
ཏེ། དེ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་ནི་དམན་པ་ལ་མོས་པ་ཞེས་བཀའ་སྩལ་ཏེ་དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་རྒྱ་ཆེན་པོ་ལ་ཡང་དག་པར་བཙུད་དོ། །བཅོམ་ལྡན་འདས་ཀྱིས་བདག་ཅག་གི་མོས་པའི་སྟོབས་མཁྱེན་ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་
ལྡན་འདས་རྣམ་གྲངས་འདིས་བདག་ཅག་འདི་སྐད་ཅེས་བདག་ཅག་རེ་བ་མ་མཆིས་མི་འཚལ་མ་བསླངས་མ་བཙལ་མ་བསམས་མ་གསོལ་བར་འཕྲལ་ལ། དེ་བཞིན་གཤེགས་པའི་སྲས་འདི་དག་བཞིན་དུ་ཐམས་ཅད་མཁྱེན་པའི་རིན་པོ་ཆེ་ཐོབ་པོ་ཞེས་མཆིའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་
པོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །དེ་ལྟར་འཕྲལ་ལ་དེ་རིང་བདག་ཅག་གིས། །འདྲེན་པའི་གསུང་སྒྲ་ཡིད་དུ་འོང་བ་ཐོས། །གསུང་ཐོས་པས་ན་བདག་ཅག་དགའ་བ་ཐོབ། །བདག་ཅག་ངོ་མཚར་དེ་བཞིན་རྨད་དུ་གྱུར། །རིན་ཆེན་ཆེན་པོ་མཆོག་གི་ཕུང་པོ་
རྣམས། །བསམས་པ་མ་མཆིས་ནམ་ཡང་མ་གསོལ་བར། །དེ་དག་ཡུད་ཙམ་གྱིས་ནི་དེང་རྙེད་དེ། །བདག་ཅག་ཐམས་ཅད་དེང་ཐོས་ངོ་མཚར་གྱུར། །ཇི་ལྟར་བྱིས་པར་གྱུར་པའི་མི་ཞིག་ནི། །སྐྱེ་བོ་བྱིས་པ་རྣམས་ཀྱིས་བསླུས་ནས་སུ། །ཕ་ཡི་གན་ནས་གར་ཏེ་མཆིས་པ་
ནི། །གཞན་གྱི་ཡུལ་ཡང་ཤིན་ཏུ་མང་བར་མཆིས། །བདག་གི་བུ་ནི་འཁྱམས་པར་བཙལ་བས་ན། །དེ་ཚེ་ཕ་ཡང་དེ་ཡི་མྱ་ངན་བགྱིད། །དགུང་ལོ་ལྔ་བཅུ་ལས་ཀྱང་མི་ཉུང་བར། །མྱ་ངན་དེ་བགྱིད་ཕྱོགས་དང་ཕྱོགས་མཚམས་ཚོལ། །དེ་ནི་དེ་ལྟར་བུ་དེ་ཚོལ་བ་ན། །

གྲོང་ཁྱེར་ཆེན་པོ་གཞན་དུ་མཆིས་པ་དང་། །འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་ནི། །ཁྱིམ་རྣམས་རྩིགས་ཤིང་དེ་ན་རབ་ཏུ་གནས། །དེ་ལ་གསེར་རྣམས་དང་ནི་འགྲོན་བུ་དང་། །ནོར་དང་འབྲུ་དང་མན་ཤེལ་བྱི་རུ་དང་། །གླང་པོ་ཆེ་དང་རྟ་དང་དཔུང་བུ་ཆུང་། །
དེ་བཞིན་ཕྱུགས་དང་བ་ལང་ལུག་མང་སྟེ། །འཕེལ་ཞིང་འདུ་བ་དང་ནི་དེ་བཞིན་ཤིང་། །བྲན་ཕོ་བྲན་མོ་མངག་པའི་ཚོགས་མང་སྟེ། །སྲོག་ཆགས་བྱེ་བ་སྟོང་གིས་རི་མོ་བགྱིས། །རྒྱལ་པོ་ལ་ཡང་དེ་ནི་རྟག་ཏུ་གནང་། །གྲོང་ན་སུ་གནས་པ་ཡི་གྲོང་པ་དང་། །གྲོང་ཁྱེར་བས་
ནི་དེ་ལ་ཐལ་སྦྱར་གྱུར། །དགོས་པ་མང་ལ་ཤིན་ཏུ་དབང་བས་ན། །ཚོང་པ་མང་པོ་དེ་ཡི་དྲུང་དུ་མཆི། །དེ་ལྟར་མི་དེ་འབྱོར་པར་ལྡན་པ་སྟེ། །རྒས་ཤིང་འཁོགས་ལ་ཤིན་ཏུ་གཏུགས་པར་གྱུར། །དེ་ནི་བུ་ཡི་མྱ་ངན་བགྱིད་སེམས་པས། །ཉིན་དང་མཚན་མོ་རྟག་ཏུ་བས་པར་
གྱུར། །བདག་གི་བུ་ནི་དེ་འདྲ་བློ་གྲོས་ལོག །དེ་ནི་འཁྱམས་ནས་ལོ་ཡང་ལྔ་བཅུ་ལོན། །འདི་ལྟར་བདག་ལ་མཛོད་ནི་མང་དུ་ཡོད། །བདག་ནི་འཆི་བའི་དུས་ལ་ཉེ་བར་གྱུར། །དེའི་བུ་བྱིས་པ་དེ་ནི་དེ་ཡི་ཚེ། །དབུལ་ཞིང་རྟག་ཏུ་ཕོངས་པར་གྱུར་པས་ན། །ཟས་དང་དེ་བཞིན་
གོས་རྣམས་ཚོལ་བའི་ཕྱིར། །གྲོང་དང་གྲོང་རྣམས་སུ་ཡང་རྗེས་སུ་རྒྱུ། །ཅུང་ཟད་ཙམ་ནི་རེས་འགའ་ཚོལ་བ་ན། །ཅུང་ཟད་རྙེད་ཅིང་རེས་འགའ་ཅི་མི་རྙེད། །བྱིས་པ་དེ་ནི་གཞན་གྱི་ཁྱིམ་ན་རྐེ། །གཡན་པ་དང་ནི་རྐོམ་པོས་ལུས་ཀྱང་ཡོག །གང་ན་ཕ་མཆིས་གྲོང་ཁྱེར་དེར་མཆི་
ཞིང་། །འཚལ་མ་དང་ནི་རད་པ་ཚོལ་བ་ན། །རང་གི་ཕ་ཡི་ཁྱིམ་དེ་ག་ལ་བར། །དེ་ནི་མཐར་གྱིས་དེ་རུ་ཕྱིན་པར་གྱུར། །སྐྱེས་བུ་དེ་ནི་ཕྱུག་ཅིང་ནོར་མང་སྟེ། །སྒོ་ན་སེང་གེའི་ཁྲི་ཡི་སྟེང་ན་མཆིས། །སྲོག་ཆགས་བརྒྱ་ཕྲག་དུ་མས་འཁོར་བར་བསྐོར། །དེ་སྟེང་བར་སྣང་ལ་ཡང་
བླ་རེ་བྲེས། །སྐྱེ་བོ་ཡིད་བརྟན་དེ་ཡི་གམ་ཡོ་འཁོད། །ལ་ལ་དག་ནི་ནོར་དང་འགྲོན་བུ་འགྲང་། །ལ་ལ་དག་ནི་དེ་ལ་སྤྲིང་བ་འདྲི། །ལ་ལ་སྐྱེད་དང་སྤོགས་སུ་རབ་ཏུ་གཏོང་། །ཁྱིམ་བདག་དེ་ཁྱིམ་རབ་ཏུ་བརྒྱན་པ་དག །དབུལ་པོ་དེས་ནི་ཁྱིམ་དེ་མཐོང་ནས་སུ། །བདག་ནི་

དེང་འདིར་ག་ལས་ཅི་ལྟར་འོངས། །འདི་ནི་རྒྱལ་པོའམ་ཡང་ན་བློན་པོ་ཡིན། །འདི་ན་ཉེས་པར་གྱུར་ན་མི་རུང་ཞེས། །ཚམ་གཟུངས་སུ་ཡང་བཟུང་བར་མི་འགྱུར་གྲང་། །མི་དེ་དེ་སྙམ་སེམས་ཤིང་འབྲོས་བགྱིད་ལ། །དབུལ་པོ་རྣམས་ཀྱི་ཤུལ་སྲང་ཀུན་ཏུ་འདྲི། །ཕྱུག་པོ་དེས་
ནི་བདག་གི་བུ་མཐོང་ནས། །སེང་གེའི་ཁྲི་ལ་མཆིས་ཤིང་དགའ་བར་གྱུར། །དེས་ནི་དེ་ཡི་གན་དུ་འཛིན་པར་བཏང་། །སྐྱེས་བུ་དབུལ་པོ་དེ་ནི་ཁྲིད་དེ་ཤོག །དེ་ཡི་མོད་ལ་མི་དེ་བཟུང་བ་དང་། །བཟུང་མ་ཐག་ཏུ་དེ་ནི་བརྒྱལ་བར་གྱུར། །གོར་མ་ཆག་པར་བདག་གསོད་ཉེ་བར་
ལྷགས། །བདག་ལ་ཟས་དང་གོས་ཀྱིས་ཅི་ཞིག་བྱ། །ནོར་མང་མཁས་པ་དེ་ཡིས་དེ་མཐོང་ནས། །བྱིས་པ་ལོག་ཡིད་འདི་ནི་དམན་ལ་མོས། །ང་ཡི་འབྱོར་པ་འདི་ལ་དད་མི་བྱེད། །འདི་ནི་བདག་གི་ཕ་ཞེས་ཡིད་མི་ཆེས། །དེ་ཡིས་སེམས་ཅན་དམན་ཞིང་གོས་ངན་ལ། །
ཡོན་པོ་ཞར་བ་ཐེང་འགྲུམས་གྱུར་པ་ཡི། །དེ་འདྲའི་མི་དག་ཁ་ཅིག་བཏང་ནས་སུ། །ལས་བྱེད་པ་ཡི་མི་དེ་རབ་ཚོལ་ཅིག །ང་ཡི་འདི་ན་ཕྱག་དར་རུལ་པ་དང་། །གཅིན་དང་བཤང་བས་མ་རུང་གྱུར་པ་རྣམས། །དེ་དག་འཕྱག་པའི་ཕྱིར་ནི་ལས་བྱོས་ཤོག །ཁྱོད་ནི་གླ་ཡང་
ཉིས་གྱུར་སྦྱིན་པར་བྱ། །མི་དེས་འདི་ལྟ་བུ་ཡི་སྒྲ་ཐོས་ནས། །འོངས་ཏེ་ས་ཕྱོགས་དེ་དག་དེ་ཡིས་ཕྱགས། །ཁྱིམ་གྱི་དྲུང་དུ་རྩྭ་ཡི་སྤྱིལ་པོ་ན། །དེར་ཡང་གནས་བཅས་ནས་ནི་འདུག་པར་བྱེད། །སྐར་ཁུང་སྣང་བ་ནས་ནི་རྟག་པར་ཡང་། །ཕྱུག་པོ་དེས་ཀྱང་སྐྱེས་བུ་དེ་
བལྟས་ཏེ། །དམན་ལ་མོས་པ་བདག་གི་བུ་འདི་ནི། །ཕྱག་དར་ཕུང་པོ་རྣམས་ནི་འཕྱག་པར་བྱེད། །དེ་ནི་བབས་ཏེ་སྐོན་བུ་ཐོགས་བགྱིད་ཅིང་། །དྲི་མ་ཅན་གྱི་གོས་དག་འཚལ་ནས་སུ། །དེ་ཡི་གན་དུ་ཉེ་བར་མཆིས་ནས་ནི། །ལས་རྣམས་མི་བྱེད་ཅེས་ནི་རབ་ཏུ་སྤྱོས། །
ཁྱོད་ལས་གླ་ཡང་ཉིས་གྱུར་སྦྱིན་པར་བྱ། །དེ་བཞིན་རྐང་པ་བསྐུ་བའང་ཉིས་གྱུར་དུ། །ལན་ཚྭ་ཅན་གྱི་ཟས་ནི་ཁྱོད་ལ་སྦྱིན། །རས་དང་ཚོད་མ་དག་ཀྱང་སྦྱིན་པར་བྱ། །དེ་ཚེ་དེ་ལྟར་དེ་ལ་སྤྱོས་ནས་ནི། །མཁས་པས་དེ་ནི་སླར་ཡང་རབ་ཏུ་བཀྲིས། །ཁྱོད་ཀྱིས་འདིར་

ནི་ཤིན་ཏུ་ལས་བྱོས་ཤིག །ང་ཡི་བུ་ཡིན་ཡང་དག་ཐེ་ཙོམ་མེད། །དེ་ནི་བགས་ཀྱིས་བགས་ཀྱིས་ཁྱིམ་བཞག་སྟེ། །ལོ་གྲངས་ཉི་ཤུ་བར་དུ་ཚང་བར་ཡང་། །མི་དེ་ལས་རྣམས་ལེགས་པར་བགྱིད་དུ་སྩལ། །བགས་ཀྱིས་མི་དེ་རྣམ་པར་ཡིད་ཕབ་ནས། །
དེས་ནི་ཤེལ་དང་འགྲོན་བུ་མུ་ཏིག་ཀྱང་། །ཁྱིམ་དེ་ཉིད་དུ་རབ་ཏུ་སྦེད་པར་བྱེད། །དེ་ནི་ཐམས་ཅད་བགྲང་ཞིང་རྩི་བར་བགྱིད། །དོན་དང་ནོར་རྣམས་ཀུན་ལའང་དེ་སེམས་སོ། །དེ་ཡི་མཆིས་བྲང་གི་ནི་སླད་རོལ་ན། །བྱིས་པ་དེ་ནི་གཅིག་པུ་སྤྱིལ་བུར་གནས། །བདག་ལ་ལོངས་
སྤྱོད་འདི་དག་ཡོད་མེད་ཅེས། །དབུལ་པོའི་བསམ་པ་དག་ནི་རྗེས་སུ་སེམས། །བུ་དེ་འདུ་ཤེས་རྒྱ་ཆེར་གྱུར་པ་ནི། །དེ་ཡི་རྣམ་པ་དེ་འདྲ་དེས་འཚལ་ནས། །མཛའ་བོ་གཉེན་བཤེས་མང་པོ་ཀུན་བསགས་ཏེ། །ནོར་འདི་ཐམས་ཅད་འདི་ལ་གཏད་པར་བྱ། །དེ་ཡིས་རྒྱལ་
པོའི་གྲོང་དང་གྲོང་ཁྱེར་མི། །ཚོང་པ་མང་པོ་དག་ཀྱང་བསགས་ནས་སུ། །འཁོར་གྱི་དབུས་སུ་འདི་སྐད་ཚིག་སྨྲས་པ། །བདག་གི་བུ་འདི་སྟོར་ནས་ཡུན་རིང་སྟེ། །སྔར་ནི་ལོ་གྲངས་ལྔ་བཅུ་ཚང་བར་ལོན། །གཞན་ཡང་བདག་གིས་མཐོང་ནས་ཉི་ཤུ་ལགས། །གྲོང་ཁྱེར་འདི་ཞེས་
བགྱི་བར་བདག་གི་སྟོར། །དེ་ཚོལ་སླད་དུ་བདག་ནི་འདིར་མཆིས་སོ། །བདག་གི་ནོར་འདི་ཀུན་གྱི་བདག་པོ་སྟེ། །འདི་དག་ཐམས་ཅད་མ་ལུས་འདི་ལ་གཏད། །ཕ་ཡི་ནོར་གྱིས་དགོས་དགུར་སྤྱད་པར་གྱིས། །བྲན་བཟའ་འདི་དག་ཀུན་ཀྱང་རབ་ཏུ་སྦྱིན། །དམན་ལ་མོས་དང་
ཕ་ཡི་ཡོན་ཏན་དང་། །སྔོན་གྱི་དབུལ་ཞིང་ཕོངས་པ་དྲན་ནས་ནི། །མི་དེ་ཤིན་ཏུ་ངོ་མཚར་ཐོབ་པར་གྱུར། །བྲན་བཟའ་རྙེད་པས་དེ་རིང་ཤིན་ཏུ་བདེ། །དེ་བཞིན་བདག་ཅག་རྣམ་པར་འདྲེན་པ་ཡིས། །དམན་པ་ལ་ནི་མོས་པར་མཁྱེན་པས་ན། །སངས་རྒྱས་སུ་ཡང་འགྱུར་ཞེས་
མ་བསྟན་ཏེ། །ཁྱོད་ནི་ཉན་ཐོས་ང་ཡི་བུ་ཡིན་ནོ། །བདག་ལ་འཇིག་རྟེན་མགོན་པོས་བཀའ་སྩལ་པ། །མཆོག་རབ་བྱང་ཆུབ་ལ་ནི་སུ་ཞུགས་རྣམས། །ལམ་གང་བསྒོམས་པས་སངས་རྒྱས་འགྱུར་བ་ཡི། །བླ་མེད་ལམ་ནི་དེ་ལ་འོད་སྲུང་ཤོད། །དེ་ཕྱིར་བདེ་བར་གཤེགས་

པས་བཀའ་སྩལ་ནས། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་མང་པོ་ལ། །རྒྱུ་དང་དཔེ་ཡང་བྱེ་བ་ཁྲག་ཁྲིག་གིས། །བདག་ཅག་གིས་ཀྱང་བླ་མེད་ལམ་བསྟན་ཏོ། །རྒྱལ་བའི་སྲས་ཀྱིས་བདག་ལས་ཐོས་ནས་ནི། །བྱང་ཆུབ་མཆོག་ལམ་དེ་ནི་གོམས་པར་བགྱིད། །སངས་རྒྱས་སུ་ནི་
འཇིག་རྟེན་འདི་འགྱུར་ཞེས། །དེ་མ་ཐག་ཏུ་དེ་དག་ལུང་ཡང་བསྟན། །ཆོས་མཛོད་འདི་ནི་ཡང་དག་སྲུང་བགྱིད་ཅིང་། །རྒྱལ་བའི་སྲས་རྣམས་ལ་ནི་བསྟན་པ་ཡང་། །ཇི་ལྟར་མི་དེའི་ཡིད་བརྟན་དེ་བཞིན་དུ། །རྣམ་པར་འདྲེན་པ་དེ་འདྲའི་ལས་བགྱིད་དོ། །དབུལ་པོ་དག་གི་
བསམ་པ་རྣམ་པར་སེམས། །སངས་རྒྱས་མཛོད་འདི་རྣམས་ནི་རབ་སྦྱིན་ཞིང་། །རྒྱལ་བའི་ཡེ་ཤེས་རབ་ཏུ་བཤད་མོད་ཀྱི། །རྒྱལ་བའི་ཡེ་ཤེས་འདི་ནི་དོན་མི་གཉེར། །བདག་ཉིད་མྱ་ངན་ལས་ཀྱང་འདའ་བར་རྟོག །ཡེ་ཤེས་འདི་ཙམ་ལས་ནི་གཞན་མི་འབྱུང་། །སངས་
རྒྱས་རྣམས་ཀྱི་ཞིང་གི་བཀོད་ཐོས་ནས། །བདག་ཅག་ནམ་ཡང་དགའ་བར་མ་གྱུར་ཏོ། །ཆོས་འདི་ཐམས་ཅད་ཟག་མེད་ཞི་བ་སྟེ། །འགོག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ནི་ཆོས་རྣམས་གང་ཡང་མ་མཆིས་ཤེས། །དེ་ལྟར་བསམས་ན་དད་པར་མ་གྱུར་ཏོ། །སངས་
རྒྱས་ཡེ་ཤེས་བླ་ན་མེད་པ་ལ། །བདག་ཅག་ཡུན་རིང་དུས་ནས་མི་རེ་ཞིང་། །བདག་ཅག་ནམ་ཡང་འདི་ལ་མ་སྨོན་ཏེ། །རྒྱལ་བས་འདི་ནི་དམ་པའི་མཐར་གསུངས་སོ། །མྱ་ངན་འདས་པའི་མཐར་ཐུག་ལུས་འདི་ལ། །སྟོང་པ་ཉིད་དུ་ཡུན་རིང་ཡོངས་སུ་བསྒོམས། །ཁམས་
གསུམ་སྡུག་བསྔལ་གཟིར་ལས་ཡོངས་སུ་ཐར། །བདག་ཅག་གིས་ནི་རྒྱལ་བའི་བསྟན་པ་བགྱིས། །རྒྱལ་བའི་སྲས་ལ་གང་ཚེ་རབ་བསྟན་ཏེ། །བྱང་ཆུབ་མཆོག་ལ་ཡང་དག་སུ་ཞུགས་པ། །དེ་དག་ལ་ནི་ཆོས་གང་ཅི་བཤད་པ། །དེ་ལ་བདག་ཅག་ནམ་ཡང་རེ་མ་མཆིས། །
བདག་ཅག་འཇིག་རྟེན་སློབ་དཔོན་རང་བྱུང་གིས། །དུས་ལ་བཞེས་པ་མཛད་ནས་ཡལ་བར་བཞག །བདག་ཅག་རྣམས་ཀྱི་དད་པ་རབ་བརྟགས་ནས། །ཡང་དག་ལྡེམ་དགོངས་ཚིག་དོན་དེ་མ་བཤད། །དེ་ཡི་ཐབས་མཁས་པ་ནི་ཇི་ལྟ་བུར། །དུས་སུ་ནོར་མང་པོ་ཡི་སྐྱེས་

བུ་ལྟར། །དམན་པར་དད་པ་བུ་དེ་ལེགས་པར་བཏུལ། །བཏུལ་ནས་དེ་ལ་ནོར་ཡང་རབ་ཏུ་སྩལ། །ཐབས་ལ་མཁས་པས་རབ་ཏུ་སྟོན་མཛད་དེ། །དམན་ལ་མོས་པའི་སྲས་རྣམས་འདུལ་མཛད་ཅིང་། །བཏུལ་ནས་སངས་རྒྱས་ཡེ་ཤེས་འདི་སྩོལ་བ། །འཇིག་
རྟེན་མགོན་པོ་ཤིན་ཏུ་དཀའ་བ་མཛད། །སངས་རྒྱས་བསྟན་པ་འདི་ལ་བདག་ཅག་རྣམས། །ཐོག་མའི་འབྲས་བུ་ཟག་མེད་དམ་པ་ཐོབ། །ཇི་ལྟར་དབུལ་པོས་ནོར་རྣམས་རྙེད་པ་བཞིན། །དེ་རིང་འཕྲལ་ལ་བདག་ཅག་ངོ་མཚར་ཐོབ། །བདག་ཅག་ཚུལ་ཁྲིམས་གང་རྣམས་ཡུན་རིང་
དུ། །འཇིག་རྟེན་མཁྱེན་པའི་བསྟན་ལ་ལེགས་གསུངས་པ། །མགོན་པོ་སྔོན་ཆད་ཚུལ་ཁྲིམས་སྤྱད་པ་ཡི། །དེ་ཡི་འབྲས་བུ་དེ་རིང་བདག་ཅག་ཐོབ། །ཚངས་པར་སྤྱོད་པ་མཆོག་རབ་རྣམ་དག་གང་། །འདྲེན་པའི་བསྟན་ལ་ཤིན་ཏུ་བསྙེན་བགྱིད་པ། །དེ་ཡི་འབྲས་བུ་ཞི་བ་
ཁྱད་པར་ཅན། །རྒྱ་ཆེན་ཟག་པ་མ་མཆིས་དེ་རིང་ཐོབ། །མགོན་པོ་དེ་རིང་བདག་ཅག་སྒྲོགས་གྱུར་ཏེ། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་སྒྲོགས་པ་མི་བཟད་འདྲ། །མགོན་པོ་དེང་ནི་བདག་ཅག་
འོས་གྱུར་ཏེ། །ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས། །ཚངས་པར་བཅས་པའི་སེམས་ཅན་ཐམས་ཅད་ཀྱིས། །བདག་ཅག་ཤིན་ཏུ་མཆོད་པར་འོས་པ་ལགས། །མི་ཡི་འཇིག་རྟེན་འདི་ན་གང་དཀའ་བ། །དཀའ་བ་འདི་འདྲ་བདག་ཅག་མཛད་པས་ན། །བསྐལ་པ་
བྱེ་བ་མང་པོར་འབད་པས་ཀྱང་། །ཁྱོད་ལ་ལན་གློན་རྔོ་ཐོགས་ག་ལ་མཆིས། །མགོ་དང་ལག་པ་དང་ནི་རྐང་པས་ཀྱང་། །ལན་དུ་ཕན་པར་བགྱི་བ་ཤིན་ཏུ་དཀའ། །གང་གཱའི་བྱེ་སྙེད་བསྐལ་པ་རྫོགས་པར་ཡང་། །མགོ་དང་ཕྲག་ལ་གང་གིས་ཁྱེར་བ་དང་། །བཅའ་དང་བཟའ་དང་སྐོམ་
དང་གོས་རྣམས་དང་། །མལ་ཆ་སྟན་དང་སྟེང་གཡོགས་ཆེན་པོ་ཕུལ། །ཙན་དན་དག་ལས་གཙུག་ལག་ཁང་བགྱིས་ཏེ། །བཅོས་བུའི་རས་ཕྲུགས་རབ་ཏུ་བཏིང་བ་དང་། །ན་བའི་གསོས་སྨན་རྣམ་པ་མང་པོ་ཡང་། །བདེ་བར་གཤེགས་པ་མཆོད་ཕྱིར་རྟག་ཕུལ་ཏེ། །

གང་གཱའི་བྱེ་སྙེད་བསྐལ་པར་ཕུལ་ཡང་ནི། །དེ་ལ་ནམ་ཡང་ལན་གློན་རྔོ་མི་ཐོགས། །མཚུངས་མེད་མཐུ་མངའ་ཆེ་བའི་ཆོས་ལྡན་པ། །བཟོད་པའི་སྟོབས་གནས་རྫུ་འཕྲུལ་ཆེ་རྣམས་དང་། །སངས་རྒྱས་རྒྱལ་ཆེན་ཟག་མེད་རྒྱལ་བ་ནི། །བྱིས་པ་དག་གི་འདི་འདྲ་ཤིན་ཏུ་བཟོད། །
དེ་བཞིན་རྟག་ཏུ་རྗེས་སུ་འཐུན་འཇུག་ཅིང་། །མཚན་མ་སྤྱོད་པ་རྣམས་ལ་ཆོས་སྟོན་ཏེ། །ཆོས་ཀྱི་དབང་ཕྱུག་འཇིག་རྟེན་ཀུན་ལ་དབང་། །དབང་ཕྱུག་ཆེན་པོ་འཇིག་རྟེན་འདྲེན་དབང་པོ། །སེམས་ཅན་གནས་རྣམས་རབ་ཏུ་མཁྱེན་པས་ན། །སོ་སོར་བསྒྲུབ་པ་རྣམ་པ་མང་པོར་
སྟོན། །དེ་དག་མོས་པ་སྣ་ཚོགས་མཁྱེན་ནས་སུ། །བརྒྱ་ཕྲག་སྟོང་གིས་རབ་ཏུ་ཆོས་འཆད་དོ། །སེམས་ཅན་ཐམས་ཅད་དང་ནི་གང་ཟག་གི། །དེ་བཞིན་གཤེགས་ཀྱི་སྤྱོད་པ་རབ་མཁྱེན་པས། །བྱང་ཆུབ་དམ་པ་འདི་ནི་རབ་སྟོན་ཅིང་། །ཆོས་རྣམས་རྣམ་པ་མང་པོ་
ཤིན་ཏུ་གསུང་། །དམ་པའི་ཆོས་པད་མ་དཀར་པོ་ལས་མོས་པའི་ལེའུ་ཞེས་བྱ་བ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། གཞན་ཡང་གནས་བརྟན་ཉན་ཐོས་ཆེན་པོ་དེ་དག་ལ་བཀའ་སྩལ་པ། འོད་སྲུང་ལེགས་
སོ་ལེགས་སོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་བསྔགས་པ་བརྗོད་པ་ནི། འོད་སྲུང་ཁྱོད་ལེགས་སོ། །འོད་སྲུང་དེ་དག་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ནོ། །དེ་བས་གཞན་ཡང་མང་ཞིང་ཚད་མེད་གྲངས་མེད་དེ། བསྐལ་པ་དཔག་ཏུ་མེད་པར་
བཤད་ཀྱང་། དེ་དག་གི་མཐའ་རྟོགས་པར་སླ་བ་མ་ཡིན་ནོ། །འོད་སྲུང་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་རྗེ། ཆོས་ཐམས་ཅད་ཀྱི་རྒྱལ་པོ་གཙོ་བོ་མངའ་བ་སྟེ། འོད་སྲུང་དེ་བཞིན་གཤེགས་པས་ཆོས་གང་དུ་བཞག་པ་དང་། ཇི་ལྟར་བཞག་པ་དེ་དག་དེ་བཞིན་དུ་འགྱུར་རོ། །
འོད་སྲུང་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་རིག་པར་འཇོག་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་འཇོག་གོ། །ཇི་ལྟར་ཆོས་དེ་དག་ཐམས་ཅད་མཁྱེན་པའི་ས་ཉིད་དུ་འབྱུང་བར་དེ་ལྟར་འཇོག་གོ། །ཆོས་ཐམས་ཅད་ཀྱི་དོན་གྱི་རིམ་པ་ལ་དེ་བཞིན་གཤེགས་པ་གཟིགས་

ཏེ། ཆོས་ཐམས་ཅད་ལ་ལྷག་པའི་བསམ་པ་ཐོབ། ཆོས་ཐམས་ཅད་ངེས་པར་གཏན་ལ་དབབ་པ་ལ་ཐབས་མཁས་པའི་ཡེ་ཤེས་དམ་པ་མཆོག་ཐོབ་སྟེ། འོད་སྲུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐམས་ཅད་མཁྱེན་པའི་
ཡེ་ཤེས་སྟོན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇོག་པའོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་ཁ་དོག་སྣ་
ཚོགས་རྣམ་པ་དུ་མ་དང་། སྨན་མང་པོ་མིང་ཐ་དད་དུ་བཏགས་པ། ས་དང་རི་དང་རི་སུལ་དག་ནས་ཇི་སྙེད་སྐྱེས་པ། སྤྲིན་ཆུ་ཆེན་པོས་རྒྱས་པ་འདུས་ནས། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁེབས་པར་བྱས་སོ། །ཀུན་ཁེབས་པར་
བྱས་ནས་དུས་གཅིག་ཏུ་ཆར་མཉམ་པར་ཕབ་སྟེ། འོད་སྲུང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་དེ་ན། སྡོང་བུ་དང་ཡལ་ག་དང་ལོ་མ་དང་འདབ་མ་གཞོན་ཞིང་འཇམ་པ་ཅི་ཡོད་པ་དང་སྡོང་བུ་དང་ཡལ་ག་དང་ལོ་མ་
དང་འདབ་མ་བར་མ་ཅི་ཡོད་པ་དང་སྡོང་བུ་དང་ཡལ་ག་དང་ལོ་མ་དང་འདབ་མ་ཆེན་པོ་དང་རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་གྱི་སྡོང་པོ་དང་སྡོང་པོ་ཆེན་པོ་ཅི་ཡོད་པ་དེ་དག་ཐམས་ཅད། སྤྲིན་ཆེན་པོ་ལས་ཆར་བབ་པ་ལ་མཐུ་དང་ཡུལ་ཇི་ལྟ་བ་བཞིན་དུ་ཆུའི་ཁམས་སོ་སོར་འཐུངས་ཏེ།
དེ་ཡང་སྤྲིན་ཆེན་པོ་གཅིག་ལས་བྱུང་བ། རོ་གཅིག་པའི་ཆུ་མང་པོས་ས་བོན་ཇི་ལྟ་བར་རྗེས་སུ་འཐུན་པར་སྐྱེས་ཏེ། འཕེལ་ཞིང་རྒྱས་པར་འགྱུར་རོ། །དེ་བཞིན་དུ་མེ་ཏོག་དང་འབྲས་བུ་འབྱུང་སྟེ། དེ་དག་ཀྱང་སོ་སོའི་མིང་ཐོབ་པོ། །ས་གཅིག་ལ་གནས་པའི་སྨན་མང་པོ་ས་བོན་མང་པོ་
དེ་ཐམས་ཅད་ཆུ་རོ་གཅིག་པས་བངས་པ་དེ་བཞིན་དུ། འོད་སྲུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་། །ཇི་ལྟར་སྤྲིན་ཆེན་པོ་འདུས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་བྱུང་ནས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་

པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ལ་དབྱངས་ཀྱིས་གོ་བར་མཛད་དོ། །དེ་ལ་འདི་ལྟ་སྟེ་དཔེར་ན་སྤྲིན་ཆེན་པོ་དེས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁེབས་པ་དེ་བཞིན་དུ། འོད་སྲུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཀྱིས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མདུན་དུ། སྒྲ་འདི་སྐད་འབྱིན་ཅིང་དབྱངས་ཀྱིས་ཐོས་པར་བྱེད་དེ། ལྷ་དང་མི་དག་ང་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། རྒལ་ནས་བསྒྲལ་ལོ་གྲོལ་ནས་དགྲོལ་
ལོ། །དབུགས་ཕྱིན་ནས་དབུགས་དབྱུང་ངོ་། །ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་བཟླའོ། །ང་ནི་ད་ལྟར་གྱི་འཇིག་རྟེན་དང་འཇིག་རྟེན་གཞན་ཡང་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་
གཟིགས་སོ། །ལྷ་དང་མི་དག་ཆོས་ཉན་པའི་ཕྱིར་ངའི་དྲུང་དུ་ཤོག་ཅིག །ང་ནི་ལམ་སྟོན་པའོ། །ལམ་འཆད་པའོ། །ལམ་རིག་པའོ། །ལམ་མཁས་པའོ། །འོད་སྲུང་དེ་ལྟར་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ། དེ་བཞིན་གཤེགས་པ་ལ་ཆོས་ཉན་ཞིང་ཉེ་བར་
ལྷགས་པའི་སེམས་ཅན་དེ་དག་གི་དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་དེ་བཞིན་གཤེགས་པས་མཁྱེན་ནས། དེ་དག་ལ་ཆོས་ཀྱི་རྣམ་གྲངས་ཉེ་བར་སྦྱོར་རོ། །དེ་དག་ལ་ཆོས་ཀྱི་གཏམ་མང་པོ་སྣ་ཚོགས་དགའ་བ་ཚིམ་པ་མགུ་བར་བྱེད་པ་ཕན་པ་དང་བདེ་བར་འགྱུར་བའི་གཏམ་
གང་གིས། སེམས་ཅན་ཚེ་འདི་ལ་བདེ་བར་འགྱུར་ཞིང་འཆི་བའི་དུས་བྱས་ནས་ཀྱང་བདེ་འགྲོར་སྐྱེ་ལ། གར་སྐྱེས་པ་དེར་འདོད་པ་མང་པོ་སྤྱོད་ཀྱང་ཆོས་ཉན་ཞིང་། ཆོས་དེ་ཐོས་ནས་སྒྲིབ་པ་མེད་པར་འགྱུར་ཏེ། མཐར་གྱིས་ཐམས་ཅད་མཁྱེན་པའི་ཆོས་ལ་སྟོབས་ཇི་ལྟ་བ་དང་ཡུལ་
ཇི་ལྟ་བ་དང་། མཐུ་ཇི་ལྟ་བ་བཞིན་དུ་འཇུག་པ་འགྱུར་བ་གསུང་ངོ་། །འོད་སྲུང་འདི་ལྟ་སྟེ་དཔེར་ན། སྤྲིན་ཆེན་པོ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁེབས་ནས་ཆར་མཉམ་པར་ཕབ་སྟེ། རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་ཐམས་ཅད་ཆུས་

ངོམས་ཏེ། སྟོབས་ཇི་ལྟ་བ་དང་ཡུལ་ཇི་ལྟ་བ་དང་མཐུ་ཇི་ལྟ་བ་བཞིན་དུ་རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་ལ་སོགས་པས་ཆུ་འཐུང་སྟེ། བདག་བདག་གི་སོ་སོའི་རིགས་དང་ཚད་དུ་སྐྱེའོ། །འོད་སྲུང་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་བཤད་པ། ཆོས་ཐམས་ཅད་རོ་གཅིག་པ་སྟེ། དེ་ནི་རྣམ་པར་གྲོལ་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་རོ་གཅིག་གོ། །འོད་སྲུང་དེ་བཞིན་དུ་དེ་བཞིན་གཤེགས་
པས་ཆོས་བཤད་པ་དེ་ལ། སེམས་ཅན་གང་ཉན་པ་དང་འཛིན་པ་དང་འཇུག་པ་དེ་དག་བདག་གིས་བདག་ཤེས་པའམ་རིག་པའམ་རྟོགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་དེ་བཞིན་གཤེགས་པས་འདི་ལྟར་སེམས་ཅན་དེ་དག་དེ་བཞིན་དུ་མཁྱེན་ཏེ། དེ་དག་སུ་ཡིན་པ་དང་
དེ་དག་ཅི་ལྟ་བུ་ཡིན་པ་དང་དེ་དག་ཅི་འདྲ་བ་དང་དེ་དག་ཅི་ལ་སེམས་པ་དང་དེ་དག་ཇི་ལྟར་སེམས་པ་དང་དེ་དག་ཅིས་སེམས་པ་དང་དེ་དག་ཅི་ལ་སྒོམ་པ་དང་དེ་དག་ཇི་ལྟར་སྒོམ་པ་དང་དེ་དག་ཅིས་སྒོམ་པ་དང་དེ་དག་ཅི་འཐོབ་པ་དང་དེ་དག་ཇི་ལྟར་འཐོབ་པ་དང་དེ་དག་ཅིས་འཐོབ་པ་དེ་དག་ཐམས་
ཅད་ནི་འོད་སྲུང་དེ་བཞིན་གཤེགས་པ་ལ་མངོན་སུམ་སྟེ། མངོན་སུམ་དུ་གཟིགས། ཇི་ལྟ་བ་བཞིན་དུ་གཟིགས་པའི་ཕྱིར་རོ། །འོད་སྲུང་འདི་ལྟ་སྟེ། རྣམ་པར་གྲོལ་བའི་རོ་དང་མྱ་ངན་ལས་འདས་པའི་མཐར་ཐུག་པ་དང་རྟག་པར་ཡོངས་སུ་མྱ་ངན་ལས་འདས་པ་དང་། ས་
གཅིག་པ་དང་ནམ་མཁའི་སྤྱོད་ཡུལ་དུ་ངས་ཆོས་རྣམས་རོ་གཅིག་པར་རྟོགས་ཀྱང་། སེམས་ཅན་རྣམས་ཀྱི་དད་པ་བསྲུང་བའི་ཕྱིར། ས་དེ་དང་དེ་དག་ན་གནས་པའི་སེམས་ཅན་རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་རབ་འབྲིང་ཐ་མ་དེ་དག་ལྟ་བུ་ལ། ཐམས་ཅད་མཁྱེན་པའི་ཡེ་
ཤེས་བློ་བུར་དུ་མི་སྟོན་ཏོ། །འོད་སྲུང་དེ་བཞིན་གཤེགས་པས་ལྡེམ་པོར་དགོངས་ཏེ་བཤད་པ་ལ། ཁྱེད་འཇུག་མི་ནུས་པས་ཁྱེད་ངོ་མཚར་དུ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་

དགོངས་ཏེ་བཤད་པ་ནི་ཤེས་པར་དཀའ་བའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་དོན་རྒྱས་པར་སྟོན་ཅིང་། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་རྒྱལ་སྲིད་པ་འཇོམས་མཛད་པ། །ང་ནི་འཇིག་རྟེན་བྱུང་ནས་སུ། །མོས་པ་རྣམ་པར་མཁྱེན་གྱུར་
ནས། །སེམས་ཅན་རྣམས་ལ་ཆོས་འཆད་དོ། །དཔའ་བོ་ཆེན་པོ་བློ་བརྟན་པས། །བཤད་པ་རྣམས་ནི་ཡུན་རིང་སྲུང་། །གསང་ཆེན་དག་ཀྱང་འཛིན་མཛད་ཅིང་། །སྲོག་ཆགས་རྣམས་ལ་མི་སྟོན་ཏོ། །ཡེ་ཤེས་དེ་ནི་ཤེས་དགའ་སྟེ། །བྱིས་པ་རྣམས་ཀྱིས་འཕྲ་ལ་ཐོས། །
མི་ཤེས་པས་ན་ཐེ་ཚོམ་གྱུར། །དེ་ལས་ཉམས་ཤིང་དེ་དགའ་འཁྱམ། །དེ་ཡི་སྟོབས་ཀྱང་ཅི་འདྲ་དང་། །ཡུལ་ཡང་ཇི་བཞིན་བཤད་པར་བྱ། །ཐ་དད་པ་ཡི་དོན་རྣམས་ཀྱིས། །ལྟ་བ་དག་ནི་དྲང་པོར་བྱ། །འོད་སྲུང་སྤྲིན་ནི་ཇི་ལྟ་བུར། །འདུས་ནས་འཇིག་རྟེན་ཁམས་
རྣམས་སུ། །ས་རྣམས་རབ་ཏུ་ཡོག་པར་ནི། །ཐམས་ཅད་དུ་ཡང་ཁེབས་པར་གྱུར། །དེ་ནི་རབ་ཏུ་ཆུས་རྒྱས་ཏེ། །སྤྲིན་ཆེན་གློག་གི་ཕྲེང་བར་བཅས། །སྐད་ཀྱིས་ཤིན་ཏུ་སྒྲ་འབྱིན་ཅིང་། །ལུས་ཅན་རྣམས་ལ་དགའ་བར་བྱེད། །ཉི་མའི་འོད་ནི་བསྒྲིབས་པས་ན། །དཀྱིལ་
འཁོར་དག་ཀྱང་བསིལ་བར་བྱས། །ལག་གིས་སླེབས་པར་འདུག་ནས་སུ། །ཐམས་ཅད་དུ་ནི་ཆར་ཡང་འབེབས། །དེ་ནི་སྙོམས་པར་འབེབས་པ་ཡང་། །ཆུ་ཡི་ཕུང་པོ་མི་ཆུང་བར། །ཀུན་ཏུ་བབ་པར་གྱུར་པས་ན། །ས་འདི་རྣམས་ཀྱང་ངོམས་པར་བྱས། །གང་དག་ས་འདི་
རྣམས་ལས་ནི། །སྐྱེ་བར་གྱུར་པ་སྨན་རྣམས་དང་། །རྩྭ་དང་གེལ་པ་ནགས་ཚལ་དང་། །སྡོང་པོ་དང་ནི་སྡོང་ཆེན་དང་། །འབྲུ་ཡི་རྣམ་པ་མང་པོ་དང་། །སྔོན་པོར་གྱུར་པ་དག་ཀྱང་རུང་། །རི་དང་རི་སུལ་ནགས་རྣམས་སམ། །སྨན་ལྗོངས་ནས་ནི་གང་འཁྲུངས་པ། །སྤྲིན་
གྱིས་ཐམས་ཅད་ངོམས་པར་བྱེད། །རྩྭ་དང་གེལ་པ་ནགས་ཚལ་དང་། །གདུངས་པའི་ས་ཡང་ངོམས་པར་བྱས། །སྨན་རྣམས་ལ་ཡང་ཀུན་ཏུ་ཕབ། །ཆུ་དེ་རྣམས་ཀྱང་རོ་གཅིག་སྟེ། །སྤྲིན་ལས་བབ་པ་འདི་ན་གནས། །ཇི་ལྟར་སྟོབས་དང་ཡུལ་གཞན་དུ། །རྩྭ་དང་གེལ་

པ་དེ་འཐུང་ངོ་། །སྡོང་པོ་དང་ནི་སྡོང་པོ་ཆེན་པོ་རྣམས། །ཆུང་ངུ་བར་མ་ན་ཚོད་ཇི་བཞིན་དུ། །ཇི་ལྟར་སྟོབས་བཞིན་ཐམས་ཅད་ཆུ་འཐུང་སྟེ། །འཐུངས་ནས་ཇི་ལྟར་འདོད་པ་བཞིན་དུ་སྐྱེ། །སྤྲིན་ལས་ཆར་པ་བབ་པས་རྩི་ཆེན་རྣམས། །སྡོང་བུ་སྦུ་གུ་ཤུན་
པ་ཅི་ལྟ་བར། །ཡལ་ག་གྱེས་དང་འདབ་མ་ཇི་བཞིན་དུ། །འབྲས་བུ་མེ་ཏོག་རྣམས་ཀྱང་དེ་བཞིན་འཕེལ། །ཆར་པ་རོ་གཅིག་པ་ཡང་བབ་པས་ན། །ཇི་ལྟའི་སྟོབས་དང་ཡུལ་ནི་ཅི་འདྲ་བར། །གང་གིས་ས་བོན་དག་ནི་ཅི་འདྲ་ལས། །དེ་དག་རང་རང་ལས་ནི་སྐྱེ་བ་འབྱིན། །
འོད་སྲུང་དེ་བཞིན་སངས་རྒྱས་འཇིག་རྟེན་འདིར། །འཇིག་རྟེན་ཆར་འཛིན་སྤྲིན་དང་འདྲ་བར་འབྱུང་། །འཇིག་རྟེན་མགོན་པོ་བྱུང་ནས་ཆད་པར་འགྱུར། །སྲོག་ཆགས་ལ་ནི་ཡང་དག་སྤྱོད་པར་སྟོན། །ལྷར་བཅས་འཇིག་རྟེན་དག་གིས་མདུན་བདར་ནས། །དེ་ལྟར་དྲང་སྲོང་ཆེན་
པོ་རབ་སྒྲོགས་ཏེ། །དེ་ནི་རྐང་གཉིས་མཆོག་རྒྱལ་དེ་བཞིན་གཤེགས། །སྤྲིན་ལྟ་བུར་ནི་འཇིག་རྟེན་འདིར་བྱུང་སྟེ། །རབ་ཏུ་ལུས་སྐམས་སྲིད་པ་གསུམ་ཆགས་པ། །སེམས་ཅན་ཐམས་ཅད་ངས་ནི་ངོམས་པར་བྱས། །སྡུག་བསྔལ་དག་གིས་སྐམས་པ་བདེ་ལ་དགོད། །
ངས་ནི་འདོད་དང་མྱ་ངན་འདས་པའང་སྦྱིན། །ལྷ་དང་མི་ཚོགས་རྣམས་ཀྱང་ང་ལ་ཉོན། །ང་ལ་ལྟ་བའི་ཕྱིར་ནི་ཉེ་བར་ཤོག །དེ་བཞིན་གཤེགས་པ་བཅོམ་ལྡན་ཟིལ་མི་ནོན། །བསྒྲལ་བའི་ཕྱིར་ནི་འཇིག་རྟེན་འདིར་སྐྱེས་ཏེ། །རྣམ་དག་ཤིན་ཏུ་མཐོང་བར་བྱ་བའི་ཆོས། །
སྲོག་ཆགས་བྱེ་བ་སྟོང་ལ་བཤད་པར་བྱ། །དེ་ཡི་མཉམ་པ་ཉིད་དང་ཡང་དག་གཅིག །དེ་ནི་རྣམ་གྲོལ་མྱ་ངན་འདའ་བ་ཡིན། །རྟག་ཏུ་བྱང་ཆུབ་ཕྱིར་ནི་ཞུགས་པར་ཡང་། །དབྱངས་གཅིག་གིས་ནི་རབ་ཏུ་ཆོས་བཤད་དེ། །དེ་ནི་མཉམ་པ་ཉིད་དེ་མི་མཉམ་མེད། །འདོད་
ཆགས་མེད་ཅིང་ཞེ་སྡང་དག་ཀྱང་མེད། །ནམ་ཡང་ང་ལ་རྗེས་སུ་ཆགས་པ་མེད། །སུ་ལའང་ང་ནི་མཛའ་ཞིང་སྡང་བ་མེད། །སེམས་ཅན་གཅིག་བཞིན་འགྲོ་བ་གཞན་ལ་སྟེ། །ལུས་ཅན་རྣམས་ལ་ཆོས་ནི་སྙོམས་པར་འཆད། །ལས་གཞན་མི་བྱེད་རབ་ཏུ་ཆོས་འཆད་དེ། །

འགྲོ་བ་དང་ནི་འགྲེང་དང་འདུག་པ་དང་། །མལ་དུ་ཞུགས་ཏེ་ཉལ་བའི་ཚེ་ན་ཡང་། །ནམ་ཡང་ང་ལ་སྐྱོ་བར་གྱུར་པ་མེད། །སྤྲིན་གྱིས་ཆར་པ་མཉམ་པར་ཕབ་པ་བཞིན། །འཇིག་རྟེན་འདི་རྣམས་ཐམས་ཅད་ངོམས་པར་བྱ། །འཕགས་པ་དང་ནི་མ་རབས་མཚུངས་པའི་བློ། །
ཚུལ་ཁྲིམས་ལྡན་དང་ཚུལ་ཁྲིམས་འཆལ་པ་དང་། །དེ་བཞིན་མི་གང་སྤྱོད་པ་ཉམས་པ་དང་། །སྤྱོད་དང་ཆོ་ག་རྣམས་སུ་ལྡན་པ་དང་། །ལྟ་ལ་གནས་ཤིང་ལྟ་བ་གང་ཉམས་དང་། །ཡང་དག་གང་ལྟ་ལྟ་བ་རྣམ་དག་དང་། །བློ་གྲོས་ངན་པ་དང་ནི་དམ་པའང་རུང་། །དབང་པོ་
བརྟུལ་པོ་རྣམས་ལ་ཆོས་བཤད་དེ། །སྐྱོ་བ་ཐམས་ཅད་རབ་ཏུ་རྣམ་སྤངས་ནས། །ངས་ནི་ཡང་དག་ཆོས་ཀྱི་ཆར་པ་ཕབ། །ཇི་ལྟའི་སྤོབས་བཞིན་ང་ལ་མཉན་ནས་ནི། །ལྷ་མི་ནང་ན་ཡིད་དུ་འོང་བ་དང་། །འཁོར་ལོས་སྒྱུར་དང་བརྒྱ་བྱིན་ཚངས་པ་ཡི། །རྣམ་པ་མང་པོའི་ས་ལ་
གནས་པར་འགྱུར། །ཕྲན་ཚེགས་ཕྲན་ཚེགས་སྨན་རྣམས་འདི་དག་དང་། །འཇིག་རྟེན་འདི་ན་གང་ཆུང་འདི་དག་དང་། །བར་མ་ཆེན་པོ་དམན་རྣམས་གཞན་དག་ཀྱང་། །དེ་དག་ཐམས་ཅད་རབ་ཏུ་བཤད་ཀྱིས་ཉོན། །ཟག་པ་མེད་པའི་ཆོས་རྣམས་རབ་ཤེས་ནས། །མི་དག་མྱ་
ངན་འདས་ཐོབ་གནས་པ་དང་། །དྲུག་མངོན་ཤེས་ཤིང་གསུམ་རིག་གང་འགྱུར་བ། །དེ་ནི་བར་མའི་སྨན་ཞེས་བྱ་བ་ཡིན། །གང་དག་རི་སུལ་རྣམས་ན་གནས་པ་དང་། །མི་གང་རང་རྒྱལ་བྱང་ཆུབ་འདོད་བྱེད་པ། །དེ་འདྲ་འབྲིང་དུ་རྣམ་པར་དག་པའི་བློ། །དེ་ནི་བར་མའི་སྨན་
ཞེས་བྱ་བ་ཡིན། །བརྩོན་འགྲུས་དང་ནི་བསམ་གཏན་རྣམས་བསྟེན་ཅིང་། །ལྷ་དང་མི་མགོན་སངས་རྒྱས་འགྱུར་བྱ་ཞེས། །སྐྱེས་བུ་ཁྱུ་མཆོག་ཏུ་ཡང་གང་སྨོན་པ། །དེ་ནི་སྨན་གྱི་མཆོག་ཅེས་བྱ་བ་ཡིན། །བདེ་བར་གཤེགས་པའི་སྲས་པོ་གང་ཞུགས་པ། །བྱམས་པ་བསྙེན་
ཅིང་འདི་ལ་ཞི་བ་སྤྱོད། །སྐྱེས་བུ་ཁྱུ་མཆོག་ཏུ་ཡང་ཐེ་ཚོམ་མེད། །དེ་འདྲ་འདི་ན་སྡོང་པོ་ཡིན་ཞེས་བྱ། །ཕྱིར་མི་ལྡོག་པའི་འཁོར་ལོ་རབ་སྐོར་ཞིང་། །རྫུ་འཕྲུལ་སྟོབས་ལ་གནས་པ་གང་དཔའ་བ། །སྲོག་ཆགས་བྱེ་བ་མང་པོ་རབ་ཏུ་འགྲོལ། །དེ་ནི་འདི་ན་སྡོང་པོ་ཆེན་པོ་

ཡིན། །རྒྱལ་བས་ཆོས་དེ་མཉམ་པར་བཤད་པ་ནི། །སྤྲིན་གྱིས་ཆར་པ་མཉམ་པ་ཕབ་པ་བཞིན། །སྣ་ཚོགས་མངོན་ཤེས་འདི་འདྲ་འདི་དག་ཀྱང་། །ས་སྟེང་སྨན་རྣམས་ཇི་ལྟར་གནས་པ་བཞིན། །དེ་ལྟ་བུ་ཡི་དཔེ་དག་བསྟན་པ་ཡིས། །དེ་བཞིན་
གཤེགས་པའི་ཐབས་རྣམས་ཤེས་པར་གྱིས། །ཇི་ལྟར་དེ་ཡིས་ཆོས་གཅིག་བཤད་པ་ཡང་། །སྣ་ཚོགས་ཚིག་ནི་ཆར་གྱི་ཐིགས་པ་བཞིན། །ངས་ཀྱང་ཆོས་ཀྱི་ཆར་པ་ཕབ་པས་ན། །འཇིག་རྟེན་འདི་དག་ཐམས་ཅད་ངོམས་པར་གྱུར། །རབ་ཏུ་བཤད་པ་རོ་གཅིག་ཆོས་
ལ་ཡང་། །ཅི་འདྲ་སྟོབས་བཞིན་རྗེས་སུ་རྣམ་པར་སེམས། །ཇི་ལྟར་རྩྭ་དང་གེལ་པའི་ཤིང་རྣམས་དང་། །བར་མའི་སྨན་རྣམས་ལ་ཡང་ཇི་ལྟ་བར། །སྡོང་པོ་དང་ནི་སྡོང་པོ་ཆེན་པོ་དེ། །ཆར་བབ་ཕྱོགས་བཅུ་ཀུན་ནའང་མཛེས་པ་བཞིན། །འདི་ནི་རྟག་ཏུ་འཇིག་རྟེན་ཕན་
པའི་ཆོས། །འཇིག་རྟེན་འདི་ཀུན་ཆོས་ཀྱིས་ངོམས་པར་བྱེད། །འཇིག་རྟེན་ཐམས་ཅད་ངོམས་པར་བྱས་ནས་ནི། །སྨན་རྣམས་ལས་ནི་མེ་ཏོག་རབ་ཏུ་འབྱུང་། །བར་མའི་སྨན་རྣམས་རྣམ་པར་སྐྱེ་བ་ནི། །དགྲ་བཅོམ་གང་དག་ཟག་པ་ཟད་གནས་དང་། །ནགས་ཚལ་ཁྲོད་ནས་
རང་སངས་རྒྱས་རྣམས་ལ། །ལེགས་པར་གསུངས་པའི་ཆོས་རྣམས་བསྟན་པར་བྱ། །བྱང་ཆུབ་སེམས་དཔའ་མང་པོ་དྲན་ལྡན་བརྟན། །བྱང་ཆུབ་མཆོག་འདི་ཡོངས་སུ་ཚོལ་བ་ན། །ཁམས་གསུམ་ཐམས་ཅད་རྟོགས་པར་ཁོང་ཆུད་པ། །དེ་དག་རྟག་ཏུ་སྐྱེ་བ་སྡོང་པོ་
བཞིན། །རྫུ་འཕྲུལ་གང་ལྡན་བསམ་གཏན་བཞིར་ཞུགས་པ། །གང་དག་སྟོང་པ་ཉིད་ཐོས་དགའ་སྐྱེད་ཅིང་། །འོད་ཟེར་སྟོང་ཕྲག་རབ་ཏུ་གཏོང་བ་རྣམས། །དེ་དག་སྡོང་པོ་ཆེན་པོ་ཞེས་ཀྱང་བྱ། །འོད་སྲུང་འདི་ལྟ་བུ་ཡི་ཆོས་བཤད་པ། །སྤྲིན་གྱིས་ཆར་པ་མཉམ