Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 045_མདོ་སྡེ།_ཀ
Văn bản gốc(Tây Tạng)
Trang 3 / 22 (50.000 ký tự/trang)
་ཅད་པའི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་སྟེ། འདི་དག་ནི་ཐམས་ཅད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ཕྱོགས་གཅིག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་རང་གིས་སེམས་ཀྱིས་སྦྱིན་པ་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ལ་ཁ་ཅིག་ཏུ་ནི་ ཚུལ་ཁྲིམས་ཀྱི་འདུ་ཤེས། ཁ་ཅིག་ཏུ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་འདུ་ཤེས་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་པ་ལ་གནས་པའི་བཟོད་པ་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་དབྱེ་ བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དངོས་པོ་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྤྱོད་པ་དང་། སེལ་བའི་འདུ་ཤེས་ ལ་རྟོག་པ་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཕྱོགས་གཅིག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་གནས་རྣམས་དང་སོ་སོའི་སྐྱེ་བོ་རྣམས་ལ་སེམས་མཉམ་པ་ཉིད་ ཀྱིས་སྦྱིན་པ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་གནས་པའི་སྡོམ་པ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་བསྒྱུར་དུ་མེད་པ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་བཟོད་ པའི་ཕ་རོལ་ཏུ་ཕྱིན་པའོ། །བདུད་ཀྱི་མཐུ་ཁོང་དུ་ཆུད་པས་ཇི་ལྟར་ཉམ་ཐག་ཀྱང་བརྩོན་འགྲུས་མི་འདོར་བ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྒྲིབ་པ་མེད་པའི་ཆོས་ལ་ལྷག་པར་མོས་ཤིང་ཡུལ་ལ་མཉམ་པ་ཉིད་རབ་ཏུ་ཐོབ་པའི་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཐོགས་པ་མེད་པར་འགྱུར་བ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་དག་ནི་ཉམས་ པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བཅོས་མ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡོངས་སུ་བརྟས་པའི་ངོ་བོས་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལེ་ལོ་མེད་པའི་ཚུལ་ཁྲིམས་ གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་པ་ཡང་དག་པར་འཕགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡོ་བྱད་ཟང་ཟིང་གི་ཆེད་མ་ཡིན་པར་ཐམས་ཅད་དུ་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མངོན་པར་ཞེན་པ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རྗེས་སུ་བསྲུང་བ་མེད་པར་ གཞན་ལ་ཕན་འདོགས་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བཅོས་མ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་དབུལ་པོ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དབུལ་ པོས་གཞན་ལ་ཕན་པའི་ཕྱིར་ཡོངས་སུ་བསྔོས་ལ་བདག་ཉིད་རྣམ་པར་སྨིན་པ་བདེ་བའི་ཕྱིར་ཞུགས་པ་མ་ཡིན་པ་གང་ཡིན་པ་དེ་ནི་དབུལ་པོ་མ་ཡིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བདེ་འགྲོར་ཡོངས་སུ་བསྔོ་བ་དང་བྲལ་བའི་སྡོམ་པ་གང་ཡིན་པ་དེ་ནི་དབུལ་པོ་མ་ཡིན་པའི་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཟང་ཟིང་གི་ཕྱིར་བཟོད་པ་གང་ཡིན་པ་དེ་ནི་དབུལ་པོ་མ་ཡིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཟང་ཟིང་དང་འབྲེལ་པའི་ལུས་དང་སེམས་ཀྱི་རྩོལ་བ་གང་ཡིན་པ་དེ་ནི་དབུལ་པོ་མ་ཡིན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚངས་ པར་སྐྱེ་བར་ཡོངས་སུ་བསྔོས་པའི་བསམ་གཏན་བསྐྱེད་པ་གང་ཡིན་པ་དེ་ནི་དབུལ་པོ་མ་ཡིན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཉོན་མོངས་པ་དང་ཉེ་བར་སྤྱོད་པ་འདྲེས་པ་མང་པོ་ཐོབ་ནས་གནས་ཏེ་སྐྱོན་རྟོགས་ཀྱང་མི་སྤོང་ཞིང་སྨོད་པར་མི་བྱེད་པ་གང་ཡིན་པ་དེ་ནི་དབུལ་པོ་ མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་དབུལ་པོ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ཕྱིར་མི་ལྡོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ལ་མི་གནས་པའི་སྦྱིན་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་གང་ ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་ཇི་སྲིད་པའི་བར་དུ་ཚུལ་ཁྲིམས་རྒྱུན་ཆད་པ་མེད་པ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་ལས་འདས་པ་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ ཀྱི་ས་ལས་འདས་པ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་ཐམས་ཅད་མཁྱེན་པ་ཐོབ་ཀྱི་བར་དུ་ཐབས་མཁས་པས་ཡོངས་སུ་ཟིན་པའི་བརྩོན་འགྲུས་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་ཅིང་དུས་ཐམས་ཅད་དུ་ཐབས་མཁས་པའི་ཤེས་རབ་ཀྱིས་སྤྱོད་པ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཐ་ན་དགེ་སྦྱོང་དང་། བྲམ་ཟེ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་མི་འཕྲོགས་ཤིང་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ལས་བྱུང་བ་སྙིང་རྗེ་ཆེན་པོས་ཉེ་བར་བརྟན་པའི་ཤེས་རབ་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཕྱིར་མི་ལྡོག་པའི་ཕ་རོལ་ཏུ་ཕྱིན་པ་ དྲུག་གོ། །དེ་ལ་རྣམ་པར་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྐྱོ་བ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བསྒྲུབ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཐོས་པ་ཉུང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བསྒྲུབ་པའི་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེ་སྡང་དང་ཞེ་སྡང་མ་ཡིན་པ་ལ་མི་བལྟ་བར་གནས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བསྒྲུབ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རོ་མྱང་བའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་ པར་བསྒྲུབ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་པ་ལས་ཕྱི་རོལ་དུ་གྱུར་པའི་བཟོད་པ་གང་ཡིན་པ་དེ་ནི་རྣམ་པར་བསྒྲུབ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་གྱི་བྱ་བ་ལ་གཞོལ་བའི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བསྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རྣམ་པར་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་དག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དག་པའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལེ་ལོ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་པ་མེད་པའི་ཆོས་དང་ལྡན་པའི་བཟོད་པ་གང་ཡིན་པ་དེ་ནི་དག་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་དང་གཞན་ ལ་གནོད་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དངོས་པོ་མེད་པ་དང་དམིགས་པ་མེད་པའི་སྟོབས་བསྐྱེད་པ་ཐོབ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དག་པའི་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པའོ། །སྒྲིབ་པ་ཐམས་ཅད་བསལ་ཅིང་ཕྱིན་ཅི་ལོག་མེད་པ་རྣམ་པར་བསྒོམས་པ་གང་ཡིན་པ་དེ་ནི་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་དག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བརྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་ དཔའ་སྦྱིན་པ་སྦྱིན་པར་བྱེད་པ་ན་བདུད་ཀྱིས་སྤྲུལ་ནས་དབྱེ་བར་མི་ནུས་ཤིང་གདུང་བ་མེད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་གང་ཡིན་པ་དེ་ནི་བརྟན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དགེ་མཚན་དང་བཀྲ་ཤིས་ལ་མི་གནས་ཤིང་། བྱང་ཆུབ་ཏུ་ངེས་པར་བསྔོ་བ་གང་ཡིན་པ་དེ་ནི་བརྟན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་ཅིང་ཐུན་མོང་མ་ཡིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བརྟན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མཁས་པས་བསྙེམས་པ་མེད་ཅིང་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུར་བྱེད་ནས་མི་སྐྱོ་བ་གང་ཡིན་པ་དེ་ནི་བརྟན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོས་པ་དང་། དབང་བ་དང་། སྙོམས་པར་འཇུག་པ་དག་བརྟན་པར་བྱ་བའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་གང་ཡིན་པ་དེ་ནི་བརྟན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ལ་ངེས་པར་རྟོགས་པའི་བཟོད་པས་ངེས་པར་བྱུང་ཞིང་ཐམས་ཅད་དུ་རྨོངས་པ་མེད་པར་གནས་པའི་ཤེས་རབ་གང་ཡིན་པ་དེ་ནི་བརྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བརྟན་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བརྟུན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དམིགས་པ་མེད་པར་གནས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བརྟུན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བསྙེམས་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ གང་ཡིན་པ་དེ་ནི་བརྟུན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བ་ལ་དམིགས་པའི་བཟོད་པ་གང་ཡིན་པ་དེ་ནི་བརྟུན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ངར་འཛིན་པ་དང་། སྡུག་བསྔལ་སྣ་ཚོགས་སྤང་བ་དང་། སྨད་པའི་ཕྱིར་ བདག་གི་ངལ་བ་སྤངས་ནས་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པ་གང་ཡིན་པ་དེ་ནི་བརྟུན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་མི་རྟག་པས་ཡིད་བྱུང་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྟོབས་རྙེད་ཅིང་ཡོངས་སུ་གཏུགས་པ་མེད་པས་ཕྱེ་བ་གང་ཡིན་པ་དེ་ནི་བརྟུན་པའི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདོད་ཆགས་དང་བྲལ་བར་ཞུགས་པ་གཉིས་སུ་མེད་པས་རབ་ཏུ་ཕྱེ་བའི་ཤེས་རབ་གང་ཡིན་པ་དེ་ནི་བརྟུན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བརྟུན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ངོམས་པའི་ཕ་རོལ་ཏུ་ཕྱིན་པ་ དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐར་པར་ཡོངས་སུ་སྔོ་ཞིང་འཁོར་བར་ཡོངས་སུ་མི་སྔོ་བ་གང་ཡིན་པ་དེ་ནི་ངོམས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ནག་ནོག་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ངོམས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བྱང་ཆུབ་སེམས་དཔའི་ངོམས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནག་ནོག་ཅན་གང་ཡིན་པ་ཡོད་དེ། ཚུལ་ཁྲིམས་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་སྨོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནག་ནོག་ཅན་ནོ། །སངས་རྒྱས་ཀྱི་ཡོན་ཏན་ གྱི་བཀོད་པ་དཔག་ཏུ་མེད་པ་དག་འགྲུབ་པར་བྱེད་ཅིང་བླ་ན་མེད་པའི་སྨོན་ལམ་འདོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ངོམས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདུས་བྱས་རྣམས་ལ་ལྷག་པར་ཆགས་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ དེ་ནི་ངོམས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཐུན་པ་དང་མི་འཐུན་པས་རབ་ཏུ་ཕྱེ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ངོམས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་བཟུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་གང་ཡིན་པ་དེ་ནི་ངོམས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ངོམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པ་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་མི་བསྔོ་བ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་རྣམ་པ་བདུན་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སོ་སོར་བརྟགས་པའི་སྟོབས་ཀྱིས་བཟོད་པ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདུ་འཛི་ཅན་གང་ཡིན་པ་དེ་ནི་འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྐྱེ་བར་ཡོངས་སུ་བསྔོས་པའི་བསམ་གཏན་གང་ཡིན་པ་དེ་ནི་འཇིག་རྟེན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་གྱི་ཆོས་རྣམས་འདྲིས་པར་གནས་པའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཀྱི་ཕྱིར་ཆོས་ཀྱི་ སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་མངོན་པར་བསྒྲུབས་པའི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་བསམ་པ་འགྲུབ་ལ། མྱུར་དུ་མྱ་ངན་ལས་འདས་པ་ཞི་བ་མཆོག་ཐོབ་པར་འགྱུར་རོ་ཞེས། བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྡོམ་པ་ཤིན་ཏུ་བསལ་ཞིང་གང་ན་བག་ཆགས་ཀྱི་ཉིང་མཚམས་སྦྱོར་བ་འགག་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཟག་པ་མེད་པའི་ཆོས་ རྣམས་ཀྱིས་བཟོད་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནམ་བྱང་ཆུབ་ཀྱི་བར་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྩོལ་བ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའི་ཆོས་ལ་དབང་པོ་དང་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་དུ་གནས་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་ མོང་མ་ཡིན་པ་བྱང་ཆུབ་ཕྱོགས་གཅིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐར་ཕྱིན་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ།། །།འཕགས་ པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཞི་པ། དེ་ལ་བླ་ན་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་བཀོད་པ་ཚད་མེད་པ་དང་། ང་རྒྱལ་ལ་གནས་པའི་སེམས་ཅན་རྣམས་ ཀྱི་མོས་པའི་རྣམ་པར་སྨིན་པ་བསྐལ་པ་གྲངས་མེད་པར་རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཀྱི་འདུ་ཤེས་ལ་གནས་ནས་ངན་སོང་གསུམ་ཡོངས་སུ་སྤངས་ཏེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ནི་བླ་ན་མེད་ པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའི་འཁོར་གསེར་གྱི་མདོག་ལྟ་བུར་འགྱུར་བ། གནོད་སེམས་ཐམས་ཅད་ཆུང་བ་གང་ཡིན་པ་དེ་ནི་བླ་ན་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་མི་འཁྲུགས་པའི་ཡི་དམ་མ་ བཏང་བ་གང་ཡིན་པ་དེ་ནི་བླ་ན་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཁྱིམ་པར་གྱུར་པ་བཙུན་མོའི་འཁོར་ན་གནས་ཀྱང་བསམ་གཏན་བཞི་ཆུད་མི་ཟ་ལ་འདི་ལྟར་སངས་རྒྱས་ཀྱི་ཞིང་དུ་འཁོར་ཉོན་མོངས་པ་ཆུང་བའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཅིང་ཚེ་དཔག་ཏུ་མེད་པ་དང་། བཀོད་པ་དཔག་ཏུ་མེད་པ་དང་། འཁོར་དཔག་ཏུ་མེད་པའི་ནང་དུ་སྤོབས་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བླ་ ན་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་གཡེང་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔོ་བའི་རྣམ་པར་སྨིན་པས་མངོན་པར་ཤེས་པ་མྱུར་བར་འགྱུར་བ་གང་ཡིན་པ་དེ་ནི་གཡེང་བ་མེད་པའི་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པའོ། །ས་གང་ན་གང་གི་འཕགས་པའི་ཆོས་རྣམས་རྒྱུན་མི་འཆད་པར་གནས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་གཡེང་བ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དགེ་བའི་ཆོས་ཐམས་ཅད་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ ནི་གཡེང་བ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡིད་བྱུང་བས་རབ་ཏུ་བསྐྱེད་པ་དང་། མྱ་ངན་ལས་འདས་པས་རབ་ཏུ་བསྐྱེད་པ་དང་། འདོད་ཆགས་དང་བྲལ་བས་རབ་ཏུ་བསྐྱེད་པ་དང་། མ་དད་པ་རྣམས་ཀྱི་དྲན་པ་དང་། སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བ་ ལས་བརྩམས་པ་གང་ཡིན་པ་དེ་ནི་གཡེང་བ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་ལ་གནས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་དང་། འདོད་པ་ན་སྤྱོད་པའི་ཆོས་རྣམས་ལྷག་པར་མཐོང་ཡང་མི་སྤོང་ལ། སྐྱོན་དང་སྐྱོན་མེད་པ་རྟོགས་པ་ གང་ཡིན་པ་དེ་ནི་གཡེང་བ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་སྤྱོད་ཅིང་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱང་སྤྱོད་ལ་སྐྱོན་དང་སྐྱོན་མེད་པ་ཡང་རྟོགས་པ་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་སྤྱོད་ལ་སྐྱོན་དང་སྐྱོན་མེད་པ་ཡང་རྟོགས་ པ་གང་ཡིན་པ་དེ་ནི་གཡེང་བ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་གཡེང་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་མི་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་དམིགས་པ་མེད་པ་ལ་གནས་པའི་ སྦྱིན་པ་གང་ཡིན་པ་དེ་ནི་མི་འཁོར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ནི་མི་འཁོར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ངར་འཛིན་དང་། ང་ཡིར་ འཛིན་པ་ཆད་ཅིང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་ལས་དབེན་པ་གང་ཡིན་པ་དེ་ནི་མི་འཁོར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་སེམས་ཅན་གཞན་གྱི་ངོར་བལྟ་ཞིང་ཡེ་ཤེས་ལས་མི་ལྡོག་པ་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་མི་འཁོར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །མཐོང་བ་དང་། ཐོས་པ་དང་། དྲན་པའི་ཆོས་རྣམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གནས་པའི་བསམ་གཏན་གང་ཡིན་པ་དེ་ནི་མི་འཁོར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཐེ་ཙོམ་ཡང་དག་པར་བཅོམ་ཞིང་མཚན་མ་མེད་པས་རབ་ཏུ་ཕྱེ་ལ། བྱང་ཆུབ་ཏུ་ཕྱོགས་གཅིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྱད་པར་དུ་འཕགས་པའི་ཤེས་རབ་གང་ཡིན་པ་དེ་ནི་མི་འཁོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མི་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཇི་ སྲིད་དུ་དམ་པའི་ཆོས་མ་ནུབ་ཀྱི་བར་དུ་རྣམ་པར་སྨིན་པ་སེམས་ཅན་དང་ལྷན་ཅིག་ཏུ་འཇུག་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་འཁོར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ། ནམ་མྱ་ངན་ལས་འདས་པའི་བར་དུ་རབ་ ཏུ་འཇུག་པ་སྤང་བའི་ཕྱིར་གནས་པ་བཀྲ་ཤིས་པ་གང་ཡིན་པ་དེ་ནི་འཁོར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གནས་ཤིང་དུས་སུ་ཡོངས་སུ་བསྔོས་ལ། ཡང་དག་པ་དེ་ཁོ་ན་དང་ལྷན་ཅིག་པའི་བཟོད་པ་འཁོར་བ་དང་འཐུན་པ་ གང་ཡིན་པ་དེ་ནི་འཁོར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་སྨོན་ལམ་དང་། ཇི་ལྟར་རྐང་བཀྲ་གདུལ་བའི་ཕྱིར་སྐྱེ་བོ་མང་པོ་ལ་ཡོངས་སུ་བསྔོས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་འཁོར་བའི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་གང་ཞིག་སྒྲིབ་པ་མེད་པར་སྟོན་པའི་ཏིང་ངེ་འཛིན་ལས་བྱུང་བ་ལ་སྙོམས་པར་འཇུག་པ་ན། སེམས་ཅན་ཐམས་ཅད་ཀྱིས་བདེ་བ་རབ་ཏུ་འཐོབ་པ་གང་ཡིན་པ་དེ་ནི་འཁོར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པའོ། །བདག་གི་དོན་བྱང་ཆུབ་ཀྱི་སྐུ་དང་མོས་པ་སྣ་ཚོགས་པ་དག་གིས་དོན་ཀུན་ནས་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་འཁོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ཐུན་མོང་བའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་སྨོན་ལམ་གྱིས་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་ཐུན་མོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ལ་རབ་ཏུ་སྦྱོར་བར་ཡོངས་སུ་བཟུང་བའི་ཉེ་བར་ལེན་པ་དང་བཅས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཐུན་མོང་བའི་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱིན་གྱིས་བརླབས་ཡོངས་སུ་བཟུང་བའི་བཟོད་པ་གང་ཡིན་པ་དེ་ནི་ཐུན་མོང་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སྙིང་རྗེ་དང་མཚུངས་པར་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ཐུན་མོང་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ། །སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་དུས་སུ་ཡོངས་སུ་སྨིན་པར་བྱ་བ་དང་། ཡོངས་སུ་བསྔོ་བའི་བསམ་གཏན་གང་ཡིན་པ་དེ་ནི་ཐུན་མོང་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ལ་རྨོངས་པ་མེད་པའི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཐུན་མོང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཐུན་མོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ཐུན་མོང་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྤོབས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བསྒྲུབ་པ་དང་། གང་སྤོབས་པ་ སྣ་ཚོགས་བསྐྱེད་པ་འགྲུབ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་ཁྱིམ་ལ་མངོན་པར་མི་དགའ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རྟོན་པ་ཐུན་མོང་མ་ཡིན་པ་ཟབ་མོའི་ཆོས་ལ་བཟོད་པ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དཔག་ཏུ་མེད་པར་འབྱུང་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ ཅན་ལ་བསྒོམ་པ་དང་། ཆོས་ལ་ལྷག་པའི་བསམ་པས་བསྒོམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པའི་བསམ་གཏན་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་ རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པའི་རྗེས་སུ་ཞུགས་པ་དང་། ཆོས་གཉིས་རྟོགས་པ་ལས་འབྱུང་བ་དང་། ཅང་ཤེས་ཀྱི་ལས་གཉིས་ལ་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཐུན་མོང་ མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྣམ་པར་བགེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པ་གང་ཡིན་པ་དེ་ནི་རྣམ་པར་བགེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། དེ་ལ་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅི་རིགས་པར་ལུས་ལ་ཡན་ལག་དང་ཉིང་ལག་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་རྣམ་པར་བགེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཁོར་གྱི་ནང་ན་དེས་པར་གནས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བགེད་ པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དོན་ཐམས་ཅད་གྲུབ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བགེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྔོན་གྱི་གནས་ཤེས་པ་མངོན་སུམ་དུ་བྱ་བའི་ཕྱིར་ཤེས་པ་ལ་གནས་པའི་བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བགེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བདེན་པ་ཡོད་པ་ལ་རབ་ཏུ་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བགེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རྣམ་པར་བགེད་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྣམ་པར་སྨིན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཇི་ལྟར་ཆུ་བོ་ནཻ་རན་ཛ་ནཱའི་འགྲམ་དུ་ཟས་རྙེད་ནས་དཀའ་བ་སྤྱད་པ་སྤྱོད་པར་ཀུན་ཏུ་སྟོན་པར་བྱིན་གྱིས་བརླབས་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པའོ། །ཇི་ལྟར་རྒྱུ་སྐར་ཉིས་སྟོང་ལྔ་བརྒྱའི་སྤྲུལ་པ་ལ་ཞུགས་ཤིང་ཆུ་བོ་གང་གཱའི་འགྲམ་ན་མི་དམིགས་པར་གནས་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་། ངག་དང་། སེམས་དམིགས་པ་མེད་པས་ཕྱེ་ བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་བརྟགས་པ་མེད་པའི་རྩོལ་བ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འགོག་པའི་ས་ལ་གནས་པའི་ བསམ་གཏན་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཟད་པ་མེད་པར་འགྱུར་བའི་ལྷག་མཐོང་གི་ཤེས་རབ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་མེད་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ །དེ་ལ་ངོ་བོ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རློམ་སེམས་མེད་པའི་སྦྱིན་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ལ་རློམ་སེམས་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པའོ། །བདག་མེད་པར་བཟོད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་མེད་པར་དམིགས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྱི་དང་ནང་ལ་མི་གནས་པའི་བསམ་ གཏན་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ལ་ཕྱིན་ཅི་ལོག་མེད་པར་བཏང་སྙོམས་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ངོ་བོ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་དངོས་པོ་ མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མ་འོངས་པའི་སེམས་སྦྱིན་པ་ལ་མ་ཞུགས་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཟད་པས་རབ་ཏུ་ཕྱེ་བའི་སྡོམ་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ། །དགེ་བའི་འདུ་ཤེས་ཅན་དང་། མི་དགེ་བའི་འདུ་ཤེས་ཅན་དུ་སྤྲོས་པ་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལམ་ལ་རྩོལ་བ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཁམས་གསུམ་ལ་མངོན་པར་ ཞེན་པ་མེད་པའི་སེམས་གང་དུ་ཇི་ལྟ་བ་བཞིན་རྗེས་སུ་སོང་བ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ལ་འདུས་བྱས་ཀྱི་འདུ་ཤེས་ཅན་དང་། གང་འདུས་མ་བྱས་ཀྱི་འདུ་ཤེས་ཅན་མེད་པར་རྣམ་པར་སྤྱོད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་དངོས་པོ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་དཔག་ཏུ་མེད་པའི་ཕྱིར་ཡོངས་སུ་བསྔོས་པའི་སྦྱིན་པ་གང་ཡིན་པ་དེ་ནི་རྒྱ་ཆེ་བའི་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པའོ། །ཐམས་ཅད་དུ་འགྲོ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་རྒྱ་ཆེ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྦྱོར་བ་ལ་མི་ལྟོས་པའི་བཟོད་པ་གང་ཡིན་པ་དེ་ནི་རྒྱ་ཆེ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དྲན་པ་ཉེ་བར་གཞག་པ་ལས་བྱུང་བའི་བརྩོན་འགྲུས་ གང་ཡིན་པ་དེ་ནི་རྒྱ་ཆེ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཏིང་ངེ་འཛིན་སྟོང་ཕྲག་བརྒྱད་ཅུ་སྒྲུབ་པར་བྱེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྒྱ་ཆེ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་ རྣམ་པར་བྱང་བ་ཁོང་དུ་ཆུད་ཅིང་སྨོན་ལམ་ཁས་འཆེས་པ་གང་ཡིན་པ་དེ་ནི་རྒྱ་ཆེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྒྱས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཕྱིར་མི་ལྡོག་པའི་ཆོས་དང་ ལྡན་པར་འགྱུར་བ་རྣམ་པ་བཅུ་དྲུག་དང་ལྡན་པའི་སྦྱིན་པ་གང་ཡིན་པ་དེ་ནི་རྒྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཁ་ན་མ་ཐོ་བ་རྡུལ་ཙམ་ལ་འཇིགས་པར་བལྟ་བར་དམ་བཅས་པ་གང་ཡིན་པ་དེ་ནི་རྒྱས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྗེས་སུ་ཆགས་པ་ དང་། ཁོང་ཁྲོ་བ་སྤངས་པའི་བཟོད་པ་གང་ཡིན་པ་དེ་ནི་རྒྱས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཁ་ན་མ་ཐོ་བ་མེད་པ་ལ་རབ་ཏུ་སྦྱོར་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་རྒྱས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྙིང་རྗེ་ཆེན་པོ་དང་མཚུངས་པར་ལྡན་པའི་ བསམ་གཏན་གང་ཡིན་པ་དེ་ནི་རྒྱས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཐོགས་པ་མེད་པར་སྟོན་པའི་ཤེས་རབ་གང་ཡིན་པ་དེ་ནི་རྒྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རྒྱས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །དེ་ལ་མཐའ་ཡས་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་གང་ཞེ་ན། ཤེས་རབ་དང་མཚུངས་པར་ལྡན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མཐའ་ཡས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཕན་པར་འདོད་པའི་ཆོས་དང་མཚུངས་པར་ལྡན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་མཐའ་ཡས་པའི་ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་ཐར་པའི་སྒོ་གསུམ་ལ་བཟོད་པ་གང་ཡིན་པ་དེ་ནི་མཐའ་ཡས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དག་པར་ཤིན་ཏུ་སྦྱངས་པའི་གཞིའི་བརྩོན་འགྲུས་གང་ཡིན་པ་དེ་ནི་མཐའ་ཡས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བྱམས་པ་ལ་སྦྱོང་ཞིང་བྱང་ཆུབ་ཀྱི་ཡན་ལག་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་མཐའ་ཡས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སོ་སོ་ཡང་དག་པར་རིག་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐའ་ཡས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ཚོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རབ་ཏུ་བྱུང་བ་ལྷུང་བཟེད་ཐོགས་ནས་ཅི་སྙེད་པ་ཡང་དག་པར་བགེད་པ་གང་ཡིན་པ་དེ་ནི་ཚོལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྦྱངས་པའི་ཡོན་ཏན་ གྱི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚོལ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐོས་པའི་གཞི་དང་། དགེ་བའི་གཞི་དག་ལས་སྡུག་བསྔལ་ལ་མི་མཇེད་པ་ནི་དཔེར་ན་རྒྱལ་པོའི་མགོ་དང་། བཙུན་མོ་ཡོངས་སུ་གཏོང་བ་ལྟ་བུ་དང་། གང་གི་ཚེ་ ཡང་དག་པར་སོ་སོར་བརྟགས་པས་དང་དུ་ལེན་པ་གང་ཡིན་པ་དེ་ནི་ཚོལ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མར་མེ་མཛད་ཀྱི་སྔོན་རོལ་དུ་སྡུག་བསྔལ་བས་དགེ་བ་ལེགས་པར་སྒྲུབ་པ་ན། ཡོངས་སུ་མི་སྐྱོ་བ་གང་ཡིན་པ་དེ་ནི་ཚོལ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །རྟོག་དཔྱོད་དང་བཅས་པའི་བསམ་གཏན་ལྷག་མཐོང་གིས་ཤས་ཆེ་བ་གང་ཡིན་པ་དེ་ནི་ཚོལ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་གཏན་ཚིགས་ཀྱིས་སྟོང་པ་ཉིད་ཀྱི་དོན་འཚལ་བ་གང་ཡིན་པ་དེ་ནི་ཚོལ་བའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཚོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བརྒལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དབུལ་པོ་འཇོམས་པར་འགྱུར་བ་ཁྱིམ་བདག་རིན་པོ་ཆེ་སྒྲུབ་པར་བྱེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བརྒལ་བའི་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཚེ་དགེ་བ་བཅུའི་ལས་ཀྱི་ལམ་དག་ཀུན་ནས་བསྲུང་བ་རྣམ་པར་སྨིན་པ་སྐྱེ་བོ་གཞན་ལ་སྟོབས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བརྒལ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སོ་སོར་བརྟགས་པའི་སྟོབས་ཀྱིས་དང་དུ་ལེན་པ་གང་ ཡིན་པ་དེ་ནི་བརྒལ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདོད་པའི་རྣམ་པར་རྟོག་པ་སྤང་བའི་ཕྱིར་ངེས་པར་འབྱུང་བའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་བརྒལ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་འཚེ་བ་སྤང་བའི་ཕྱིར་བསྙེམས་པ་མེད་པའི་བསམ་ གཏན་གང་ཡིན་པ་དེ་ནི་བརྒལ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཁམས་གསུམ་པའི་སྡུག་བསྔལ་གྱི་མཚན་ཉིད་ལ་ཉེ་བར་རྟོག་པ་བདག་མེད་པས་ངེས་པར་བྱུང་བ་གང་ཡིན་པ་དེ་ནི་བརྒལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བརྒལ་བའི་ཕ་རོལ་ཏུ་ཕྱིན་ པ་དྲུག་གོ། །དེ་ལ་མངོན་པར་དགའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདོད་པ་ཐམས་ཅད་འབྱོར་པར་བྱ་བའི་ཕྱིར་ལྷ་དང་མིའི་འགྲོ་བར་རྣམ་པར་སྨིན་པར་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ང་རྒྱལ་མེད་པ་གང་ཡིན་པ་དེ་ནི་མངོན་པར་དགའ་བའི་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པའོ། །ལྷ་དང་མིའི་འགྲོ་བ་དག་ཏུ་ཚེ་རིང་བར་འགྱུར་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་མངོན་པར་དགའ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་གང་ཡིན་པ་དེ་ནི་མངོན་པར་དགའ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྩོལ་བ་ དང་བཅས་པའི་བརྩོན་འགྲུས་ཀྱི་འབྲས་བུ་ཡོད་པ་གང་ཡིན་པ་དེ་ནི་མངོན་པར་དགའ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་ཉིད་ཡོན་ཏན་གྱི་རྣམ་པ་ཐོབ་པར་བྱ་བའི་ཕྱིར་དང་བདག་དང་གཞན་ལ་ཕན་པའི་རྣམ་པར་སྨིན་པའི་རྒྱུའི་ཕྱིར་དང་། སྨོན་ལམ་གྱི་འབྲས་ བུ་ཐོབ་པར་བྱ་བའི་ཕྱིར་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་བའི་བསམ་གཏན་གང་ཡིན་པ་དེ་ནི་མངོན་པར་དགའ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་གཤེགས་པའི་སྤྱོད་པ་ཐམས་ཅད་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་ཆོས་ཉན་པ་ནི་ མངོན་པར་དགའ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མངོན་པར་དགའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་མངོན་པར་དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ནོར་དང་ཟས་དང་གོས་ལ་སོགས་པ་ལ་མ་ཆགས་ཤིང་། ལན་ལ་རེ་བ་མེད་པའི་ ཚུལ་གྱིས་ཡོངས་སུ་གཏོང་བར་བྱེད་པ་ནི་མངོན་པར་དགའ་བ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ངེས་པར་འབྱུང་བ་དང་ལྡན་པ་ཁྱིམ་ན་གནས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་མངོན་པར་དགའ་བ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འགྱོད་པ་བཟོད་ པ་གང་ཡིན་པ་དེ་ནི་མངོན་པར་དགའ་བ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སྡུག་བསྔལ་སྤང་བའི་ཕྱིར་བརྩོན་པ་གང་ཡིན་པ་དེ་ནི་མངོན་པར་དགའ་བ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིས་མི་འཐུན་པར་སོང་སྟེ་སྡུག་བསྔལ་ཡང་དག་པར་འབྱུང་བ་ དང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་མཚུངས་པར་ལྡན་པའི་མཚན་ཉིད་ཅན་གྱི་བསམ་གཏན་གང་ཡིན་པ་དེ་ནི་མངོན་པར་དགའ་བ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་དམིགས་པ་ཅན་ཁམས་གསུམ་ལ་མངོན་པར་ དགའ་བ་མེད་པའི་ཤེས་རབ་གང་ཡིན་པ་དེ་ནི་མངོན་པར་དགའ་བ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མངོན་པར་དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ཐོས་པ་འཛིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གང་ཟག་ལ་ཆོས་ཀྱི་སྦྱིན་པ་གང་ ཡིན་པ་འདི་དང་། སྟོན་པ་དང་། ཁ་ཏོན་བྱེད་དུ་འཇུག་པ་དང་། འཛིན་དུ་འཇུག་པ་གང་ཡིན་པ་དེ་ནི་ཐོས་པ་འཛིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དགེ་བའི་རྩ་བའི་ཆོས་ཀྱི་ཚིག་བདུན་གྱིས་ལུས་དང་ངག་དང་། སེམས་ཀྱི་ཚུལ་ཁྲིམས་ཡོངས་སུ་སྤྱོད་པར་ ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པ་དེ་ནི་ཐོས་པ་འཛིན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལེགས་པར་གསུངས་པའི་ཚིག་གཅིག་ཙམ་གྱི་ཆེད་དུ་སྡུག་བསྔལ་དང་དུ་ལེན་པ་གང་ཡིན་པ་དེ་ནི་ཐོས་པ་འཛིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་སེམས་ དཔའ་བྲམ་ཟེར་གྱུར་པ་ན་སྐྱེས་པའི་རབས་ཁོང་དུ་ཆུད་པར་བྱ་བའི་དོན་དུ་གདོལ་པ་ལས་མཉན་པའི་ཕྱིར། ལོ་བཅུ་གཉིས་སུ་བཀུར་སྟི་བྱེད་པ་གང་ཡིན་པ་དེ་ནི་ཐོས་པ་འཛིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ངེས་པར་འབྱུང་བ་ལ་དམིགས་པའི་བརྩོན་འགྲུས་གང་ཡིན་པ་ དེ་ནི་ཐོས་པ་འཛིན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་མི་རྟག་པ་ལ་དམིགས་པ་གང་ཡིན་པ་དེ་ནི་ཐོས་པ་འཛིན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སློབ་དཔོན་གྱི་དཔེ་མཁྱུད་མེད་པས་མཛའ་བ་དང་མི་མཛའ་བ་རྣམས་ཡང་དག་པའི་དགེ་བ་ལ་སྦྱོར་དུ་ འཇུག་པ་གང་ཡིན་པ་དེ་ནི་ཐོས་པ་འཛིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཐོས་པ་འཛིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་འཁོར་བར་ཡུན་རིང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མི་སྐྱེ་བའི་ཆོས་ལ་བཟོད་པར་ཡོངས་སུ་བསྔོས་པའི་སྦྱིན་པ་ གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྙིང་རྗེ་ཆེན་པོས་རྣམ་པར་ཐོ་འཚམ་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ། །སྨོན་ལམ་གྱི་ཡོངས་སུ་བསྔོས་པའི་བཟོད་པ་གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཐོས་པར་ཡོངས་སུ་བསྔོས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་མེད་པའི་རྣམ་པར་ཡོངས་སུ་བསྔོས་པའི་བསམ་གཏན་གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྱིར་མི་ལྡོག་པའི་སའི་ཤེས་རབ་གང་ཡིན་པ་དེ་ནི་འཁོར་ བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྒྱུན་ཆད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསྡུ་བའི་དངོས་པོ་བཞི་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་གང་ཡིན་པ་དེ་ནི་རྒྱུན་ཆད་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལེགས་པར་སྤྱོད་པ་རྣམ་པ་གསུམ་གྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྒྱུན་ཆད་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་སེམས་དང་། སོ་སོར་བརྟགས་ པའི་བཟོད་པ་དང་། ཆོས་ལ་བཟོད་པ་ནི་བཟོད་པ་བཞི་པོ་སྟེ། བཟོད་པ་གང་ཡིན་པ་དེ་དག་ནི་རྒྱུན་ཆད་པ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དག་པའི་སྤོང་བ་བཞིས་མ་ཐོགས་ཤིང་ཀུན་ནས་དཀྲིས་པ་མེད་པ་གང་ཡིན་པ་དེ་ནི་རྒྱུན་ཆད་པ་མེད་པའི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དྲན་པ་ཉེ་བར་གཞག་པ་བཞིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྒྱུན་ཆད་པ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བདེན་པ་བཞི་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་རྒྱུན་ཆད་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྟེ། འདི་དག་ནི་རྒྱུན་ཆད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་གང་ཡིན་པ་དེ་ནི་འདོད་པའི་ཡོན་ཏན་ ཡོངས་སུ་སྨིན་པར་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་བལྟ་བར་བྱ་བ་དེ་ཡང་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕན་པའི་སེམས་ ཀྱིས་གང་སྐྱེ་བ་དང་། འདོད་པ་ན་སྤྱོད་པར་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡོངས་སུ་བརྟུལ་ན་རྗེས་སུ་འཐུན་པའི་ཡུལ་ལ་དང་དུ་ལེན་པའི་བཟོད་པ་གང་ཡིན་པ་དེ་ནི་ འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་པའི་སེམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ། །དུས་ཤེས་པ་དང་རབ་ཏུ་ལྡན་པའི་ཚད་མེད་པ་བྱམས་པ་དང་སྙིང་རྗེ་གཉིས་པོ་འདི་དག་གིས་ཕ་རོལ་སྡུག་བསྔལ་བདག་བདེ་བར་བྱེད་པ་གང་ཡིན་པ་དེ་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དཔྱོད་པ་ལ་རབ་ཏུ་ སྦྱོར་ཞིང་དུས་དང་དུས་མ་ཡིན་པ་ལ་ལྟོས་པ་བྱམས་པ་དང་། སྙིང་རྗེའི་བདག་ཉིད་གང་ཡིན་པ་དེ་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། ། དེ་ལ་བསམ་གཏན་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པས་བྱིན་གྱིས་བརླབས་པས་གང་དང་གང་དུ་འདོད་པར་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་དང་རབ་ཏུ་ལྡན་པའི་ཚུལ་ཁྲིམས་ གང་ཡིན་པ་དེ་ནི་བསམ་གཏན་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཀྱི་ངོ་བོ་མཉམ་པ་ཉིད་དུ་བརྟགས་པའི་བཟོད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཀྱི་ཀུན་ནས་དཀྲིས་པ་རྣམ་པར་སེལ་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ བསམ་གཏན་གྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐོས་པའི་བདག་ཉིད་ཀྱི་ཤེས་རབ་ཀྱི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་གྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདོད་ཆགས་རབ་ཏུ་ཞི་བའི་ཤེས་རབ་ཀྱི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་གྱི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བསམ་གཏན་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མར་མེ་ཕུལ་བའི་རྣམ་པར་སྨིན་པ་ལྷའི་མིག་འགྲུབ་པར་འགྱུར་བ་གང་ཡིན་པ་དེ་ནི་མངོན་ པར་ཤེས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལྷའི་རྣ་བ་འགྲུབ་པར་འགྱུར་བ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཞིག་པ་གང་ཡིན་པ་དེ་ནི་མངོན་པར་ཤེས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་འགྲུབ་པར་བྱེད་པ་གཉིས་སུ་ མེད་པའི་ཡེ་ཤེས་ཀྱིས་ཡོངས་སུ་བསྔོས་པའི་བཟོད་པ་གང་ཡིན་པ་དེ་ནི་མངོན་པར་ཤེས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ལ་དམིགས་ཤིང་འཇིག་རྟེན་པའི་དགེ་བའི་རྩ་བ་ཡང་དག་པར་འགྲུབ་པ་གང་ཡིན་པ་དེ་ནི་མངོན་པར་ཤེས་པའི་བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པའོ། །རྫུ་འཕྲུལ་བསྒྲུབ་པ་དང་། འགོག་པར་ཤེས་པ་རྒྱས་པར་བྱེད་པ་དང་། སྙོམས་པར་འཇུག་པ་ཡོངས་སུ་འཛིན་པའི་བསམ་གཏན་གང་ཡིན་པ་དེ་ནི་མངོན་པར་ཤེས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལས་བྱུང་བ་སེམས་ཀྱི་རྣམ་ གྲངས་ཤེས་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པར་འགྱུར་བའི་མངོན་པར་ཤེས་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པ་དེ་ནི་མངོན་པར་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མངོན་པར་ཤེས་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་འཇིག་རྟེན་པའི་བཟོའི་གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདི་ལྟར་བཟོ་གཞན་དེ་དག་གི་ནང་ནས་འཇིག་རྟེན་པའི་བཟོ་ལེགས་པར་འགྱུར་བ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །སྐྱེ་བོ་མང་པོ་དགའ་ བར་འགྱུར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །བཟོ་ཐམས་ཅད་ལ་མ་ལུས་པར་ཤེས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །མྱུར་བར་མངོན་དུ་འབྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །ཡིད་བཞིན་དུ་འགྲུབ་ པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །མི་འཁོར་བར་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འཇིག་རྟེན་པའི་བཟོའི་གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བྱམས་པས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གང་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་སེམས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་བྱམས་པས་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་རི་བོང་བདག་ཉིད་གཏོང་བ་ནི་ང་ཟོ་ལ་འདིར་འདུག་ཤིག་ཅེས་བྱ་བ་ལྟ་བུའོ། །སྙིགས་མའི་དུས་ ཀྱི་ཚེ་སྨོན་ལམ་གྱི་དབང་གིས་སྐྱེ་བ་བྱས་ནས། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་ཅིང་རབ་ཏུ་འགོད་པར་བྱེད་པ་གང་ཡིན་པ་དེ་ནི་བྱམས་པས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་སྲེག་པའི་ སྐྱེས་པའི་རབས་དང་། ནེ་ཙོའི་སྐྱེས་པའི་རབས་ལྟ་བུའོ། །དུས་ཤེས་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་བྱམས་པས་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་ཡུལ་ཀ་ཤིའི་རྒྱལ་པོ་མགོ་བཅད་ཀྱང་སེམས་མི་འཁྲུགས་པ་ལྟ་ བུའོ། །སྐྱེ་བོ་མང་པོ་མཐོ་རིས་སུ་འགྲོ་བར་འགྱུར་བ་གང་ཡིན་པ་དེ་ནི་བྱམས་པས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་བྲམ་ཟེའི་བུ་ཀུན་དུ་བཟང་དང་། ཀུན་དུ་རྒྱུ་བློ་ཅན་གཉིས་བརྙས་པ་བཟོད་པ་ལྟ་བུ་སྟེ། དེ་ནི་བྱམས་པས་ ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚད་མེད་པ་མངོན་པར་བསྒྲུབས་པའི་བསམ་གཏན་གང་ཡིན་པ་དེ་ནི་བྱམས་པས་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྐྱེ་བོ་མང་པོ་རྣམ་པར་སྨིན་པར་བྱ་བའི་ཕྱིར། །དཔེར་ན་ སྐྱེད་པ་པོ་དང་། སྨན་ཆེན་གྱིས་རྒྱལ་པོའི་གྱོས་པོ་ཚར་བཅད་ཀྱང་རྣམ་པར་ཐོ་བཙམས་པ་ཡང་མེད་ལ། ཆུ་བོར་ཡང་མ་ཞུགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བྱམས་པས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ ནི་བྱམས་པས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་སྙིང་རྗེས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་བདེ་བར་བྱ་བའི་སེམས་ཀྱིས་སྦྱིན་པ་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཁ་ན་མ་ཐོ་བ་ རྡུལ་ཙམ་གྱིས་བདག་ཀྱང་ཉམས་པ་མེད་པ་ཡིན་ལ། སྐྱོ་བ་མེད་པས་གཞན་ལ་ཡང་རྗེས་སུ་སྟོན་པ་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚིག་ངན་བརྗོད་པ་དག་བདག་དང་དུ་ལེན་པའི་རིགས་ཅན་ཡང་ཡིན་ལ། །གཞན་ལ་ཡང་ བཟོད་པ་ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་བརྩམས་པས་ཡོངས་སུ་སྐྱོ་བ་མེད་པར་དགེ་བའི་ཆོས་རྣམས་ཚོལ་བ་དང་། སེམས་ཅན་མང་པོ་བཀྲོལ་བ་དང་། སེམས་ཅན་རྣམས་ ངེས་པར་འབྱིན་པ་ལ་ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ངན་སོང་གིས་ཡིད་བྱུང་བ་རྣམས་དགའ་བར་བྱེད་པའི་བསམ་གཏན་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། ། ངན་སོང་རྣམ་པར་སྦྱོང་བའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པ་དང་། ཆོས་ཀྱི་སྦྱིན་པ་བྱ་བའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པ་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། །འདི་དག་ ནི་སྙིང་རྗེས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་དགའ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མཆོག་ཏུ་དགའ་བའི་སྔོན་དུ་འགྲོ་བའི་སྦྱིན་པ་གང་ཡིན་པ་དེ་ནི་དགའ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཤིན་ཏུ་སྦྱངས་ པའི་བསྒྲུབ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་དགའ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལས་བྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་དགའ་བ་ལ་དམིགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གནོད་སེམས་མེད་པར་བདག་དང་གཞན་ བདེ་བར་བྱེད་ལ་ཉེས་པར་མི་སེམས་ཤིང་ལེགས་པར་སེམས་པ་དང་། འགྱོད་པ་དང་། གདུང་བ་མེད་པ་གང་ཡིན་པ་དེ་ནི་དགའ་བ་ལ་དམིགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་དགའ་བ་རབ་ཏུ་ཞི་བར་འགྱུར་བ་དང་། སེམས་རྣམ་པར་དག་པར་ འགྱུར་བ་དང་། ཀུན་ནས་དཀྲིས་པ་སེལ་བར་འགྱུར་བ་དང་། འདོད་ཆགས་སྤོང་བར་འགྱུར་བ་གང་ཡིན་པ་དེ་ནི་དགའ་བ་ལ་དམིགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་བཟུང་ཞིང་ཆོས་རྣམ་པར་འབྱེད་པ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་དང་མཚུངས་པར་ལྡན་པ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་བྱིན་གྱི་རླབས་ཀྱིས་གནས་ཞི་བ་ཐོགས་པ་མེད་པ་ཕྱིན་ཅི་མ་ལོག་པ་གང་ཡིན་པ་དེ་ནི་དགའ་བ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ དགའ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་མཉམ་པ་ཉིད་ཀྱི་རྣམ་པར་སྨིན་པ་ལམ་གྱི་རྒྱུད་བཅད་ཅིང་སེམས་མ་གཏུགས་པའི་སྦྱིན་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གདུང་བ་མེད་ཅིང་སྙིང་བརྩེ་བའི་སེམས་ཀྱིས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་དང་མཚུངས་པར་ལྡན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པའོ། །སེམས་མི་བརྐམ་ཞིང་མཚན་མ་མེད་པ་མངོན་པར་བསྒྲུབས་ལ་ཕྱི་དང་ནང་ལ་དཔྱོད་པ་ལྟད་མོ་སྤངས་པའི་བཟོད་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདུས་བྱས་ཀྱི་ངོ་བོ་ཀུན་ཤེས་པ་དང་ལྡན་ པའི་བཏང་སྙོམས་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞི་གནས་སྔོན་དུ་འགྲོ་ཞིང་ལྷག་མཐོང་གི་སྟོབས་བསྐྱེད་པ་ཐམས་ཅད་དུ་འགྲོ་བའི་བསམ་གཏན་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྙིང་རྗེ་ཆེན་པོ་ལ་དམིགས་པའི་མཐར་ཕྱིན་པ་ལམ་ཤིན་ཏུ་སྦྱངས་པའི་ཤེས་རབ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་གོ། །དེ་ལ་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དཔེར་ན་བྲམ་ཟེ་བེ་ལ་མ་ཆུ་འགྲམ་གནས་ཡངས་པ་ན་གཞན་ཡོངས་སུ་སྨིན་པར་བྱ་བ་དང་འཐུན་པར་མཆོད་སྦྱིན་བྱེད་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་ པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་པ་ཅན་གྱི་ཚུལ་ཁྲིམས་དེ་བྱེད་ཅིང་སྤྱོད་ལ་བདག་ཏུ་འཛིན་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྟུལ་ཞུགས་ཀྱི་གནས་ཀྱི་ནགས་ཚལ་ཡངས་པ་ན་སྐྱོ་བ་མེད་པར་ སྤྱོད་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་པའི་བྱ་བ་རྣམས་སྒྲུབ་ཅིང་རིག་བྱེད་ཀྱང་རྟོགས་ལ་ཆ་ལུགས་དེས་གཞན་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་བསྐྱེད་པས་དེའི་ངོ་བོ་ལ་གནས་ཤིང་དེས་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བྲམ་ཟེའི་ཆ་ལུགས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་ རྗེས་སུ་འཐུན་པར་འཇུག་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཇིག་རྟེན་པའི་བྱ་བ་ལ་འཇུག་ཅིང་སྦྱིན་པ་ཡོད་དོ། །མཆོད་སྦྱིན་ཡོད་དོ། །སྦྱིན་སྲེག་ཡོད་དོ། །ལས་ལེགས་པར་བྱས་པ་དང་། ལས་ཉེས་པར་བྱས་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ། །ཞེས་གང་དེ་ལྟ་བུའི་སེམས་ཀྱི་ སྦྱིན་པ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སངས་རྒྱས་མ་བྱུང་བ་ན་བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོའི་དབང་གིས་སྡིག་པ་མི་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དཔེར་ན་རིའི་རྒྱལ་པོ་གངས་ཅན་ལ་བྱང་ཆུབ་སེམས་དཔའ་ནེ་ཙོར་གྱུར་པས་ཤིང་སྐམ་པོ་མི་སྤོང་བ་སྔོན་བདག་འདིར་དགའ་བར་བྱས་པ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་དང་གཞན་ ལ་གནོད་པར་མི་བྱེད་པར་ཞུགས་པའི་ལྟ་བ་ནི་དཔེར་ན་ཚོང་པ་ཨ་ཤུ་ལ་ལྟ་བུ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱིས་ཡོངས་སུ་སྦྱང་བ་བྱས་པའི་བསམ་གཏན་བཞི་ཐོབ་པ་གང་ཡིན་པ་དེ་ནི་ཡང་དག་པའི་ ལྟ་བས་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཉེ་བར་གནས་པའི་ཤེས་རབ་ནི་དཔེར་ན་བྱང་ཆུབ་སེམས་དཔའ་ཀུན་དུ་རྒྱུ་འདི་ལྟར་གཅིག་པུས་ཚིགས་སུ་བཅད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བཀོད་པ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སངས་རྒྱས་མ་བྱུང་བ་ན་བྱང་ཆུབ་སེམས་དཔའ་ཐ་ན་ རྨི་ལམ་ན་ཡང་སེར་སྣའི་སེམས་མི་སྐྱེད་ན། དངོས་སུ་ལྟ་སྨོས་ཀྱང་ཅི་དགོས་པ་གང་ཡིན་པ་དེ་ནི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཐ་ན་སྲོག་འགགས་ཀྱང་ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་བསླབ་པ་ལས་མི་འདའ་བ་གང་ཡིན་པ་དེ་ནི་གནས་པར་ ལྟ་བས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་རབས་དེ་དང་དེ་དག་ཏུ་མངའ་བདག་ཏུ་གྱུར་པ་ན་ཡང་བཟོད་པའི་རང་བཞིན་དང་ལྡན་པ་ཡིན་ཞིང་མཉེན་པ་གང་ཡིན་པ་དེ་ནི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་རབས་ ཐམས་ཅད་དུ་གཞན་གྱིས་བསྟན་པ་དང་མ་བསྟན་པ་བྱང་ཆུབ་ཀྱི་ཕྱིར་རྗེས་སུ་སྟོན་པ་གང་ཡིན་པ་དེ་ནི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་རབས་དེ་དང་དེ་དག་ནི་ལེགས་པར་བསམ་པ་སེམས་པ་ཡིན་ཞིང་ལེགས་པར་སྤྱད་པའི་ལས་ བྱེད་ལ་དེ་ནི་ཤིན་ཏུ་དུལ་བའི་རང་བཞིན་དེ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སློབ་དཔོན་མེད་པར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཁོང་དུ་ཆུད་ན་སེམས་ཅན་གྱི་ཚོགས་གཞན་ལ་དེ་ལྟ་ བུའི་ཡེ་ཤེས་དེ་མེད་ཅིང་གང་གིས་ལུས་ཀྱི་ལས་སེམས་ཅན་དང་འཐུན་པ་གང་ཡིན་པ་དེ་ནི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་མི་གནས་པར་ལྟ་ བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་སྦྱིན་པ་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་སེམས་ལ་དམིགས་པ་ མེད་པའི་སེམས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་སོ། །ཕྱིར་མི་ལྡོག་པའི་ས་ལ་བཟོད་པ་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་བཟོད་པའོ། །འདུ་བྱེད་ཐམས་ཅད་ལ་མི་གནས་ཤིང་ཀུན་ནས་ དཀྲིས་པ་མེད་པའི་རྩོལ་བ་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་སོ། །བདག་ཏུ་འདུ་ཤེས་ཀྱང་མེད་ཅིང་བདག་མེད་པར་འདུ་ཤེས་ཀྱང་མེད་ལ། ཕྱི་དང་ནང་ལ་མི་གནས་པའི་བསམ་གཏན་གང་ཡིན་པ་དེ་ནི་མི་གནས་པར་ ལྟ་བས་ཡོངས་སུ་བསྔོས་པའི་བསམ་གཏན་ནོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་དང་མ་འདྲེས་པའི་ཤེས་རབ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་གནས་མེད་པར་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གང་ཁམས་གསུམ་ལ་མངོན་པར་དགའ་བ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དཔེར་ན་མར་མེ་མཛད་ཀྱི་ལྟ་བུ་ གང་ཡིན་པ་དེ་ནི་གནས་མེད་པར་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །མ་གཏོགས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་གནས་མེད་པའི་ཚུལ་ཁྲིམས་སོ། །ཆོས་ཐམས་ཅད་ལ་རློམ་སེམས་མེད་པའི་སེམས་ཀྱི་བཟོད་པ་གང་ཡིན་པ་དེ་ནི་གནས་མེད་པའི་ བཟོད་པའོ། །མི་དམིགས་པར་སྤྱོད་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་གནས་མེད་པའི་བརྩོན་འགྲུས་སོ། །བྱང་ཆུབ་སེམས་དཔའ་མཐོང་བའི་ས་ཐོབ་པའི་ཕྱིན་ཅི་མ་ལོག་པའི་བསམ་གཏན་གང་ཡིན་པ་དེ་ནི་གནས་མེད་པའི་བསམ་གཏན་ནོ། །ཉོན་མོངས་པ་ཟད་པར་འགྱུར་བའི་ ཤེས་རབ་གང་ཡིན་པ་དེ་ནི་གནས་མེད་པས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་གནས་མེད་པས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ང་རྒྱལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་ང་རྒྱལ་གྱི་བདུད་ བཅོམ་ནས་སྦྱིན་པ་སྦྱིན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་སྒྲུབ་པར་འགྱུར་བ་གང་ཡིན་པ་དེ་ནི་ང་རྒྱལ་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ངན་སོང་གསུམ་སྦྱོང་བར་འགྱུར་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ང་རྒྱལ་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། མཚན་རྣམ་པར་སྨིན་པར་འགྱུར་བ་དང་། མཛེས་པར་འགྱུར་བའི་བཟོད་པ་གང་ཡིན་པ་དེ་ནི་ང་རྒྱལ་གྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནོར་བུ་རིན་པོ་ཆེའི་ཕྱིར་རྒྱ་མཚོ་ཆེན་པོ་བསྐམ་པར་སྤྲོ་བ་དང་། གང་གིས་རང་གི་ཆོས་མངོན་པར་འབྱུང་བར་བརྩོན་པ་གང་ཡིན་པ་དེ་ནི་ང་ རྒྱལ་གྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཉོན་མོངས་པ་ཟིལ་གྱིས་གནོན་པར་འགྱུར་ཞིང་བསམ་པ་ཇི་ལྟ་བ་བཞིན་ཡེ་ཤེས་སྐྱེ་བར་འགྱུར་བའི་བསམ་གཏན་གང་ཡིན་པ་དེ་ནི་ང་རྒྱལ་གྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ང་རྒྱལ་དང་། ལྟ་བ་ཀུན་དུ་འཇོམས་པར་འགྱུར་བའི་ ཤེས་རབ་གང་ཡིན་པ་དེ་ནི་ང་རྒྱལ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ང་རྒྱལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བཟོད་པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཀྱི་མཐར་འགྲོ་བའི་སེམས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་བཟོད་པ་ལས་བྱུང་ བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་བདུད་ཀྱིས་སེམས་ཅན་དམྱལ་བ་བསྟན་པས་སྦྱིན་པ་སྦྱིན་པར་བྱེད་པ་བསལ་བར་མི་ནུས་པ་ནི་སྔོན་གྱི་ཚུལ་ལས་ཤེས་པར་བྱ་བ་ལྟ་བུའོ། །ཕྱིར་མི་ལྡོག་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བཟོད་པ་ལས་བྱུང་བའི་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དཔེར་ན་རྒྱལ་པོའི་བུ་བསོད་ནམས་འོད་འཕྲོ་འདི་ལྟར་རྣལ་འབྱོར་ལ་མངོན་དུ་ཕྱོགས་པ་སྦྱིན་པ་ལ་དབང་དུ་གྱུར་པ་ཞིག་བྱུང་བས་ཉི་མ་གཅིག་ལ་ཤིང་རྟ་དང་། རྟ་དང་། བཞོན་པ་དང་། གླང་པོ་དང་། གླང་པོ་ཆེ་དང་། དཔག་ཚད་ཁོར་ཡུག་ ཙམ་གྱི་གདུགས་དང་། མུ་ཏིག་གི་དོ་ཤལ་ཕྲེང་བ་བརྒྱ་དང་། གོས་སྦྱིན་པ་དང་། རིན་པོ་ཆེའི་ཅོད་པན་དང་། མཆིལ་ལྷམ་སྟོང་ཕྲག་བརྒྱ་རི་བ་དང་། བུད་མེད་སྟོང་ཕྲག་བརྒྱད་ཅུ་དང་། སིལ་སྙན་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། སྐྱེད་མོས་ཚལ་དང་། མིག་ སྦྱིན་པ་དང་། མགོ་དང་རྐང་པ་བཅད་ནས་སྦྱིན་པ་སྦྱིན་པར་བྱེད་པ་གང་ན་གང་གི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པ་ལས་བྱུང་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་གནས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་རྟའི་རྒྱལ་པོ་ རྔོག་ལྡན་གྱིས་སེམས་ཅན་རྣམས་སྒྲོལ་བ་ལྟ་བུའོ། །དགེ་བའི་ཁ་དོག་ཅན་ལུས་ཀྱི་མཚན་ཡོངས་སུ་སྦྱངས་པ་ལས་བྱུང་བའི་བསམ་གཏན་གང་ཡིན་པ་དེ་ནི་བཟོད་པ་ལས་བྱུང་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དཔེར་ན་དགེ་སློང་ཡེ་ཤེས་མཆོག་ གྲོང་ཁྱེར་དུ་འཇུག་པ་ཞིག་བྱུང་བ་འདུ་ཤེས་ཐ་དད་དུ་མི་བྱེད་ཅིང་སེམས་མཉམ་པའི་ཤེས་རབ་གང་ཡིན་པ་དེ་ནི་བཟོད་པ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་ནེ་ཙོའི་སྐྱེས་པའི་རབས་ལས་ཁོང་དུ་ཆུད་པར་བྱ་སྟེ། འདི་དག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གོ། །དེ་ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འོད་སྲུང་ལས་ཚངས་པར་སྤྱོད་པ་སྤྱད་ནས་རྙེད་པ་དང་། བཀུར་སྟིས་དམ་པའི་ཆོས་ནུབ་པར་མ་གྱུར་ཅིག་ཅེས་ཡོངས་སུ་བསྔོས་པ་དང་། སངས་རྒྱས་འོད་སྲུང་ལ་བྲམ་ཟེའི་བུ་སྐར་འོད་སྐྱོང་གིས་རང་གི་ལུས་ཀྱི་ གོས་དང་། མེ་ཏོག་སར་པ་ལྔ་དང་མེ་ཏོག་རྙིང་པ་ལྔ་པོ་དག་གིས་མངོན་པར་བཀབ་སྟེ། གང་གི་རྣམ་པར་སྨིན་པས་ལོ་ལྔ་བརྒྱར་དམ་པའི་ཆོས་དང་། ལོ་ལྔ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་ཡང་འབར་བ་གང་ཡིན་པ་དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའོ། །གཞན་གྱི་ཚུལ་ཁྲིམས་འཆལ་པ་སེལ་བར་འགྱུར་བའི་ཚུལ་ཁྲིམས་ནི་དཔེར་ན་སྐྱེ་མཆེད་མ་ཚང་བ་གཏོང་བ་ལྟ་བུ་གང་ཡིན་པ་དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྡུག་བསྔལ་ཐོབ་ཀྱང་སྒྱིད་ལུག་པ་ མེད་པ་ནི་དཔེར་ན་འགྲོན་པོའི་ཆེད་དུ་རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་སྲིན་མ་ཀ་རའི་ཐད་དུ་ཕྱིན་པ་དང་། འབྲོག་དང་ཆུའི་ནང་དུ་ཁྲུ་བརྒྱ་ཙམ་དུ་སོང་བའི་བཟོད་པ་གང་ཡིན་པ་དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལྷ་དང་མིའི་རིས་ཀྱི་ཕུན་སུམ་ ཚོགས་པ་སྒྲུབ་པར་འགྱུར་བའི་བརྩོན་འགྲུས་ནི་དཔེར་ན་བརྒྱ་བྱིན་གྱིས་གསོལ་བ་བཏབ་པས། བྲམ་ཟེ་ཆེན་པོ་ཀིན་དུ་ཞེས་བྱ་བས་སེམས་ཅན་རྣམས་མཐོ་རིས་སུ་བཀྱེ་བ་གང་ཡིན་པ་དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱིས་ལེན་པ་མེད་པར་བསྒྲགས་པའི་བསམ་གཏན་ནི་དཔེར་ན་བྱང་ཆུབ་སེམས་དཔའ་སྟོན་པར་གྱུར་པས་བྱང་ཆུབ་སེམས་དཔའ་རྣམས་ཚངས་པའི་འཇིག་རྟེན་དང་། འོད་གསལ་ནས་འདུ་ཤེས་མེད་པའི་སྐྱེ་མཆེད་ཀྱི་བར་དུ་བཀོད་པ་གང་ཡིན་པ་དེ་ ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་རྣམས་ཀྱི་ཆེད་དུ་བྱས་པ་ནི་དཔེར་ན་རྒྱལ་པོ་བྱམས་ཐོབ་དང་། རྒྱལ་པོ་མིག་བཟངས་དང་། རྒྱལ་པོའི་བུ་ཆོས་འདོད་ཀྱིས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ རྣམས་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རབ་ཏུ་སྒྲོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདིར་སྐྱེས་པའི་རབས་མང་པོ་ནས་ཁོང་དུ་ཆུད་པར་བྱ་བ་གང་ཡིན་པ་དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཕན་ འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ལྔ་པ། དེ་ལ་ཕན་མི་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡིད་སྔོན་དུ་འགྲོ་བའི་སེམས་ཀྱིས་འདོད་པའི་ཡོན་ཏན་ལ་འཇུག་ པའི་སྦྱིན་པ་དམིགས་པ་དང་བཅས་པར་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་ཕན་མི་འདོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་མར་མེ་མཛད་ལ་མེ་ཏོག་ཨུད་པ་ལ་ལྔ་ཕུལ་བ་དང་། རྣམ་པར་སྨིན་པ་ཐམས་ཅད་དུ་མི་འབྱུང་བ་དང་། གང་དམ་པའི་ཆོས་ནུབ་ པར་འགྱུར་བ་དེ་ནི་ཕན་མི་འདོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཐབས་མཁས་པ་མེད་ཅིང་དངོས་པོའི་འདུ་ཤེས་ཅན་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཕན་མི་འདོགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རོ་མྱང་བ་ཅུང་ཟད་ཙམ་གྱི་ཕྱིར། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཕན་མི་འདོགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་པའི་ཆོས་དང་རབ་ཏུ་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ཕན་མི་འདོགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚངས་ པའི་འཇིག་རྟེན་གྱི་ཚེའི་མཐས་གཏུགས་པ་སྲིད་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཕན་མི་འདོགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །མ་བསྒྲགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དཔེར་ན་དེ་བཞིན་གཤེགས་པས་གསུངས་ཤིང་བཤད་ པ་ན་ཆོས་དེ་སྙེད་ཅིག་བསྒྲགས་ཤིང་བཤད་ལ་ཆོས་ཇི་སྙེད་ལུས་ལ་དེ་སྙེད་ཅིག་མ་བསྒྲགས་པ་དེ་ནི་ཕན་མི་འདོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་དག་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ནུབ་པར་བལྟ་བར་བྱ་སྟེ། འདི་དག་ནི་ཕན་མི་ འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ལྷག་མ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྔོན་མར་མེ་མཛད་ལ་བྱང་ཆུབ་སེམས་དཔའས་སྦྱིན་པ་ཕུལ་བ་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་ངག་ལྷག་མ་དང་བཅས་ ཤིང་མི་མོས་པ་མང་ལ་བདག་ཏུ་དམིགས་པ་ལ་གནས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སོ་སོར་བརྟགས་པའི་སྟོབས་ཀྱིས་ངེས་པར་འབྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་བཟོད་པའི་ཕ་རོལ་ཏུ་ ཕྱིན་པའོ། །བར་ཆད་དང་བར་ཆད་མེད་པར་གནས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་པ་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཐོས་ པའི་བདག་ཉིད་དང་། བསམ་པའི་བདག་ཉིད་ཀྱི་ཤེས་རབ་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྒྱུ་གང་གིས་ན་གནས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་ཅེ་ན། ཁ་ཕྱིར་ཕྱོགས་པ་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་པར་ སྨིན་པ་མེད་ལ་བྱང་ཆུབ་ཀྱི་འབྱོར་པ་ཡང་མེད་དེ། དེ་དག་ནི་ས་བཅུ་ལས་ལྡོག་པའི་ཆོས་སུ་ཤེས་པར་བྱ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ལྷག་མ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བྱང་ཆུབ་སེམས་དཔའི་ལྷག་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཐམས་ཅད་འཁོར་བར་ཡོངས་སུ་བསྔོ་བ་སྟེ། དཔེར་ན་རང་སངས་རྒྱས་བདུན་བརྒྱ་ལ་སྦྱིན་པ་བྱིན་པ་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་ཚུལ་ཁྲིམས་གང་ཡིན་ པ་དེ་ནི་ལྷག་མ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ངན་སོང་དུ་སྐྱེ་བས་འཇིགས་པའི་བཟོད་པ་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བདུད་ཀྱི་ལས་ཀྱིས་ཀུན་ནས་དཀྲིས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེའི་ཚད་ཀྱི་མཐར་ཐུག་པའི་བསམ་གཏན་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ལྟ་བ་སྔོན་དུ་འགྲོ་ཞིང་སྡུག་བསྔལ་སྤོང་བ་ལ་མོས་པའི་ཤེས་རབ་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའོ། །དེ་ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་ཅེ་ན། དེ་དག་ནི་བྱང་ཆུབ་ཐོབ་པ་འཇིག་རྟེན་པ་དང་འཐུན་པར་སྤྱོད་པ་ད