Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 045_མདོ་སྡེ།_ཀ

Văn bản gốc(Tây Tạng)

Trang 22 / 22 (50.000 ký tự/trang)
་ཟླ་བའི་འོད་དེ་ལ། །ཕྲེང་བ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་ཟླ་བ་ལག་བླའི་ཚེ། །དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ལ། །ཤིང་མཆོག་དག་ནི་དབུལ་བ་
བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐའ་ཡས་གྲགས་པ་ཕྱུགས་རྫི་ཡི། །དཔོན་པོའི་ཚེ་ན་བདེ་གཤེགས་སྟོབས་ཆེན་ལ། །འོ་མ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤྲིན་ཏོག་གོས་
འཚོང་ཚེ། །དེ་བཞིན་གཤེགས་པ་ཡུལ་འཁོར་ཡེ་ཤེས་ལ། །རས་ཡུག་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་འགྲོས་ནི་ཁྱིམ་བདག་ཚེ། །འཁོར་གྱི་ཁྱམས་དག་ཕྱག་དར་བྱས་ནས་ཀྱང་། །དེ་བཞིན་གཤེགས་
པ་དྲག་ཤུལ་བློ་གྲོས་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤོས་བཟངས་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་རི་དབང་བློ་དེ་ལ། །མར་མེའི་སྙིང་པོ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ནམ་མཁའི་
དབྱངས་ནི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ཡན་ལག་མཛེས་པ་ལ། །ན་བཟའ་ཕྲུགས་གཅིག་ཅིག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ནི་ལྷ་རིས་པ་ཡི་ཚེ། །ཕྱག་དར་དག་ནི་བྱ་བ་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་དཔལ་
གྱི་མཆོག་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་རྒྱལ་ཕྱུགས་རྫིའི་དཔོན་པོའི་ཚེ། །དེ་བཞིན་གཤེགས་པ་དཔལ་གྱི་བཤེས་གཉེན་ལ། །འོ་མ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ནོར་བུ་

གསལ་ནི་དཀའ་ཐུབ་ཅན། །བྱེད་ཚེ་བདེ་གཤེགས་ཡིད་གཉིས་སྤོང་བ་པོ། །དེ་ལ་གདུགས་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ནོར་བཟངས་སྤོས་འཚོང་ཚེ། །དེ་བཞིན་གཤེགས་པ་དགྲ་བཅོམ་ལྡན་དེ་ལ། །
ཀཱར་ཥཱ་པ་ནི་གཅིག་རིའི་འབྲུ་མར་དང་། །སྤོས་ཕུལ་དང་པོར་བྱང་ཆུབ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྒྲོན་མ་གཽ་ཏམ་ཚེ། །དབྱར་གནས་པ་དག་དབུལ་བ་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་སྤོས་ཀྱི་དཔལ་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་
གཤེགས་པ་རིན་ཆེན་ང་རོ་དབྱངས། །ཚོང་འདུས་པ་ཚེ་བདེ་གཤེགས་དགྲ་བཅོམ་གནས། །དེ་ལ་ཞུན་མར་བྲེ་གང་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་དབང་རྒྱལ་པོ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་གནས་དེ་ལ། །ཀུན་
དགའ་ར་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་སྦེད་པ་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་བརྩོན་འགྲུས་ཆེར་དགོངས་ལ། །སྒེའུ་གཤེར་དག་གི་དུམ་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །
དེ་བཞིན་གཤེགས་པ་དགེ་མཛད་ཆུ་ཆུན་ཚེ། །དེ་བཞིན་གཤེགས་པ་འོད་ནི་འབར་བ་ལ། །ཆུ་གྲང་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེའི་བློ་གྲོས་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་མཐུ་རྩལ་སྡུད་པ་ལ། །
མེ་ཏོག་བལྟ་ན་སྡུག་པ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་གྲགས་པ་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་དགོངས་པ་ཟབ་བསྒོམས་ལ། །སྒྲ་དབྱངས་དག་གི་མཆོད་པ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་
བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་མཛད་ཕྱུག་པོའི་ཚེ། །དེ་བཞིན་གཤེགས་པ་སྤོས་སྲེག་དེ་ལ་ནི། །རྔ་བོ་ཆེ་དག་བརྡུང་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛད་མཐའ་གཟིགས་པ་ཁྱིམ་བདག་ཚེ། །གཙུག་ལག་ཁང་

དག་བྱས་ཏེ་ཕུལ་ནས་ཀྱང་། །དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྲིད་པའི་མེ་ཏོག་ཁྲུས་པའི་ཚེ། །དེ་བཞིན་གཤེགས་པ་རྣམ་པར་འབྱེད་བློ་ལ། །ཁྲུས་རས་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་
སེམས་བསྐྱེད་དོ། །བདེ་གཤེགས་མཛོད་སྤུ་ལྡན་པ་དྲང་སྲོང་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་མཆོག་དེ་ལ། །ཀུ་ཤ་དག་ལས་བྱས་པའི་ན་བཟའ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོབས་པ་མཚུངས་མེད་རྒྱལ་པོ་རི་མོ་མཁན། །བྱེད་ཚེ་དེ་བཞིན་
གཤེགས་པ་ཡོན་ཏན་བཀོད་པ་པོ། །དེ་ལ་མེ་ཏོག་དག་གི་ཕྲེང་བ་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་རྣམ་འབྱེད་ང་རོ་འགྲོན་པོའི་ཚེ། །དེ་བཞིན་གཤེགས་པ་བརྟུལ་ཞུགས་སེང་གེ་དེ་ཡི་ནི། །ལམ་སྲང་དག་ཏུ་གོས་ནི་གདིང་བ་བྱས་
ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེའི་མཆེ་བ་དགེ་སློང་ཚེ། །དེ་བཞིན་གཤེགས་པ་ཡེ་ཤེས་བློ་གྲོས་ལ། །ལྷུང་བཟེད་ཆུང་ངུ་སྐྱུ་རུ་རས་བཀང་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛེས་པར་གཤེགས་པ་
དེད་དཔོན་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་ལྷུན་པོ་ལ། །སེང་གེའི་གདན་ཁྲི་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་འཁོར་ལོས་སྒྱུར་རྒྱལ་ཚེ། །དེ་བཞིན་གཤེགས་པ་ང་རོ་སྦྱངས་པ་ལ། །རིན་པོ་ཆེ་ལས་བྱས་པའི་
བླ་རེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་སྒྲོན་གདུགས་ནི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་བསྡུ་བ་རྣམ་འབྱེད་ལ། །ལྷུང་བཟེད་རིན་པོ་ཆེ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཀྲ་ཤིས་ལྡན་
པ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་གསལ་བའི་དཔལ་དེ་ལ། །ཀུན་དགའ་ར་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡུལ་འཁོར་མྱ་ངན་མེད་པ་པོ། །ཚོང་དཔོན་བུ་ཚེ་སྟན་རིངས་ཕུལ་ནས་ཀྱང་། །དེ་བཞིན་གཤེགས་པ་

ཟླ་བ་སྣང་བ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲོས་སེམས་དཔའ་ཁྱིམ་བདག་ཚེ། །གནས་དང་ཟས་ཀྱི་རྐྱེན་རིས་བཅད་ནས་ཀྱང་། །བདེ་གཤེགས་ཡོན་ཏན་ཕུང་པོ་འོད་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་
པ་བློ་ལྡན་འུག་པའི་ཚེ། །གོས་དང་ཤིང་ལེབ་དག་ནི་བཞག་ནས་ཀྱང་། །དེ་བཞིན་གཤེགས་པ་ཆོས་ཀྱི་སྟོབས་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་སྒྲོན་སྤྱན་ནི་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་ལྡན་དེ་ལ། །རྒྱ་སྲན་དྲུས་པ་དག་ནི་ཕུལ་
ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤུགས་འདོར་བུ་རམ་ཆང་མཁན་ཚེ། །དེ་བཞིན་གཤེགས་པ་རྣམ་གྲགས་རྒྱལ་པོ་ལ། །བུ་རམ་ཤིང་གི་བཅུད་ཁུ་བཏུང་བ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྟོབས་ཆེན་ཚོང་པའི་
ཆུང་མའི་ཚེ། །ཕྱེ་ཁལ་གསུམ་ནི་གཉུག་མར་བཞག་ནས་ཀྱང་། །དེ་བཞིན་གཤེགས་པ་དབང་པོ་ཐུལ་བ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་མེ་ཏོག་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་སྟབས་ཀྱི་མཆོག་མ་དེའི། །ལམ་སྲང་དག་ནི་
ཕྱག་དར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟན་པའི་དབྱངས་ནི་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་འོད་ཟེར་ལ། །གོས་ཀྱི་བླ་རེ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བདེ་
ལྡན་སྨད་འཚོང་ཚེ། །དེ་བཞིན་གཤེགས་པ་བདུད་རྩི་སེམས་པ་ལ། །ཤི་ཡི་བུར་མ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་གསུང་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ཚོགས་ཅན་རབ་མཆོག་ལ། །ཀ་ཤའི་གདན་དག་
དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགྱེས་གསལ་གྲོང་རྡལ་བ་ཡི་ཚེ། །དེ་བཞིན་གཤེགས་པ་གཙུག་ཕུད་དགྱེས་དེ་ལ། །ཁ་ར་དག་དང་སྦྱར་བའི་བཏུང་བ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་

གེའི་ཞལ་ནི་ཕྲེང་རྒྱུད་ཚེ། །བདེ་གཤེགས་ཁ་དོག་ཟིལ་གྱིས་མི་ནོན་ལ། །མེ་ཏོག་ཁལ་བཅུ་དག་གིས་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གཙུག་ཕུད་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་གསལ་བ་ལ། །སྤོས་དང་ཨ་མྲའི་འབྲས་བུ་
ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྣང་མཛད་སློང་བའི་ཚེ། །དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་ཡི། །བཤོས་དག་བདག་ཉིད་བཙོངས་ཏེ་སྦྱར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །སངས་རྒྱས་སྟོང་གི་སྔོན་གྱི་སྨོན་
ལམ་གྱི་ཚུལ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དེ་ལྟར་སངས་རྒྱས་དག་ལ་ཆུང་བ་ཡི། །ཡོན་ཕུལ་རྣམ་པར་སྨིན་པ་འདི་དག་ཡིན། །འཁོར་ཚེ་དེ་ཡི་འབྲས་བུ་དེ་འདྲ་ན། །མཁས་པ་སུ་ཞིག་བྱང་
ཆུབ་སེམས་མི་སྐྱེད། །ནམ་མཁའ་དག་ནི་ཚད་དག་གཟུང་བ་དང་། །རྒྱ་མཚོ་ཆེན་པོ་མཐར་གྱིས་བགྲང་ནུས་ཀྱི། །སངས་རྒྱས་དག་ལ་དད་པ་ཤས་ཙམ་གྱི། །བསོད་ནམས་ཚད་གཟུང་བར་ནི་ནུས་པར་དཀའ། །ཇི་སྲིད་མྱ་ངན་འདས་བདེ་མ་རེག་པར། །དེ་སྲིད་མི་ཁོམ་སྡུག་
བསྔལ་མྱོང་མི་འགྱུར། །དེ་བས་རྒྱལ་བ་བསོད་ནམས་ཞིང་ཐོབ་ནས། །བག་ཡོད་མི་ཡིས་བཀུར་སྟི་མཆོད་པ་གྱིས། །སངས་རྒྱས་དག་ལ་ལྷག་པར་མོས་པའི་ཚེ། །བདེ་གཤེགས་མྱ་ངན་འདས་པའི་སྐུ་གདུང་ལ། །མཆོད་པ་ཆུང་ཤས་བྱེད་པའི་ཡོན་ཏན་མཐའ། །བསམ་པར་
ནུས་མ་ཡིན་ན་དེ་ལྟ་ཞོག །བྱང་ཆུབ་སེམས་ཀྱིས་རྒྱལ་ལ་ཡོན་ཕུལ་དང་། །གང་དག་ཚད་མེད་ཆོས་འདི་བཞི་པོ་དང་། །ནམ་མཁའི་ཁམས་དང་སེམས་ཅན་ཁམས་རྣམས་དག །སྟོན་པ་མ་གཏོགས་ཤེས་པར་ནུས་པ་མེད། །གང་ཕྱིར་སེམས་ཅན་ཐམས་ཅད་རྗེས་གཟུང་ཕྱིར། །
བྱང་ཆུབ་སེམས་བསྐྱེད་གནས་པ་ཇི་ལྟ་བར། །དབུལ་པོས་དཔག་ཚད་ཁོར་ཡུག་གཅིག་ཙམ་གྱི། །གཏེར་དག་རྙེད་པ་དེ་ལྟར་དགའ་མ་ཡིན། །སངས་རྒྱས་བྱང་ཆུབ་ཕྱིར་ནི་རྒྱལ་བ་ཡི། །རྣམ་པར་རོལ་པ་བརྒྱད་དང་སྟོབས་བཅུ་དང་། །སེམས་ཅན་སྡུད་པ་ལྔ་བརྒྱ་དགའ་

མཛད་བཞི། །རྟོགས་བྱེད་འཇུག་པ་དག་ནི་བརྒྱད་ཁྲི་དང་། །རྟོགས་པར་དཀའ་བ་བརྒྱད་ཅུ་རྩ་བཞི་དང་། །བླ་ན་མེད་པའི་སྒོ་མོ་དྲུག་ཁྲི་དང་། །ས་རྣམ་འབྱེད་དང་ཡེ་ཤེས་བདུན་ཅུ་དྲུག །སངས་རྒྱས་མཚོན་པ་སྤྱོད་པ་བཅྭ་བརྒྱད་དང་། །
ཕ་རོལ་གནོན་པ་ལྔ་དང་བརྟན་པ་བཅུ། །སྤྱོད་ཡུལ་ཐེར་འབུམ་ཕྲག་ནི་བཅུ་གཅིག་དང་། །གཞན་ཡང་སངས་རྒྱས་དག་གི་ཡོན་ཏན་གང་། །མཚན་དང་དཔེ་བྱད་དག་དང་སྤྱོད་ལམ་དག །རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལམ་མིན་ན། །ཉན་ཐོས་སྒྲ་རྗེས་འབྲང་བའི་
སྨོས་ཅི་དགོས། །མཚུངས་པ་མེད་པ་འདྲ་བ་ཡོད་མིན་པས། །དེས་ན་སངས་རྒྱས་བསམ་མི་ཁྱབ་ཅེས་བརྗོད། །གང་དག་བྱང་ཆུབ་མཆོག་རབ་སེམས་ཡོད་པ། །དེ་དང་དེ་དག་མི་དམན་མཚུངས་མེད་སྤྱོད། །དེ་དག་དེ་རིང་འཇིག་རྟེན་ནོར་ཆེན་རྙེད། །དེ་དག་
འཇིག་རྟེན་ལེགས་པར་འཚོ་བས་འཚོ། །བདུད་རྣམས་བཅོམ་སྟེ་བདུད་རྩི་རེག་བྱས་ནས། །ཆར་སྤྲིན་ལྷུན་སྡུག་ལྟ་བུར་ཚིམ་པར་བྱེད། །གང་དེ་བྱང་ཆུབ་ལ་ཞུགས་འཇིག་རྟེན་སྐྱོབ། །དེ་དག་ནོར་བདུན་དག་གིས་སྡུད་པར་བྱེད། །གལ་ཏེ་སྡུག་བསྔལ་བརྒྱ་མང་བཟོད་
བྱེད་པ། །དེ་བས་བྱང་ཆུབ་གང་ཞུགས་སྐྱོ་མི་འགྱུར། །དེ་ཡིས་ཡོན་ཏན་དེ་དག་མྱུར་འཐོབ་ལ། །འཇིག་རྟེན་ཀུན་གྱི་མཆོག་མ་དག་ཏུའང་འགྱུར། །འདོད་པའི་རྒྱུ་ཡིས་སྡུག་བསྔལ་མང་པོ་མྱོང་བར་འགྱུར། །གང་གི་རྣམ་པར་སྨིན་པས་ངན་འགྲོར་ལྷུང་བར་
འགྱུར། །མཐོ་རིས་འགྲོ་དང་བྱང་ཆུབ་ཡོན་ཏན་དོན་གྱི་ཕྱིར། །མཁས་པ་སུ་ཞིག་བྱིས་པ་དག་དང་འགལ་བར་བྱེད། །བྱིས་པ་འགལ་བྱེད་མཁས་པ་འགལ་མི་བྱེད། །མི་ཤེས་འཁྲུལ་ཡིན་ཤེས་ལྡན་དྲན་པ་ཐོབ། །བླུན་པོ་འདམ་བྱིང་མཁས་པ་ཐང་ལ་གནས། །གང་
དག་ཆོས་སྤྱོད་པ་ནི་དེ་ལ་བཟོད། །དེ་བས་རིགས་པ་ཅན་མིན་སྤང་བྱ་ཞིང་། །གང་དག་ཤེས་ཡུལ་རིགས་ལྡན་བསྟེན་པར་བྱ། །དཔལ་དང་གྲགས་པ་རྙེད་པ་སྤངས་ནས་ཀྱང་། །ཏིང་ངེ་འཛིན་འདི་ལ་ནི་རྣལ་འབྱོར་བྱ། །སངས་རྒྱས་རེ་རེའི་ཡོན་ཏན་དྲན་པ་ཡང་། །བསྐལ་

པ་ཁྲི་ཕྲག་ཚད་མེད་བཟོད་བྱེད་ན། །སངས་རྒྱས་ཡོན་ཏན་བསམ་མེད་སྨོས་ཅི་དགོས། །དེ་བས་སྡུག་བསྔལ་ཉམ་ཐག་དང་དུ་ལོང་། །བཟོད་དང་ཏིང་འཛིན་དག་གི་གོ་བགོས་ལ། །བརྩོན་འགྲུས་རྒྱལ་མཚན་ཚུལ་ཁྲིམས་ཤིང་རྟ་ཞོན། །སྦྱིན་སྟོབས་ཤེས་རབ་མདའ་
ཡིས་བདུད་བཅོམ་སྟེ། །ཕམ་བྱས་བྱང་ཆུབ་དག་ལ་རེག་པར་གྱིས། །བྱམས་པའི་གྲོགས་དང་བསྒྲུབ་པའི་བཤེས་གཉེན་དང་། །དབྱེར་མེད་ཕ་རོལ་ཕྱིན་པ་སྤྲོ་བྱེད་དང་། །སྟོང་པའི་གནས་བཅས་ཤུགས་ཀྱི་ཟས་སྟེན་ཚེ། །ཐམས་ཅད་མཁྱེན་པའི་ཡོན་ཏན་ཐོབ་པར་
གྱིས། །དེ་བས་ཇི་སྐད་འདིར་གསུངས་རྣམ་ངེས་ལ། །བག་དང་ལྡན་པས་རྟག་ཏུ་སྦྱོར་བར་གྱིས། །མཁའ་ལ་ངང་པ་སྐད་འབྱིན་དགའ་བ་ལྟར། །ཐམས་ཅད་མཁྱེན་པ་མྱུར་དུ་ཐོབ་པར་གྱིས། །མཆོག་ཏུ་དགའ་བའི་རྒྱལ་པོ་སྔོན་བྱུང་བ་འདས་པའི་དུས་ན། དེ་
བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་ཞེས་བྱ་བ་འཁོར་ཐེར་འབུམ་སྙེད་དང་བཅས་པ་ཞིག་བྱུང་བར་གྱུར་ཏེ་དེ་ཏིང་ངེ་འཛིན་འདི་སྟོན་ཏོ། །དེ་ཏིང་ངེ་འཛིན་འདི་སྟོན་པ་ན་དེའི་ཚེ་རྒྱལ་པོ་བསོད་ནམས་མེ་ཏོག་ཅེས་བྱ་བ་ཞིག་བྱུང་བས་ཐོས་ནས། དེས་བཙུན་མོ་སྟོང་དང་སྲས་
སྟོང་ལ་སྨྲས་པ། ཏིང་ངེ་འཛིན་ཟད་པར་སྣང་བ་འདིའི་དོན་ཀྱང་མི་ཤེས་སོ། །མ་ཤེས་པས་རྟོགས་པར་བྱར་ཡང་མི་ནུས་སོ། །དེ་ལྟ་ཡིན་གྱིས་ཀྱང་དེ་བཞིན་གཤེགས་པས་ལེགས་པར་གསུངས་པ་ལ་བདག་ཅག་གིས་རྗེས་སུ་ཡི་རང་བར་ནི་བྱའོ། །བཅོམ་ལྡན་འདས་ཀྱིས་
ལེགས་པར་གསུངས་ཤིང་བཤད་པའི་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བ་བྱས་པས། དེ་དག་རྗེས་སུ་ཡི་རང་བའི་མོད་ལ་བསྐལ་པ་བརྒྱད་ཁྲིར་འཁོར་བ་བསྙིལ་ནས་དེ་ལས་ཁ་ཕྱིར་ཕྱོགས་པར་གྱུར་ཏོ། །ཁྱིམ་ཅན་ཞེས་བྱ་བའི་གཟུངས་ཀྱང་ཐོབ་པར་གྱུར་ཏོ། །བྱང་
ཆུབ་ཇི་སྐད་བསྟན་པ་ལ་ཡང་ཐེ་ཚོམ་མེད་པར་གྱུར་ཏོ། །དགེ་བའི་རྩ་བ་དེས་ན་སངས་རྒྱས་སུམ་འབུམ་དག་མཉེས་པར་བྱས་པར་གྱུར་ཏོ། །ཐམས་ཅད་དུ་ཡང་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཏོ། །ལོག་པར་ལྟུང་བ་དང་། མི་ཁོམ་པ་དག་ཏུ་ནམ་ཡང་ལྟུང་བར་མ་གྱུར་

ཏོ། །རྒྱུ་དེ་ཁོ་ནས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མཆོག་ཏུ་དགའ་བའི་རྒྱལ་པོ་ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་བསོད་ནམས་མེ་ཏོག་ཅེས་བྱ་བ་དེ་ཁྱོད་ཀྱིས་གཞན་ཡིན་ནོ་སྙམ་པ་
དེ་ལྟར་བལྟ་བར་མི་བྱ་སྟེ། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་ཚེ་དེའི་དུས་ན། རྒྱལ་པོ་བསོད་ནམས་མེ་ཏོག་ཅེས་བྱ་བར་གྱུར་ཏོ། །བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་པ་དེ་དག་ནི་དེའི་ཚེ་དེའི་དུས་ན་སྲས་སྟོང་དུ་གྱུར་ཏོ། །དེ་ལྟར་རྗེས་སུ་ཡི་རང་བ་ཙམ་གྱིས་
ཀྱང་ཏིང་ངེ་འཛིན་འདི་མཐུ་ཆེ་བ་ཡིན་ན་ཀློག་པ་དང་། ལུང་འབོགས་པ་དང་། བསྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། མཆོག་ཏུ་དགའ་བའི་རྒྱལ་པོ་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་བདུད་རྩི་དགའ་ཞེས་བྱ་བ་འཁོར་འབུམ་སྙེད་དང་བཅས་པ་ཞིག་བྱུང་
བར་གྱུར་ཏེ། དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བློ་ཡངས་ཞེས་བྱ་བས་ཁང་བཟངས་གསེར་གྱི་འོད་དང་ལྡན་པ་ཙན་དན་དམར་པོའི་ཆུས་བཏབ་པ། ཨ་ག་རུའི་བདུག་པས་བདུགས་པ་ཞིག་ཕུལ་ལོ། །ལོངས་སྤྱད་པའི་ཕྱིར་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་ཡང་
དེ་ཁོ་ན་དང་འདྲ་བ་ཞིག་ཕུལ་བར་གྱུར་ཏོ། །དེ་དག་ཐམས་ཅད་ལ་ཡང་སྐྱེད་མོས་ཚལ་རེ་རེ་ཡང་ཕུལ་བར་གྱུར་ཏོ། །དེས་བཅོམ་ལྡན་འདས་དེ་ལས་ཏིང་ངེ་འཛིན་བསྟན་པ་འདི་ཡང་ཐོས་སོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་རིམ་གྲོ་པ་མང་དུ་ཐོས་པ་རྣམས་ཀྱི་མཆོག་
ཤེས་རབ་རྫོགས་ཞེས་བྱ་བ་ཞིག་བྱུང་བར་གྱུར་པ་དེ་ལ་དེས་འདི་སྐད་དུ། འདི་ལྟར་བདག་གིས་ཏིང་ངེ་འཛིན་འདི་ཤེས་པར་བྱ་ན་ཁྱིམ་ན་གནས་པས་ནི་འདི་རྟོགས་པར་དཀའ་ཡིས། ཅི་ནས་ཀྱང་བདག་གིས་སྐྲ་དང་ཁ་སྤུ་བྲེགས་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱ་གོར་
མ་ཆག་གོ་ཞེས་སྨྲས་སོ། །དེ་ནས་སྐྲ་དང་ཁ་སྤུ་བྲེགས་ནས། གོས་ངུར་སྨྲིག་བགོས་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། སྲས་ཁྲི་དང་། བཙུན་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ཐམས་ཅད་དང་ལྷན་ཅིག་ཏུ་རབ་ཏུ་བྱུང་སྟེ། ཏིང་ངེ་འཛིན་འདིའི་རྣམ་

པ་དག་ཞུས་པ་དང་། བཅོམ་ལྡན་འདས་དེས་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས། ཏིང་ངེ་འཛིན་འདི་ཞག་བདུན་གྱི་བར་དུ་རྒྱ་ཆེར་ཡང་དག་པར་བསྟན་ཏོ། །དེ་དག་གིས་ཐོས་ནས་ཀྱང་། གཅིག་ལ་གཅིག་འདི་སྐད་དུ། ཀྱེ་མ་ཏིང་ངེ་འཛིན་འདི་མཐོང་བར་དཀའ་
མོད་ཀྱི། འོན་ཀྱང་ཏིང་ངེ་འཛིན་འདི་ལེགས་པར་བྲིས་ཏེ་བཅང་བར་བྱའོ་ཞེས་འཛེར་ཏོ། །དེ་དག་ཐམས་ཅད་ཀྱིས་ཏིང་ངེ་འཛིན་འདི་བྲིས་ནས་ཀྱང་མཆོད་པ་བྱས་སོ། །བཟུང་ངོ་། །ལུང་ཡང་ཕོག་གོ། །དེ་ནས་དེ་དག་ཐམས་ཅད་དུས་ལས་འདས་ནས། སླར་དེ་
དག་ཚོགས་པར་གྱུར་པས་སངས་རྒྱས་དྲུག་འབུམ་མཉེས་པར་བྱས་པར་གྱུར་ཏོ། །ཐམས་ཅད་དུ་ཏིང་ངེ་འཛིན་འདི་ཐོས་པར་གྱུར་ཏོ། །ཐམས་ཅད་རབ་ཏུ་བྱུང་ནས། ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཏོ། །སྨོན་ལམ་ཇི་ལྟར་བཏབ་པ་བཞིན། དགེ་བའི་རྩ་བ་འདི་ཁོ་ནས་ཐམས་ཅད་
ཀྱིས་བྱང་ཆུབ་རབ་ཏུ་ཐོབ་པར་གྱུར་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ་ཁྱོད་དེའི་ཚེ་དེའི་དུས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བློ་ཡངས་དེ་ཁྱོད་ཀྱིས་གཞན་ཡིན་ནོ་སྙམ་པ་དེ་ལྟར་བལྟ་བར་མི་བྱ་སྟེ། དེ་བཞིན་གཤེགས་པ་མར་མེ་མཛད་དེ། དེའི་ཚེ་དེའི་དུས་ན་འཁོར་ལོས་
སྒྱུར་བའི་རྒྱལ་པོ་བློ་ཡངས་ཞེས་བྱ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེ་ནི། དགེ་སློང་རིམ་གྲོ་པ་ཤེས་རབ་རྫོགས་ཞེས་བྱ་བར་གྱུར་ཏོ། །གང་དག་སྲས་ཁྲི་པོ་དེ་དག་ནི་བསྐལ་པ་འདི་ནས་བཟུང་སྟེ། བསྐལ་པ་དྲུག་ཅུ་རྩ་ལྔའི་བར་དུ་འཚང་རྒྱ་
བར་མི་འགྱུར་རོ། །དེའི་འོག་ཏུ་བསྐལ་པ་གྲགས་པ་ཆེན་པོ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། བསྐལ་པ་གཅིག་པོ་དེ་ལ་དེ་དག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གང་དག་བློན་པོ་བརྒྱད་ཁྲི་པོ་དེ་དག་ནི། བསྐལ་པ་གྲགས་པ་ཆེན་པོ་
འདས་ནས། བསྐལ་པ་བརྒྱད་ཅུའི་བར་དུ་འཚང་རྒྱ་བར་མི་འགྱུར་རོ། །དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེ་ལ་བློན་པོ་བརྒྱད་ཁྲི་པོ་དེ་དག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བསྐལ་པ་

སྐར་མ་ལྟ་བུ་འདས་ནས། བསྐལ་པ་སུམ་བརྒྱ་ནི་སངས་རྒྱས་འབྱུང་བར་མི་འགྱུར་རོ། །དེའི་འོག་ཏུ་བསྐལ་པ་ཡོན་ཏན་བཀོད་པ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་རོ། །དེ་ལ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་བྱང་ཆུབ་མངོན་པར་རྫོགས་
པར་འཚང་རྒྱ་བར་འགྱུར་རོ། །མཆོག་ཏུ་དགའ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ནི་དེ་ལྟར་འབྲས་བུ་ཆེ་བ་ཡིན་ནོ། །མཆོག་ཏུ་དགའ་བའི་རྒྱལ་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྫོགས་པ། ལུས་དང་སྲོག་ལ་མི་ལྟ་བར་གྱུར་
པས། ཏིང་ངེ་འཛིན་འདི་བཙལ་བར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཏིང་ངེ་འཛིན་འདི་ལ་རྣལ་འབྱོར་དུ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་
བཀའ་སྩལ་ཏོ། །སངས་རྒྱས་བྱང་ཆུབ་དོན་དུ་གཉེར་བ་གང་། །དེ་དག་རྒྱལ་པོ་དེ་ཡི་རྗེས་སུ་སློབ། །ཡང་དག་བསྒྲུབ་ལ་གནས་པ་མ་གཏོགས་པར། །གཞན་གྱིས་བྱང་ཆུབ་མཆོག་ནི་འཐོབ་མི་འགྱུར། །དེ་ལྟར་འདིར་ནི་དད་པ་ཆུང་བསྐྱེད་ཀྱང་། །དེ་
བཞིན་རྣམ་སྨིན་གྱ་ནོམ་འཐོབ་པར་འགྱུར། །དེ་བས་གཡོ་མེད་ལྷག་པའི་བསམ་པ་ཡིས། །འདིར་ནི་ཅི་རིགས་བཀུར་སྟིས་རྣལ་འབྱོར་གྱིས། །རྒྱལ་བ་གང་དེ་བདག་གིས་འདིར་བསྒྲགས་པ། །དེ་དག་གང་ཞིག་མཐོང་བར་འདོད་པ་དང་། །བསྟན་པ་རྒྱ་ཆེར་འཆད་
པར་འདོད་པ་དག །ཇི་སྐད་བསྟན་བཞིན་འདི་ལ་རྣལ་འབྱོར་གྱིས། །ཡི་རང་ཉིད་ཀྱིས་ཕུན་སུམ་ཚོགས་འགྱུར་ན། །འཆང་དང་ཀློག་པ་ལྟ་ཞིག་ཅི་སྨོས་ཏེ། །ཡོན་ཏན་མཐའ་ནི་འགྲོ་བས་བསམ་མི་ནུས། །འདི་ཐོས་སུ་ཞིག་རྣལ་འབྱོར་སྦྱོར་མི་བྱེད། །
བྱང་ཆུབ་སོ་སོ་ཡང་དག་རིག་མཚན་དང་། །སྟོན་དང་ཕ་རོལ་སེམས་ནི་གླེང་བ་དང་། །སྒྲུབ་དང་སྣང་བ་གང་དག་སངས་རྒྱས་ཆོས། །ཏིང་ངེ་འཛིན་འདི་ལས་ནི་བཙལ་བར་བྱ། །ལས་སྦྱོང་དེ་བཞིན་བདུད་རྣམས་འཇོམས་པ་དང་། །ལྟ་སྦྱོང་དེ་བཞིན་སྲིད་པ་

ཟད་བྱེད་དང་། །རྣམ་པར་རོལ་དང་ཞིང་བཀོད་འབྱོར་པ་དག །འདི་དང་རབ་ཏུ་ལྡན་ལ་དཀོན་མ་ཡིན། །དེ་བཞིན་རྣམ་གྲོལ་སྤོབས་པ་ཕུན་ཚོགས་དང་། །བྱ་བ་ཐམས་ཅད་སྦྱོང་བྱེད་གཟུགས་དག་དང་། །བསམ་པ་ཇི་བཞིན་བྱང་ཆུབ་འཚང་རྒྱ་བ། །
དེ་དག་ཐམས་ཅད་འདིར་གནས་མོད་པ་ཡིན། །ང་ཡིས་དེ་སྙེད་ཚིག་གིས་རྗོད་ནུས་རྣམས། །དེ་ལྟ་བས་ན་དེ་དག་འདིར་སྒྲུབས་ཤིག །ཀུན་མཁྱེན་ཆོས་ལ་དགའ་བར་མ་བྱས་ན། །ཕྱི་དུས་དག་ན་འགྱོད་པར་གྱུར་ཏ་རེ། །ཕ་རོལ་ཕྱིན་པ་ཇི་སྙེད་ངས་བསྟན་
དང་། །གང་དག་ཡེ་ཤེས་རྒྱ་མཚོ་སྦྱོར་ལམ་དག །ལུས་རྟེན་བྱིས་པའི་སྤྱོད་ལ་གནས་པ་ཡིས། །ཤེས་པར་བྱ་བ་དག་ཏུ་ནུས་མ་ཡིན། །དུས་ངན་པ་དང་སེམས་ཅན་མ་རུངས་དང་། །ཆོས་ནུབ་མཐའ་དང་ངན་སོང་འཕེལ་བ་ན། །མཁས་པས་
ཤིན་ཏུ་ཡིད་བྱུང་བྱས་ནས་ཀྱང་། །བག་ཡོད་རི་དགས་བཞིན་དུ་སྐྲག་པར་འགྱུར། །མཆོག་ཏུ་དགའ་བའི་རྒྱལ་པོ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་བསྐལ་པ་སྟོང་དུ་ཐབས་མཁས་པ་མ་གཏོགས་པར། ཕ་རོལ་ཏུ་ཕྱིན་པ་དྲུག་དག་ལ་སྤྱད་པ་བས་
ནི། ཏིང་ངེ་འཛིན་འདི་ཐོས་ནས་རྗེས་སུ་ཡི་རང་བར་བྱས་པའི་བསོད་ནམས་ཀྱི་ཕུང་པོ་འདི་ལ། བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། བྱང་
ཆུབ་སེམས་དཔའ་གྲངས་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷ་དང་མིའི་སྐྱེ་དགུའི་ཚོགས་བརྒྱད་འབུམ་སྙེད་ཀྱང་།
རྡུལ་མེད་ཅིང་དྲི་མ་དང་བྲལ་ལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ །ལྷ་དེ་དག་ཆོས་ཀྱི་མིག་རྣམ་པར་དག་པས་བཅོམ་ལྡན་འདས་ཀྱི་ཆོས་ལ་མངོན་པར་དགའ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དག་མེ་ཏོག་གིས་ཆལ་པར་བཀྲམ་

པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །བར་སྣང་ལས་ཀྱང་ལྷའི་རྔ་སྒྲ་དག་བསྒྲགས་སོ། །མཆོག་ཏུ་དགའ་བའི་རྒྱལ་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་སྙེད་
ཐམས་ཅད་ཀྱིས་ཀྱང་ཏིང་ངེ་འཛིན་འདི་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། མཆོག་ཏུ་དགའ་བའི་རྒྱལ་པོ་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་
ཟར་བཅས་པའི་འཇིག་རྟེན་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང་། ལོཙྪ་བ་
བན་དེ་དཔལ་གྱི་དབྱངས་ཀྱིས་བསྒྱུར། ཞུ་ཆེན་གྱི་ལོཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། །།ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ།། །།
ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་དུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཱཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། མག་ལ་བྷ་བནྟུ།། །།
Kinh tạng Tây Tạng (Kangyur Đại Học) — 045_མདོ་སྡེ།_ཀ | Tra cứu Kinh điển | Tàng Kinh Việt