Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 051_མདོ་སྡེ།_ཇ

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
པེར་ན་རི་རབ་ལྷུན་པོ་དཔག་ཚད་
བརྒྱད་ཁྲི་བཞི་སྟོང་འོག་ཏུ་ནུབ་པ་དང་། འཕང་གི་སྲིད་དུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་དེ་ནི་རིགས་ཀྱི་བུ་གྲོ་གའི་ཕུང་པོར་གྱུར་ལ། རྒྱ་མཚོ་མཆིང་རྣམ་ཆེན་པོ་ནི་སྣག་ཚས་ཡོངས་སུ་གང་བར་གྱུར། གླིང་བཞི་ན་གནས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་
དང་། བུ་མོ་དེ་དག་ཐམས་ཅད་ནི་ཡི་གེ་བར་གྱུར་ཏེ། རི་རབ་ལྷུན་པོ་དང་མཉམ་པ་མཐའ་ཡས་མུ་མེད་པ་དེ་ཡི་གེར་བྲིས་ཀྱང་རིགས་ཀྱི་བུ་ཡི་གེ་དེ་རེ་རེ་ནས་ངས་བགྲང་ནུས་ཀྱི། རིགས་ཀྱི་བུ་བསོད་སྙོམས་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་ནི་བགྲང་མི་ནུས་སོ། །རིགས་
ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཡི་གེ་བ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པར་གྱུར་ན། གང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་པ་བསོད་སྙོམས་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་ཡང་དེ་ཙམ་མོ། །
རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་མཆིང་རྣམ་གྱི་བྱེ་མ་ནི་བྱེ་མ་རེ་རེ་ནས་ངས་བགྲང་ནུས་ཀྱི། རིགས་ཀྱི་བུ་བསོད་སྙོམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། །དེ་ནས་ལྷ་མ་ཡིན་གཏོར་མ་མཆི་མ་དང་བཅས། ངོམ་ཟུང་གནག། དབུགས་ཀྱིས་བརྣངས་ཤིང་
སྐད་ར་ར་པོར་གྱུར་ལ། ཤུགས་འབྱིན་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གཏོར་མ་སླས་དང་། འཁོར་དང་བཅས་པས་སྦྱིན་པ་ཇི་ལྟ་བུ་ཞིག་བགྱིས་ནས། ཚེ་འདི་ཉིད་ལ་བཅིངས་པ་ཐོབ་པར་
གྱུར་ཏེ། བདག་གིས་ཞིང་ངན་པ་ལ་སྦྱིན་པ་བྱིན་ཏེ། ལས་དེའི་འབྲས་བུ་མྱོང་བ་འདི་ལགས་པ་ལྟ། ཐམས་ཅད་མཁྱེན་པའི་ཞིང་ལ་ནི་ཐལ་བ་སྤར་བ་གང་གཏོར་ཀྱང་བདུད་རྩི་འགྲུབ་པར་འགྱུར་ན། བདག་གིས་མ་འཚལ་བས་མཆོད་སྦྱིན་མཆོད་པའི་ཚེ་མིའུ་ཐུང་གི་

གཟུགས་ཀྱིས་སློང་བ་མཆིས་ནས་བདག་གིས་བལ་གླང་དང་། རྟའི་ཐེག་པ་ཅོད་པན་དང་རྣ་ཆ་དང་། སེ་མོ་དོ་མང་པོ་དང་ལྡན་པ་ནི་བཤམས། གཡག་རྔའི་རྡུལ་ཡབ་རིན་པོ་ཆེས་སྤྲས་པ་ནི་དཔྱངས་མུ་ཏིག་གི་སེ་མོ་དོ་དག་དང་མུ་ཏིག་ལས་བགྱིས་པའི་མཇུག་མ་དག་ནི་མུ་ཏིག་གི་
དྲ་བ་དག་གིས་གཡོགས། །གསེར་གྱི་དྲིལ་བུ་དག་ནི་དངུལ་གྱིས་བརྒྱུས་ཏེ་སྒྲ་སིལ་སིལ་མཆི་ཞིང་། གཞན་ཡང་གླང་སེར་སྐྱ་སྟོང་དག་རྨིག་པ་ནི་དངུལ་ལས་བགྱིས། རྭ་ནི་གསེར་ལས་བགྱིས་ཤིང་མུ་ཏིག་གི་དྲ་བས་གཡོགས་ཏེ་མཆི་བ་དེ་འདྲ་བའི་གླང་སེར་སྐྱ་དག་དང་། གཞན་
ཡང་བུད་མེད་གཞོན་ནུ་ཤིན་ཏུ་ཁ་དོག་བཟང་ཞིང་ཤ་རྒྱས་པ་དང་ལྡན་པ། ཤིན་ཏུ་སྡུག་པ་ལྷའི་བུ་མོ་དང་འདྲ་ཞིང་འགྲན་པ། ལྷའི་རྒྱན་གྱིས་བརྒྱན་པ། ཅོད་པན་དང་། རྣ་ཆ་དང་། སེ་མོ་དོ་མང་པོ་ཐོགས་པ། དཔུང་རྒྱན་དང་། གདུ་བུ་དང་། རྐང་པའི་གདུ་བུ་དང་། རྐེད་པའི་
སྐ་རགས་ཀྱི་རྒྱན་དང་། སོར་གདུབ་དང་། སེ་རལ་གྱི་རྒྱན་དང་། མཐེ་བོ་གཡོན་པ་སོར་གདུབ་དང་ལྡན་པ། སྒྲ་སིལ་སིལ་མཆི་བ་དང་ལྡན་པ། གོས་ཚོན་སྣ་ཚོགས་སུ་བཅོས་པ་གྱོན་པ་སྟོང་དག་དང་། གཞན་ཡང་རིན་པོ་ཆེའི་ཁྲིའུ་བརྒྱ་སྟོང་དག་དང་། གསེར་
གྱི་ཕུང་པོ་དང་། དངུལ་གྱི་ཕུང་པོ་དང་། རིན་པོ་ཆེའི་ཕུང་པོ་དུ་མ་དག་ནི་བཞག །གོས་དང་རྒྱན་གྱི་ཕུང་པོ་དུ་མ་དག་ནི་བཞག །བ་ལང་གི་རིགས་བརྒྱ་སྟོང་དུ་མ་རྫི་དང་ལྡན་པ་དག་ནི་སྟ་གོན་བགྱིས། ཟས་དང་སྐོམ་མང་པོ་དག་ནི་བཞག །ལྷའི་ཟས་རོའི་རོ་མཆོག་
དང་ལྡན་པ་དག་ནི་སྟ་གོན་བགྱིས། གསེར་དང་དངུལ་གྱི་དྲིལ་བུ་རིན་པོ་ཆེས་སྤྲས་པ་དག་ནི་རྟག་ཏུ་བཞག །གསེར་དང་དངུལ་གྱི་སེང་གེའི་ཁྲིའུ་དུ་མ་དག་ནི་རིན་པོ་ཆེས་སྤྲས། ལྷའི་གཡག་རྔའི་རྡུལ་ཡབ་ཀྱི་རྩ་བ་དང་། གདུགས་དང་། ལྷ་མ་དག་ནི་གསེར་གྱིས་བརྒྱན།
གསེར་གྱི་ཅོད་པན་སྟོང་ཕྲག་དུ་མ་དག་ནི་རིན་པོ་ཆེས་བརྒྱན་ཅིང་བཞག་པ་དང་། དེའི་ཚེ་རྒྱལ་པོ་ནི་སྟོང་ཚོགས། བྲམ་ཟེ་ནི་འབུམ་ཚོགས། རྒྱལ་རིགས་ནི་འབུམ་ཕྲག་དུ་མ་ཚོགས་ཏེ། དེའི་ཚེ་བདག་གིས་སའི་གདུགས་གཅིག་ཏུ་བགྱིས་པ་བདག་ངོ་མཚར་དུ་གྱུར་ཏེ།

དེ་བས་ན་ཐོག་མའི་སྡིག་པ་མཐོལ་ལོ་བཤགས་སོ། །རྒྱལ་རིགས་ཀྱི་ཆུང་མ་རྣམས་ནི་སྙིང་གར་དྲལ་ཏེ། ཁྱེའུ་དང་བུ་མོ་གཞོན་ནུ་དག་སྲོག་བཅད། རྒྱལ་རིགས་ཆེན་པོ་དག་ཐམས་ཅད་ནི་ཁུ་སྒོ་དང་། ལྕགས་ཀྱིས་བཅིངས་ནས་ཟངས་ཀྱི་བྲག་ཕུག་
ཏུ་ཁྲིད་དེ། རྒྱལ་རིགས་འབུམ་ཕྲག་དུ་མ་ནི་ཟངས་ཀྱི་བྲག་ཕུག་དེར་སྩལ། ཁ་ཤ་དང་པན་ད་པ་ལ་སོགས་པའི་རྒྱལ་རིགས་དེ་དག་ནི་ལྕགས་ཐག་ལྕགས་ཀྱི་ཕུར་པ་དང་ལྡན་པས་རྐང་ལག་བཅིངས་ནས་ཕུག་དེར་བཞག་སྟེ། དེའི་ཚེ་བདག་གིས་ཆབ་སྒོ་ཐམས་ཅད་ཀྱང་བཀུམ་མོ། །
དང་པོ་ནི་ཤིང་གི་སྒོའོ། །གཉིས་པ་ནི་སེང་ལྡེང་གི་སྒོའོ། །གསུམ་པ་ནི་འཁར་བའི་སྒོའོ། །བཞི་པ་ནི་ཟངས་ཀྱི་སྒོའོ། །ལྔ་པ་ནི་ལྕགས་ཀྱི་སྒོའོ། །དྲུག་པ་ནི་དངུལ་གྱི་སྒོའོ། །བདུན་པ་ནི་གསེར་གྱི་སྒོ་སྟེ། གསེར་གྱི་སྒོ་དེར་རི་བདུན་གཅིག་གི་སྟེང་དུ་གཅིག་
བརྩེགས་ཏེ་བཞག་གོ། །དེ་ནས་བདག་གིས་ཤིང་རྟ་བཅུ་པའི་བུ་ཚོལ་ཞིང་གདུགས་ལ་ལ་ལ་ནི་སྦྲང་བུའི་གཟུགས་ཀྱིས། གདུགས་ལ་ལ་ལ་ནི་བུང་བའི་གཟུགས་ཀྱིས། གདུགས་ལ་ལ་ལ་ནི་ཕག་གི་གཟུགས་ཀྱིས། གདུགས་ལ་ལ་ལ་ནི་མིའི་གཟུགས་ཀྱིས་དེ་ལྟར་བསྒྱུར་
ཏེ། གདུགས་རེ་རེ་ཞིང་གཞན་དང་གཞན་གྱི་གཟུགས་ཀྱིས་མཆི་ཡང་མངོན་དུ་མ་མཐོང་ནས། དེའི་ཚེ་བདག་གིས་རྗེས་སུ་བསམས་ཏེ་མཆོད་སྦྱིན་བགྱི་བར་བརྩམས་པ་དང་། དེའི་ཚེ་ཤིང་རྟ་བཅུ་པའི་བུ་གླགས་ཚོལ་བ་མཆིས་ཏེ། དེས་རི་བདུན་དྲལ་ཅིང་གཤེགས་ནས་མྱུར་
དུ་ཕྱོགས་གཞན་དུ་བོར་ཏེ་རྒྱལ་རིགས་དེ་དག་ལ་སྐད་ཆེར་སྨྲས་པ་དང་། རྒྱལ་པོ་དེ་དག་གིས་སྒྲ་དེ་ཐོས་སོ། །ཐོས་ནས་དབུགས་ཕྱིན་པར་གྱུར་ཏེ་གནས་པ་དང་། ཁྱེད་ཅག་གསོན་ནམ་ཤི་ཞེས་སྨྲས་པ་དང་། དེ་དག་གིས་བཅོམ་ལྡན་འདས་བདག་ཅག་ནི་གསོན་ནོ་
ཞེས་སྨྲས་སོ། །དེ་ནས་སྐྱེས་བུ་དཔའ་བོ་ཆེན་པོ་དེས་སྒོ་དེ་དག་ཐམས་ཅད་བཅོམ་ནས་ཟངས་ཀྱི་ཕུག་དེ་དག་མཐོང་བ་དང་། རྒྱལ་པོ་བཅིངས་པ་དེ་དག་ཐམས་ཅད་ཀྱིས་མཐུ་བོ་ཆེ་མཐོང་ནས་ཡང་ན་ནི་ལྷ་མ་ཡིན་གཏོར་མ་ཤིའོ། །འཆི་བའི་དུས་བྱས་སོ། །ཡང་ན་ནི་བདག་

ཅག་བསད་པའི་དུས་ལ་བབ་པ་ལྟ་ཞིག་ཅེས་ཕན་ཚུན་དུ་སེམས་པ་ལས། དེ་ནས་དེ་དག་གིས་བདག་ཅག་ནི་གཡུལ་གྱི་སར་ཤི་ན་ལེགས་ཀྱི་བཅིང་བས་བཅིངས་བཞིན་དུ་ཤི་ན་མ་ལེགས་ཏེ། བདག་ཅག་ནི་བཅིང་བས་བཅིངས་བཞིན་དུ་ཤི་བའི་དུས་བྱས་པར་གྱུར་ན་རྒྱལ་
རིགས་ཀྱི་ཆོས་ཀྱང་མེད་པར་འགྱུར་གྱི། གཡུལ་གྱི་སར་ཤི་བའི་དུས་བྱས་ན་ནི་བདག་ཅག་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཞེས་གཅིག་ལ་གཅིག་དེ་སྐད་སྨྲའོ། །དེ་ནས་རྒྱལ་པོ་ཆེན་པོ་དེ་དག་ཐམས་ཅད་བདག་བདག་གི་ཁབ་ཏུ་དོང་སྟེ་ཤིང་རྟ་འདྲེན་པའི་རྟ་དུ་མ་སྟ་གོན་
བགྱིས་སོ། །གང་གི་ཚེ་ན་དེ་དག་གིས་ཤིང་རྟ་དང་མཚོན་ཆ་རིན་པོ་ཆེ་ཆེན་པོ་དག་སྟ་གོན་བགྱིས་པ་དེའི་ཚེ་ཤིང་རྟ་བཅུ་པའི་བུ་མིའུ་ཐུང་གི་གཟུགས་སུ་སྤྲུལ་ནས་རི་དགས་ཀྱི་པགས་པ་སེ་རལ་དུ་ཐོགས། སྨྱིག་མའི་འཁར་བ་ཐོགས། ཁྲིའུ་འཚལ་ཏེ་བདག་གི་དྲུང་དུ་མཆིས་
ནས་ཆབ་སྒོར་ཕྱིན་པ་དང་། སྒོ་བས་བྲམ་ཟེ་མིའུ་ཐུང་མ་འགྲོ་ཤིག་ཅེས་བསྒྲགས་ནས། དེས་བདག་ནི་ཤུལ་རིང་པོ་ནས་མཆིས་སོ་ཞེས་སྨྲས་སོ། །དེ་ནས་སྒོ་བས་དེ་ལ་བྲམ་ཟེ་ས་གང་ནས་འོངས་ཞེས་དེ་སྐད་སྨྲས་པ་དང་། བདག་ནི་ཟླ་བའི་གླིང་ནས་རྒྱལ་པོ་དྲང་སྲོང་གི་དྲུང་
དུ་མཆིས་སོ། །དེ་ནས་སྐྱེས་བུ་སྒོ་བ་དེ་སོང་སྟེ། གཏོར་མ་ལ་ལྷ་ཁྱོད་ཀྱི་ཞལ་སྔར་བྲམ་ཟེ་མིའུ་ཐུང་ཞིག་མཆིས་སོ་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཏོར་མས་ཅིའི་དངོས་པོ་ཞིག་སློང་ཞེས་དེ་སྐད་སྨྲས་པ་དང་། ལྷ་མ་འཚལ་ཏེ་ཞེས་སྨྲས་སོ། །དེ་
ནས་རྒྱལ་པོ་གཏོར་མས་ཁྱོད་སོང་ལ་བྲམ་ཟེ་དེ་ཁྲིད་དེ་ཤོག་ཤིག་ཅེས་དེ་སྐད་སྨྲས་པ་དང་། སྒོ་བ་དེས་དེ་བོས་ཏེ་བྲམ་ཟེ་ཆེན་པོ་བཞུད་ཅིག་ཅེས་སྨྲས་ནས་དེ་ནང་དུ་སོང་བ་དང་རིན་པོ་ཆེའི་ཁྲིའུ་ལ་བཞག་སྟེ། པ་བ་སངས་ཀྱང་དེའི་ཚེ་ན་དེ་ན་གནས་སོ། །དེ་ཡང་དེའི་
མཁན་པོར་གྲགས་ནས་དེས་གཏོར་མ་ལ་འདི་ནི་དུས་ཀྱི་སྐྱེས་བུ་འདྲ་བ་ཞིག་ཕྱིན་ཏེ་ཁྱོད་ལ་ངེས་པར་བར་ཆད་བྱེད་དོ་ཞེས་དེ་སྐད་སྨྲས་སོ། །བཅོམ་ལྡན་འདས་ཇི་ལྟར་མཁྱེན། ངས་ནི་ལྟས་དང་མཚན་མ་ལས་ཤེས་སོ། །བདག་ཅག་གི་ཐབས་ཇི་ལྟ་བུ་ཞིག་བགྱི། དེ་

ནས་མཐུ་བོ་ཆེས་ངེས་པར་སྦྱིན་པ་ལ་འགྱོད་པར་འགྱུར་རོ་སྙམ་དུ་བསམས་ནས་དེས་དེའི་ཁར་ས་ར་སྭ་ཏི་བཅུག་པ་དང་། དེའི་ཚེ་དེས་སྨྲས་པ། བྲམ་ཟེ་ཚུར་ཤོག །ཁྱོད་ཇི་ལྟ་བུར་སེམས། བྲམ་ཟེ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །གོམ་པ་གཉིས་
ཤིག་གསོལ་ཏོ། །བྲམ་ཟེ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་གོམ་པ་གཉིས་བླངས་ན་ངས་ནི་གོམ་པ་གསུམ་སྦྱིན་ནོ། །དེ་ནས་བླང་བ་བླངས་ནས་བཀྲ་ཤིས་སོ་ཞེས་སྨྲས་ཏེ། དེས་ཆུ་དང་ཏིལ་དང་གསེར་དུ་བཅས་པ་བླངས་སོ། །དེ་ནས་མིའུ་ཐུང་དེའི་གཟུགས་མི་སྣང་བར་བྱས་སོ། །
དེ་ནས་པ་བ་སངས་དེས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་དྲང་སྲོང་ཁོ་བོས་དུས་ཀྱི་སྐྱེས་བུ་འོངས་སོ་ཞེས་བྱས་ན་ཁྱོད་ཀྱིས་ངའི་ཚིག་མ་མཉན་ཏེ། ལས་དེའི་འབྲས་བུ་མྱོང་བར་གྱིས་ཤིག །དེས་བདག་གི་ལུས་ཆེན་པོར་བསྒྱུར་བ་དང་ཉི་མ་དང་ཟླ་བ་ནི་དེའི་ཕྲག་པ་ལ་གནས། ལག་ན་
ནི་རལ་གྲི་དང་། གཞུ་དང་། འཁོར་ལོ་དང་། མཚོན་ཆ་དག་ཐོགས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཏོར་མ་ཁ་བུབ་ཏུ་འགྱེལ་ནས་དྲན་པ་ཉམས་ཏེ་འདར་འདར་པོར་བྱས་ནས་བདག་གིས་ཅི་བགྱིས་རང་གི་ལག་ནས་དུག་འཚལ་བ་ལྟ་ཞེས་སྨྲས་སོ། །གོམ་པ་གཉིས་ནི་
ཚང་ན་གསུམ་པ་བྱིན་ཅིག་ཅེས་སྨྲས་པ་དང་། གསུམ་པ་མ་མཆིས་སོ་ཞེས་དེས་སྨྲས་སོ། །ཁོ་བོས་བླང་བ་ཡང་བླངས་སོ། །བདག་གིས་ཐབས་ཇི་ལྟ་བུ་ཞིག་བགྱི། ངས་གར་བཞག་པ་དེར་ཁྱོད་ཀྱིས་འདུག་པར་གྱིས་ཤིག །དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཏོར་མས་འདི་
སྐད་ཅེས་སྨྲས་སོ། །བདག་ནི་བཀའ་ཅི་སྩལ་པ་དེ་བཞིན་དུ་བགྱིད་དོ། །མད་དོ་མེད་དོ་ཞེས་བགྱིས་དེས་སྨྲས་པ། མད་དོ་མད་པར་བགྱིད་དོ། །དེས་བདེན་པའི་ཞགས་པས་བཅིངས་ནས་མཆོད་སྦྱིན་གྱི་གནས་དེ་ཡང་བཤིག་གོ། །སྣོད་དེ་དག་ཀྱང་ལྷག་མ་ཅན་དུ་བགྱིས་
སོ། །བུ་མོ་གཞོན་ནུ་དེ་དག་ཀྱང་པན་ད་པ་དང་། ཀོའུ་ར་བ་དག་གིས་མནོལ་བར་བགྱིས་སོ། །སེང་གེའི་ཁྲི་དེ་དག་དང་། ལྷའི་གདུགས་དེ་དག་དང་། ལྷ་མ་རིན་པོ་ཆེས་བརྒྱན་པ་དེ་དག་དང་། གོས་དང་རྒྱན་དེ་དག་དང་། གསེར་གྱི་དཔུང་རྒྱན་རིན་པོ་ཆེས་སྤྲས་

པ་དེ་དག་དང་། གླང་སེར་སྐྱ་དེ་དག་ཀྱང་པན་ད་པ་དང་ཀོའུ་ར་བ་དེ་དག་གིས་འཚལ་ཏོ། །བདག་གི་ས་གཞི་དེ་དག་ཀྱང་བཅོམ་མོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཏོར་མ་ལུས་ལ་སེམས་ཤིང་གཏོར་མ་ནི་མཆོད་སྦྱིན་རྒྱ་ཆེར་བགྱིད་ན། ཐབས་མ་འཚལ་བས་དུས་མ་ལགས་
པར་སྦྱིན་པ་བྱིན་པས་བཅིངས་པ་ཉིད་ཐོབ་པར་གྱུར་ཏེ། ལྷ་ལ་ཕྱག་འཚལ་ལོ་སྙམ་མོ། །དེ་ཁྲིད་ནས་བྱེད་པ་པོ་བཞིན་དུ་སླས་དང་འཁོར་དང་བཅས་ཏེ་སའི་འོག་ཏུ་བཞག་གོ། །བདག་གིས་སྔོན་ཞིང་ངན་པ་ལ་སྦྱིན་པ་བགྱིས་སོ་ཞེས་གསོལ་བ་ལགས་ཏེ། ཕྱག་ན་མེ་ཏོག་
པད་མ་བཟང་པོ་ཐོགས་པས་སྐྱབས་མཛོད་ཅིག །པད་མའི་དཔལ་གྱིས་བརྒྱན་པ། སྐྲའི་ཅོད་པན་ཐོགས་པ། ཐམས་ཅད་མཁྱེན་པ་དབུ་ན་བཞུགས་པ། སེམས་ཅན་མང་པོ་དབུགས་འབྱིན་པར་མཛད་པ། དམན་པ་དང་ཕོངས་པ་ལ་ཐུགས་རྗེ་བ། གདུགས་
བཞིན་དུ་སྤྱན་བཟང་བ། སའི་སྤྱན་དམ་པ། སྨན་གྱི་རྒྱལ་པོའི་མཆོག །སེམས་ཅན་ཤིན་ཏུ་དག་པ། རྣལ་འབྱོར་རབ་ཏུ་ཐོབ་པ། ཐར་པ་རབ་མཆོག་ཅན། ཐར་པ་ལ་དགྱེས་པ། ནོར་བུ་ཡིད་བཞིན་དང་འདྲ་བ་ཆོས་ཀྱི་མཛོད་ཡོངས་སུ་སྐྱོང་བར་མཛད་པ། ཕ་རོལ་ཏུ་ཕྱིན་པ་
དྲུག་སྟོན་པར་མཛད་པ། བསམ་པ་ལེགས་པར་མཛད་པ་ལ་བདག་གིས་བསྟོད་པ་འདི་བགྱིས་སོ། །གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཁྱོད་ཀྱི་མཚན་རྗེས་སུ་དྲན་པའི་སེམས་ཅན་དེ་དག་ནི་བདེ་བ་དང་ལྡན་པ་ལགས་སོ། །ཐིག་ནག་
པོ་ཅན་དང་། འོ་དོད་འབོད་པ་དང་། སེམས་ཅན་དམྱལ་བར་སྐྱེས་པ་དང་། ཡི་དགས་ཀྱི་གྲོང་ཁྱེར་དུ་སྐྱེས་པ་གང་དག་ཁྱོད་ཀྱི་མཚན་རྗེས་སུ་དྲན་པ་དེ་དག་ནི་ངན་སོང་གི་སྡུག་བསྔལ་ཆེན་པོ་ལས་ཐར་བ་ལགས་སོ། །གང་ཁྱོད་ཀྱི་མཚན་རྗེས་སུ་དྲན་པའི་སེམས་ཅན་དེ་དག་
ནི་བསམ་པ་ལེགས་པ་དང་ལྡན་པ་ལགས་ཏེ། དེ་དག་ནི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་མཆིས་ནས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལས་ཆོས་ཉན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་ལྷ་མ་ཡིན་

གྱི་དབང་པོ་གཏོར་མ་ལ་ལུང་བསྟན་པ། ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་
བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ལྷ་མ་ཡིན་གྱི་དབང་པོའི་དཔལ་ཞེས་བྱ་བར་འགྱུར་ཏེ། ལྷ་མ་ཡིན་ཐམས་ཅད་འདུལ་བར་འགྱུར་རོ། །ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་ན་འདོད་ཆགས་ཀྱི་སྒྲ་མེད། ཞེ་སྡང་གི་སྒྲ་མེད། གཏི་མུག་གི་སྒྲ་མེད་པར་
འགྱུར་རོ། །ཡི་གེ་དྲུག་པའི་རིག་པ་ཆེན་པོ་འཐོབ་པ་ཐོབ་པར་འགྱུར་རོ། །དེས་དེ་ལ་ཆོས་ཀྱི་སྦྱིན་པ། མུ་ཏིག་གི་སེ་མོ་དོ་འདོམ་སྟོང་པ་རིན་བརྒྱ་སྟོང་རི་བ་དང་། ཅོད་པན་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་
གཟིགས་ཀྱི་དབང་པོ་ཆོས་འཆད་པར་རྩོམ་སྟེ། རྒྱལ་པོ་ཆེན་པོ་ཉོན་ཅིག །མི་མི་རྟག་པའི་ནང་ན་གང་རྟག་ཏུ་ཡོངས་སུ་ལེན་པར་སེམས་པ་དང་། ལོངས་སྤྱོད་ཆེན་པོའི་རྗེས་སུ་སེམས་པ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་དང་། གང་ཡང་ནོར་དང་།
འབྲུ་དང་། མཛོད་དང་། བང་བ་རིན་པོ་ཆེ་དག་དང་། གང་བུ་དང་། བུ་མོ་དང་། ཆུང་མ་དང་། ཕ་དང་མ་ལ་སེམས་པའི་སེམས་ཅན་དེ་དག་ནི་མི་ཤེས་པ་ཡིན་ཏེ། གང་དངོས་པོ་དེ་དག་ལ་ཆགས་པའི་སེམས་ཅན་དེ་དག་ནི་རྨི་ལམ་ལྟ་བུར་སྣང་སྟེ། འཆི་བའི་དུས་
ཀྱི་ཚེ་ཡང་སྐྱབས་བྱེད་པ་སུ་ཡང་མེད་པར་འགྱུར་རོ། །གང་གི་ཚེ་ན་སྲོག་དང་བྲལ་བ་དེའི་ཚེ་འཛམ་བུའི་གླིང་ལ་ལོག་པར་མཐོང་བར་འགྱུར་རོ། །ཆུ་བོ་ཆེན་པོ་ལ་ཡང་ཁྲག་དང་རྣག་གིས་གང་བར་མཐོང་བར་འགྱུར་རོ། །གང་ཤིང་ཆེན་པོ་དེ་དག་ཀྱང་འབར་བ། རབ་ཏུ་འབར་བ། ཡང་
དག་པར་ཤིན་ཏུ་འབར་བར་མཐོང་བར་འགྱུར་རོ། །མཐོང་ནས་ཀྱང་སྐྲག་པར་འགྱུར་ཞིང་དེ་ནས་གཞན་གྱིས་ཞགས་པས་བཅིངས་ཏེ་ཁྲིད་པར་འགྱུར་རོ། །སྤུ་གྲིའི་སོའི་ལམ་ཆེན་པོར་རྐང་པ་ཡང་འཆད་པར་འགྱུར་རོ། །རྐང་པ་བཏེག་པ་དང་རྐང་པ་གཞན་འབྱུང་བར་འགྱུར་རོ། །

བྱ་རོག་དང་། བྱ་རྒོད་དང་། བྱ་ཀུ་ར་ར་དང་། ཁྱི་དུ་མ་དག་གིས་ཀྱང་ཟོས་ཤིང་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་བར་འགྱུར་རོ། །དེ་ནས་སྤུ་གྲིའི་སོའི་ལམ་ཆེན་པོ་ལས་བབས་ནས་རྐང་པ་རེ་རེ་ལ་ཡང་ཚེར་མ་སོར་བཅུ་དྲུག་ཙམ་ཡོད་པ་ལྔ་བརྒྱ་ལྔ་
བརྒྱ་ཟུག་པར་འགྱུར་ཏེ། བདག་ཅག་གིས་སྡིག་པའི་ལས་ཅི་ཞིག་བྱས་ཞེས་འཁོང་བར་འགྱུར་རོ། །དེ་ནས་གཤིན་རྗེའི་མི་དེ་དག་འདི་སྐད་ཅེས་ཟེར་ཏེ། གྲོགས་པོ་ཁྱེད་ཀྱིས་དེ་བཞིན་གཤེགས་པ་ལ་བསོད་སྙོམས་མ་ཕུལ་ལོ། །ཁྱེད་ཀྱིས་གཎ་ཌི་རྡུང་བ་ཡང་མ་ཐོས་སོ། །
ཁྱོད་ཀྱིས་ས་ཕྱོགས་གང་དུ་ཡང་མཆོད་རྟེན་གྱི་གཟུགས་ལ་མ་བསྐོར་ཏོ། །དེ་དག་གིས་སྨྲས་པ། བདག་ཅག་ནི་མ་དད་པ་སྡིག་པ་ཅན་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱིས་སྤངས་པར་གྱུར་པའོ། །དེ་དག་གིས་སྨྲས་པ། ལས་དེའི་འབྲས་བུ་འདི་མྱོང་བར་གྱིས་
ཤིག་ཅེས་དེ་དག་གཤིན་རྗེའི་སྐྱོང་བས། གཤིན་རྗེའི་རྒྱལ་པོའི་དྲུང་དུ་ཁྲིད་དོ། །ཁྲིད་ནས་ཕུལ་ལོ། །དེ་ནས་གཤིན་རྗེའི་རྒྱལ་པོས་སྨྲས་པ། ཁྱེད་དེང་ལ་ལས་ཀྱིས་འདི་སྟོན་ཅིག །དེ་ནས་གཤིན་རྗེ་སྐྱོང་བའི་སྐྱེས་བུ་དེ་དག་གིས་དེ་རྣམས་ཁྲིད་ནས་ཐིག་ནག་པོ་ཅན་གྱི་
སེམས་ཅན་དམྱལ་བ་ཆེན་པོར་བཅུག་གོ། །བཅུག་ནས་ལུས་ལ་མཚོན་ཤག་ཏི་བརྒྱས་བཏབ་ཀྱང་མི་འཆིའོ། །ལུས་ལ་མཚོན་ཤག་ཏི་བརྒྱ་པ་གཉིས་པས་བཏབ་ཀྱང་མི་འཆིའོ། །ལུས་ལ་མཚོན་ཤག་ཏི་བརྒྱ་པ་གསུམ་པས་བཏབ་ཀྱང་མི་འཆིའོ། །གང་གི་ཚེ་འཆི་བའི་དུས་མི་བྱེད་
པ་དེའི་ཚེ་མེའི་འོབས་སུ་འཇུག་སྟེ། འོན་ཀྱང་འཆི་བའི་དུས་མི་བྱེད་པ་དང་། དེ་དག་ཁ་ཕྱི་ནས་ལྕགས་ཀྱི་ཐུ་ལུམ་བསྲེགས་པ་འཇུག་སྟེ། མཆུ་ཡང་ཚིག་སོ་ཡང་ལྷགས། རྐན་ཡང་གས། གྲེ་བ་དང་། ལྐོག་མ་དང་། སྙིང་དང་། གཞང་དག་ཀྱང་སྒྲ་འུར་འུར་ཟེར་ཞིང་
ལུས་ཐམས་ཅད་ཀྱང་ཚིག་པར་འགྱུར་རོ། །དེ་ལྟ་བས་ན་རྒྱལ་པོ་ཆེན་པོ་འཇིག་རྟེན་གཞན་ན་སྐྱབས་བྱེད་པ་སུ་ཡང་མེད་ཀྱིས་རྒྱལ་པོ་ཆེན་པོ་ད་ནན་ཏན་དུ་བསོད་ནམས་གྱིས་ཤིག་ཅེས་དེ་ལྟར་འཐུན་པའི་ཆོས་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་

གཟིགས་ཀྱི་དབང་པོས་དེ་ལ་རྒྱལ་པོ་ཆེན་པོ་དེ་རིང་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་འདིར་ཕལ་ཆེར་འདུ་བར་འགྱུར་གྱིས་ང་ནི་འགྲོའོ་ཞེས་དེ་སྐད་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་འོད་ཟེར་ཁ་དོག་སྔོན་པོ་
དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཤེལ་དང་། དངུལ་གྱི་ཁ་དོག་རྣམ་པ་དུ་མ་བཏང་བ་དང་། དེ་དག་སོང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་པའི་སྤྱན་སྔར་འདུག་གོ། །དེའི་ཚེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དག་
ཀྱང་འདུས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་ནང་ནས། ནམ་མཁའ་མཛོད་ཅེས་བྱ་བའི་བྱང་ཆུབ་སེམས་དཔའ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་
ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཟེར་འདི་དག་ག་ལས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འདི་ལྷ་མ་ཡིན་གྱི་དབང་པོ་གཏོར་མའི་ཁང་པ་ན་
གནས་ཏེ་དེ་ལ་འོད་ཟེར་འདི་དག་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བདག་གིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་བལྟ་བའི་ཐབས་གང་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རིགས་ཀྱི་བུ་དེ་ནི་འདི་ཉིད་དུ་འོང་ངོ་། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལྷ་མ་ཡིན་གཏོར་མའི་གནས་ནས་བྱུང་བ་དེའི་ཚེ་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་ལྷའི་མེ་ཏོག་དག་ལྷགས་སོ། །ལྷའི་ཤིང་དཔག་བསམ་ཤིན་ཏུ་མཛེས་པ་རྒྱན་བརྒྱ་
སྟོང་དུ་མ་དཔྱངས་པ། མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་དུ་མ་དཔྱངས་པ། ཡུལ་ཀ་ཤི་ཀའི་གོས་དང་། རྒྱའི་གོས་དང་ཕྲེང་བའི་ཆུན་པོ་རབ་ཏུ་དཔྱངས་པ། སྡོང་པོ་ནི་དམར་པོ། ལོ་མ་ནི་གསེར་དང་དངུལ་ལས་བྱས་པ་དག་དང་། བྱི་རུའི་ཤིང་དུ་མ་དག་དང་། མེ་ཏོག་གི་ཤིང་དུ་མ་དག་དང་། རྫིང་བུ་མེ་

ཏོག་གིས་ཡོངས་སུ་གང་བ་བརྒྱ་ཕྲག་དུ་མ་དག་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་མི་མཆིའམ། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་ལྷ་མ་ཡིན་གྱི་དབང་པོ་གཏོར་མའི་ཁང་པ་ནས་བྱུང་སྟེ། མི་མི་རྒྱུ་བའི་ས་ཕྱོགས་མུན་པ་མུན་ནག་ཅེས་བྱ་བའི་སར་འགྲོ་སྟེ། རིགས་ཀྱི་བུ་དེ་ན་ཉི་མ་དང་ཟླ་བ་མི་སྣང་སྟེ། ནོར་བུ་ཡིད་བཞིན་རིན་པོ་ཆེ་དམ་པ་སྦྱིན་པ་ཞེས་བྱ་བ་དེ་སྣང་བར་བྱེད་དོ། །གླིང་དེ་ན་གནོད་
སྦྱིན་དང་། སྲིན་པོ་བརྒྱ་སྟོང་དུ་མ་དག་གནས་སོ། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་སོང་བ་དེའི་ཚེ་དེ་དག་དགའ་མགུ་ཞིང་སྙིང་རབ་ཏུ་དགའ་བར་གྱུར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་མདུན་དུ་
རྒྱུག་གོ། །བརྒྱུགས་ནས་ཀྱང་རྐང་པ་ལ་ཕྱག་འཚལ་ཏེ། ཁྱོད་ནི་མཉེལ་ཏོ། །དུབ་བོ། ཁྱོད་ནི་ཡུན་རིང་པོ་ཞིག་ནས་མུན་པ་མུན་ནག་གིས་འདིར་གཤེགས་སོ། །ཞེས་དེ་སྐད་སྨྲའོ། །དེས་ཀྱང་ངས་སེམས་ཅན་དུ་མ་ཡོངས་སུ་སྨིན་པར་བྱས་སོ་ཞེས་སྨྲས་ནས་གནོད་སྦྱིན་དང་སྲིན་པོ་
དེ་དག་གིས་དེ་ཁྲིད་ནས་ལྷའི་གསེར་དང་། རིན་པོ་ཆེའི་སེང་གེའི་ཁྲི་ལ་བཞག་སྟེ། ངལ་བསོས་ནས་གནོད་སྦྱིན་དང་། སྲིན་པོ་དེ་དག་ལ་ཆོས་འཆད་པ་ཁྱེད་ཅག་ཉོན་ཅིག །གང་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་འཕགས་པ་ཟ་མ་ཏོག་བཀོད་པ་འདིའི་རྩ་བ་བཞི་པའི་ཚིགས་སུ་
བཅད་པ་གཅིག་ཉན་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་ལ་སྐུལ་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡུལ་ཕྲ་རབ་ཀྱི་ཚད་ནི་ངས་གཟུང་ནུས་ཀྱི། རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་
རྒྱལ་པོ་ཟ་མ་ཏོག་བཀོད་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་མཆིང་རྣམ་ཆེན་པོ་ནི་ངས་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པའི་རྩ་བ་བཞི་པའི་ཚིགས་སུ་

བཅད་པ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་ཕྲག་བརྒྱ་བཅུ་གཉིས་སྙེད་གནས་གཅིག་ཏུ་བསྐལ་པ་བཅུ་གཉིས་
སུ་ན་བཟའ་དང་། བཤོས་དང་མལ་སྟན་དང་། ན་བའི་རྐྱེན་གྱི་སྨན་དང་། ཡོ་བྱད་ཀྱིས་བཀུར་སྟི་བྱས་པ་དེ་དག་གིས་ཀྱང་དེ་ལྟར་མི་ནུས་ན་ང་གཅིག་པུ་མུན་པ་མུན་ནག་གི་ནང་དུ་འདུག་པས་ལྟ་ཅི་སྨོས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་གླིང་ཆེན་པོ་བཞིར་ཁྱིམ་རེ་རེ་ཞིང་ཡང་ལྷའི་
གསེར་དང་རིན་པོ་ཆེའི་གཙུག་ལག་ཁང་བརྩིགས་ལ། གཙུག་ལག་ཁང་དེར་མཆོད་རྟེན་སྟོང་བྱས་ལ་ཉིན་གཅིག་བཞིན་དུ་དེ་དག་གི་ནང་དུ་རིང་བསྲེལ་བཅུག་ན། གང་དེ་དག་ཏུ་རིང་བསྲེལ་བཅུག་པའི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པ་
འདིའི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མང་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཆུ་བོ་ཆེན་པོ་ལྔ་རྒྱ་མཚོ་མཆིང་རྣམ་ཆེན་པོར་འབབ་པ་དེ་བཞིན་དུ། རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་དང་འདྲ་བར་འགྱུར་
རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་གནོད་སྦྱིན་དང་། སྲིན་པོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །སེམས་ཅན་གང་དག་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པ་འདི་འདྲ་བ་དེ་དག་གི་བསོད་ནམས་ཀྱི་ཕུང་
པོ་ཇི་ལྟ་བུ་ལགས། རིགས་ཀྱི་བུ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ནི་དཔག་ཏུ་མེད་པར་འགྱུར་རོ། །གང་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པ་འདྲིར་འཇུག་པ་དེ་དག་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདྲིར་འཇུག་པར་འགྱུར་རོ། །འཁོར་ལོས་སྒྱུར་བའི་
རྒྱལ་པོ་གླིང་བཞི་ལ་དབང་བ། བུ་དཔའ་བ། མཐུ་ཆེ་བ། གཟུགས་ཀྱི་ཡན་ལག་མཆོག་དང་ལྡན་པ། ཕ་རོལ་གྱི་སྡེ་འཇོམས་པར་བྱེད་པ་སྟོང་དང་ལྡན་པར་འགྱུར་རོ། །གང་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པ་རྟག་ཏུ་འཛིན་ཅིང་མིང་གི་རྗེས་སུ་དྲན་པར་བྱེད་པ་དེ་དག་ནི་

འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་འགྱུར་རོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་ཐར་བར་འགྱུར་རོ། །གང་ལ་ལར་སྐྱེ་བ་དེ་དང་དེ་དག་ཏུ་ཚེ་རབས་
དྲན་པར་འགྱུར་རོ། །དེ་དག་གི་ལུས་ལ་བ་ལང་གི་སྤོས་ཀྱི་ཙན་དན་སྣོམ་པར་འགྱུར་རོ། །ཁ་ནས་མེ་ཏོག་ཨུད་པ་ལ་སྔོན་པོའི་དྲི་འབྱུང་བར་འགྱུར་རོ། །ལུས་ཡོངས་སུ་རྫོགས་པར་འགྱུར་རོ། །སྟོབས་པོ་ཆེའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ་ཞེས་དེ་ལྟར་དེ་དག་ལ་འཐུན་པའི་ཆོས་བསྟན་
པ་དང་། གནོད་སྦྱིན་དང་། སྲིན་པོ་དེ་དག་ལས་ཁ་ཅིག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ། ཁ་ཅིག་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་ནས། དེ་དག་གིས་སྨྲས་པ། གཙུག་ལག་ཁང་འདི་ཉིད་ན་བཞུགས་ཤིག །གནས་གཞན་གང་དུ་ཡང་མ་བཞུད་ཅིག །མུན་པ་མུན་ནག་གི་
ས་འདི་ཉིད་དུ་བདག་ཅག་གིས་ལྷའི་གསེར་གྱི་མཆོད་རྟེན་བགྱིའོ། །ལྷའི་གསེར་གྱི་འཆག་ས་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ངས་སེམས་ཅན་དུ་མ་དག་བྱང་ཆུབ་ཀྱི་ལམ་ལ་དགོད་དགོས་
སོ། །དེ་ནས་གནོད་སྦྱིན་དང་སྲིན་པོ་དེ་དག་ལག་པ་ལ་འགྲམ་པ་བརྟེན་ཏེ་སེམས་ཤིང་འཁོད་ནས་གཅིག་ལ་གཅིག་འདི་སྐད་སྨྲའོ། །བདག་ཅག་གི་སྤྱན་རས་གཟིགས་ཀྱི་དབང་པོ་གཤེགས་པར་འགྱུར་བས་ཆོས་ཀྱི་གཏམ་སྤོང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་
གཟིགས་ཀྱི་དབང་པོ་སོང་བ་དང་། གནོད་སྦྱིན་དང་། སྲིན་པོ་དེ་དག་ཀྱང་ཕྱི་བཞིན་དུ་འབྲང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཤིན་ཏུ་རིང་དུ་འོངས་ཀྱིས་སླར་ལོག་ཤིག །དེ་ནས་གནོད་སྦྱིན་དང་སྲིན་པོ་དེ་
དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་ལ་ཕྱག་འཚལ་ཏེ་དེ་ཉིད་ནས་སླར་ལོག་གོ། །དེ་ནས་སྤྱན་རས་གཟིགས་ཀྱི་དབང་པོ་མེའི་ཕུང་པོ་འབར་བ་བཞིན་དུ་ནམ་མཁའ་ལ་མི་སྣང་བར་གྱུར་ཏོ། །དེ་ནས་བྲམ་ཟེའི་གཟུགས་སུ་སྤྲུལ་ཏེ་གནས་གཙང་

མའི་རིས་ཀྱི་ལྷའི་བུ་དག་གི་དྲུང་དུ་སོང་སྟེ་ཕྱིན་ནས། ལྷའི་རིས་དེ་ན་ལྷའི་བུ་རྣ་ཆའི་མཆོག་ཅེས་བྱ་བ་དབུལ་པོ་སྡུག་བསྔལ་བ་ཞིག་འདུག་གོ། །དེ་ནས་སྤྱན་རས་གཟིགས་ཀྱི་དབང་པོ་བྲམ་ཟེ་དེའི་གཟུགས་ཀྱིས་ལྷའི་བུ་དེའི་དྲུང་དུ་སོང་སྟེ། ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །བདག་ནི་
བཀྲེས་སོ། །སྐོམ་མོ། །དེ་ནས་ལྷའི་བུ་དེས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཆེན་པོ་བདག་ལ་ནི་ཅུང་ཟད་ཀྱང་མ་མཆིས་སོ། །བདག་ལ་ཆུང་ཟད་ཅིག་ནི་ངེས་པར་སྩལ་འཚལ་ལོ། །དེ་ནས་ལྷའི་བུ་གཞལ་མེད་ཁང་དུ་སོང་སྟེ་སྣོད་དག་བལྟས་པ་དང་། སྣོད་རྣམས་ལྷའི་ནོར་བུ་རིན་
པོ་ཆེ་རིན་ཐང་མེད་པས་ཡོངས་སུ་གང་བ་དང་། སྣོད་གཞན་དག་ཀྱང་རོའི་རོ་མཆོག་གི་ཟས་དག་གིས་ཡོངས་སུ་གང་བ་དང་། གཡོན་ཕྱོགས་ཀྱི་གཞལ་མེད་ཁང་ན་ཡང་གོས་དང་རྒྱན་གྱིས་ཡོངས་སུ་གང་བ་མཐོང་ངོ་། །དེ་ནས་ལྷའི་བུ་དེ་སེམས་པར་གྱུར་ནས་འདི་འདྲ་བའི་དཔལ་ཐོབ་པ་ལས་
ན་བདག་གི་སྒོ་ན་ངེས་པར་སྣོད་བཟང་པོ་ཞིག་འདུག་གོ་སྙམ་མོ། །དེ་ནས་དེས་བྲམ་ཟེ་དེ་བོས་ཏེ་གཞལ་མེད་ཁང་གི་ནང་དུ་སོང་ནས་ལྷའི་རིན་པོ་ཆེས་ཀྱང་བསྟབས། ལྷའི་རོའི་རོ་མཆོག་གི་ཟས་ཀྱང་བྱིན་ཏེ་ཟོས་ནས་བཀྲ་ཤིས་པ་བྱས་སོ། །དེ་ནས་ལྷའི་བུ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་
ཟེ་ཆེན་པོ་ཁྱོད་ས་ག་ལས་འོངས། བདག་ནི་ཛེ་ཏའི་ཚལ་ཞེས་བགྱི་བའི་གཙུག་ལག་ཁང་ནས་མཆིས་སོ། །དེ་ནས་ལྷའི་བུ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ས་དེ་ཇི་ལྟ་བུ་ཞིག །དེ་ནས་བྲམ་ཟེ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ས་དེ་ནི་དགའ་བར་བྱེད་པ། ལྷའི་ནོར་བུ་རིན་པོ་ཆེས་
ཡོངས་སུ་བརྒྱན་པ། ལྷའི་ཤིང་དཔག་བསམ་གྱིས་ཡོངས་སུ་མཛེས་པར་བྱས་པ། མེ་ཏོག་ཡིད་དུ་འོང་བ་དག་འབྱུང་བ། རྫིང་བུ་རྣམ་པ་དུ་མ་གདའ་བ། ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པའི་སྦྱིན་གནས་སྣ་ཚོགས་དག་གདའ་བ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཀྱི་ཆོ་འཕྲུལ་
དག་གདའ་བ་སྟེ། ལྷའི་བུ་ས་དེ་ནི་དེ་ལྟར་དགའ་བར་བགྱིད་པའོ། །དེ་ནས་ལྷའི་བུ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཁྱོད་ཀྱིས་ངེས་པར་བདེན་པར་སྨྲོས་ཤིག །ཅི་ཁྱོད་ལྷ་ཡིན་ནམ་འོན་ཏེ་མི། མི་ལ་ནི་ཇི་ལྟར་ཁྱོད་ལ་ལྟས་སྣང་བ་དེ་འདྲ་བའི་ལྟས་མེད་དོ། །དེ་ནས་དེས་དེ་ལ་འདི་སྐད་ཅེས་

སྨྲས་སོ། །ང་ནི་ལྷ་ཡང་མ་ཡིན། མི་ཡང་མ་ཡིན་ཏེ། ཕོངས་པ་དང་། བྲེལ་བ་ལ་ཐུགས་རྗེ་བར་བྱེད་པ་བྱང་ཆུབ་ཀྱི་ལམ་སྟོན་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའོ། །དེ་ནས་ལྷའི་བུས་ཅོད་པན་དང་རྣ་ཆ་ཕུལ་ནས་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མའོ་ཡོན་ཏན་དག་གི་ཞིང་། །
ཉེས་པ་ཐམས་ཅད་རྣམ་སྤངས་པ། །དེ་རིང་ཉིད་དུ་ས་བོན་བཏབ། །དེ་རིང་ཉིད་དུ་འབྲས་བུ་གྲུབ། །དེ་ནས་ལྷའི་བུ་དེས་ཚིགས་སུ་བཅད་པ་དེ་སྨྲས་ནས་དེ་ཉིད་དུ་སོང་ངོ་། །དེ་ནས་བྲམ་ཟེ་ཆེན་པོ་དེ་ལྷའི་རིས་དེ་ནས་བབས་ཏེ་སིང་གྷ་ལའི་གླིང་དུ་སོང་ངོ་། །སོང་ནས་འདོད་པའི་གཟུགས་སུ་སྤྲུལ་ཏེ་
སྲིན་མོ་རྣམས་ཀྱི་མདུན་དུ་འདུག་པ་དང་། གཟུགས་བཟང་པོ་མཐོང་ནས་དེའི་ཚེ་འདོད་པའི་སེམས་སྐྱེས་སོ། །གང་གི་ཚེ་ན་འདོད་པའི་སེམས་སྐྱེས་པ་དེའི་ཚེ་དེའི་དྲུང་དུ་སོང་སྟེ་ཕྱིན་ནས་བདག་ཅག་དང་སྟེན་ཅིག །བདག་ཅག་ནི་བུད་མེད་གཞོན་ནུའོ། །བདག་ཅག་ལ་ནི་ཁྱིམ་ཐབ་མ་མཆིས་
སོ། །བདག་པོ་མ་མཆིས་པའི་ནི་བདག་པོར་གྱུར་ཅིག །མགོན་མ་མཆིས་པའི་ནི་མགོན་དུ་གྱུར་ཅིག །རྟེན་མ་མཆིས་པའི་ནི་རྟེན་དུ་གྱུར་ཅིག །འདི་ནི་ཁྱོད་ཀྱིས་ཟས་ཀྱི་ཁབ་བོ། །ན་བཟའི་ཁབ་བོ། །སྐྱེད་མོས་ཚལ་དགའ་བར་བགྱིད་པ་དག་ལགས་སོ། །རྫིང་བུ་དགའ་བར་
བགྱིད་པ་དག་ལགས་སོ། །དེས་སྨྲས་པ། གལ་ཏེ་བདག་གིས་བསྒོ་བ་བཞིན་དུ་བྱེད་ནའོ། །བདག་ཅག་བགྱིད་དོ། །དེས་དེ་དག་ལ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་ལམ་ཡང་བསྟན། ཞལ་ནས་གསུངས་པ་བཞི་ཡང་ཁ་ཏོན་བྱེད་དུ་བཅུག་ནས་ལན་ཅིག་ཕྱིར་འོང་བའི་འབྲས་
བུ་ཡང་ཐོབ། ཕྱིར་མི་འོང་བའི་འབྲས་བུ་ཡང་ཐོབ་ནས་སྲིན་མོ་དེ་དག་ལ་འདོད་ཆགས་ཀྱི་སྡུག་བསྔལ་མི་ལྡང་སེམས་ཞེ་སྡང་བར་ཡང་མི་བྱེད། སུ་ལ་ཡང་སྲོག་གི་བར་ཆད་བྱེད་པར་མི་འདོད། ཆོས་ལ་མངོན་པར་དགའ་ཞིང་གནས་ལ་སྡོམ་པ་བླངས་ཏེ་སླན་ཆད་བདག་ཅག་སྲོག་གཅོད་པར་མི་
བགྱིད་དོ། །འཛམ་བུའི་གླིང་གི་མི་དག་ཇི་ལྟར་ཟས་དང་སྐོམ་གྱིས་འཚོ་བ་བདག་ཅག་ཀྱང་དེ་བཞིན་དུ་འཚོའོ། །སླན་ཆད་སྲིན་མོའི་ཚུལ་དུ་མི་བགྱིད་དོ་ཞེས་དེ་འདྲ་བའི་བསླབ་ཚིག་གི་སྡོམ་པ་བླངས་ཏེ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་སིང་

གྷ་ལའི་གླིང་ནས་བྱུང་ནས་ཡུལ་ཁོར་མོར་འཇིག་གི་གྲོང་ཁྱེར་ཆེན་པོ་ན་བཤང་བ་དང་། གཅི་བའི་གནས་དེ་ན་སྲིན་བུའི་རིགས་བརྒྱ་སྟོང་དུ་མ་གནས་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་བུང་བའི་གཟུགས་སུ་སྤྲུལ་ནས་སྒྲ་བུང་བུང་དུ་ཕྱུང་
སྟེ། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱས་པ་དང་། དེ་དག་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་རྗེས་སུ་དྲན་ནས་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་བྱུང་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཁ་ན་སྤོས་ཀྱི་དྲི་ཞེས་བྱ་བར་གྱུར་ཏེ་འཇིག་རྟེན་
གྱི་ཁམས་བདེ་བ་ཅན་དུ་སྐྱེས་སོ། །དེའི་ཚེ་སེམས་ཅན་ཡོངས་སུ་སྨིན་པར་བྱས་ཏེ། ཁོར་མོར་འཇིག་གི་གྲོང་ཁྱེར་ཆེན་པོ་ནས་སོང་ནས་ཡུལ་མ་ག་དྷཱར་མངོན་དུ་ཕྱོགས་ཏེ་སོང་བ་དང་། ཡུལ་མ་ག་དྷཱར་ཕྱིན་ནས་ལོ་ཉི་ཤུར་དགོན་པ་ན་གནས་པའི་སེམས་ཅན་གཅིག་ལ་གཅིག་ཤ་ཟ་བ་དག་མཐོང་ངོ་། །
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་བདག་གིས་ཐབས་གང་གིས་སེམས་ཅན་འདི་དག་ཚིམ་པར་བྱ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་ལྷའི་ཆར་པ་དབབ་པར་བརྩམས་ཏེ།
ཐོག་མར་ནི་ཆུའི་ཆར་པའོ་གང་གི་ཚེ་ན་ཆུས་ངོམས་པར་གྱུར་པ་དེའི་འོག་ཏུ་ལྷའི་ཞལ་ཟས་རོ་མཆོག་དང་ལྡན་པས་སྐོན་པ་ཡོངས་སུ་གང་བ་དག་བབ་བོ། །གང་གི་ཚེ་ན་ཟས་ཀྱིས་ཡོངས་སུ་ཚིམ་པར་གྱུར་པ་དེའི་ཚེ་འབྲས་ཀྱི་ཆར་བབ་བོ། །གཞན་ཡང་ཏིལ་དང་། འབྲས་རྨེའུ་དང་། ཀུ་ལད་ཏའི་འབྲུ་དང་།
འབྲས་སོ་བ་དག་བབ་བོ། །གང་དང་གང་གི་ཚེ་ན་སེམས་ཅན་དེ་དག་གི་དགོས་པ་སེམས་པར་གྱུར་པ་དེའི་ཚེ་དེ་དག་གི་བསམ་པ་གྲུབ་པར་གྱུར་ཏོ། །དེ་ནས་ཡུལ་མ་ག་དྷཱའི་སེམས་ཅན་དེ་དག་ངོ་མཚར་དུ་གྱུར་ནས་དེ་ཐམས་ཅད་གནས་གཅིག་ཏུ་ངལ་བསོས་སོ། །ངལ་བསོས་ནས་གཅིག་ལ་གཅིག་འདི་ལྷ་
གང་གི་མཐུ་ཞིག་ཅེས་སྨྲས་པ་དང་། དེ་ནས་སྐྱེས་བུ་དེ་དག་གི་ནང་ན་རྙིས་པ། རྒན་པ། རྒས་པ། སྒུར་བ། བ་ལང་གི་སྣ་ལྟར་གུག་པ། ལོ་བརྒྱ་སྟོང་དུ་མ་ལོན་པ་ཞིག་ཡོད་པ་དེས་དེ་དག་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་མ་གཏོགས་

པར་ལྷ་གཞན་གང་གི་ཡང་མཐུ་འདི་འདྲ་བར་མི་འགྱུར་རོ། །དེ་ནས་འཁོར་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་མཚན་མ་ཇི་ལྟ་བུ་ཞེས་དྲིས་སོ། །དེ་ནས་སྐྱེས་བུ་དེས་ཡོན་ཏན་བཤད་པར་བརྩམས་པ་མུན་པར་གྱུར་པ་རྣམས་ཀྱི་ནི་སྒྲོན་མར་
གྱུར་པའོ། །ཉི་མས་གདུངས་ཤིང་ཚིག་པ་རྣམས་ཀྱི་ནི་གདུགས་སུ་གྱུར་པའོ། །སྐོམ་གྱིས་གདུངས་པ་རྣམས་ཀྱི་ནི་ཆུ་བོར་གྱུར་པའོ། །འཇིགས་ཤིང་སྐྲག་པར་གྱུར་པ་རྣམས་ལ་ནི་མི་འཇིགས་པ་སྦྱིན་པར་བྱེད་པའོ། །ནད་ཀྱིས་བཏབ་པ་རྣམས་ལ་ནི་སྨན་པར་གྱུར་པའོ། །
སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་ནི་ཕ་དང་མར་གྱུར་པའོ། །སེམས་ཅན་བསྟིར་མེད་པར་སྐྱེས་པ་རྣམས་ལ་ནི་མྱ་ངན་ལས་འདས་པ་སྟོན་པར་བྱེད་པ་སྟེ། དེའི་ཡོན་ཏན་གྱི་ཁྱད་པར་ནི་འདི་ལྟ་བུའོ། །གང་དེའི་མཚན་གྱི་རྗེས་སུ་དྲན་པ་དེ་དག་ནི་འཇིག་རྟེན་ན་བདེ་བ་དང་ལྡན་པ་ཡིན་
ནོ། །དེ་དག་ནི་འཁོར་བའི་སྡུག་བསྔལ་གྱི་ཐ་མ་ཡོངས་སུ་སྤོང་བའོ། །གང་སྤྱན་རས་གཟིགས་ཀྱི་དབང་པོ་ལ་རྟག་ཏུ་མེ་ཏོག་དང་། པོག་བསྡུས་ཤིང་འབུལ་བའི་སྐྱེས་བུ་གང་ཟག་དེ་དག་ནི་སེམས་དཔའ་བ་དང་ལྡན་པ་ཡིན་ནོ། །གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
སྤྱན་རས་གཟིགས་ཀྱི་མདུན་དུ་དཀྱིལ་འཁོར་གྲུ་བཞི་བྱེད་པ་དེ་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བལ་གླང་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་
བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་བདུན་ཏེ། རིན་པོ་ཆེ་དེ་བདུན་དང་ལྡན་པར་འགྱུར་རོ། །གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་མེ་ཏོག་འབུལ་བ་དེ་དག་ནི་ལུས་དྲི་ཞིམ་ཞིང་། གང་ལ་ལར་སྐྱེས་པར་ལུས་ཡོངས་སུ་རྫོགས་པར་འགྱུར་
རོ། །ཞེས་སྐྱེས་བུ་དེས་དེ་ལྟར་ཡོན་ཏན་གྱི་ཁྱད་པར་བཤད་ནས་འཁོར་དེ་དག་བདག་བདག་གི་ཁང་པར་དོང་ངོ་། །དེ་ནས་སྐྱེས་བུ་རྙིས་པ་དེས་འཐུན་པའི་ཆོས་བཤད་ནས་དེ་ཡང་བདག་གི་ཁང་པར་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་

དབང་པོ་དེ་ཉིད་དུ་ནམ་མཁའ་ལ་མི་སྣང་བར་གྱུར་ཏོ། །དེ་ནས་དེ་ནམ་མཁའ་ལ་གནས་བཞིན་དུ་བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་མ་མཐོང་ནས་ཡུན་རིང་ངོ་སྙམ་དུ་བསམས་ནས་དེ་མཐར་གྱིས་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་ཕྱིན་པ་དང་། འོང་བ་བཅོམ་
ལྡན་འདས་ཀྱིས་གཟིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་ཕྱིན་ནས་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་
མ་ཡིན་པ་དག་དང་། བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་དུ་མ་དག་ཚོགས་པ་ཡང་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་གང་ཞིག་མཆི། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་དེ་འོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་ནས་གཡོན་ཕྱོགས་སུ་ངལ་བསོས་
སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱོད་ངལ་ལམ། འཆད་དམ། རིགས་ཀྱི་བུ་ཁྱོད་ཀྱིས་ལས་ཀྱིས་ཇི་ལྟ་བུ་ཞིག་བསྒྲུབས། དེས་སྔོན་ཇི་ལྟར་གྱུར་པ་གསོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ། །བདག་གིས་བྱང་ཆུབ་སེམས་དཔའི་
ཡུལ་འདི་ལྟ་བུ་མ་མཐོང་ངོ་། །དེ་བཞིན་གཤེགས་པ་དག་ལ་ཡང་ཡུལ་འདི་ལྟ་བུ་མ་མཆིས་ན་བྱང་ཆུབ་སེམས་དཔར་གྱུར་པ་ལ་ལྟ་ཅི་སྨོས་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་དྲུང་
དུ་སོང་སྟེ། མདུན་དུ་འདུག་གོ། །འདུག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ངལ་ལམ། འཆད་དམ། བདག་ནི་མི་ངལ་ལོ་ཉོན་མ་མོངས་སོ་ཞེས་ཕན་ཚུན་དུ་གཏམ་བྱས་ནས་ཁ་རོག་སྟེ་འཁོད་དོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བཤད་པར་བརྩམས་པས་རིགས་ཀྱི་བུ་དག་ཉོན་ཅིག །བྱང་ཆུབ་སེམས་དཔར་གྱུར་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་
པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཞེས་ཆོས་དེ་བཤད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་འཁོར་དེ་དག་བདག་བདག་གི་གནས་སུ་དོང་ངོ་། །བྱང་ཆུབ་
སེམས་དཔའ་དེ་དག་ཀྱང་བདག་བདག་གི་སངས་རྒྱས་ཀྱི་ཞིང་དུ་དོང་ངོ་། །འདི་ནི་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པའི་ལེའུ་དང་པོ་སྟེ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་སྔོན་ཏིང་ངེ་འཛིན་གང་དག་ལ་མཉམ་པར་བཞག་པར་གྱུར་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་
སྟེ། རྣམ་པར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འོད་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་གྱེན་དུ་འཕགས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔུང་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་
རྒྱལ་མཚན་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱོགས་བཅུར་རྣམ་པར་ལྟ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྤྱན་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་རྒྱལ་
པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཤིན་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་སྦྱིན་པར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མ་ལུས་པར་འོངས་

ཞེས་བྱ་བའི་ཏིང་ངེ་འཛིན་དང་། མངོན་པར་འདུད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་བོར་འཁྱིལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་ལྟར་སྤྱན་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གཡོག་སྐྱེ་བོ་མང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལྷའི་སྤྱན་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། བསྐལ་པའི་གླིང་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོ་འཕྲུལ་སྟོན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། པད་མོའི་བླ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་པོའི་དབང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསྟིར་མེད་པ་སྐེམས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འབར་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། ལྷའི་རྣ་ཆ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་རྩི་ཐིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོར་འཇུག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གཞལ་མེད་ཁང་གི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱ་ཀ་ལ་པིང་ཀའི་སྒྲ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཨུད་པ་ལ་སྔོན་པོའི་དྲི་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞོན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེའི་གོ་ཆ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བལ་གླང་དགའ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་རོལ་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བླ་ན་མེད་
ཅེས་བྱ་བའི་ཏིང་ངེ་འཛིན་དང་། འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་བླ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་བརྒྱ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསྐུས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་
དང་། རྣམ་པ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལྷ་མ་ཡིན་ལ་སྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱ་ངན་ལས་འདའ་བར་སྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གླིང་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚོར་བ་རྣམ་པར་གྲོལ་ཞེས་
བྱ་བའི་ཏིང་ངེ་འཛིན་དང་། རྣལ་འབྱོར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དོན་དམ་པ་སྟོན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གློག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཀླུ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་གླལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ས་རི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་

དང་། འོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲན་པའི་དབང་པོ་འཕེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་བའི་ཐེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལམ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནི་ཏིང་ངེ་འཛིན་དེ་དག་དང་ལྡན་ཏེ། དེའི་བ་སྤུའི་ཁུང་བུ་རེ་རེ་ན་ཡང་ཏིང་ངེ་འཛིན་བརྒྱ་སྟོང་དག་གནས་སོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་
དཔག་ཏུ་མེད་དོ། །བསོད་ནམས་ཀྱི་ཚོགས་དེ་འདྲ་བ་དག་ནི་དེ་བཞིན་གཤེགས་པ་དག་ལ་ཡང་མེད་ན་བྱང་ཆུབ་སེམས་དཔའ་དག་ལ་ལྟ་ཅི་སྨོས།། །།བམ་པོ་གསུམ་པ། རིགས་ཀྱི་བུ་སྔོན་བྱུང་བ་ང་བྱང་ཆུབ་སེམས་དཔར་གྱུར་པ་དེའི་ཚེ། ང་ཚོང་པ་ལྔ་བརྒྱ་དང་འགྲོགས་
ནས་སིང་གྷ་ལའི་གླིང་དུ་སོང་སྟེ། ཤིང་རྟ་དང་། ཁུར་དང་། བམ་པོ་དང་། སྐོན་པ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་ལ་སོགས་པས་ཟོང་མང་དུ་བསྐྱས་ཏེ་སིང་གྷ་ལའི་གླིང་དུ་སོང་བ་ལས། གྲོང་དང་། གྲོང་ཁྱེར་དང་། གྲོང་འདབ་དང་། གྲོང་ཡེའུ་དང་། ཚོང་དུས་དག་ཏུ་སོང་བ་
ལས་སིང་གྷ་ལའི་གླིང་དུ་མ་ཕྱིན་པར་གྲུ་བོ་ཆེ་བཟང་པོ་ཞིག་རྙེད་ནས། ངས་གདོས་འཛིན་པ་ལ་གླིང་གང་ལོགས་སུ་རླུང་ལངས། ཅི་རིན་པོ་ཆེའི་གླིང་དུ་རླུང་ལངས་སམ། ཡང་ན་ནི་ནས་ཀྱི་གླིང་དུ་རླུང་ལངས་སམ། འོན་ཏེ་སྲིན་མོའི་གླིང་དུ་རླུང་ལངས་ཞེས་སྨྲས་པ་དང་། གདོས་འཛིན་
པ་འདི་སྐད་ཅེས་ཟེར་ཏེ། བསེར་མ་ནི་སིང་གྷ་ལའི་གླིང་དུ་ལངས་ཀྱིས་ལྷ་མཁྱེན་པར་མཛོད་ཅིག །དེ་ནས་གྲུ་བོ་ཆེ་བཏང་སྟེ་སིང་གྷ་ལའི་གླིང་དུ་སོང་བ་ལས་སིང་གྷ་ལའི་གླིང་ན་གནས་པའི་སྲིན་མོ་དག་གིས་དུས་མ་ཡིན་པའི་རླུང་བཏང་བ་དང་གྲུ་བོ་ཆེ་དེ་དུམ་བུ་དུམ་བུར་ལྷགས་ནས་
ཚོང་པ་དེ་དག་ཆུའི་ནང་དུ་ལྷུང་བ་དང་། བརྐྱལ་ནས་ཆུའི་འགྲམ་དུ་ཉེ་བར་ཕྱིན་ཏོ། །དེ་ནས་སྲིན་མོ་ལྔ་བརྒྱ་གཞོན་ནུའི་གཟུགས་སུ་བསྒྱུར་ཏེ་སྒྲ་ཅ་ཅོ་ཟེར་ཞིང་བྱུང་ནས་ཆུ་འགྲམ་དེ་དང་ཉེ་བ་ཞིག་ཏུ་འོངས་ཏེ་བླ་གོས་ཀྱི་རས་བྱིན་ནས་བསླང་བ་དང་། དེ་དག་བདག་བདག་གི་གོས་འཚིར་

རོ། །བཙིར་ནས་དེ་དག་གནས་དེ་ནས་གནས་གཞན་དུ་ཤིང་ཙམ་པ་ཀ་ཆེན་པོ་ཡོད་པ་དེའི་དྲུང་དུ་ངལ་བསོས་སོ། །ངལ་བསོས་ནས་བདག་ཅག་ལ་ཐབས་ཅི་ཡོད་ཅེས་གཏམ་བྱས་པ་དང་། དེ་དག་གིས་བདག་ཅག་ལ་ཐབས་མ་མཆིས་སོ་ཞེས་དེ་སྐད་སྨྲས་ནས་ཁ་རོག་
སྟེ་འཁོད་དོ། །དེ་ནས་སྲིན་མོ་དེ་དག་དེ་རྣམས་ཀྱི་མདུན་དུ་འདུག་ནས་ཁྱོ་མ་མཆིས་པའི་ནི་ཁྱོ་མཛོད་ཅིག །གནས་མ་མཆིས་པའི་ནི་གནས་མཛོད་ཅིག །རྟེན་མ་མཆིས་པའི་ནི་རྟེན་མཛོད་ཅིག །འདི་དག་ནི་ཁྱོད་ཀྱི་ཟས་ཀྱི་ཁྱིམ་མོ། །སྐོམ་གྱི་ཁྱིམ་མོ། །སྐྱེད་མོས་ཚལ་དགའ་བར་བགྱིད་
པའོ། །རྫིང་བུ་དགའ་བར་བགྱིད་པའོ། །ཞེས་དེ་སྐད་སྨྲས་ནས་སྲིན་མོ་དེ་དག་གིས་སྐྱེས་པ་རེ་རེ་ཁྲིད་དེ་བདག་བདག་གི་ཁྱིམ་དུ་སོང་ངོ་། །གང་སྲིན་མོ་དེ་དག་གི་ནང་ན་ཤིན་ཏུ་རྒན་པ་དེས་བདག་གི་ཁྱིམ་དུ་ང་ཁྲིད་ནས་ལྷའི་རོའི་རོ་མཆོག་དང་ལྡན་པས་ཚིམ་པར་བྱས་སོ། །ཚིམ་
པར་བྱས་ནས་རྩེ་བར་རྩོམ་སྟེ། དེ་ལ་དེས་མིའི་བདེ་བས་ཚིམ་པར་བྱས་ནས་དེ་བཞིན་དུ་ཉི་མ་གཉིས་གསུམ་ནས་བདུན་འདས་སོ། །རེ་ཞིག་ན་མོ་ཉལ་ཏེ་གཉིད་ཀྱིས་ལོག་པ་དང་གད་མོ་སྙན་པར་དགོད་པ་ངས་མཐོང་ནས་ང་ངོ་མཚར་དུ་གྱུར་ཏེ། གཉིད་ལོག་བཞིན་དུ་གད་མོ་སྙན་
པར་དགོད་པ་ངས་ནམ་ཡང་མ་མཐོང་། མ་ཐོས་སོ། །སྙམ་ནས་དེའི་ཚེ་ངས་དེ་ལ་ཁྱོད་ཅིའི་ཕྱིར། དགོད་ཅེས་སྨྲས་པ་དང་། མོ་ན་རེ་འདི་དག་ནི་སིང་གྷ་ལའི་གླིང་ན་གནས་པའི་སྲིན་མོ་ལགས་ཏེ། ཁྱེད་ཀྱི་སྲོག་བཅད་ད་རེ་ཞེས་ཟེར་ནས་དེའི་ཚེ་ངས་དེ་ལ་འདི་དག་སྲིན་མོ་ཡིན་པར་ཁོ་
བོས་ཇི་ལྟར་ཤེས་པར་བྱ་ཞེས་དྲིས་པ་དང་། དེ་སྟེ་ཡིད་མི་ཆེས་ན་གཡས་ཕྱོགས་ཀྱི་ལམ་སྲང་ཟུང་སྟེ་བཞུད་ཅིག་དང་། དེ་ན་ལྕགས་ཀྱི་གྲོང་ཁྱེར་མཐོ་བ་སྐར་ཁུང་དང་རྟ་བབས་མེད་པ་ཞིག་མཆིས་ཏེ། དེ་ན་ཚོང་པ་བརྒྱ་ཕྲག་དུ་མ་འཚལ་ཅིང་བོར་ནས་ལ་ལ་ནི་གསོན། ལ་ལ་ནི་གུམ་སྟེ།
ཁྱོད་དེ་ལྟར་ཐུགས་མི་ཆེས་ན་ལམ་དེར་བཞུད་ཅིག །ལམ་དེར་བཞུད་ནས་རྟོགས་ཤིག་དང་། དེའི་ཚེ་ང་ལ་ཡིད་ཆེས་པར་འགྱུར་རོ་ཞེས་ཟེར་ནས། དེའི་ཚེ་དེས་གླེན་པའི་དྲ་བ་ཞེས་བྱ་བའི་གཉིད་ཀྱིས་ནོན་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ནུབ་མོའི་དུས་ཀྱི་ཚེ་སོང་ནས་རལ་གྲི་ཟླ་བ་

ལྟར་སྣང་བ་བདག་འཚོ་བར་བྱེད་པ་ཞེས་བྱ། ཐོགས་ནས་གཡས་ཕྱོགས་ཀྱི་ལམ་སྲང་བཟུང་སྟེ། སོང་བ་ལས་རིམ་གྱིས་ལྕགས་ཀྱི་གྲོང་ཁྱེར་དུ་ཕྱིན་ནས་ཁོ་ར་ཁོར་ཡུག་ཏུ་བསྐོར་ཀྱང་དེས་སྒོ་མ་མཐོང་ངོ་། །དེ་ནས་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་དེ་ན་ཤིང་ཙམ་པ་ཀ་ཞིག་འདུག་པ་དེ་
ལ་འཛེགས་ཏེ། དེ་ནས་ངས་ལུད་པའི་སྒྲ་བྱས་པ་དང་། སྐྱེས་བུ་ཚོང་པ་དེ་དག་ན་རེ་ཚོང་དཔོན་ཆེན་པོ་མཁྱེན་པར་མཛོད་ཅིག །བདག་ཅག་ནི་ལྕགས་ཀྱི་གྲོང་ཁྱེར་དུ་སྩལ་ཏོ། །ཞེས་སྨྲས་ནས་དེའི་ཚེ་ཉི་མ་རེ་རེ་ཞིང་ཡང་མི་བརྒྱ་བརྒྱ་ཁྲིད་དེ་ཟའོ། །ཟོས་ནས་རུས་པ་རྣམས་ལྕགས་ཀྱི་
གྲོང་ཁྱེར་དེ་ཉིད་དུ་འདོར་བ་ཡང་དེ་དག་གིས་ང་ལ་སྔོན་བྱུང་བ་བཞིན་དུ་སྨྲས་ནས་ངས་དེའི་ཚེ་ཤིང་ཙམ་པ་ཀ་ལས་བབས་ཏེ་གཡས་ཕྱོགས་ཀྱི་ལམ་སྲང་དེ་བཟུང་ནས་མྱུར་དུ་མྱུར་བར་སོང་བ་སྟེ། དེ་ནས་སླར་ཕྱིན་ཏོ། །དེ་ནས་སྙན་པར་བྱེད་པ་དེ་ན་རེ་དེད་དཔོན་ཆེན་པོ་ཁྱོད་ཀྱིས་
གཟིགས་སམ་ཞེས་ཟེར་ནས་ངས་མཐོང་ངོ་། །ཞེས་སྨྲས་སོ། །ཁྱོད་ལ་བདག་གིས་གཏམ་བགྱིས་པ་ཁྱོད་ཀྱིས་རྟགས་ལ་བབ་བམ། དེའི་ཚེ་ངས་དེ་ལ་ཐབས་ཅི་ཡོད་ཅེས་དྲིས་ན། དེ་ནས་སྙན་པར་བྱེད་པ་དེས་འདི་སྐད་ཅེས་སྨྲས་ཏེ། ལྷ་ཐབས་གང་གིས་བདེ་བ་དང་། ཉོན་མོངས་
པ་མེད་པར་སིང་གྷ་ལའི་གླིང་ནས་འབྱུང་ཞིང་སླར་འཛམ་བུའི་གླིང་མཐོང་བར་འགྱུར་བའི་ཐབས་མཆིས་སོ། །ངས་དེ་ལ་ལམ་གང་གིས་སིང་གྷ་ལའི་གླིང་ནས་འབྱུང་བར་འགྱུར་བའི་ལམ་དེ་སྟོན་ཅིག་ཅེས་བྱས་པ་དང་། སྙན་པར་བྱེད་པ་དེས་འདི་སྐད་ཅེས་སྨྲས་སོ། །ལྷ་རྟའི་རྒྱལ་
པོ་བ་ལ་ཧ་ཞེས་བགྱི་བ་དམན་པ་དང་ཕོངས་པ་ལ་སྨན་པ་ཞིག་མཆིས་ཏེ། རྟའི་རྒྱལ་པོ་བ་ལ་ཧ་དེ་སྨན་སྦེད་ཐམས་ཅད་ཅེས་བགྱི་བ་འཚལ་ཏེ། གསེར་གྱི་བྱེ་མའི་ཐང་བུ་ལ་ཕར་འགྲེ་ཚུར་འགྲེ་བར་བགྱིད་དོ། །ཕར་འགྲེས་ཚུར་འགྲེས་ནས་ལུས་སྤྲུག་གོ། །སྤྲུགས་ནས་ཕ་རོལ་དུ་སུ་འགྲོ།
ཕ་རོལ་དུ་སུ་འགྲོ་ཞེས་སྨྲའོ། །ཁྱོད་ཀྱིས་ལྷ་བདག་ཕ་རོལ་དུ་མཆིའོ་ཞེས་བགྱིས་ཤིག་ཅེས་དེ་སྐད་བསྒོ་བ་ཐོས་ནས་དེ་སྲིན་མོའི་དྲུང་དུ་ཉེ་བར་སོང་ནས་ལྷན་ཅིག་ཏུ་ཉལ་བ་དང་། དེ་སད་ནས་འཕགས་པའི་སྲས་ལུས་རེ་གྲང་བ་ཞིག་ཅེས་ཟེར་ནས་ངས་དེ་ལ་གྲོང་ཁྱེར་གྱི་ཕྱི་རོལ་དུ་བཤང་གཅི་བྱེད་དུ་སོང་

བས། དེའི་ཕྱིར་ལུས་གྲང་མོ་གྲང་བར་གྱུར་ཏོ། །ཞེས་སྨྲས་སོ། །མོས་ཀྱང་སྨྲས་ནས་སླར་དེ་གཉིད་ཀྱིས་ལོག་སྟེ་ཉི་མ་ཤར་བའི་ཚེ་ལངས་སོ། །དེ་ནས་སྐྱེས་བུ་ཚོང་པ་རྣམས་ལ་ཁྱེད་ཚུར་ཤོག་ཤིག །གྲོང་ཁྱེར་གྱི་ཕྱི་རོལ་དུ་འདོང་ངོ་ཞེས་བསྒོ་བ་དང་། དེ་
དག་ཐམས་ཅད་གྲོང་ཁྱེར་གྱི་ཕྱི་རོལ་དུ་འདོང་ངོ་། །དེ་དག་གྲོང་ཁྱེར་གྱི་ཕྱི་རོལ་དུ་དོང་ནས་ངལ་བསོས་སོ། །ངལ་བསོས་ནས་སུའི་ཆུང་མ་དག་ཇི་ལྟ་བུས་མཛའ་བར་གྱུར་ཅེས་དྲིས་པ་དང་། ཁ་ཅིག་གིས་ནི་བདག་ལ་ཤིན་ཏུ་མཛའ་བར་བྱེད་དོ་ཞེས་སྨྲས་སོ། །ཁ་ཅིག་གིས་ནི་བདག་ལ་ལྷའི་
རོའི་རོ་མཆོག་དང་ལྡན་པའི་ཟས་ཀྱིས་འཛིན་པར་བགྱིད་དོ་ཞེས་སྨྲས་སོ། །ཁ་ཅིག་གིས་ནི་གོས་རྣམ་པ་སྣ་ཚོགས་ཀྱིས་འཛིན་ཏོ་ཞེས་སྨྲས་སོ། །ཁ་ཅིག་གིས་ནི་བདག་ལ་ཅོད་པན་དང་། རྣ་ཆ་དང་སེ་མོ་དོའི་ཆུན་པོས་འཛིན་ཏོ་ཞེས་སྨྲས་སོ། །ཁ་ཅིག་གིས་ནི་བདག་གི་ལུས་ལ་བྲེལ་
བ་མ་མཆིས་སོ་ཞེས་སྨྲས་སོ། །ཁ་ཅིག་གིས་ནི་བདག་ལ་ཙན་དན་དང་། གླ་རྩི་དང་། ག་པུར་གྱིས་འཛིན་ཏོ་ཞེས་སྨྲས་ཏེ། དེ་ལྟར་དེ་དག་གིས་གཏམ་བྱས་ནས་ངས་དེའི་ཚེ་སྐྱེས་བུ་ཚོང་པ་དེ་དག་ལ་གང་བདག་ཅག་སྲིན་མོ་ལ་ཆགས་པར་བྱ་བའི་ནི་མི་རིགས་སོ་ཞེས་སྨྲས་པ་དང་། དེ་
དག་མྱོས་ནས་ཚོང་དཔོན་ཆེན་པོ་སིང་གྷ་ལའི་གླིང་ན་གནས་པའི་སྲིན་མོ་ལགས་མད་མད་ཅེས་ཟེར་ནས། དེའི་ཚེ་ངས་དེ་དག་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་བདེན་ནོ་བདེན་ནོ། །འདི་ནི་མི་མ་ཡིན་ཏེ་སྲིན་མོའོ་ཞེས་སྨྲས་སོ། །དེ་ནས་སྐྱེས་བུ་ཚོང་པ་དེ་དག་གིས་བདག་ཅག་
ལ་སྐྱབས་ཅི་ཡོད། རྟེན་ཅི་ཡོད་ཅེས་སྨྲས་པ་དང་། ངས་དེ་དག་ལ་སིང་གྷ་ལའི་གླིང་ན་རྟའི་རྒྱལ་པོ་བ་ལ་ཧ་ཞེས་བྱ་བ་དམན་པ་དང་ཕོངས་པ་ལ་སྙིང་རྗེ་བར་བྱེད་པ་ཞིག་ཡོད་དེ། སྨན་སྦེད་ཐམས་ཅད་ཅེས་བྱ་བ་ཟོས་ནས་གསེར་གྱི་བྱེ་མའི་ཐང་བུ་ལ་ཕར་འགྲེ་ཚུར་འགྲེ་བྱས་ཏེ་ལུས་སྤྲུག་གོ། །
ལུས་སྤྲུགས་ནས་དེའི་ཚེ་སུ་ཕ་རོལ་དུ་འགྲོ། སུ་ཕ་རོལ་དུ་འགྲོ་ཞེས་ཚིག་ལན་གསུམ་སྨྲས་པ་དང་། བདག་ཅག་དེར་འདོང་ངོ་ཞེས་སྨྲས་སོ། །དེ་ནས་སྐྱེས་བུ་ཚོང་པ་དེ་དག་ང་ལ་བདག་ཅག་ནམ་བཞུད་ཅེས་ཟེར་ནས། ངས་དེ་དག་ལ་ཉི་མ་གསུམ་ན་ངེས་པར་འདོང་གིས་སྐྱེས་བུ་སོ་སོ་ནས་

རྒྱགས་དང་ཆོས་ཤིག་ཅེས་དེ་དག་དང་དམ་བཅས་ནས་སླར་གྲོང་ཁྱེར་དུ་དོང་སྟེ་བདག་བདག་གི་ཁྱིམ་དུ་ཕྱིན་པ་དང་། དེ་དག་ལ་སྲིན་མོ་རྣམས་ཀྱིས་ངལ་ལམ། ཆད་དམ། ཁྱེད་ཀྱིས་སྐྱེད་མོས་ཚལ་དགའ་བར་བྱེད་པ་མཐོང་ངམ་ཞེས་སྨྲས་པ་དང་། དེ་དག་གིས་ངེད་ཀྱིས་ཆུང་ཟད་ཀྱང་མ་
མཐོང་ངོ་ཞེས་སྨྲས་སོ། །དེ་ནས་སྲིན་མོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་པའི་སྲས་སིང་གྷ་ལའི་གླིང་འདི་ན་སྐྱེད་མོས་ཚལ་དགའ་བར་བྱེད་པ་མེ་ཏོག་གིས་ཡོངས་སུ་གང་བ་རྣམ་པ་སྣ་ཚོགས་དང་། རྫིང་བུ་བརྒྱ་ཕྲག་དུ་མ་མཆིས་སོ་ཞེས་སྨྲས་ནས། དེས་ཉི་མ་གསུམ་ན་
སྐྱེད་མོས་ཚལ་གྱིས་དེ་དག་དང་རྫིང་བུ་མེ་ཏོག་གིས་ཡོངས་སུ་གང་བ་རྣམ་པ་སྣ་ཚོགས་དེ་དག་ལྟར་འགྲོའོ། །དེའི་ཚེ་མེ་ཏོག་བཟང་པོ་དག་ཀྱང་ཁྱེར་ཏེ་འོང་གིས་རྒྱགས་བཟང་དུ་གྱིས་ཤིག་ཅེས་སྨྲས་པ་དང་། དེས་འཕགས་པའི་སྲས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་སོ། །དེ་ནས་དེས་
ལུས་ལ་བསམས་ཏེ། སྲིན་མོ་འདི་དག་གིས་རྒྱུས་ཤེས་པར་གྱུར་ན་ནི་བདག་ཅག་གི་སྲོག་གཅོད་དོ་སྙམ་དུ་དེ་ལྟར་ལུས་ཀྱི་རྗེས་སུ་བསམས་ནས་ཁ་རོག་སྟེ་འདུག་པ་དང་། མོས་ཟས་བཟང་པོ་བྱིན་ནས་ཟོས་ཏེ་ཤུགས་ཕྱུང་ནས། སྲིན་མོ་དེས་འཕགས་པའི་སྲས་ཅིའི་སླད་དུ་
ཤུགས་འབྱིན་ཅེས་སྨྲས་སོ། །དེ་ནས་ངས་མོ་ལ་འཛམ་བུའི་གླིང་གི་མི་དག་ནི་བདག་གི་ཡུལ་ལ་དགའ་འོ་ཞེས་སྨྲས་པ་དང་། འཕགས་པའི་སྲས་བདག་གི་ཡུལ་གྱིས་ཅི་ཞིག་བགྱི། སིང་གྷ་ལའི་གླིང་འདི་ཉིད་ན་ཁྱོད་ཀྱི་ཟས་ཀྱི་ཁང་པ་དང་། སྐོམ་གྱི་ཁང་པ་དང་། གོས་ཀྱི་
ཁང་པ་སྣ་ཚོགས་དང་། ཁྱེད་ཀྱི་སྐྱེད་མོས་ཚལ་དགའ་བར་བགྱིད་པ་སྣ་ཚོགས་མཆིས་ཀྱིས་ལྷའི་བདེ་བ་མྱོང་བར་མཛོད་ཅིག །འཛམ་བུའི་གླིང་ལ་མྱ་ངན་བགྱིར་ཅི་མཆིས་ཞེས་ཟེར་ནས་དེའི་ཚེ་ང་ཁ་རོག་སྟེ་འདུག་གོ། །དེའི་ཉིན་མོ་འདས་ནས་ཕྱི་དེ་ཉིན་ཟས་བཟང་པོ་རྒྱགས་དང་
ལྡན་པ། དེ་དག་ཐམས་ཅད་སྟ་གོན་བྱས་ནས་ཉི་མ་གསུམ་པ་ལ་ནང་པར་སྔར་དེ་དག་ཐམས་ཅད་དོང་ནས་གྲོང་ཁྱེར་གྱི་སྒོར་བྱུང་ངོ་། །བྱུང་ནས་སླར་སུས་ཀྱང་སིང་གྷ་ལའི་གླིང་དུ་མི་བལྟ་བར་དམ་བཅས་སོ། །དེ་འདྲ་བའི་དམ་བཅས་ནས་མྱུར་བ་མྱུར་བར་སྐྱེན་པ་སྐྱེན་པར་དོང་བ་དང་། རིམ་

གྱིས་རྟའི་རྒྱལ་པོ་བ་ལ་ཧ་ག་ལ་བ་དེར་ཕྱིན་ནས། རྟའི་རྒྱལ་པོ་བ་ལ་ཧ་སྨན་སྦེད་ཐམས་ཅད་ཅེས་བྱ་བ་ལ་མྱངས་སོ། །སྨན་མྱངས་ནས་གསེར་གྱི་བྱེ་མའི་ཐང་བུ་ལ་ཕར་འགྲེ་ཚུར་འགྲེ་བར་བྱེད་དོ། །བྱས་ནས་ལུས་སྤྲུག་གོ། །གང་གི་ཚེ་ན་ལུས་སྤྲུགས་པ་དེའི་ཚེ་
སིང་གྷ་ལའི་གླིང་ཡང་འགུལ་ལོ། །དས་ཕ་རོལ་དུ་སུ་འགྲོ། ཕ་རོལ་དུ་སུ་འགྲོ་ཞེས་ཚིག་ལན་གསུམ་སྨྲས་པ་དང་། དེ་ནས་སྐྱེས་བུ་ཚོང་པ་དེ་དག་གིས་བདག་ཅག་ཕ་རོལ་ཏུ་མཆིའོ་ཞེས་སྨྲས་སོ། །དེ་ནས་རྟའི་རྒྱལ་པོ་བ་ལ་ཧ་དེས་ཁྱོད་ལས་སུས་ཀྱང་སིང་གྷ་ལའི་གླིང་ལ་མི་
བལྟ་བར་བྱའོ། །སུས་ཀྱང་མིག་གིས་མི་བལྟ་བར་བྱའོ། །ཞེས་དེ་སྐད་སྨྲས་ཏེ་དེ་འདྲ་བའི་དམ་བཅས་ནས་དེའི་ཚེ་ཐོག་མ་ཁོ་ནར་བཞོན་ནོ། །དེའི་འོག་ཏུ་ཚོང་པ་ལྔ་བརྒྱ་ཞོན་ནོ། །གང་གི་ཚེ་དེ་དག་ཞོན་པ་དེའི་ཚེ་སིང་གྷ་ལའི་གླིང་ན་གནས་པའི་སྲིན་མོ་དག་སྒྲ་ཅ་ཅོ་ཟེར་
ཞིང་ཕྱི་བཞིན་དུ་སྙེག་གོ། །ངུ་ཞིང་སྙིང་རྗེ་རྗེ་ལྟར་སྨྲ་བ་དང་། དེ་ནས་དེ་དག་གིས་ངོ་སླར་ལོག་སྟེ་བལྟས་སོ། །གང་གི་ཚེ་དེ་དག་གིས་བལྟས་པ་དེའི་ཚེ་དེ་དག་ཁ་བུབ་ཏུ་ལྷུང་ངོ་། །གང་གི་ཚེ་ན་དེ་དག་ཆུའི་ནང་དུ་ལྷུང་བ་དེའི་ཚེ་སྲིན་མོ་དག་གིས་དྲངས་ཤིང་དྲངས་ཤིང་ཟོས་སོ། །
དེའི་ཚེ་ང་གཅིག་པུས་འཛམ་བུ་གླིང་དུ་ཕྱིན་ཏེ། དེའི་ཚེ་འགྲམ་དུ་ཉེ་བ་དང་རྟའི་རྒྱལ་པོ་བ་ལ་ཧས་ང་ལ་ལན་གསུམ་བསྐོར་ཏེ། ཕྱག་བྱས་ནས་དེ་ཉིད་དུ་སོང་ངོ་། །དེ་ནས་ང་ཡང་སོང་ནས་རིམ་གྱིས་བདག་གི་ཁྱིམ་དུ་ཕྱིན་ཏེ། དེའི་ཚེ་ཕ་དང་མས་ངའི་མགུལ་ནས་འཇུས་ནས་ངུས་པ་དང་།
རླངས་པས་དེ་གཉིས་ཀྱི་མིག་རུ་གས་ནས་མཐོང་བར་གྱུར་ཏོ། །དེ་ནས་ཕ་མ་དང་ལྷན་ཅིག་ཏུ་ངལ་བསོས་ནས་དེས་དེ་དག་ལ་སྔོན་ཇི་ལྟར་བྱུང་བ་ཐམས་ཅད་བཟླས་པ་དང་། ཕ་མས་དེ་ལ་སྨྲས་པ། བུ་ཁྱོད་གསོན་བཞིན་དུ་རྙེད་དེ། ངེད་ལ་ནོར་ནི་མི་དགོས་སོ། །རྒས་པའི་ཚེ་ཁར་བར་
གྱུར་པའོ། །རྒས་པའི་ཚེ་ལམ་སྟོན་པའོ། །འཆི་བའི་ཚེ་ཟས་སྦྱིན་པར་བྱེད་པའོ། །ཤི་ནས་མགོན་ཡོད་པར་བྱེད་པའོ། །བུ་ནི་རླུང་བསིལ་བར་བྱེད་པའོ། །ཞེས་ཕ་དང་མས་སྨྲས་ཏེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ང་དེད་དཔོན་དུ་གྱུར་པའི་ཚེ་འདི་ལྟ་བུའི་སྡུག་བསྔལ་

བ་མྱོང་ངོ་། །འདི་ལྟ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་རྟ་བ་ལ་ཧར་གྱུར་པས་ང་འཆི་བའི་འཇིགས་པ་དེ་འདྲ་བ་ལས་ཡོངས་སུ་ཐར་བར་བྱས་སོ། །འདི་ལྟ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་མི་ནུས་ཏེ། བ་སྤུའི་ཁུང་བུ་རེ་རེའི་གཏམ་ཆུང་ཟད་ཅིག་བཤད་དོ། །འདི་ལྟ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་གསེར་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་དྲི་ཟ་བྱེ་བ་ཁྲག་ཁྲིག་
བརྒྱ་སྟོང་དག་གནས་ཏེ། དེ་དག་འཁོར་བའི་སྡུག་བསྔལ་བར་མི་འགྱུར་ཞིང་བདེ་བ་དམ་པ་དང་ལྡན་པ་ཡིན་ཏེ། ལྷའི་དངོས་པོ་དག་འབྱུང་བར་འགྱུར་གྱི། འདོད་ཆགས་ཅན་དུ་མི་འགྱུར། ཞེ་སྡང་ཅན་དུ་མི་འགྱུར། ཁོང་ཁྲོ་བའི་སེམས་མི་སྐྱེད། དེ་དག་ལས་གང་ལ་ཡང་གནོད་
པའི་སེམས་མི་སྐྱེད་དེ། དེ་དག་དུས་ཐམས་ཅད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་གནས་པ་ཡིན་ཏེ། དུས་ཐམས་ཅད་དུ་ཆོས་འདོད་པ་ཡིན་ནོ། །འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་གསེར་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན་སྣང་བ་ཞེས་བྱ་བའི་ཡིད་བཞིན་གྱི་ནོར་བུ་
རིན་པོ་ཆེ་ཡོད་དེ། གང་དང་གང་གི་ཚེ་དྲི་ཟ་དེ་དག་བསམ་པ་སེམས་པ་དེའི་ཚེ་དེ་དག་གི་བསམ་པ་འགྲུབ་པར་འགྱུར་རོ། །དེའི་ཚེ་གསེར་ཞེས་བྱ་བའི་བ་སྤུའི་ཁུང་བུ་ལས་འདས་ནས་ནག་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་དྲང་སྲོང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཡོད་དེ། ལ་ལ་ནི་
མངོན་པར་ཤེས་པ་གཅིག་པ། ལ་ལ་ནི་མངོན་པར་ཤེས་པ་གཉིས་པ། ལ་ལ་ནི་མངོན་པར་ཤེས་པ་གསུམ་པ། ལ་ལ་ནི་མངོན་པར་ཤེས་པ་བཞི་པ། ལ་ལ་ནི་མངོན་པར་ཤེས་པ་ལྔ་པ། ལ་ལ་ནི་མངོན་པར་ཤེས་པ་དྲུག་པའོ། །བ་སྤུའི་ཁུང་བུ་དེ་ན་དངུལ་གྱིས་གཞི་ལ་གསེར་
གྱི་རི་དངུལ་གྱི་རྩེ་མོ་པད་མོ་དམར་པོས་བརྒྱན་པ་དེ་འདྲ་བའི་རི་བདུན་ཅུ་རྩ་བདུན་ཡོད་དེ། རི་རེ་རེ་ཞིང་ཡང་དྲང་སྲོང་བརྒྱད་ཁྲི་གནས་སོ། །དྲང་སྲོང་དེ་དག་གི་ཤིང་དཔག་བསམ་ནི་འདི་འདྲ་སྟེ། སྡོང་པོ་ནི་དམར་པོ། འདབ་མ་ནི་གསེར་དང་། དངུལ་ལས་བྱས་པ་རིན་པོ་ཆེར་སྣང་

བའོ། །ཤིང་དཔག་བསམ་རེ་རེ་དང་། ཉེ་བ་ན་ནི་རྫིང་བུ་བཞི་ཡོད་དེ། ལ་ལ་ནི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ། ལ་ལ་ནི་ལྷའི་མེ་ཏོག་གིས་ཡོངས་སུ་གང་བའོ། །ཕྱོགས་དེ་དང་ཉེ་བ་ན་ལྷའི་བྱི་རུའི་ཤིང་གིས་ཡོངས་སུ་མཛེས་པར་བྱས་པའི་
དཔག་བསམ་གྱི་ཤིང་དག་སྣང་སྟེ། ལྷའི་རྒྱན་དག་ནི་འཕྱང་ཅོད་པན་དང་། རྣ་ཆ་དག་ཀྱང་རབ་ཏུ་འཕྱང་། སེ་མོ་དོ་དང་། སེ་མོ་དོའི་ཕྱེད་པ་དག་ཀྱང་རབ་ཏུ་འཕྱང་། གདུ་བུ་དག་ཀྱང་རབ་ཏུ་འཕྱང་སྟེ། ལོ་མ་ནི་རིན་པོ་ཆེ་དང་། གསེར་ལས་བྱས་པའོ། །དེ་ན་ཤིང་དཔག་བསམ་
རེ་རེ་ཞིང་ཡང་དྲི་ཟ་བརྒྱ་བརྒྱ་གནས་ཏེ། གང་གི་ཚེ་དེ་དག་གིས་སིལ་སྙན་དཀྲོལ་བ་དེའི་ཚེ་རི་དགས་དང་། བྱ་དག་ཀྱང་སེམས་ཅན་འདི་དག་ནི་སྡུག་བསྔལ་ཏེ། འཛམ་བུའི་གླིང་ན་ཇི་ལྟ་བུའི་སྡུག་བསྔལ་དག་མྱོང་བར་གྱུར། སྐྱེ་བ་དང་། རྒ་བ་དང་། འཆི་བ་དག་ཀྱང་མཐོང་ངོ་། །
སྡུག་ཅིང་མཛའ་བ་དང་། མི་མཛའ་བ་ལས་འདུ་བ་དང་བྲལ་བར་ཡང་མཐོང་ངོ་། །མི་དག་ཀྱང་སྡུག་བསྔལ་མང་དུ་མྱོང་ངོ་ཞེས་སྐྱོ་བར་བྱེད་དོ། །དེ་ལྟར་རི་དགས་དང་། བྱ་དག་སྟོང་པའི་རྗེས་སུ་བསམས་པ་དང་། དེའི་ཚེ་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་
བཀོད་པ་འདི་རྗེས་སུ་དྲན་ནས་དེ་དག་ལ་ལྷའི་རོའི་རོ་མཆོག་གི་ཟས་དག་ཀྱང་འབྱུང་བར་འགྱུར། ལྷའི་རྫས་དྲི་ཞིམ་པོ་དག་ཀྱང་འབྱུང་བར་འགྱུར། ལྷའི་གོས་དག་ཀྱང་འབྱུང་བར་འགྱུར་རོ། །གང་གི་ཚེ་ན་དེ་དག་བསམ་པ་སེམས་པ་དེའི་ཚེ་བསམ་པ་གྲུབ་པར་འགྱུར་རོ། །
དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ཤིན་ཏུ་ངོ་མཚར་རྨད་དུ་གྱུར་པ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཅིའི་ཕྱིར་ངོ་མཚར་བར་གྱུར། དེ་ནས་བཅོམ་ལྡན་འདས་
ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པའི་མིང་གི་རྗེས་སུ་དྲན་ན། དེའི་མིང་ཙམ་གྱིས་ཀྱང་འདི་འདྲ་བའི་རྫས་དག་འབྱུང་བར་

འགྱུར་ན་གང་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པ་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་སེམས་ཅན་དེ་དག་ནི་བདེ་བ་དང་ལྡན་པ་ལགས་སོ། །གང་ཐེག་པ་ཆེན་པོའི་མདོ་ཟ་མ་
ཏོག་བཀོད་པ་ལས་ཡི་གེ་གཅིག་ཀྱང་འདྲིར་འཇུག་པའི་སེམས་ཅན་དེ་དག་ནི་བདེ་བ་དང་ལྡན་པ་ལགས་ཏེ། དེ་དག་ནི་འཁོར་བའི་སྡུག་བསྔལ་འདི་དག་མཐོང་བར་མི་འགྱུར་རོ། །དེ་དག་ནི་ཕྱག་དར་པ་དང་། སྨེ་ཤ་ཅན་གྱི་རིགས་སུ་མི་སྐྱེ། དབང་པོ་ཉམས་པར་མི་འགྱུར། ཐེང་པོ་
དང་། སྒུར་པོ་དང་། གུག་པ་དང་། པུས་མོའི་ནང་འཐབ་པ་དང་། ལུས་པོ་ཆེ་དང་། མཛེ་ཅན་དུ་མི་འགྱུར། དེ་དག་གི་ལུས་ལ་ནད་དག་གིས་བཏབ་པར་མི་འགྱུར་ཏེ། ནད་མེད་པ་དང་། མཐུ་ཆེ་བ་དང་། དབང་པོ་གསལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་
སོ་ཞེས་བྱ་བ་བྱིན་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཁྱོད་འདི་འདྲ་བའི་སྤོབས་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དང་། དགེ་བསྙེན་དང་། དགེ་
བསྙེན་མ་འདུས་པ་ལ་ཁྱོད་ཀྱིས་འདི་འདྲ་བའི་ཆོས་ཀྱི་གཏམ་རྒྱ་ཆེན་པོ་བྱས་པ་ལེགས་སོ་ལེགས་སོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་ན་བདག་གི་ཞུ་བ་འདི་
བསྟན་པ་དེའི་ཚེ་ལྷའི་བུ་རྣམས་མི་ཕྱེད་པའི་དད་པ་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཕྱི་ཕྱིར་ཞིང་གསོལ་བ་ལེགས་སོ་ལེགས་སོ་འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བ་སྤུའི་ཁུང་བུ་ནག་པོ་འདས་
ནས་བ་སྤུའི་ཁུང་བུ་རིན་པོ་ཆེའི་རྣ་ཆ་ཞེས་བྱ་བ་དེ་ན་དྲི་ཟའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་གནས་ཏེ། དྲི་ཟའི་བུ་མོ་དེ་དག་ཀྱང་བྱད་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་ཤིན་ཏུ་བཟང་ཞིང་རྒྱས་པ་དང་ལྡན་པ། ལུས་ལྷའི་རྒྱན་གྱིས་བརྒྱན་པ། ལྷའི་བུ་མོ་

འགྲན་པར་བྱེད་པ་དང་འདྲ་བ་དེ་ལྟ་བུར་ཤིན་ཏུ་བཟང་ཡང་འདོད་ཆགས་ཀྱི་སྡུག་བསྔལ་གྱིས་གཟིར་བར་མི་འགྱུར། ཞེ་སྡང་གི་སྡུག་བསྔལ་གྱིས་གཟིར་བར་མི་འགྱུར། གཏི་མུག་གི་སྡུག་བསྔལ་གྱིས་གཟིར་བར་མི་འགྱུར། དེ་དག་གི་ལུས་ལ་མིའི་སྡུག་
བསྔལ་ཡང་མེད་དེ་དྲི་ཟའི་བུ་མོ་དེ་དག་དུས་གསུམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་མཚན་གྱི་རྗེས་སུ་དྲན་པར་བྱེད་དེ། དེའི་ཚེ་རྫས་དེ་དག་ཐམས་ཅད་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བ་སྤུའི་ཁུང་བུ་དེ་བལྟ་བར་འཚལ་གྱིས་བདག་དེར་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བ་སྤུའི་ཁུང་བུ་དེ་ནི་གཟུང་དུ་མི་རུང་སྟེ། ཇི་ལྟར་ནམ་མཁའི་ཁམས་གཟུང་དུ་མི་རུང་། རེག་པར་མི་རུང་
བ་དེ་བཞིན་དུ་རིགས་ཀྱི་བུ་བ་སྤུའི་ཁུང་བུ་དེ་ཡང་གཟུང་དུ་མི་རུང་། རེག་པར་མི་རུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་བ་སྤུའི་ཁུང་བུ་དེར་ལོ་བཅུ་གཉིས་སུ་ཀུན་དུ་སོང་ཡང་བ་སྤུའི་ཁུང་བུ་དེ་མ་མཐོང་སྟེ། གང་བ་སྤུའི་ཁུང་བུ་རེ་རེ་ན་གནས་པ་དེས་ཀྱང་
མ་མཐོང་ན་བྱང་ཆུབ་སེམས་དཔར་གྱུར་པ་གཞན་དག་གིས་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་ཀྱང་མ་མཐོང་ན་ཅི་བདག་མཆི་བར་བགྱི་
འམ། རིགས་ཀྱི་བུ་ང་ནི་གཡོ་མེད་པ། སྒྱུ་མེད་པ། ཕྲ་བ་ཉིད་དུ་སྣང་སྟེ། བལྟར་མེད་པ། གཟུགས་མེད་པ། གཟུགས་ཆེ་བ། ལག་པ་བརྒྱ་སྟོང་པ། མིག་བྱེ་བ་བརྒྱ་སྟོང་པ། མགོ་བཅུ་གཅིག་པ། རྣལ་འབྱོར་ཆེན་པོ། རྣལ་འབྱོར་དམ་པ། མྱ་ངན་ལས་འདས་པའི་ས་ལ་
གནས་པ། སེམས་པ་མེད་པ། ཤེས་རབ་ཆེ་བ། སྲིད་པ་ལས་སྒྲོལ་བར་བྱེད་པ། རིགས་ཀྱི་དབང་པོ། བལྟར་མི་སྣང་བ་སྟོན་པ་ལ་ཤེས་རབ་དང་ལྡན་པ་དང་། ཆོས་ཐམས་ཅད་ལ་གྲིབ་མར་གྱུར་པའོ། །དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་

གཟིགས་ཀྱི་དབང་པོ་ཡང་སུས་ཀྱང་མི་མཐོང་སྟེ། དེའི་རང་བཞིན་གྱི་ལུས་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཀྱང་མི་གཟིགས་ན་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཞན་གྱིས་ལྟ་ཅི་སྨོས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཆོ་འཕྲུལ་བསམ་
གྱིས་མི་ཁྱབ་པ་དག་སྟོན་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མ་དག་ཡོངས་སུ་སྨིན་པར་བྱེད་དོ། །དེ་དག་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་འཇོག་གོ། །བཞག་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་པ་ལ་ཆོས་
ཉན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐབས་གང་གིས་ན་བདག་གིས་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་
བཀུར་བའི་ཕྱིར་མི་མཇེད་པའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་འོང་ནའོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་མཆི་བར་གནང་
བར་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་གི་ཚེ་ན་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་དེའི་ཚེ་ཐོག་མ་ཁོ་ནར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བདག་སྡིག་པ་དང་ལྡན་ཞིང་ཡུན་རིང་དུ་གསོན་ལ། སྤྱན་རས་གཟིགས་ཀྱི་དབང་པོ་མཐོང་བ་དང་འབྲལ་ཞིང་ལོང་བར་གྱུར། ལམ་གསུམ་དུ་འགྲོ་བར་གྱུར་པ་ལྟ་ཅི་རུང་སྙམ་དུ་སེམས་ཤིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཡང་བྱང་ཆུབ་
སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་གང་གི་ཚེ་ན་མཆི། དེ་ནས་བཅོམ་ལྡན་འདས་བཞད་ནས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འོང་བའི་དུས་མ་ཡིན་ནོ། །འདི་ལྟ་སྟེ། རིགས་ཀྱི་བུ་བ་སྤུའི་ཁུང་བུ་དེ་ནས་བབས་ནས་བདུད་རྩི་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་གནས་ཏེ། ཁ་ཅིག་ནི་ས་གཅིག་པ། ཁ་ཅིག་ནི་ས་གཉིས་
པ། ཁ་ཅིག་ནི་ས་གསུམ་པ། ཁ་ཅིག་ནི་ས་བཞི་པ། ཁ་ཅིག་ནི་ས་ལྔ་པ། ཁ་ཅིག་ནི་ས་དྲུག་པ། ཁ་ཅིག་ནི་ས་བདུན་པ། ཁ་ཅིག་ནི་ས་བརྒྱད་པ། ཁ་ཅིག་ནི་ས་དགུ་པ། ཁ་ཅིག་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་ནོ། །འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་
སེལ་བ་བདུད་རྩིའི་ཐིགས་པའི་བ་སྤུའི་ཁུང་བུ་དེ་ན་གསེར་དང་དངུལ་གྱི་རི་དྲུག་ཅུ་ཡོད་དེ། རི་རེ་རེ་ཞིང་ཡང་འཕང་དུ་དཔག་ཚད་དྲུག་ཁྲི་ཡོད་དོ། །རི་རེ་རེ་ཞིང་ཡང་རྩེ་མོ་གསེར་གྱིས་བརྒྱན་པ་དགུ་ཁྲི་ཡོད་དོ། །ངོས་ངོས་དག་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དག་
གནས་སོ། །རིའི་རྒྱལ་པོ་དེ་དག་ལ་དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གནས་ཏེ། དེ་དག་བ་སྤུའི་ཁུང་བུ་དེ་ན་རྟག་ཏུ་རྒྱུན་མི་འཆད་པར་སིལ་སྙན་གྱི་སྒྲ་གྲག་པར་འཛིན་ཏོ། །འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བདུད་རྩིའི་ཐིགས་པའི་བ་སྤུའི་ཁུང་བུ་དེ་
ན་གཞལ་མེད་ཁང་བརྒྱ་སྟོང་ཕྲག་དུ་མ་ལྷའི་ནོར་བུ་དང་མུ་ཏིག་གིས་ཡོངས་སུ་བརྒྱན་པ། ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ་རྣམ་པ་སྣ་ཚོགས་པ། མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་གིས་བརྒྱན་པ་དག་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་དག་གཞལ་མེད་ཁང་དེར་ངལ་བསོས་ནས་
ཆོས་ཀྱི་གཏམ་བྱེད་དོ། །དེ་ནས་གཞལ་མེད་ཁང་ནས་བྱུང་ནས་བདག་བདག་གི་འཆག་སར་འགྲོ་སྟེ། འཆག་ས་རེ་རེ་ཞིང་ཡང་རྫིང་བུ་བདུན་ཅུ་བདུན་ཅུ་ཡོད་པ། ལ་ལ་ནི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་ངོ་། །ལ་ལ་ནི་མེ་ཏོག་གིས་ཡོངས་སུ་གང་སྟེ། མེ་ཏོག་ཨུད་
པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པུན་ད་རཱི་ཀ་དང་། དྲི་ཞིམ་པ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་གིས་ཡོངས་སུ་གང་ངོ་། །འཆག་ས་དེ་དེ་དག་ན་ཤིང་དཔག་བསམ་ཡིད་དུ་འོང་བ་སྡོང་པོ་ནི་དམར་པོ། ལོ་མ་ནི་གསེར་དང་དངུལ་ལས་བྱས་པ་ལྷའི་རྒྱན་གྱིས་བརྒྱན་

པ། ཅོད་པན་དང་རྣ་ཆ་དང་། ཕྲེང་བའི་ཆུན་པོ་རབ་ཏུ་འཕྱང་བ། སེ་མོ་དོ་དང་། སེ་མོ་དོ་ཕྱེད་པ་རབ་ཏུ་འཕྱང་བ། དཔུང་རྒྱན་རབ་ཏུ་འཕྱང་བ། གཞན་ཡང་རྒྱན་སྣ་ཚོགས་དག་རབ་ཏུ་འཕྱང་བ་ཡོད་དོ། །འཆག་ས་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་ནུབ་མོ་འཆག་ཅིང་ཐེག་པ་ཆེན་པོ་རྣམ་
པ་སྣ་ཚོགས་ཀྱི་རྗེས་སུ་དྲན་པར་བྱེད། མྱ་ངན་ལས་འདའ་བའི་སའི་རྗེས་སུ་དྲན་པར་བྱེད། འཁོར་བའི་སྡུག་བསྔལ་ཀུན་ལ་སེམས་པར་བྱེད་དོ། །བསམས་ནས་བྱམས་པ་ལ་སྒོམ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་ལྟར་བ་སྤུའི་ཁུང་བུ་དེ་ན་དེ་འདྲ་བའི་བྱང་ཆུབ་སེམས་དཔའ་
དག་ཡོད་དོ། །དེ་ལས་བབས་ནས་རྡོ་རྗེའི་སྒོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་མིའམ་ཅི་བརྒྱ་སྟོང་ཕྲག་དུ་མ་གན