Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 045_མདོ་སྡེ།_ཀ

Văn bản gốc(Tây Tạng)

Trang 9 / 22 (50.000 ký tự/trang)
་དེ། །གཉིས་པར་བརྒྱད་ཡོད་གསུམ་པར་དགྲ་བཅོམ་པ། །དེ་དག་བྱེ་བརྒྱ་ལྔ་བཅུ་རྩ་ལྔ་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱ་དྲུག་ཅུ། །བདེ་བར་གཤེགས་པ་མྱ་ངན་འདས་ནས་

ཀྱང་། །དམ་ཆོས་ལོ་གྲངས་བྱེ་བ་གཉིས་སུ་གནས། །རྒྱལ་བའི་མཆོད་རྟེན་བྱེ་བ་བདུན་ཅུ་དྲུག །འཇིག་རྟེན་གསུམ་དུ་སིལ་སྙན་བརྒྱ་ཡང་གྲགས། །དེ་བཞིན་གཤེགས་པ་ཤིན་ཏུ་གཟིགས་པ་ཡི། །སྐྱེ་བའི་ཡུལ་ནི་སྐྱེད་པར་ལྡན་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་
ཀྱི་ཚད། །དཔག་ཚད་བཅུ་ཡོད་བསོད་ནམས་བཟང་པོ་ཡབ། །དེ་ཡི་ཡུམ་ནི་སྙན་པར་སྨྲ་ཞེས་བྱ། །སྲས་པོ་ཆོས་བཟང་ཟླ་བ་རིམ་གྲོ་པ། །ཤེས་རབ་མཐར་ཕྱིན་ཞེས་བྱ་མཁས་པ་སྟེ། །གཏམ་ལྡན་གཙོ་བོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་རྒ་ནད་སེལ་བ་པོ། །
དགྲ་བཅོམ་བྱེ་བ་ཕྲག་ནི་དགུ་བཅུ་ཡོད། །འདུས་པ་གཉིས་པར་བྱེ་བ་བརྒྱད་ཅུ་ཡོད། །གསུམ་པར་ཚོགས་པ་བྱེ་བ་བརྒྱད་ཅུ་བདུན། །མི་རྣམས་ཚེ་ཚད་བྱེ་བ་ཕྲག་བརྒྱ་ཡིན། །དམ་ཆོས་ལོ་གྲངས་བྱེ་བ་བརྒྱད་དུ་གནས། །སྟོན་པ་མྱ་ངན་འདས་པའི་མཆོད་རྟེན་དག །བྱེ་བ་
སྟོང་ཕྲག་བདུན་ཅུ་རྩ་གསུམ་འབྱུང་། །དེ་བཞིན་གཤེགས་པ་རབ་ཏུ་བརྒྱན་པ་ཡི། །སྐྱེ་བའི་ཡུལ་ནི་མཆོད་པའི་རྟེན་ཞེས་བྱ། །རྒྱལ་བ་དེའི་རིགས་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བདུན་ཡོད་ཡབ་ནི་ལྷ་བཟང་ཡིན། །གཟི་ལྡན་མ་ནི་ཡུམ་ཡིན་སྲས་པོ་ནི། །མྱ་ངན་མེད་པ་
ཐུབ་མེད་རིམ་གྲོ་པ། །གཞན་འཇོམས་པ་ཞེས་བྱ་བ་མཁས་པ་སྟེ། །ང་རོ་སྙན་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་སྲིད་པ་མཐར་བྱེད་པ། །ཞི་བར་སོང་བ་བྱེ་བ་བདུན་ཅུ་གཉིས། །གཉིས་པར་བྱེ་བ་བདུན་ཅུ་རྩ་གཅིག་ཡོད། །གསུམ་པར་ང་རྒྱལ་གཅོགས་པ་བདུན་ཅུ་ཡོད། །
འཇིག་རྟེན་མཁྱེན་པའི་སྐུ་ཚེའི་ཚད་དག་ནི། །ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་དགུ་ཡིན། །མྱ་ངན་འདས་ནས་དམ་ཆོས་ལོ་གྲངས་དག །བྱེ་བར་གནས་འགྱུར་སྐུ་གདུང་དབྱེར་མེད་དོ། །དེ་བཞིན་གཤེགས་པ་ནོར་བུའི་འོད་སྐྱེ་བའི། །ཡུལ་ནི་མེ་ཏོག་ལེགས་རྒྱས་གཟི་བརྗིད་ཡིན། །
དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཟླ་བཟང་ཡིན། །དེ་ཡི་ཡུམ་ནི་རིན་ཆེན་ཟླ་ཞེས་བྱ། །སྲས་པོ་སྐལ་འདོད་ཏོག་ནི་རིམ་གྲོ་པ། །སྨན་གྱི་རྒྱལ་པོ་ཞེས་བྱ་མཁས་པ་སྟེ། །སྐྱེ་བོ་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དྲང་སྲོང་དགྲ་

བཅོམ་པ། །དགེ་སློང་བྱེ་བ་སྟོང་ཕྲག་དགུ་ཡོད་དོ། །གཉིས་པར་བརྒྱད་ཡོད་གསུམ་པར་བདུན་ཡང་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །བདེ་གཤེགས་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བྱེ་བ་གསུམ་དུ་ཉམས་མེད་གནས། །མཆོད་རྟེན་བྱེ་
བ་སྟོང་ཕྲག་དགུ་བཅུ་དགུ། །འབྱུང་བར་འགྱུར་ལ་ཅོད་པན་དག་གིས་བརྒྱན། །སངས་རྒྱས་རི་བོ་བརྩེགས་པའི་ཏོག་དག་གི། །སྐྱེ་བའི་ཡུལ་ནི་ཙན་དན་ཞེས་ཀྱང་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་ཡབ་ནི་ན་ཚོད་བཟང་། །མེ་ཏོག་མཆོག་ཅེས་བྱ་བ་ཡུམ་
ཡིན་ནོ། །སྲས་པོ་འོད་འཆང་ཆོས་མཆོག་རིམ་གྲོ་པ། །ཆོས་ཀྱི་སྒྲོན་མ་ཞེས་བྱ་མཁས་པ་སྟེ། །འོད་འགྲོ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་ལུས་ནི་སིལ་བ་པོ། །བྱེ་བ་སྟོང་ཕྲག་བདུན་ཅུ་རྩ་བཞི་འབྱུང་། །གཉིས་པར་གསུམ་ཡོད་གསུམ་པར་གཉིས་འབྱུང་ངོ་། །
སྐུ་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་ཡིན། །སངས་རྒྱས་འཇིག་རྟེན་ཕན་པར་མཛད་པ་པོ། །དེ་ནི་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་དགུ་བཅུ་དྲུག་གནས་ཤིང་། །མཆོད་རྟེན་དབྱེར་མེད་པ་ནི་གཅིག་ཅིག་འབྱུང་། །དེ་བཞིན་གཤེགས་པ་ཆོས་ཀྱི་འབྱུང་གནས་
ཀྱི། །སྐྱེ་བའི་ཡུལ་ནི་མེ་ཏོག་ལྡན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་བསོད་ནམས་བཟང་པོ་ཡབ། །བསོད་ནམས་ལྡན་པ་ཡུམ་ཡིན་སྲས་པོ་ནི། །སཱ་ལའི་དྲི་ལྡན་བྱང་ཆུབ་རིམ་གྲོ་པ། །སྨྲ་བ་འཇོམས་བྱེད་ཅེས་བྱ་མཁས་པ་སྟེ། །བརྟུལ་
ཞུགས་བརྟན་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་གང་དག་དགྲ་བཅོམ་པ། །བྱེ་བ་དགུ་བཅུ་རྩ་བཞི་ཐམ་པ་ཡོད། །གཉིས་པར་གསུམ་ཡོད་གསུམ་པར་བཞི་ཡོད་དོ། །དེ་ཡི་སྐུ་ཚེ་ལོ་གྲངས་བརྒྱད་ཁྲི་ཡིན། །རྒྱལ་བ་མྱ་ངན་འདས་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅུ་
ཡི་བར་དུ་གནས། །མཆོད་རྟེན་བྱེ་བ་དགུ་བཅུ་རྩ་དྲུག་སྟེ། །ཐམས་ཅད་རིན་ཆེན་དྲ་བས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་ཚིམས་སྦྱིན་སྐྱེ་བའི་ཡུལ། །མེ་ཏོག་རྣམ་པར་བརྒྱན་ཞེས་བྱ་བ་ཡིན། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཁྲི་བརྒྱ་སུམ་ཅུ་

གཉིས་ཡོད་ལེགས་སྐྱེས་ཡབ། །སཱ་ལའི་འོད་ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ལེགས་ལྡན་འོད་འཕྲོ་རིམ་གྲོ་པ། །དཔལ་རྒྱལ་ཞེས་ནི་བྱ་བ་མཁས་པ་སྟེ། །འོད་བྱེད་སྦྱིན་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་སྐྱེ་བ་འཇོམས་བྱེད་པ། །དགྲ་བཅོམ་སྟོང་ཕྲག་སུམ་ཅུ་
རྩ་གཉིས་ཡོད། །འདུས་པ་གཉིས་པར་ཉི་ཤུ་རྩ་དགུ་ཡོད། །གསུམ་པར་ཉི་ཤུ་རྩ་བརྒྱད་ཐམ་པ་ཡོད། །དེ་ན་མི་རྣམས་དག་གི་ཚེ་ཡི་ཚད། །ལོ་གྲངས་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡིན། །མྱ་ངན་འདས་ནས་དམ་ཆོས་སུམ་འགྱུར་གནས། །བདེ་གཤེགས་སྐུ་གདུང་རིལ་
གཅིག་མཆོད་རྟེན་གཅིག །དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱི། །སྐྱེ་བའི་ཡུལ་ནི་ཟླ་བ་ཅན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་མྱ་ངན་མེད། །བསོད་ནམས་ལྡན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ལེགས་
མཐོང་མཆོག་མ་རིམ་གྲོ་པ། །བློ་སྦྱིན་ཞེས་བྱ་ཤེས་རབ་གཙོ་བོ་སྟེ། །སེང་གེ་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་སྐྱེ་རྒ་འཆི་བ་དག །མཐར་བྱེད་བྱེ་བ་བརྒྱ་ཕྲག་དགུ་བཅུ་ཡོད། །འདུས་པ་གཉིས་པར་དགུ་བཅུ་རྩ་ལྔ་ཡོད། །གསུམ་པར་ཚོགས་པ་
དགུ་བཅུ་རྩ་དྲུག་ཐམ། །མི་རྣམས་དག་གི་ཚེ་ཚད་ལོ་བརྒྱ་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བདུན་ཅུའི་བར་དུ་གནས། །དེ་ཡི་མཆོད་རྟེན་དཔག་ཚད་གཅིག་པ་གཅིག །དེ་བཞིན་གཤེགས་པ་སྐྱེ་དབང་མཚུངས་པ་ཡི། །སྐྱེ་བའི་ཡུལ་ནི་
རྣམ་པར་བལྟས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་སུམ་ཅུ་ཡབ་ནི་སྤོས་བཟངས་ཡིན། །རིན་ཆེན་ལྡན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་སྡུག་དགའ་འདུན་པ་རིམ་གྲོ་པ། །རྒྱ་མཚོའི་བློ་ཞེས་བྱ་བ་ཤེས་རབ་ཆེ། །འོད་བྱེད་སྦྱིན་ཞེས་བྱ་བ་རྫུ་འཕྲུལ་ཅན། །
དང་པོར་ཚོགས་པ་ཐེར་འབུམ་དགུ་བཅུ་ཡོད། །བར་མ་གཉིས་པར་ཚོགས་པ་བརྒྱད་ཅུ་བརྒྱད། །ཐ་མར་ཐེར་འབུམ་བརྒྱད་ཅུ་རྩ་དྲུག་ཡོད། །དེ་དག་ཚེ་ཚད་ལོ་གྲངས་སྟོང་ཕྲག་བརྒྱ། །དམ་ཆོས་ལོ་གྲངས་བྱེ་བ་བཅུར་ཡང་གནས། །མཆོད་རྟེན་བྱེ་བ་དགུ་བཅུ་རྩ་བརྒྱད་དེ། །རིན་ཆེན་

རྒྱལ་མཚན་གདུགས་དང་འཕན་གྱིས་བརྒྱན། །མཆོད་རྟེན་རེ་རེའང་གདུགས་ནི་བྱེ་བ་ཡོད། །དེ་བཞིན་གཤེགས་པ་སྟབས་ཀྱིས་གཤེགས་པ་ཡི། །སྐྱེ་བའི་ཡུལ་ནི་མེ་ཏོག་འོད་ཅེས་བྱ། །རིགས་ནི་བྲམ་ཟེ་འོད་ཟེར་དྲ་བའི་ཚད། །དཔག་ཚད་ཉི་ཤུ་གཉིས་ཡོད་རི་དབང་
ཡབ། །རྒྱལ་དེའི་ཡུམ་ནི་དགའ་བ་ཞེས་ཀྱང་བྱ། །དེ་ཡི་སྲས་པོ་ཡོན་ཏན་སེམས་ཞེས་བྱ། །སྲིད་པའི་བཤེས་གཉེན་དེ་ཡི་རིམ་གྲོ་པ། །ཉེ་སྡེ་ཤེས་ཅན་རྐང་སྟོབས་རྫུ་འཕྲུལ་ཅན། །མི་མཆོག་དེ་ཡི་འདུས་པ་དང་པོར་ནི། །དགྲ་བཅོམ་བརྒྱ་ཕྲག་སུམ་ཅུ་རྩ་གཉིས་ཡོད། །གཉིས་
པར་བརྒྱ་ཕྲག་སུམ་ཅུ་རྩ་གསུམ་ཡོད། །གསུམ་པར་ཚོགས་པ་ཕལ་ཆེར་ཐེར་འབུམ་ཡོད། །མི་ཡི་འདྲེན་པ་དེ་ཡི་སྐུ་ཚེའི་ཚད། །ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་བཞི་ཡིན། །དེ་ཚེ་དེ་ཡི་སུམ་འགྱུར་དམ་ཆོས་གནས། །དེ་ཚེ་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག །འཇིག་
རྟེན་རྣམ་པར་འདྲེན་པ་བློ་གནས་ཀྱི། །སྐྱེ་ཡུལ་རིན་ཆེན་གཟི་བརྗིད་དགའ་ཞེས་བྱ། །རིགས་ནི་རྒྱལ་རིགས་འོད་ནི་དཔག་ཚད་གཅིག །བསོད་ནམས་དཔལ་ཡབ་དགའ་བ་བཟང་མོ་ཡུམ། །སྲས་པོ་ཆུ་ལྷ་དགའ་བ་རིམ་གྲོ་པ། །བསོད་ནམས་སྒྲོན་ཞེས་བྱ་བ་ཤེས་རབ་ཅན། །
འབྲུག་སྒྲ་རྫུ་འཕྲུལ་ཅན་གྱི་མཆོག་མ་ཡིན། །འདུས་པ་དང་པོར་དགྲ་བཅོམ་བྱེ་བ་བརྒྱ། །འདུས་པ་གཉིས་པར་ཡང་སྲིད་ཟད་པ་དག །བརྒྱད་ཅུ་གསུམ་པར་དྲུག་ཅུ་འབྱུང་བར་འགྱུར། །དེ་ན་མི་དེ་དག་གི་ཚེ་ཡི་ཚད། །ལོ་གྲངས་སྟོང་ཕྲག་ཉི་ཤུ་རྩ་བཞི་ཡིན། །མྱ་ངན་འདས་ནས་
དེ་ན་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་ལྔ་བརྒྱའི་བར་དུ་གནས། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་ལྔ་ཡོད་དེ། །ཐམས་ཅད་རིན་ཆེན་གདུགས་ཀྱིས་མཛེས་ཁེབས་བྱས། །དེ་བཞིན་གཤེགས་པ་གདུགས་མཛེས་པ་དག་གི། །སྐྱེ་བའི་ཡུལ་ནི་རིན་ཆེན་ཕུང་པོ་ཡིན། །རིགས་
ནི་རྒྱལ་རིགས་འོད་གཟི་དཔག་ཚད་ནི། །བྱེ་བ་ཐམ་པ་ཡབ་ནི་སྒྲ་གཅན་ལྷ། །མེ་ཏོག་ཅན་ཞེས་བྱ་བ་དེ་ཡི་ཡུམ། །དེའི་སྲས་རྒྱལ་བ་བློ་བཟངས་རིམ་གྲོ་པ། །ལྷ་ཡིས་མཆོད་ཅེས་བྱ་བ་ཤེས་རབ་ཅན། །མ་ག་དྷ་ཞེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བརྒྱ་ཕྲག་སུམ་

ཅུ་གསུམ། །གཉིས་པར་ཆགས་མེད་སུམ་ཅུ་རྩ་གཉིས་ཡོད། །གསུམ་པར་ཟད་མེད་སུམ་ཅུ་རྩ་གཅིག་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་ལྔ། །འཇིག་རྟེན་རྣམ་འདྲེན་མྱ་ངན་འདས་ནས་ཀྱང་། །དམ་པའི་ཆོས་དག་ལོ་གྲངས་བྱེ་བར་གནས། །མཆོད་རྟེན་དཔག་ཚད་ཕྱེད་
པ་བྱེ་བ་ཕྲག །བརྒྱད་ཅུ་རིན་ཆེན་བདུན་ཡིན་རྒྱས་པར་འགྱུར། །འཇིག་རྟེན་དག་གི་མགོན་པོ་གཙོ་བོ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་ཟླ་བཟངས་ཡིན། །དེ་ཡི་ཡུམ་ནི་
མེ་ཏོག་བསགས་ཞེས་བྱ། །སྲས་པོ་མཛེས་པ་དཔལ་ཅན་རིམ་གྲོ་པ། །བློ་སྦྱངས་ཞེས་ནི་བྱ་བ་ཤེས་རབ་ཅན། །མཐའ་ཡས་དཔལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དབང་དུ་གྱུར་པ་རྣམས། །སྟོང་ཕྲག་བརྒྱད་ཅུ་གཉིས་པར་དགུ་བཅུ་ཡོད། །གསུམ་
པར་དྲི་མ་མེད་པ་བྱེ་བ་བརྒྱ། །སྐུ་ཚེ་ལོ་གྲངས་བྱེ་བ་གཉིས་ཀྱང་ཡིན། །དམ་ཆོས་ལོ་གྲངས་བྱེ་བ་བཅུར་ཡང་གནས། །རྒྱང་གྲགས་སུམ་ཅུ་པ་ཡི་མཆོད་རྟེན་གཅིག །རིན་ཆེན་བདུན་པོ་དག་གིས་དེ་རྒྱས་ཤིང་། །གདུགས་གྲངས་བྱེ་བ་བརྒྱ་ཕྲག་བདུན་ཅུ་གཉིས། །
བདེ་བར་གཤེགས་པ་ཤིན་ཏུ་འཕགས་དཔལ་གྱི། །སྐྱེ་བའི་ཡུལ་ནི་ཡེ་ཤེས་ལྡན་ཞེས་བྱ། །བདེ་གཤེགས་དེའི་རིགས་བྲམ་ཟེ་འོད་ཀྱི་ཚད། །རྒྱང་གྲགས་བཅུ་ཡོད་བཤེས་གཉེན་བཟང་པོ་ཡབ། །སྐྱེ་བོའི་མཆོད་རྟེན་ཞེས་བྱ་སྐྱེད་པའི་ཡུམ། །སྲས་པོ་མཆོག་མ་མིག་
བཟངས་རིམ་གྲོ་པ། །སེང་གེའི་སྒྲ་སྒྲོགས་པ་ནི་མཁས་པ་སྟེ། །བླ་མ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དགྲ་བཅོམ་བྱེ་ཕྲག་བཅུ། །གཉིས་པར་བཅུ་གཉིས་གསུམ་པར་བརྒྱད་ཡོད་དོ། །དེ་ན་མི་རྣམས་དག་གི་ཚེ་ཡི་ཚད། །ལོ་གྲངས་སྟོང་ཕྲག་
ཉི་ཤུ་རྩ་བཞི་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བྱེ་བར་གནས་ཤིང་སྐུ་གདུང་འཕེལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་ཡོད་དེ། །ཐམས་ཅད་རྒྱང་གྲགས་བདུན་པ་རིན་ཆེན་གདུགས། །དེ་བཞིན་གཤེགས་པ་སེང་གེའི་སྒྲ་དག་གི། །སྐྱེ་

བའི་ཡུལ་ནི་སཱ་ལའི་བདག་ཅེས་བྱ། །བདེ་གཤེགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །རྒྱང་གྲགས་དགུ་ཡོད་ཡབ་ནི་ལུས་མཛེས་ཡིན། །སྨྲ་བ་གྲུབ་ཅེས་བྱ་བ་དེ་ཡི་ཡུམ། །སྲས་པོ་ནད་མེད་ཏོག་ནི་རིམ་གྲོ་པ། །ཤེས་རབ་གདོན་མི་ཟ་བ་མཁས་པ་སྟེ། །ཆོས་
དགའ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །དང་པོར་ཚོགས་པ་སྟོང་ཕྲག་དྲུག་ཅུ་ཡོད། །གཉིས་པར་བདུན་ཅུ་གསུམ་པར་བརྒྱད་ཅུ་ཡོད། །དགྲ་བཅོམ་ཀུན་ཀྱང་ང་རྒྱལ་དྲེགས་ལས་གྲོལ། །སྐུ་ཚེ་རིང་སྟེ་ལོ་གྲངས་སྟོང་ཕྲག་བཅུ། །རྡུལ་དང་རྣམ་བྲལ་མྱ་ངན་འདས་ནས་ཀྱང་། །དམ་
པའི་ཆོས་དག་ལོ་གྲངས་སྟོང་དུ་གནས། །དེ་ཚེ་བདེ་བར་གཤེགས་པའི་མཆོད་རྟེན་གཅིག །དཔག་ཚད་བདུན་ཙམ་ཁོར་ཡུག་རིན་ཆེན་གང་། །བདེ་བར་གཤེགས་པ་རྣམ་རོལ་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་དཔལ་ཞེས་བྱ། །བདེ་གཤེགས་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །
རྒྱང་གྲགས་གསུམ་ཡོད་གཟི་བརྗིད་བཟང་པོ་ཡབ། །བསོད་ནམས་ང་རོ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་ལྷ་སྡུག་ཞི་བ་རིམ་གྲོ་པ། །ཆོས་འཕགས་ཞེས་ནི་བྱ་བ་མཁས་པ་སྟེ། །སྨྲ་བའི་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་འདོད་ཆགས་རྡུལ་རྣམས་ནི། །མ་
ལུས་བཅོམ་པ་སྟོང་ཕྲག་བརྒྱད་ཅུ་ཡོད། །འདུས་པ་གཉིས་པར་བདུན་ཅུ་རྩ་བརྒྱད་ཡོད། །གསུམ་པར་གཏི་མུག་སྤངས་པ་བདུན་ཅུ་དྲུག །དེ་ཚེ་མི་རྣམས་དག་གི་ཚེ་ཡི་ཚད། །ལོ་གྲངས་སྟོང་ཕྲག་བདུན་ཅུ་རྩ་བཞི་ཡིན། །ཉིས་འགྱུར་དག་ཏུ་དེ་ཡི་དམ་ཆོས་གནས། །དྲང་
སྲོང་ཆེན་པོའི་མཆོད་རྟེན་གཅིག་ཅིག་འབྱུང་། །དེ་བཞིན་གཤེགས་པ་ཀླུ་ཡི་འོད་དག་གི། །སྐྱེ་བའི་ཡུལ་ནི་གླང་པོས་མཐོང་ཞེས་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་ཡབ་ནི་ཡུལ་འཁོར་བཟང་། །ཤིན་ཏུ་དགའ་ཞེས་བྱ་བ་ཡུམ་ཡིན་ནོ། །
སྲས་པོ་འཕན་བྱེད་ལྷུན་པོ་རིམ་གྲོ་པ། །རྒྱུ་ཡི་སྟོབས་ཞེས་བྱ་བ་མཁས་པ་སྟེ། །དྲང་སྲོང་བྱིན་དགའ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་རྒྱལ་བའི་དགྲ་བཅོམ་པ། །ཚོགས་པ་བྱེ་བ་སྟོང་ཕྲག་བདུན་ཅུ་གཉིས། །གཉིས་པ་དག་ཏུ་བདུན་ཅུ་རྩ་གཅིག་ཡོད། །གསུམ་པར་བྱེ་བ་

སྟོང་ཕྲག་བདུན་ཅུ་ཡོད། །དེ་ཚེ་སྐད་ཅིག་དེ་ལ་སྐུ་ཚེའི་ཚད། །ལོ་གྲངས་བརྒྱད་བརྒྱའི་བར་དུ་གནས་པར་འགྱུར། །དམ་ཆོས་ལོ་གྲངས་བརྒྱ་ཕྲག་བཅུ་གཉིས་གནས། །རྒྱལ་བའི་མཆོད་རྟེན་གཅིག་ཅིག་འབྱུང་བར་འགྱུར། །དེ་བཞིན་གཤེགས་པ་མེ་ཏོག་རི་བོ་ཡི། །སྐྱེ་
བའི་ཡུལ་ནི་རི་ཡིས་མཐོང་ཞེས་བྱ། །རིགས་ནི་བྲམ་ཟེ་འོད་ཀྱི་དཀྱིལ་འཁོར་དག །དཔག་ཚད་སུམ་ཅུ་ཡབ་ནི་ལེགས་ཡིད་གཞུངས། །ཡོན་ཏན་བསགས་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་བདེ་སྟོབས་དྲག་ཤུལ་རིམ་གྲོ་པ། །བློ་རྫོགས་འོད་ཟེར་ཞེས་བྱ་མཁས་པ་སྟེ། །
གློག་མཆོག་ཅེས་བྱ་བ་ནི་རྫུ་འཕྲུལ་ཅན། །དགྲ་བཅོམ་འདུས་པ་སྟོང་ཕྲག་དྲུག་ཅུ་དྲུག །གཉིས་པར་རྡུལ་མེད་དྲུག་ཅུ་རྩ་ཡང་ལྔ། །གསུམ་པར་སྟོང་ཕྲག་དྲུག་ཅུ་རྩ་བཞི་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་ཡིན། །བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང་། །
དམ་ཆོས་ལོ་གྲངས་བྱེ་བ་གསུམ་དུ་གནས། །རྒྱལ་བའི་མཆོད་རྟེན་ཁྲི་ཕྲག་བཅུ་ཡོད་དེ། །མུ་ཏིག་དྲ་བ་མཆོག་དག་སྦྱངས་པས་ཁྱབ། །དེ་བཞིན་གཤེགས་པ་ཀླུ་ནི་དགའ་བ་ཡི། །སྐྱེ་བའི་ཡུལ་ནི་མེ་ཏོག་འོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་
ཚད་དྲུག་ཅུ་རྩ་བདུན་འཕྲོས་པར་འགྱུར། །རི་དགས་འགྲོས་ཞེས་བྱ་བ་ཡབ་ཡིན་ལ། །གཟུགས་བཟང་མོ་ཞེས་བྱ་བ་ཡུམ་ཡིན་ནོ། །དེ་ཡི་སྲས་པོ་ཀླུ་ཞེས་བྱ་བ་སྟེ། །གླིང་འགྲོ་ཞེས་བྱ་དེ་ཡི་རིམ་གྲོ་པ། །འགྲོ་བའི་གཟི་བརྗིད་ཅེས་བྱ་མཁས་པ་སྟེ། །དགའ་ཆེན་ཞེས་
ནི་བྱ་བ་རྫུ་འཕྲུལ་ཅན། །དང་པོར་ཚོགས་པ་བྱེ་བ་སྟོང་ཕྲག་ཡོད། །གཉིས་པར་བརྒྱད་ཡོད་གསུམ་པ་དག་ཏུ་ལྔ། །སྐུ་ཚེ་ལོ་གྲངས་དག་ནི་སུམ་ཁྲི་ཡིན། །དམ་ཆོས་ལོ་གྲངས་སྟོང་ཕྲག་བདུན་ཅུར་གནས། །རྒྱལ་བའི་མཆོད་རྟེན་སྟོང་ཕྲག་བརྒྱད་ཅུ་སྟེ། །རྒྱལ་མཚན་མཐོན་
པོ་དཔག་ཚད་གཅིག་པས་བརྒྱན། །དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ཕྱུག་གི། །སྐྱེ་བའི་ཡུལ་ནི་དགའ་བས་མཐོང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་སུམ་ཅུ་ཡབ་ནི་ལེགས་སྐྱེས་ཡིན། །ཟླ་འོད་ཡུམ་ཡིན་སྲས་པོ་འཛམ་བུ་འགྲོ། །

ལེགས་གཙོ་ཞེས་ནི་བྱ་བ་རིམ་གྲོ་པ། །ཤེས་རབ་འོད་ཅེས་བྱ་བ་མཁས་པ་སྟེ། །དཔལ་དྲེགས་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །དང་པོར་དགྲ་བཅོམ་བྱེ་བརྒྱ་དགུ་བཅུ་ཡོད། །གཉིས་པར་བརྒྱད་ཅུ་གསུམ་པར་བདུན་ཅུ་དྲུག །དེ་ཚེ་མི་རྣམས་དག་གི་ཚེ་ཡི་
ཚད། །ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡིན། །དེ་ཡི་དམ་པའི་ཆོས་དག་ལོ་གྲངས་ནི། །འབུམ་ཕྲག་བརྒྱ་ཡི་བར་དུ་གནས་པར་འགྱུར། །མཆོད་རྟེན་བྱེ་བ་སྟོང་ཕྲག་བདུན་ཅུ་གཅིག །གསེར་མཆོག་དམ་པ་དག་གིས་ལེགས་པར་སྤྲས། །བདེ་བར་གཤེགས་པ་
ཤིན་ཏུ་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་དག་པར་དགའ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་ཚོགས་དབང་ཡིན། །གསེར་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་སྐལ་འདོད་ཉི་མ་རིམ་གྲོ་པ། །ཆོས་འོད་ཅེས་ནི་བྱ་བ་
མཁས་པ་སྟེ། །ཐོས་པ་རྟོགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོ་དག་ཏུ་དགྲ་བཅོམ་པ། །བྱེ་བ་སྟོང་ཕྲག་བཞི་བཅུ་རྩ་དྲུག་ཡོད། །གཉིས་པར་བཞི་བཅུ་རྩ་གསུམ་ཐམ་པ་ཡོད། །གསུམ་པར་ཉི་ཤུ་རྩ་གསུམ་ཐམ་པ་འབྱུང་། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་གཉིས་
ཀྱང་ཡིན། །སྟོན་པ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ཁྲིར་གནས་འགྱུར་སྐུ་གདུང་གཅིག །དཔག་ཚད་ལྔ་པའི་མཆོད་རྟེན་གཅིག་ཅིག་འབྱུང་། །དེ་བཞིན་གཤེགས་པ་སྟོབས་ཀྱི་ལྷ་དེ་ཡི། །སྐྱེ་བའི་ཡུལ་ནི་འོད་པོ་ཆེ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་
ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་གཉིས་ཡོད་ལེགས་བཟང་ཡབ། །ཟླ་འོད་ཅེས་ནི་བྱ་བ་ཡུམ་ཡིན་ནོ། །སྲས་པོ་དབང་འོད་དགའ་བོ་རིམ་གྲོ་པ། །སེང་གེའི་བློ་གྲོས་ཞེས་བྱ་མཁས་པ་སྟེ། །སྲིད་པའི་བཤེས་གཉེན་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་རྡུལ་རྣམས་བཅོམ་པ་
པོ། །བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གསུམ་ཡོད། །འདུས་པ་གཉིས་པར་དགུ་བཅུ་རྩ་གཉིས་ཡོད། །འདུས་པ་གསུམ་པར་དགུ་བཅུ་རྩ་གཅིག་ཡོད། །སྐུ་ཚེ་ལོ་གྲངས་དག་ནི་དགུ་སྟོང་ཡིན། །དམ་ཆོས་ལོ་གྲངས་སྟོང་ཕྲག་བདུན་ཅུར་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་

འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་ཐམ། །མཚུངས་པ་མེད་པ་ཡོན་ཏན་ཕྲེང་ལྡན་གྱི། །སྐྱེ་བའི་ཡུལ་ནི་དགའ་བ་སྡུག་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་དྲུག་ཡབ་ནི་ན་ཚོད་བཟང་། །སྐལ་ལྡན་ང་རོ་ཞེས་བྱ་ཡུམ་ཡིན་ནོ། །དེ་
ཚེ་རྒྱལ་བའི་སྲས་པོ་ཚངས་བདག་ཡིན། །བློ་རྫོགས་ཞེས་ནི་བྱ་བ་རིམ་གྲོ་པ། །ལག་བཟངས་མཁས་པ་བཞིན་བཟངས་རྫུ་འཕྲུལ་ཅན། །དང་པོར་ཚོགས་པ་དགྲ་བཅོམ་བྱེ་བ་སྟོང་། །གཉིས་པ་དག་ཏུའང་དེ་སྙེད་ཡོད་གྱུར་ལ། །འདུས་པ་གསུམ་པ་དག་ཏུ་ལྔ་འགྱུར་ཡོད། །
སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་ཡིན། །མཚུངས་མེད་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བྱེ་བ་ཕྲག་ནི་གསུམ་དུ་གནས། །མཆོད་རྟེན་བྱེ་བ་དགུ་བཅུ་རྩ་དགུ་སྟེ། །ཐམས་ཅད་གསེར་དག་གིས་ནི་ཁྱབ་པར་འགྱུར། །བདེ་བར་གཤེགས་པ་ཀླུ་ཡི་ལག་པ་ཡི། །
སྐྱེ་བའི་ཡུལ་ནི་དགའ་བ་ཞེས་ཀྱང་བྱ། །མགོན་པོའི་རིགས་ནི་བྲམ་ཟེ་དག་ཏུ་འགྱུར། །གླིང་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས། །དེ་ཡི་འོད་ཀྱིས་རྟག་པ་དག་ཏུ་ཁྱབ། །དེ་ཡི་ཡབ་ནི་ཚོགས་ཅན་འོད་ཡིན་ལ། །དེ་ཡི་ཡུམ་ནི་སྤོས་ལྡན་མ་ཞེས་བྱ། །སྲས་པོ་དེས་པ་འོད་འཕྲོ་རིམ་
གྲོ་པ། །ཡེ་ཤེས་རྣམ་ལྟ་ཞེས་བྱ་མཁས་པ་སྟེ། །བདེན་པར་སྨྲ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་བཅུ་དྲུག་ཡོད། །གཉིས་པར་བཅྭ་བརྒྱད་གསུམ་པར་ཉི་ཤུ་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་སྟོང་ཕྲག་བཅུ། །བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང་། །
དམ་ཆོས་ལོ་གྲངས་བྱེ་བ་ཕྲག་བརྒྱད་གནས། །དེ་ཡི་མཆོད་རྟེན་བྱེ་བ་དགུ་བཅུ་དགུ། །བདེ་བར་གཤེགས་པ་མིག་ནི་བརྒྱན་པ་ཡི། །སྐྱེ་བའི་ཡུལ་ནི་མཆོད་རྟེན་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བདུན་ཡོད་ཡབ་ནི་གྲོགས་བཟང་ཡིན། །
ཡུམ་ནི་དྲ་བ་ཅན་གྱི་འོད་ཅེས་བྱ། །སྲས་པོ་ཤུགས་དགའ་གྲོལ་བ་རིམ་གྲོ་པ། །ཆོས་མཐོང་ཞེས་ནི་བྱ་བ་མཁས་པ་སྟེ། །མཉམ་པར་བཞག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དགྲ་བཅོམ་བྱེ་སྟོང་བརྒྱ། །འདུས་པ་གཉིས་པར་དགྲ་བཅོམ་ཚོགས་པ་དག །བྱེ་

སྟོང་དགུ་བཅུ་གསུམ་པར་བརྒྱད་ཅུ་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་དྲུག །སངས་རྒྱས་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བྱེ་བའི་བར་དུ་གནས། །མཆོད་རྟེན་བཟང་པོ་གྲངས་ནི་བྱེ་བ་སྟེ། །རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་
སྤྲས། །སངས་རྒྱས་ལེགས་པར་སྦྱངས་པའི་བློ་དག་གི། །སྐྱེ་བའི་ཡུལ་ནི་བཅུ་ལྡན་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་དབང་ཆེན་ཡིན། །ཏོག་འོད་ཅེས་བྱ་ཡུམ་ཡིན་སྲས་པོ་ནི། །སྐྱེ་བའི་ཁྱུ་མཆོག་རྒྱན་ནི་
རིམ་གྲོ་པ། །སྨན་གྱི་རྒྱལ་པོ་ཞེས་བྱ་མཁས་པ་སྟེ། །ཚིག་གི་ཁ་ལོ་སྒྱུར་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡོད། །གཉིས་པར་དེ་ན་སུམ་ཅུ་ཡོད་པར་འགྱུར། །འདུས་པ་གསུམ་པར་ཉི་ཤུ་རྩ་ཡང་བརྒྱད། །སྐུ་ཚེའི་ཚད་ནི་ལོ་གྲངས་སྟོང་
ཡིན་ནོ། །སངས་རྒྱས་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སྟོང་ཕྲག་བཅུ་བཞིར་སྤྱོད། །མཚུངས་པ་མེད་པའི་སྐུ་གདུང་མཆོད་རྟེན་ནི། །གཅིག་ཡིན་དཔག་ཚད་རངས་པ་གཅིག་ཙམ་མོ། །སངས་རྒྱས་ཟིལ་གྱིས་གནོན་པ་ཡེ་ཤེས་ཀྱི། །སྐྱེ་བའི་
ཡུལ་ནི་དགའ་བ་འདོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་མཐུ་ལྡན་ཡིན། །བརྟུལ་ཞུགས་བདེན་པ་ཡུམ་ཡིན་སྲས་པོ་ནི། །དྲང་སྲོང་སྡུག་པ་དགའ་བོ་རིམ་གྲོ་པ། །ཆོས་ཀྱིས་རྣམ་པར་རོལ་པ་མཁས་པ་སྟེ། །ཟླ་བའི་
འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་ཕྲག་བཅུ་གསུམ་ཡོད། །གཉིས་པར་བཅུ་གཉིས་གསུམ་པ་དག་ཏུ་བརྒྱད། །སྐུ་ཚེ་ལོ་གྲངས་བརྒྱ་ཕྲག་གཉིས་ཀྱང་ཡིན། །དམ་ཆོས་ལོ་གྲངས་བྱེ་བ་སྟོང་དུ་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །
མཆོད་རྟེན་བྱེ་བ་བརྒྱ་ཕྲག་སུམ་ཅུ་གཉིས། །མཆོད་རྟེན་ཀུན་ཀྱང་དཔག་ཚད་གཉིས་པ་སྟེ། །ཐམས་ཅད་གདུགས་གྲངས་སྟོང་ཕྲག་བརྒྱད་ཅུས་ཁྱབ། །སངས་རྒྱས་མཐའ་ཡས་པ་ཡི་སྤྱན་དག་གི། །སྐྱེ་བའི་ཡུལ་ནི་བསོད་ནམས་འོད་གསལ་ཡིན། །རྒྱལ་བའི་རིགས་ནི་

བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཞི་ཡོད་ཡབ་ནི་བརྟུལ་ཞུགས་ཤེས། །ཆོས་གནས་ཞེས་བྱ་ཡུམ་ཡིན་སྲས་པོ་ནི། །རྒྱལ་བར་དགའ་བ་སྙིང་པོ་རིམ་གྲོ་པ། །མེ་ཏོག་ཚོགས་ཞེས་བྱ་བ་མཁས་པ་སྟེ། །གླང་པོའི་འགྲོས་ཞེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་
བརྒྱ་ཕྲག་དྲུག་ཅུ་དྲུག །གཉིས་པར་ལྔ་ཡོད་གསུམ་པ་དག་ཏུ་བདུན། །ཐུགས་རྗེ་ཅན་གྱི་སྐུ་ཚེའི་ཚད་དག་ནི། །ལོ་གྲངས་སྟོང་ཕྲག་ཉི་ཤུ་རྩ་ཡང་གསུམ། །བདུད་རྣམས་བརླག་མཛད་དེ་ཡི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅུ་ཡི་བར་དུ་གནས། །མཆོད་རྟེན་
བྱེ་བ་ཕྲག་བཅུ་ཚང་བ་སྟེ། །མེ་ཏོག་རྒྱན་དང་རྟ་བབས་དག་གིས་བརྒྱན། །དེ་བཞིན་གཤེགས་པ་བདེན་པར་གསུང་བ་ཡི། །སྐྱེ་བའི་ཡུལ་ནི་མདངས་དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་བསོད་ནམས་བཟང་། །
ལྷ་འོད་ཅེས་ནི་བྱ་བ་ཡུམ་ཡིན་ནོ། །སྲས་པོ་དོན་ཆེན་འོད་ལྡན་རིམ་གྲོ་པ། །ཡེ་ཤེས་ཡང་དག་འཕགས་པ་མཁས་པ་སྟེ། །སྲིད་པར་འགྲོ་ཞེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བརྒྱ་ཕྲག་ཉི་ཤུ་སྟེ། །གཉིས་པར་བྱེ་བ་བརྒྱ་ནི་ཚང་བར་ཡོད། །འདུས་པ་གསུམ་པར་བྱེ་བ་
དགུ་བཅུ་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་ཡིན། །ཞི་བར་གྱུར་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སྟོང་ཕྲག་ཉི་ཤུ་གཉིས་སུ་གནས། །མཆོད་རྟེན་དམ་པ་བྱེ་བ་དྲུག་ཅུ་སྟེ། །གསེར་ལས་བྱས་པའི་རྒྱལ་མཚན་དག་གིས་གང་། །དེ་བཞིན་གཤེགས་པ་ཉི་
མའི་འོད་དག་གི། །སྐྱེ་བའི་ཡུལ་ནི་སྨན་ཞེས་བྱ་བ་ཡིན། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་མིག་བཟང་ཡིན། །ཚུལ་ཁྲིམས་ལྡན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ཐར་དགའ་ཞི་བ་རིམ་གྲོ་པ། །ནོར་གྲགས་ཞེས་ནི་བྱ་བ་མཁས་པ་སྟེ། །
རྙོག་པ་མེད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་ཕྲག་སུམ་ཅུ་གཉིས། །འདུས་པ་གཉིས་པར་བྱེ་ཕྲག་ཉི་ཤུ་གཅིག །འདུས་པ་གསུམ་པར་བྱེ་ཕྲག་སུམ་ཅུ་ཐམ། །སྐུ་ཚེ་ལོ་གྲངས་འབུམ་ཕྲག་དྲུག་ཅུ་ཡིན། །དམ་ཆོས་ལོ་གྲངས་ས་ཡ་ཕྲག་གཅིག་དང་། །འབུམ་

ཕྲག་གསུམ་གྱི་བར་དུ་གནས་པར་འགྱུར། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་ཡོད་དེ། །གསེར་ལས་བྱས་པའི་རྒྱལ་མཚན་དག་གིས་གང་། །དེ་བཞིན་གཤེགས་པ་དེས་པའི་བློ་དག་གི། །སྐྱེ་བའི་ཡུལ་ནི་དགའ་བ་སྡུག་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་
ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཁྱད་པར་འཕགས། །བདེ་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །གང་པོ་སྲས་ཡིན་སྐར་མ་རིམ་གྲོ་པ། །ལྷག་ཤེས་ཞེས་ནི་བྱ་བ་མཁས་པ་སྟེ། །བདུད་སྤོང་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་ཕལ་ཆེན་བྱེ་བ་བརྒྱ། །གཉིས་པར་
བརྒྱད་ཅུ་གསུམ་པར་དྲུག་ཅུ་ཡོད། །མི་རྣམས་ཚེ་ཚད་ལོ་གྲངས་སྟོང་ཕྲག་བཅུ། །དེ་ཡིས་ལྔ་འགྱུར་དུ་ནི་དམ་ཆོས་གནས། །འཛམ་བུའི་གླིང་ན་སྐུ་གདུང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་བརྒྱད་ཅུ་བརྒྱད། །མཆོད་རྟེན་རེ་རེ་དག་གི་ཐད་ན་ཡང་། །མར་མེ་བྱེ་བ་བརྒྱ་ཕྲག་ཉིན་
མཚན་འབར། །དེ་བཞིན་གཤེགས་པ་མཐའ་ཡས་གཟུགས་དག་གི། །སྐྱེ་བའི་ཡུལ་ནི་མཆོད་པ་ཞེས་ཀྱང་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་རྩ་བཞི་གྲོགས་བཟང་ཡབ། །བཟང་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་འཇིགས་མེད་འོད་ལྡན་
རིམ་གྲོ་པ། །གསང་སྔགས་གདོན་མི་ཟ་བ་མཁས་པ་སྟེ། །བདེ་བའི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །ཤིན་ཏུ་དགའ་བའི་བློ་ཅན་དགྲ་བཅོམ་པ། །བྱེ་བ་ལྔ་བཅུ་རྩ་དྲུག་གཉིས་པར་ལྔ། །འདུས་པ་གསུམ་པར་ལྔ་བཅུ་རྩ་ཡང་བཞི། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །བདེ་
བར་གཤེགས་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བྱེ་བའི་བར་དུ་གནས། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་སུམ་ཅུ་གཉིས། །རིན་ཆེན་པད་མ་དག་གིས་རྣམ་པར་སྤྲས། །བདེ་བར་གཤེགས་པ་རྣམ་པར་སྣང་མཛད་ཀྱི། །སྐྱེ་བའི་ཡུལ་ནི་མེ་ཏོག་རྫོགས་ཞེས་བྱ། །རྒྱལ་
བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་ན་ཚོད་བཟང་། །གང་གཱའི་མཆོག་ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་འོད་མཐའ་གང་པོ་རིམ་གྲོ་པ། །གཏི་མུག་རྣམ་པར་སེལ་བ་མཁས་པ་སྟེ། །ཉོན་མོངས་སྤོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །ཤེས་ལྡན་

སྲིད་ལས་རྒལ་བ་དགྲ་བཅོམ་པ། །འདུས་པ་དང་པོར་བྱེ་བ་དྲུག་ཅུ་ཡོད། །གཉིས་པར་བདུན་ཅུ་གསུམ་པར་བརྒྱད་ཅུ་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བྱེ་བ་གསུམ་དུ་གནས། །དེ་ཡི་མཆོད་
རྟེན་དག་ཀྱང་གཅིག་འབྱུང་ལ། །དཔག་ཚད་ཕྱེད་དང་གསུམ་ཁྱོན་རིན་ཆེན་ཁེབས། །དེ་བཞིན་གཤེགས་པ་རིན་ཆེན་ཏོག་དག་གི། །སྐྱེ་བའི་ཡུལ་ནི་དགའ་བ་ཞེས་ཀྱང་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་རྣམ་པར་གནོན། །
ཐམས་ཅད་དགའ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་བཟང་གྲགས་དྲི་མེད་རིམ་གྲོ་པ། །ནམ་མཁའི་བློ་ཞེས་བྱ་བ་མཁས་པ་སྟེ། །རི་བོའི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་འདུས་པ་བྱེ་བ་དགུ་བཅུ་བཞི། །འདུས་པ་གཉིས་པར་བྱེ་བ་དགུ་བཅུ་གསུམ། །འདུས་
པ་གསུམ་པར་བྱེ་བ་དགུ་བཅུ་གཉིས། །དེ་ཡི་སྐུ་ཚེ་ལོ་གྲངས་དགུ་ཁྲི་ཡིན། །སྲིད་གསུམ་མཆོད་པ་མྱ་ངན་འདས་ནས་ཀྱང་། །དམ་པའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །སྐུ་གདུང་དག་ཀྱང་ལེགས་པར་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་དགུ་བཅུ་རྩ་གཉིས་འབྱུང་། །
མགོན་པོ་ཐེ་ཚོམ་རྣམ་པར་སྤངས་པ་ཡི། །སྐྱེ་བའི་ཡུལ་ནི་བཀྲ་ཤིས་ཅན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་མྱ་ངན་མེད། །བློ་གྲོས་བཟང་མོ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་རྙོག་མེད་ཤེས་ཅན་རིམ་གྲོ་པ། །དེས་པའི་ཤུགས་
ཞེས་བྱ་བ་མཁས་པ་སྟེ། །རྫུ་འཕྲུལ་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་ཕྲག་དགུ་ཡོད། །གཉིས་པར་བྱེ་བརྒྱད་གསུམ་པར་བྱེ་བ་བདུན། །དེ་ཡི་ཚེ་ན་རྒྱལ་བའི་སྐུ་ཚེའི་ཚད། །ལོ་གྲངས་སུམ་བརྒྱ་དག་ཏུ་འགྱུར་བ་ཡིན། །རྒྱལ་བ་འགོག་པར་ཕྱིན་པའི་
དམ་ཆོས་དག །ལོ་གྲངས་ཉིས་སྟོང་བར་དུ་གནས་པར་འགྱུར། །དེ་ཡི་མཆོད་རྟེན་གཅིག་སྟེ་རིན་པོ་ཆེ། །བདུན་ལས་གྲུབ་པ་འཕང་དུ་དཔག་ཚད་གཅིག །བདེ་བར་གཤེགས་པ་འཇིག་རྟེན་འདས་པ་ཡི། །སྐྱེ་བའི་ཡུལ་ནི་རྟག་ཏུ་དགའ་ཞེས་བྱ། །རྒྱལ་བའི་རིགས་ནི་

བྲམ་ཟེ་འོད་དཔག་ཚད། །དྲུག་ཡོད་ཡབ་ནི་སྲིད་པའི་ཟླ་བ་ཡིན། །ཚངས་འོད་ཅེས་བྱ་ཡུམ་ཡིན་སྲས་པོ་ནི། །ཚངས་བཟངས་གཙུག་ཕུད་འཕྱང་བ་རིམ་གྲོ་པ། །ཉི་མའི་འོད་ཅེས་བྱ་བ་མཁས་པ་སྟེ། །ཕྲད་མེད་ཅེས་ནི་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་
ཕྲག་ནི་བཅུ་བཞི་སྟེ། །འདུས་པ་གཉིས་པར་བློ་ལྡན་སུམ་ཅུ་ཡོད། །དེ་ཚེ་གསུམ་པར་བྱེ་བ་ཉི་ཤུ་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །འཇིག་རྟེན་འོད་མཛད་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བྱེ་བ་གསུམ་དུ་གནས། །མྱ་ངན་འདས་པའི་མཆོད་རྟེན་རིན་
ཆེན་སྤྲས། །གྲངས་ནི་བྱེ་བ་བརྒྱད་ཅུ་ཚང་བར་འགྱུར། །སངས་རྒྱས་དོན་ཡོད་རྣམ་པར་གནོན་པ་ཡི། །སྐྱེ་བའི་ཡུལ་ནི་སྤྲིན་དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད། །བདུན་ཡོད་ཡབ་ནི་དྲང་སྲོང་དབང་པོ་ཡིན། །ཚངས་པའི་དབྱངས་ཞེས་བྱ་བ་ཡུམ་ཡིན་
ནོ། །སྲས་པོ་བདེ་འོད་བརྟན་པ་རིམ་གྲོ་པ། །ཡུལ་འཁོར་ཡེ་ཤེས་ཞེས་བྱ་མཁས་པ་སྟེ། །ཡིད་དུ་འོང་བའི་ང་རོ་རྫུ་འཕྲུལ་ཅན། །དགྲ་བཅོམ་ང་མེད་བྱེ་བ་དགུ་བཅུ་དགུ། །གཉིས་པ་དག་ཏུ་དགུ་བཅུ་རྩ་བརྒྱད་ཡོད། །གསུམ་པ་དག་ཏུ་དགུ་བཅུ་རྩ་དྲུག་ཡོད། །དེའི་ཚེ་ལོ་ནི་
དགུ་ཁྲི་ལྔ་སྟོང་ཡིན། །བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང་། །དམ་པའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་སུམ་ཅུ་གཉིས། །བདེ་བར་གཤེགས་པ་རྟོགས་པར་མཛད་པ་ཡི། །སྐྱེ་བའི་ཡུལ་ནི་
དགའ་བའི་སྤྲིན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་སུམ་ཅུ་ཡབ་ནི་དབང་ཆེན་ཡིན། །རིན་ཆེན་དགའ་བ་ཡུམ་ཡིན་སྲས་པོ་ནི། །སྐྱེ་བོ་དགའ་བ་ཐུབ་པ་རིམ་གྲོ་པ། །ཆོས་ཀྱི་སྟོབས་ཞེས་བྱ་བ་མཁས་པ་སྟེ། །མཁས་པ་ཤེས་རབ་ལྡན་པ་རྫུ་
འཕྲུལ་ཅན། །ཡིད་གཉིས་སྤོང་བར་བྱེད་པ་དགྲ་བཅོམ་པ། །འདུས་པ་དང་པོར་བྱེ་བ་བརྒྱ་ཕྲག་དགུ། །གཉིས་པར་བརྒྱད་ཡོད་གསུམ་པར་བདུན་ཡང་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་ཡིན། །བདེ་བར་གཤེགས་པ་ཟད་མཐར་ཕྱིན་པ་ཡི། །དམ་ཆོས་ལོ་གྲངས་

བྱེ་བ་གསུམ་དུ་གནས། །སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་འབྱུང་ལ། །དཔག་ཚད་གསུམ་ཁྱོན་གསེར་གྱི་རྒྱལ་མཚན་བརྒྱན།། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་གཉིས་པ། བདེ་བར་གཤེགས་
པ་མེ་ཏོག་རྒྱལ་མཚན་གྱི། །སྐྱེ་བའི་ཡུལ་ནི་མཆོག་མ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་ངོ་ཚ་ཤེས། །འཛམ་བུའི་ཆུ་བོ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་བརྟན་ལྡན་དགའ་བ་རིམ་གྲོ་པ། །འཇིག་རྟེན་འོད་ཅེས་བྱ་བ་
མཁས་པ་སྟེ། །ཡེ་ཤེས་ལྡན་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་བདུན་ཅུ་ཡོད། །གཉིས་པ་དག་ཏུ་སེམས་གྲོལ་བརྒྱད་ཅུ་ཡོད། །འདུས་པ་གསུམ་པར་བྱེ་བ་དགུ་བཅུ་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་དགུ་བཅུ་དགུ། །མྱ་ངན་འདས་ནས་དམ་པའི་
ཆོས་དག་ཀྱང་། །ལོ་གྲངས་བྱེ་བ་ཕྲག་བཅུའི་བར་དུ་གནས། །དེ་ཡི་མཆོད་རྟེན་བཟང་པོ་སྐུ་གདུང་བཅས། །བྱེ་བ་ཕྲག་ནི་སུམ་ཅུ་རྩ་གཉིས་འབྱུང་། །དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་དགའ་བས་མཐོང་ཞེས་བྱ། །དེ་ཡི་རིགས་ནི་
རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་དྲུག་ཡབ་ནི་བརྟུལ་ཞུགས་བཟང་། །སྦྱིན་ལ་དགའ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ཙམ་ཀ་འོད་དབང་རིམ་གྲོ་པ། །ཤེས་རབ་སྒྲ་སྐད་ཅེས་བྱ་མཁས་པ་སྟེ། །ཟླ་སྡུག་ཅེས་ནི་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་དག་ནི་
སྟོང་ཕྲག་བརྒྱད་ཅུ་སྟེ། །གཉིས་པར་བདུན་ཅུ་གསུམ་པར་དྲུག་ཅུ་ཡོད། །མི་དེ་དག་གི་ཚེ་ཡི་ཚད་དག་ནི། །ལོ་ཡི་གྲངས་དག་བྱེ་བ་ཚང་བར་འགྱུར། །བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང་། །དམ་པའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །དེ་ཡི་མཆོད་རྟེན་གཅིག་
འབྱུང་འཕང་དག་ཏུ། །དཔག་ཚད་གཅིག་ཡོད་རིན་པོ་ཆེ་ཡིས་སྤྲས། །དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་མུ་སྟེགས་བཟང་། །འབྲུག་སྒྲ་

ཞེས་ནི་བྱ་བ་ཡུམ་ཡིན་ནོ། །སྲས་པོ་འཇམ་དགའ་འོད་ལྡན་རིམ་གྲོ་པ། །སྐར་མདའ་འཕགས་ཞེས་བྱ་བ་མཁས་པ་སྟེ། །དཔའ་བར་གྲགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་ང་མེད་སྟོང་ཕྲག་སུམ་ཅུ་གཉིས། །གཉིས་པ་དག་ཏུ་སྟོང་ཕྲག་སུམ་ཅུ་
གཅིག །འདུས་པ་གསུམ་པར་སྟོང་ཕྲག་སུམ་ཅུ་ཡོད། །དེ་ཚེ་སྐུ་ཚེའི་ལོ་གྲངས་དྲུག་ཁྲི་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་ཚང་བར་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་
བདུན་ཅུ་དྲུག །དེ་བཞིན་གཤེགས་པ་དོན་མཛད་གཟིགས་པ་ཡི། །སྐྱེ་བའི་ཡུལ་ནི་ཨུད་པལ་འདབ་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དུང་ཕྱུར་བརྒྱད་ཡོད་ཡབ་ནི་འཇིགས་མེད་ཡིན། །དཔལ་གྱི་གཟི་བརྗིད་ཅེས་བྱ་ཡུམ་ཡིན་ནོ། །སྲས་པོ་རྣམ་
སྒྲོགས་ཆོས་ལྡན་རིམ་གྲོ་པ། །འོད་བཟངས་ཞེས་ནི་བྱ་བ་མཁས་པ་སྟེ། །བློ་གྲོས་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བཞི་བཅུ་རྩ་གསུམ་སྟེ། །འདུས་པ་གཉིས་པར་བྱེ་བ་བཞི་བཅུ་གཉིས། །འདུས་པ་གསུམ་པར་བྱེ་བ་བཞི་བཅུ་གཅིག །སྐུ་ཚེ་ལོ་གྲངས་
སྟོང་ཕྲག་བཞི་བཅུ་དྲུག །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་དྲུག་ཏུ་གནས། །སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་འབྱུང་ལ། །གདུགས་གྲངས་སྟོང་ཕྲག་བརྒྱད་ཅུ་དག་གིས་ཁེབས། །དེ་བཞིན་གཤེགས་པ་གྲགས་པ་མཐའ་
ཡས་ཀྱི། །སྐྱེ་བའི་ཡུལ་ནི་པད་མ་ངེས་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་སྒྱུ་མེད་ཡིན། །བདེ་བར་སེམས་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་གྲགས་དགའ་ཀླུ་ནི་རིམ་གྲོ་པ། །གདོན་མི་ཟ་བའི་བློ་ནི་མཁས་པ་སྟེ། །དགའ་བའི་ང་རོ་
ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དགྲ་བཅོམ་བྱེ་བ་ཕྲག །བདུན་ཅུ་གཉིས་པར་བྱེ་བ་དྲུག་ཅུ་ཡོད། །གསུམ་པ་དག་ཏུ་བྱེ་བ་ལྔ་བཅུ་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་དྲུག་འབུམ་ཡིན། །བདེ་བར་གཤེགས་པ་ཟད་མཐར་ཕྱིན་ནས་ཀྱང་། །དམ་ཆོས་ལོ་གྲངས་བྱེ་བ་གསུམ་དུ་

གནས། །སྐུ་གདུང་རྒྱས་པའི་མཆོད་རྟེན་དུང་ཕྱུར་བདུན། །གདུགས་དང་རྒྱལ་མཚན་བ་དན་དག་གིས་བརྒྱན། །དེ་བཞིན་གཤེགས་པ་རིན་ཆེན་ལྷ་དག་གི། །སྐྱེ་བའི་ཡུལ་ནི་ཨུད་པལ་བརྒྱན་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་
ནི་དཔའ་བོ་ཡིན། །སཱ་ལའི་འོད་ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་བཟང་དགའ་རྒྱལ་བ་རིམ་གྲོ་པ། །སྐར་འོད་ཅེས་ནི་བྱ་བ་མཁས་པ་སྟེ། །གསེར་གྱི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་བརྒྱད་ཅུ་ཡོད། །གཉིས་པར་ལྔ་བཅུ་གསུམ་པར་སུམ་ཅུ་ཡོད། །དེ་
ན་མི་རྣམས་དག་གི་ཚེ་ཡི་ཚད། །ལོ་གྲངས་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡིན། །དེ་ཚེ་འགོག་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་དགུ་བཅུའི་བར་དུ་གནས། །མཆོད་རྟེན་དཔག་ཚད་གཉིས་ཀྱི་ཁྱོན་ཙམ་ལ། །གདུགས་གྲངས་བྱེ་བ་ཕྲག་ནི་བརྒྱ་ཡིས་བསྐོར། །དེ་བཞིན་
གཤེགས་པ་དོན་གནས་མཁྱེན་པ་ཡི། །སྐྱེ་བའི་ཡུལ་ནི་བརྒྱན་པ་ཞེས་ཀྱང་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་གཉིས་ཡབ་ནི་དོན་གནས་ཡིན། །ཟླ་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ཟླ་སྡུག་དགའ་བ་རིམ་གྲོ་པ། །དཔལ་རྒྱས་ཞེས་ནི་
བྱ་བ་མཁས་པ་སྟེ། །བརྟུལ་ཞུགས་སྙིང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་ཉི་ཤུ་རྩ་གཉིས་ཏེ། །འདུས་པ་གཉིས་པར་ཉི་ཤུ་རྩ་ཡང་གཅིག །འདུས་པ་གསུམ་པར་ཉི་ཤུ་ཐམ་པ་ཡོད། །མི་ཡི་ཚེ་ཚད་ལོ་གྲངས་བྱེ་བ་ཡིན། །རྡུལ་དང་བྲལ་བའི་དམ་པའི་ཆོས་
དག་ཀྱང་། །ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་དགུར་གནས། །དེ་ཡི་མཆོད་རྟེན་དཔག་ཚད་བཞི་པ་ལ། །གདུགས་གྲངས་བྱེ་བ་དག་གིས་ལེགས་པར་བརྒྱན། །དེ་བཞིན་གཤེགས་པ་བློ་ནི་རྫོགས་པ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་འོད་ཅེས་བྱ། །དེའི་རིགས་
རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཡོད་ཡབ་ནི་བློ་བཟངས་ཡིན། །པད་མ་ཅན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་སྙན་དགའ་དོ་ཤལ་རིམ་གྲོ་པ། །བསོད་ནམས་ཡང་དག་འཕགས་པ་མཁས་པ་སྟེ། །ཟླ་བའི་སྟོབས་ཞེས་བྱ་བ་རྫུ་འཕྲུལ་ཅན། །

འདུས་པ་དང་པོར་བྱེ་བ་བརྒྱད་ཅུ་ཡོད། །འདུས་པ་གཉིས་པར་འཇིགས་བྲལ་བདུན་ཅུ་ཡོད། །འདུས་པ་གསུམ་པར་བྱེ་བ་ཕྲག་སྟོང་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་དྲུག །འཇིག་རྟེན་མཁྱེན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བྱེ་བ་ཉི་ཤུ་གསུམ་
དུ་གནས། །རྡུལ་བྲལ་མཆོད་རྟེན་བྱེ་བརྒྱ་དྲུག་ཅུ་བཞི། །ཐམས་ཅད་རྒྱང་གྲགས་གསུམ་གྱི་ཚད་ཙམ་ཡིན། །དེ་བཞིན་གཤེགས་པ་མྱ་ངན་མེད་པ་ཡི། །སྐྱེ་བའི་ཡུལ་ནི་མདངས་འཕགས་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་བཞི་
ཡབ་ནི་ཟླ་རི་ཡིན། །ལེགས་སེམས་མ་ནི་ཡུམ་ཡིན་སྲས་པོ་ནི། །ཡིད་འོང་སྡུག་པ་ཡོན་ཏན་རིམ་གྲོ་པ། །ཆོས་མཐོང་བ་ཞེས་བྱ་བ་མཁས་པ་སྟེ། །སེང་གེའི་སྟབས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་སྟོང་ཕྲག་སུམ་ཅུ་ཡོད། །འདུས་པ་གཉིས་པར་ཉི་ཤུ་རྩ་
བརྒྱད་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་སྟོང་ཡང་ཡིན། །བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་དགུ་ཁྲིའི་བར་དུ་གནས། །དཔག་ཚད་གཅིག་པའི་མཆོད་རྟེན་ཐ་དད་པ། །རིན་ཆེན་མཆོག་མ་སྣ་བདུན་རང་བཞིན་ཡིན། །དེ་བཞིན་གཤེགས་པ་
དྲི་མ་བྲལ་བ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་བརྒྱན་ཅེས་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ལྷ་ལེགས་ཡིན། །རབ་ཏུ་ཞི་ལྡན་ཡུམ་ཡིན་སྲས་པོ་ནི། །ཟླ་སྡུག་ཡོན་ཏན་ཅན་ནི་རིམ་གྲོ་པ། །གླང་པོ་བསྒྱིངས་ཞེས་བྱ་བ་མཁས་
པ་སྟེ། །བདེན་པར་སྨྲ་ཞེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བརྒྱ་ཕྲག་ལྔ་ཡོད་དེ། །གཉིས་པར་བྱེ་བ་བརྒྱ་ཕྲག་གཉིས་ཀྱང་ཡོད། །གསུམ་པ་དག་ཏུ་བྱེ་བ་བརྒྱ་ཕྲག་གསུམ། །སྐུ་ཚེ་ལོ་གྲངས་བརྒྱད་ཁྲི་བཞི་སྟོང་ཡིན། །རྐང་གཉིས་མཆོག་མ་མྱ་ངན་འདས་ནས་ཀྱང་། །
དམ་ཆོས་ལོ་གྲངས་བྱེ་བ་སྟོང་དུ་གནས། །མཆོད་རྟེན་གཅིག་སྟེ་འཕང་དུ་དཔག་ཚད་གཅིག །གདུགས་མཆོག་སྟོང་ཕྲག་བཅུ་ཡིས་ཁྱབ་པར་འགྱུར། །དེ་བཞིན་གཤེགས་པ་ཚངས་ལྷ་སྐྱེ་བའི་ཡུལ། །བསོད་ནམས་དག་གིས་རྣམ་པར་བརྒྱན་ཅེས་བྱ། །རིགས་ནི་རྒྱལ་

རིགས་ཡིན་ཏེ་འོད་དཔག་ཚད། །ཀུན་ཏུ་སུམ་ཅུ་ཡབ་ནི་ལེགས་ཡིད་གཞུངས། །ཡུམ་ནི་མེ་ཏོག་འོད་ཡིན་སྲས་པོ་ནི། །ཡོན་ཏན་བསགས་པ་འཇམ་པ་རིམ་གྲོ་པ། །རྟ་དབང་ལྷ་ཞེས་བྱ་བ་མཁས་པ་སྟེ། །སྒྲ་གཅན་འཛིན་ཅེས་བྱ་བ་རྫུ་འཕྲུལ་ཅན། །ཡང་སྲིད་ཟད་པ་དགྲ་
ནི་བཅོམ་པ་དག །འདུས་པ་དང་པོར་འབུམ་ཕྲག་ལྔ་ཡོད་དོ། །གཉིས་པར་དྲུག་ཅུ་གསུམ་པར་བདུན་ཅུ་བདུན། །སྐུ་ཚེའི་ཚད་ནི་ལོ་གྲངས་སྟོང་ཡིན་ནོ། །རྒྱལ་བ་དམ་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སུམ་སྟོང་བར་དུ་གནས། །དེ་ཡི་སྐུ་གདུང་རིལ་པོ་
གཅིག་ཡིན་ལ། །མཆོད་རྟེན་འཕང་དུ་དཔག་ཚད་གསུམ་ཙམ་འཕགས། །དེ་བཞིན་གཤེགས་པ་ས་ཡི་དབང་ཕྱུག་གི། །སྐྱེ་བའི་ཡུལ་ནི་གཟི་དང་ལྡན་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་ཡབ་ནི་གཟུགས་བཟང་ཡིན། །ཆོས་ཀྱི་འོད་
ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་བདེ་དགའ་དགེ་བ་རིམ་གྲོ་པ། །གཏི་མུག་སེལ་ཞེས་བྱ་བ་མཁས་པ་སྟེ། །དགའ་རྒྱལ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་སྟོང་ཕྲག་དྲུག་ཅུ་རྩ་བཞི་སྟེ། །འདུས་པ་གཉིས་པར་དྲུག་ཅུ་རྩ་ཡང་ལྔ། །འདུས་པ་གསུམ་པར་སྟོང་
ཕྲག་དྲུག་ཅུ་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །མཚུངས་པ་མེད་པ་བདེ་བར་གཤེགས་པའི་ཆོས། །ལོ་གྲངས་བྱེ་བ་ཕྲག་ནི་གསུམ་དུ་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་དྲུག་ཅུ་གཉིས། །དེ་བཞིན་གཤེགས་པ་མེ་
ཏོག་སྤྱན་དག་གི། །སྐྱེ་བའི་ཡུལ་ནི་སེམས་དང་འབྲེལ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དྲུག་ཅུ་རྩ་གཉིས་ཡབ་ནི་སྐྱེ་དབང་ཡིན། །བློ་གྲོས་སེམས་མ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་བདེ་འགྲོ་མེ་ཏོག་རིམ་གྲོ་པ། །མྱ་ངན་སེལ་ཞེས་བྱ་བ་མཁས་པ་
སྟེ། །འགྲོ་བ་འཛིན་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་སྟོང་ཕྲག་དྲུག་ཅུ་ཡོད། །གཉིས་པར་བདུན་ཅུ་གསུམ་པར་བརྒྱད་ཅུ་ཡོད། །དེ་ཚེ་རྒྱལ་བ་དེ་ཡི་སྐུ་ཚེའི་ཚད། །ལོ་གྲངས་སྟོང་ཕྲག་དགུ་བཅུ་དག་ཀྱང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་

གྲངས་བྱེ་བ་ཕྲག་ནི་གཉིས་སུ་གནས། །མཆོད་རྟེན་བྱེ་བ་ཕྲག་ནི་བཅུ་ཡོད་ལ། །གསེར་གྱིས་བརྒྱན་ཅིང་རིན་པོ་ཆེ་ཡིས་སྤྲས། །དེ་བཞིན་གཤེགས་པ་རྣམ་པར་འབྱེས་པའི་སྐུ། །སྐྱེ་བའི་ཡུལ་ནི་རིན་ཆེན་སྣ་ཚོགས་ཡིན། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་
ཚད། །དཔག་ཚད་ཕྱེད་ཡོད་ཡབ་ནི་གྲགས་དབང་པོ། །རྣམ་པར་སྣང་མཛད་ཅེས་བྱ་ཡུམ་ཡིན་ནོ། །སྲས་པོ་རབ་འཕགས་མུ་སྟེགས་རིམ་གྲོ་པ། །ཕལ་ཆེན་སྦྱིན་པ་བདེན་སྨྲ་མཁས་པ་སྟེ། །སེང་གེའི་ང་རོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དྲང་སྲོང་དགྲ་
བཅོམ་པ། །བྱེ་བ་སྟོང་ཕྲག་དག་ནི་བཅུ་ཡོད་དོ། །གཉིས་པར་བརྒྱད་ཡོད་གསུམ་པར་བདུན་ཡོད་དོ། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །སངས་རྒྱས་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བྱེ་བ་ཕྲག་ལྔར་གནས། །མྱ་ངན་འདས་པའི་སྐུ་གདུང་
རིལ་པོ་གཅིག །མཆོད་རྟེན་དཔག་ཚད་བདུན་པ་གཅིག་ཅིག་འབྱུང་། །བདེ་བར་གཤེགས་པ་ཆོས་ཀྱི་འོད་དག་གི། །སྐྱེ་བའི་ཡུལ་ནི་མདངས་མཐོང་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་ཁྱད་པར་འཕགས། །རིན་ཆེན་
ཆེན་མོ་ཡུམ་ཡིན་སྲས་པོ་ནི། །རབ་འཕགས་ངོ་ཚ་ཤེས་པ་རིམ་གྲོ་པ། །སེང་གེ་རྣམ་པར་སྒྲོགས་པ་མཁས་པ་སྟེ། །འཇམ་པའི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་དགུ་བཅུ་ཡོད། །གཉིས་པར་བརྒྱད་ཅུ་གསུམ་པར་དྲུག་ཅུ་ཡོད། །དེ་ན་མི་རྣམས་དག་
གི་ཚེ་ཡི་ཚད། །ལོ་ཡི་གྲངས་ནི་བདུན་ཁྲི་བཞི་སྟོང་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་བྱེ་བ་ཕྲག་ནི་ཉི་ཤུར་གནས། །རྒྱལ་བའི་མཆོད་རྟེན་སྐུ་གདུང་བཅས་པའི་གྲངས། །བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་འབྱུང་། །དེ་བཞིན་གཤེགས་པ་ཀུན་ནས་
གཟིགས་པ་ཡི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་ལྟ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ལག་བཟངས་ཡིན། །སེང་གེའི་བློ་གྲོས་ཡུམ་ཡིན་སྲས་པོ་ནི། །ཡོན་ཏན་འོད་ཡིན་མྱ་ངན་རིམ་གྲོ་པ། །མྱ་ངན་སེལ་ཞེས་བྱ་བ་མཁས་པ་སྟེ། །

གྲགས་ཆེན་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བདུན་ཅུ་རྩ་བཞི་སྟེ། །འདུས་པ་གཉིས་པར་བདུན་ཅུ་རྩ་ལྔ་ཡོད། །འདུས་པ་གསུམ་པར་བདུན་ཅུ་རྩ་ཡང་དྲུག །སྐུ་ཚེ་ལོ་གྲངས་བྱེ་བ་བདུན་ཅུ་ཡིན། །རྡུལ་དང་བྲལ་བ་ཟད་མཐར་མཛད་པ་ཡི། །དམ་ཆོས་ལོ་གྲངས་བྱེ་
བ་ཕྲག་དགུར་གནས། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་གསུམ་ཡོད་དེ། །གསེར་གྱིས་བརྒྱན་ཅིང་རིན་པོ་ཆེ་ཡིས་སྤྲས། །བདེ་བར་གཤེགས་པ་ཡོན་ཏན་འོད་གསལ་གྱི། །སྐྱེ་བའི་ཡུལ་ནི་བྱང་ཆུབ་མཐོང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཀུན་ཏུ་བྱེ་བ་
ཡབ་ནི་དགྲ་ཐུལ་ཡིན། །བརྟུལ་ཞུགས་དྲག་ལྡན་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་བདེ་དགའ་དགའ་བོ་རིམ་གྲོ་པ། །ལྟ་སེམས་ཞེས་ནི་བྱ་བ་མཁས་པ་སྟེ། །འོད་པོ་ཆེ་ཞེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བརྒྱ་ཕྲག་གཅིག་ཚང་སྟེ། །གཉིས་པར་དགུ་བཅུ་རྩ་དྲུག་
གསུམ་པར་ཡང་། །བརྒྱད་ཅུ་ཡོད་དེ་དེ་ཚེ་སྐུ་ཚེའི་ཚད། །འཇིག་རྟེན་དག་ན་དེ་ཚེ་ལོ་སྟོང་ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་དགུ་ཁྲི་དྲུག་སྟོང་བར་དུ་གནས། །མཆོད་རྟེན་ཁྱད་པར་འཕགས་པ་དུང་ཕྱུར་ལྔ། །ནོར་བུ་རིན་ཆེན་མཆོག་མ་
དག་གིས་སྤྲས། །དེ་བཞིན་གཤེགས་པ་ཟླ་བའི་ཞལ་དག་གི། །སྐྱེ་བའི་ཡུལ་ནི་བསོད་ནམས་ཚོགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་གསུམ་ཡོད་ཡབ་ནི་རྒྱ་མཚོ་ཡིན། །མེ་ཏོག་ལྡན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ཚོགས་དགའ་ནི་
ཁུམ་རིམ་གྲོ་པ། །སེང་གེས་བལྟས་ཞེས་བྱ་བ་མཁས་པ་སྟེ། །ཤིན་ཏུ་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་སྟོང་ཕྲག་བརྒྱད་ཅུ་སྟེ། །གཉིས་པར་བདུན་ཅུ་གསུམ་པར་སུམ་ཅུ་ཡོད། །མི་དེ་དག་གི་ཚེ་ཡི་ཚད་དག་ནི། །ལོ་གྲངས་སྟོང་ཕྲག་བཞི་བཅུ་རྩ་དྲུག་
ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སྟོང་ཕྲག་བཅུ་ནི་ཚང་བར་གནས། །མཆོད་རྟེན་བྱེ་བ་སྟོང་ཕྲག་དགུ་བཅུ་དགུ། །རིན་ཆེན་དག་གིས་རྣམ་པར་སྤྲས་པར་འགྱུར། །དེ་བཞིན་གཤེགས་པ་རིན་ཆེན་འོད་སྐྱེ་བའི་ཡུལ་ནི་གཙུག་ན་རིན་པོ་ཆེ་ཞེས་

བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་སྐལ་ལྡན་འདོད་ཅེས་བྱའོ། །ཡུམ་ནི་གྲགས་ལྷ་ཞེས་བྱའོ། །སྲས་ནི་སྙན་པར་སྨྲ་ཞེས་བྱའོ། །རིམ་གྲོ་པ་ནི་འགྲོ་བ་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་
ཚོགས་ཅན་གཙོ་བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གདུལ་དཀའ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཚོགས་པ་དུང་ཕྱུར་ཕྲག་དགུའོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་གཉིས་སོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་ལྔའོ། །
སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་གསུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རིན་ཆེན་ཏོག་སྐྱེ་བའི་ཡུལ་ནི་སྣ་ཚོགས་བརྩེགས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །
འོད་ནི་དཔག་ཚད་འབུམ་མོ། །ཡབ་ནི་རྒྱ་མཚོའི་བློ་ཞེས་བྱའོ། །ཡུམ་ནི་རྫོགས་སེམས་ཞེས་བྱའོ། །སྲས་ནི་འཇིག་རྟེན་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་ང་རོ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློའི་སྒྲོན་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་
གཟི་བརྗིད་དཔལ་ཞེས་བྱའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་འབུམ་མོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དྲུག་གོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་ཐེར་འབུམ་མོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་
རྒྱས་པར་འགྱུར་རོ། །མཆོད་རྟེན་ནི་འབུམ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་གྲགས་པའི་བླ་མ་སྐྱེ་བའི་ཡུལ་ནི་མེ་ཏོག་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་ཅུའོ། །ཡབ་ནི་བླ་མ་ཞེས་བྱའོ། །ཡུམ་ནི་མཆོག་ལྡན་མ་ཞེས་
བྱའོ། །སྲས་ནི་གཟི་བརྗིད་མཛེས་པ་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་ལྷག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འགྲོ་བ་བརྟན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་བྱེ་བ་

ཕྲག་ལྔའོ། །གསུམ་པ་ལ་ནི་ཐེར་འབུམ་ཕྲག་བཅུའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་བྱེད་སྐྱེ་བའི་ཡུལ་ནི་རབ་ཏུ་བརྒྱན་པ་ཞེས་བྱའོ། །རིགས་ནི་
རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཁྲིའོ། །ཡབ་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་དྲི་མ་མེད་པའི་འོད་ཅེས་བྱའོ། །སྲས་ནི་གློག་སྦྱིན་ཞེས་བྱའོ། །རིམ་གྲོ་པ་ནི་དགྲ་བཅོམ་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་འབྱེད་བློ་ཞེས་བྱའོ། །རྫུ་
འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐུབ་མེད་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བདུན་ནོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །
སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གཟི་བརྗིད་དཔག་མེད་སྐྱེ་བའི་ཡུལ་ནི་བལྟ་བར་བྱ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ས་ཡ་ཕྲག་གཅིག་དང་འབུམ་ཕྲག་གཉིས་སོ། །ཡབ་
ནི་བདེ་བར་འདུད་ཅེས་བྱའོ། །ཡུམ་ནི་བཟང་སྦྱིན་མ་ཞེས་བྱའོ། །སྲས་ནི་ཚུལ་ཁྲིམས་སྦྱིན་ཞེས་བྱའོ། །རིམ་གྲོ་པ་ནི་མཉམ་པར་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིགས་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིགས་བྲལ་ཞེས་བྱའོ། །
འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུའོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དགུའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་
སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དུས་མཁྱེན་སྐྱེ་བའི་ཡུལ་ནི་སྐར་མ་དགའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་འཛམ་བུའི་གླིང་ཙམ་མོ། །ཡབ་ནི་དབྱིག་མཆོག་ཅེས་བྱའོ། །ཡུམ་ནི་བློ་གྲོས་

བཟང་མོ་ཞེས་བྱའོ། །སྲས་ནི་བཟང་སྦྱིན་ཞེས་བྱའོ། །རིམ་གྲོ་པ་ནི་དཔག་མེད་འགྲོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་གདུགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཚུངས་མེད་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཚོགས་
པ་དུང་ཕྱུར་ཕྲག་བརྒྱད་དོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །སྐུ་ཚེའི་ཚད་ནི་ལོ་གྲངས་དྲུག་ཁྲིའོ། །དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་
པ་སེང་གེའི་སྐུ་སྐྱེ་བའི་ཡུལ་ནི་ཉམས་དགའ་བ་སྡུག་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་བཞི་པ་ཙམ་མོ། །ཡབ་ནི་ལྷའི་མེ་ཏོག་ཅེས་བྱའོ། །ཡུམ་ནི་མཚུངས་མེད་མཉམ་ཞེས་བྱའོ། །སྲས་ནི་བློ་ལྡན་ཞེས་བྱའོ། །རིམ་གྲོ་པ་ནི་བློ་རྫོགས་ཞེས་
བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསམ་པའི་སྟོབས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་འབྱེད་པའི་སྡེ་ཞེས་བྱའོ། །འདུས་པ་ནི་ལན་བཅྭ་བརྒྱད་དེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་
ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མཁས་པའི་བློ་སྐྱེ་བའི་ཡུལ་ནི་མཆོག་བསགས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་བློ་མཆོག་
ཅེས་བྱའོ། །ཡུམ་ནི་ཚངས་མཆོག་ཅེས་བྱའོ། །སྲས་ནི་བརྟུལ་ཞུགས་གྲུབ་ཅེས་བྱའོ། །རིམ་གྲོ་པ་ནི་ནོར་ལྷ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བརྟན་པོ་ཞེས་བྱའོ། །འདུས་པ་
ནི་ལན་བཅུ་སྟེ་ཐམས་ཅད་ལ་ཡང་བྱེ་བ་སྟོང་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྒྱལ་བར་དཀའ་སྐྱེ་བའི་ཡུལ་ནི་འོད་ལྡན་ཞེས་བྱའོ། །རིགས་

ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ཤུའོ། །ཡབ་ནི་མེ་ཏོག་སྦྱིན་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཕྲེང་ཞེས་བྱའོ། །སྲས་ནི་གཙུག་ན་རིན་པོ་ཆེ་ཞེས་བྱའོ། །རིམ་གྲོ་པ་ནི་མཛོད་འཛིན་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁྱད་པར་འཕགས་ཞེས་བྱའོ། །རྫུ་འཕྲུལ་
ཅན་རྣམས་ཀྱི་མཆོག་ནི་དེས་པ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཁྲིའོ། །གཉིས་པ་ལ་ནི་སུམ་ཁྲིའོ། །གསུམ་པ་ལ་ནི་ལྔ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་
པ་ཡོན་ཏན་ཕུང་པོ་སྐྱེ་བའི་ཡུལ་ནི་རྟག་ཏུ་བལྟ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ས་ཡ་ཕྲག་དྲུག་གོ། །ཡབ་ནི་མཚོན་ཆ་བཟང་པོ་ཞེས་བྱའོ། །ཡུམ་ནི་བཟང་སྦྱིན་མ་ཞེས་བྱའོ། །སྲས་ནི་མྱ་ངན་མེད་ཅེས་བྱའོ། །རིམ་གྲོ་པ་ནི་མྱ་ངན་དང་བྲལ་བ་ཞེས་
བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལེགས་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གཡོ་མེད་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་
ལོ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་བའི་ཏོག་སྐྱེ་བའི་ཡུལ་ནི་བཟང་མཆོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ས་ཡ་ཕྲག་གཅིག་དང་འབུམ་ཕྲག་བརྒྱད་དོ། །ཡབ་
ནི་ལེགས་བཟང་ཞེས་བྱའོ། །ཡུམ་ནི་གནམ་མོ་ཞེས་བྱའོ། །སྲས་ནི་སྲོག་ལྡན་ཞེས་བྱའོ། །རིམ་གྲོ་པ་ནི་བློ་ལྡན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མིག་ལྟ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བློ་གྲོས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་
ཐོས་ཐེར་འབུམ་དྲུག་ཅུའོ། །གཉིས་པ་ལ་ནི་ཐེར་འབུམ་བདུན་ཅུའོ། །གསུམ་པ་ལ་ནི་ཐེར་འབུམ་བརྒྱད་ཅུའོ། །བཞི་པ་ལ་ནི་ཐེར་འབུམ་དགུ་བཅུའོ། །ལྔ་པ་ལ་ནི་ཐེར་འབུམ་བརྒྱའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བདུན་ཁྲི་དྲུག་སྟོང་

གི་བར་དུ་གནས་སོ། །མཆོད་རྟེན་ནི་བརྒྱད་ཁྲི་བཞི་སྟོང་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་མཐུ་ཐོབ་སྐྱེ་བའི་ཡུལ་ནི་བཀོད་པ་མཐའ་ཡས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་སའི་དབང་
ཕྱུག་ཅེས་བྱའོ། །ཡུམ་ནི་མིག་བཟངས་མ་ཞེས་བྱའོ། །སྲས་ནི་ཡེ་ཤེས་དཔལ་ཞེས་བྱའོ། །རིམ་གྲོ་པ་ནི་བསོད་ནམས་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་འབྱུང་གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་བརྟན་ཞེས་
བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བདུན་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཐུ་རྩལ་མཐའ་
ཡས་སྐྱེ་བའི་ཡུལ་ནི་ཆོས་ཀྱི་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུའོ། །ཡབ་ནི་ཁ་ལོ་སྒྱུར་དགའ་ཞེས་བྱའོ། །ཡུམ་ནི་གྲགས་སྦྱིན་མ་ཞེས་བྱའོ། །སྲས་ནི་མཚོན་ཆ་བཟང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་གནས་འཕྱག་ཅེས་བྱའོ། །ཤེས་
རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་འབར་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དཔལ་འོད་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དྲུག་འབུམ་མོ། །གཉིས་པ་ལ་ནི་ལྔ་འབུམ་མོ། །གསུམ་པ་ལ་ནི་བཞི་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་
པའི་ཆོས་ནི་ལོ་ཉི་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བའི་ཡུལ་ནི་འོད་ཀྱིས་བརྒྱན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དུང་ཕྱུར་ཕྲག་གསུམ་མོ། །ཡབ་ནི་དྲི་མེད་འོད་འཕྲོ་ཞེས་བྱའོ། །
ཡུམ་ནི་གཟི་བརྗིད་ཕུང་པོ་ཞེས་བྱའོ། །སྲས་ནི་གཟི་བརྗིད་སྒྲོན་མ་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་པ་མེད་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོག་སྦྱིན་ཞེས་བྱའོ། །འདུས་པ་ནི་

ལན་བརྒྱད་ཅུ་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དུང་ཕྱུར་ཕྲག་དྲུག་གོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བརྒྱད་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་
པ་དྲི་མེད་སྐྱེ་བའི་ཡུལ་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་བཅུའོ། །ཡབ་ནི་ཡུལ་འཁོར་བཟང་པོ་ཞེས་བྱའོ། །ཡུམ་ནི་ཆོས་ཀྱི་བློ་གྲོས་མ་ཞེས་བྱའོ། །སྲས་ནི་ནབས་སོ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་འོས་ཅེས་བྱའོ། །
ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐུབ་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་དགའ་བ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དགུའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་
ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དོན་ཐམས་ཅད་གཟིགས་པ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཕུང་པོ་
ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བྱེ་བ་ཕྲག་གཉིས་དང་ས་ཡ་ཕྲག་ལྔའོ། །ཡབ་ནི་རྡོ་རྗེའི་སྡེ་ཞེས་བྱའོ། །ཡུམ་ནི་རྒྱ་མཚོས་བྱིན་ཞེས་བྱའོ། །སྲས་ནི་དགའ་བའི་དབྱངས་ཞེས་བྱའོ། །རིམ་གྲོ་པ་ནི་དོན་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་
མཆོག་ནི་རྒོལ་བ་ཚར་གཅོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་མངོན་པར་འཕགས་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་སྟེ་ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་སུམ་ཁྲི་དྲུག་སྟོང་གི་བར་དུ་
གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དཔའ་བོ་སྐྱེ་བའི་ཡུལ་ནི་ཚུགས་པ་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་དགའ་བའི་འོད་ཅེས་བྱའོ། །ཡུམ་ནི་བསོད་ནམས་ཅན་ཞེས་བྱའོ། །སྲས་ནི་མཛེས་

པ་ཞེས་བྱའོ། །རིམ་གྲོ་པ་ནི་དབྱངས་སྙན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོང་སེམས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོག་སྨྲ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་བཞི་བཅུ་
བཞིའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་ལྔའོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འབྱོར་ལྡན་སྐྱེ་བའི་ཡུལ་ནི་བསམས་བཞིན་སྟེར་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་ཁྲིའོ། །
ཡབ་ནི་སཱ་ལའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་ངེས་པར་དགའ་ཞེས་བྱའོ། །སྲས་ནི་དོན་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ཆོས་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་ཏོག་ཅེས་བྱའོ། །འདུས་པ་ནི་
ལན་བཞི་བཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་ཐེར་འབུམ་མོ། །དམ་པའི་ཆོས་ནི་ལོ་ཐེར་འབུམ་ཕྲག་བཞི་བཅུའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་
གཤེགས་པ་བསོད་ནམས་སྐྱེ་བའི་ཡུལ་ནི་སྐྱེ་བོས་མཆོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དགུ་ཁྲི་དགུ་སྟོང་ངོ་། །ཡབ་ནི་ལྷ་དགའ་ཞེས་བྱའོ། །ཡུམ་ནི་སྙན་པར་དགའ་ཞེས་བྱའོ། །སྲས་ནི་དགའ་བོ་ཞེས་བྱའོ། །རིམ་གྲོ་པ་ནི་སྐྱེ་བོ་ཕལ་ཆེན་དགའ་
ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ལག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆོས་སྟོབས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་སྟོང་ཕྲག་བདུན་ཅུའོ། །གཉིས་པ་ལ་ནི་བྱེ་བ་སྟོང་ཕྲག་དྲུག་ཅུ་རྩ་ལྔའོ། །གསུམ་པ་ལ་ནི་བྱེ་བ་སྟོང་
ཕྲག་དྲུག་ཅུའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྒྲོན་མ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མཛོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་

སྟོང་བརྒྱད་བརྒྱའོ། །ཡབ་ནི་ཙན་དན་ཅེས་བྱའོ། །ཡུམ་ནི་སྤོབས་ལྡན་མ་ཞེས་བྱའོ། །སྲས་ནི་ཙམ་པའི་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་སྦྲང་རྩི་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚིག་སྙན་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེམས་
གསལ་ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དགུ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །
དེ་བཞིན་གཤེགས་པ་ཡོན་ཏན་འོད་འཕྲོ་སྐྱེ་བའི་ཡུལ་ནི་དོན་སྣང་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་བདེ་བར་གཞོལ་ཞེས་བྱའོ། །ཡུམ་ནི་བློ་གྲོས་བཟང་མོ་ཞེས་བྱའོ། །སྲས་ནི་རིན་པོ་ཆེ་ཞེས་བྱའོ། །རིམ་གྲོ་པ་ནི་འབྱོར་ལྡན་ཞེས་
བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཆོག་ཅེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །
དམ་པའི་ཆོས་ནི་ལོ་ས་ཡ་ཕྲག་དགུའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བློ་ཡང་སྐྱེ་བའི་ཡུལ་ནི་རྒྱ་མཚོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ལེགས་
ཡིད་གཞུངས་ཞེས་བྱའོ། །ཡུམ་ནི་བློ་གནས་ཞེས་བྱའོ། །སྲས་ནི་ལེགས་འབྱུང་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་འབྱུང་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཛོད་དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གཞན་གྱིས་མི་ཐུབ་པ་ཞེས་
བྱའོ། །འདུས་པ་ནི་ལན་དགུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལེགས་སྐྱེས་སྐྱེ་བའི་ཡུལ་ནི་བསོད་ནམས་

དགའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་ཚངས་པའི་དབྱངས་ཞེས་བྱའོ། །ཡུམ་ནི་ཆོས་ལྡན་མ་ཞེས་བྱའོ། །སྲས་ནི་རྒྱུ་སྐར་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་
ནི་འཇིག་རྟེན་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐུབ་མེད་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དྲུག་གོ། །སྐུ་ཚེའི་ཚད་ནི་
ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནོར་ལྷ་སྐྱེ་བའི་ཡུལ་ནི་མེ་ཏོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་གཉིས་སོ། །ཡབ་ནི་བཟང་པོ་ཞེས་བྱའོ། །ཡུམ་
ནི་སོ་རིངས་མ་ཞེས་བྱའོ། །སྲས་ནི་ཟླ་བ་ཞེས་བྱའོ། །རིམ་གྲོ་པ་ནི་སྦྲང་རྩི་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མདངས་སྟོབས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མཉམ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་
གཅིག་དང་བྱེ་བ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡིད་གཉིས་སྤོང་སྐྱེ་བའི་ཡུལ་ནི་ཉམས་དགའ་
ཡོན་ཏན་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་བེའུ་དགའ་ཞེས་བྱའོ། །ཡུམ་ནི་བཟང་ལྡན་མ་ཞེས་བྱའོ། །སྲས་ནི་མེ་ཏོག་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་བློ་གྲོས་ལེགས་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་
ནི་མཛེས་འགྲོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་མཛེས་པ་ཞེས་བྱའོ། །འདུས་པ་ནི་ལན་དགུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་

རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འཛིན་པ་དཔག་མེད་སྐྱེ་བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུ་རྩ་དྲུག་གོ། །ཡབ་ནི་ཡུལ་འཁོར་བཟང་པོ་ཞེས་བྱའོ། །ཡུམ་ནི་སྨོན་སེམས་ཞེས་བྱའོ། །སྲས་ནི་ལྷ་དགའ་ཞེས་
བྱའོ། །རིམ་གྲོ་པ་ནི་མིག་པོ་ཆེ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཁས་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བག་མི་ཚ་བ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བའོ། །གཉིས་པ་ལ་ནི་ཐེར་འབུམ་མོ། །གསུམ་པ་ལ་ནི་ཐེར་འབུམ་ཕྲག་
སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ལྔ་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མཆོག་སྲིད་སྐྱེ་བའི་ཡུལ་ནི་བདེ་གསལ་ཞེས་བྱའོ། །
རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་དྲུག་གོ། །ཡབ་ནི་མཆོག་སྨྲ་ཞེས་བྱའོ། །ཡུམ་ནི་བློ་མཆོག་མ་ཞེས་བྱའོ། །སྲས་ནི་འོད་འཕྲོ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ནོར་ལྷའི་བུ་ཞེས་བྱའོ། །རྫུ་
འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མཆོག་ཅེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ་ཐམས་ཅད་ལ་ཡང་སུམ་ཁྲི་སུམ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་
གཤེགས་པ་ཆོམས་མེད་སྐྱེ་བའི་ཡུལ་ནི་གདུལ་དཀའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔའོ། །ཡབ་ནི་མདངས་སྟོབས་ཞེས་བྱའོ། །ཡུམ་ནི་ཡིད་འོང་བློ་གྲོས་མ་ཞེས་བྱའོ། །སྲས་ནི་ཨུད་པ་ལའི་དྲི་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་འོད་ཅེས་བྱའོ། །
ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཛོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཡོ་བ་མེད་པའི་བློ་ཞེས་བྱའོ། །འདུས་པ་ནི་ལན་གསུམ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དགུ་ཁྲི་

དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་གནས་པ་སྐྱེ་བའི་ཡུལ་ནི་རྒྱལ་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ཤུ་རྩ་བརྒྱད་དོ། །ཡབ་ནི་དྲང་
སྲོང་ལྷ་ཞེས་བྱའོ། །ཡུམ་ནི་དྲི་མེད་བློ་གྲོས་མ་ཞེས་བྱའོ། །སྲས་ནི་རྒྱུ་སྐར་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་སྲེད་མེད་ཀྱི་བུ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགའ་བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་དགའ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ་
ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ལྔ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བདེར་གནས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འབྱུང་གནས་ཞེས་བྱའོ། །རིགས་ནི་བྲམ་
ཟེའོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་གཙོ་མཆོག་ཅེས་བྱའོ། །ཡུམ་ནི་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་དོན་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ཡང་དག་འཕགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཚོགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་
མཆོག་ནི་བདུད་རྩིའི་བློ་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚོགས་ཅན་གཙོ་བོ་སྐྱེ་
བའི་ཡུལ་ནི་གཟི་བརྗིད་གསལ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅྭ་ལྔའོ། །ཡབ་ནི་མེ་ཏོག་གི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་མཁས་པའི་སྙིང་པོ་ཞེས་བྱའོ། །སྲས་ནི་དོན་གྱི་སྙིང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་སྣང་བྱེད་བྱིན་ཞེས་བྱའོ། །
ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔག་ཏུ་མེད་པར་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒོལ་བ་རབ་འཇོམས་ཞེས་བྱའོ། །འདུས་པ་ནི་ལན་ཅིག་ཏུ་ཟད་དེ་བརྒྱད་འབུམ་མོ། །སྐུ་ཚེའི་ཚད་ནི་ཉིན་གཅིག་གོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་དྲུག་གི་

བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འགྲོ་བའི