Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ

Văn bản gốc(Tây Tạng)

Trang 22 / 23 (50.000 ký tự/trang)
ྱིས་ལྷ་རྫས་ལས་འདས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱལ་མཚན་ཡང་དག་པར་བསྒྲེང་བའི་རྒྱལ་མཚན་གྱིས་ཆོས་ཀྱི་དབྱིངས་བརྒྱན་པར་བྱས་སོ། །རྨི་ལམ་ལྟ་བུའི་ཆོས་ཉིད་
ཀྱིས་བསམ་པ་ཚིམ་པས་ལྷ་རྫས་ལས་འདས་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་སངས་རྒྱས་ཀྱི་ཕོ་བྲང་བརྒྱན་པས་ཆོས་ཀྱི་དབྱིངས་བརྒྱན་པར་བྱས་སོ། །མི་གནས་པའི་དགེ་བའི་རྩ་བ་བླང་བ་མེད་པ་ལས་བྱུང་བས། ལྷ་རྫས་ལས་
འདས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་པད་མོས་ཀུན་ནས་ཡོག་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་བརྒྱན་པར་བྱས་སོ། །ལྷ་རྫས་ལས་འདས་པའི་སྤོས་ཐམས་ཅད་ཀྱི་མཆོག་གི་སྤྲིན་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བྱ་བ་

དང་། མེ་ཏོག་ཁ་དོག་མཐའ་ཡས་པ་སྣ་ཚོགས་ཀྱི་སྤྲིན་དང་། ན་བཟའ་ཁ་དོག་རྣམ་པ་སྣ་ཚོགས་རྣམ་པ་ཐ་དད་པ་ཐམས་ཅད་ཀྱི་སྤྲིན་དང་། ཙན་དན་གྱི་དྲི་ཞིམ་པོ་མཐའ་ཡས་པར་འཕྲོ་བ་ཐམས་ཅད་ཀྱི་སྤྲིན་དང་། ལྷ་རྫས་ལས་འདས་པའི་
རིན་པོ་ཆེ་ཐམས་ཅད་ཀྱི་གདུགས་རྣམ་པ་སྣ་ཚོགས་ཀྱི་སྤྲིན་དང་། སྤོས་དང་བདུག་པ་སྣ་ཚོགས་ཀྱི་ངད་ཀུན་ཏུ་ལྡང་བའི་སྤྲིན་དང་། ཕྲེང་བ་ཡིད་དུ་འོང་བ་ཐམས་ཅད་ཀྱི་སྤྲིན་དང་། ལྷ་རྫས་ལས་འདས་པའི་ལྷབ་ལྷུབ་རྣམ་པར་དག་པ་ཐམས་ཅད་
ཀྱི་སྤྲིན་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་རང་གི་ལུས་གཏོང་བའི་སྤྲིན་དང་། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པ་ལས་འདས་པས་བསྟོད་ཅིང་བསྔགས་པའི་བརྗོད་པ་ཟད་མི་ཤེས་པའི་སྤྲིན་དང་།
དེ་བཞིན་གཤེགས་པའི་བསྟོད་པས་བརྗོད་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྔགས་པའི་ཆོས་མ་ལོག་པ་ལས་བྱུང་བ། སངས་རྒྱས་ཀྱི་སྟོབས་མཐའ་དང་དབུས་མེད་པ་ལས་རྒྱུ་བས་འགྲོ་བ་ཐམས་ཅད་བདེ་བའི་ལམ་བསྟན་པ་དང་། ཚིག་རྣམ་
པར་འབྱེད་པ་བརྗོད་དུ་མེད་པ་སྨོས་པས་ཆོས་ཚད་མེད་པ་ལ་གཞོལ་བའི་གཟུངས་ཀྱི་རྒྱུད་ཐམས་ཅད་ལས་བྱུང་བའི་ཐ་དད་པ་ཡང་དག་པར་ཤེས་པ་ལ་མཁས་པ་མི་ཟད་པ་དང་མི་འཇིགས་པས་ཡིད་དགའ་བར་གྱུར་པའི་རིམ་གྲོ་ངོམས་མི་ཤེས་པས།
དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་པ། ཚིག་རྣམ་པར་དབྱེ་ཞིང་བརྗོད་པས། བྱང་ཆུབ་སེམས་དཔའ་དེ་དག་ཆོས་ཀྱི་དབྱིངས་ཀྱི་ལུས་ནམ་མཁའི་ཁམས་རྒྱས་པར་བྱེད་པ་བྱིན་གྱིས་བརླབས་ཏེ། སངས་རྒྱས་འདས་པ་དང་།
མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བའི་ཡིད་ཀྱི་དབང་པོས་མངོན་པར་བསྟོད་དོ། །ལྷའི་རིས་གཞན་དང་གཞན་ནས་འདུས་པའི་ལྷའི་འཁོར་དེ་དག་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་

ནས་འདུས་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ། བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྟོན་ཅིང་།
དེ་བཞིན་གཤེགས་པའི་སྐུ་ཡང་དག་པར་འབྱུང་བ་དང་། བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་ཡང་དག་པར་སྟོན་པ་དང་། སེམས་ཅན་གྲངས་མེད་པའི་རྒྱུད་ཚིམ་པར་མཛད་པ་དང་། སངས་རྒྱས་ཀྱི་རྒྱན་རྣམ་པར་ཕྱེ་བས་ནམ་མཁའི་
ཁམས་ཐམས་ཅད་དང་། ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་མཛད་པ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་མཐའ་ཡས་པ་བརྟན་པར་མཛད་པ། སངས་རྒྱས་ཀྱི་ཆོ་འཕྲུལ་གཞལ་དུ་མེད་པ་ལས་བྱུང་བ། ཚིག་གི་ལམ་ཐམས་ཅད་ལས་
ཡང་དག་པར་འདས་པ། བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པ་ཐམས་ཅད་ཀྱིས་མངོན་པར་མོས་པར་བྱ་བ། སེམས་ཅན་འདུལ་བ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་སྐུ་ཡངས་པ་རྗེས་སུ་ཁྱབ་པར་གྱུར་པ།
དགེ་བའི་རྩ་བ་བརྗོད་པ་ཐམས་ཅད་རྣམ་པར་དག་པས་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་ཡང་དག་པར་སྟོན་པ། དེ་བཞིན་གཤེགས་པའི་ཡུལ་རྒྱུན་མི་འཆད་པར་འབྱུང་བའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལས་འབྱུང་བ། འགྲོ་བ་ཐམས་ཅད་མ་ལུས་པའི་
ལུས་ཀྱི་རྗེས་སུ་འདལ་བ། སྐུའི་བྱིན་གྱིས་རླབས་ལས་མཚམས་མེད་པ། ཡིད་ཚད་མེད་པ་ཡོངས་སུ་མགུ་བར་མཛད་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རིགས་རྒྱུན་མི་གཅོད་པ། སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་མཐའ་དང་དབུས་མེད་པ་
འབྱུང་བ་བརྙེས་པ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་བྱུང་བ། ཁམས་དང་མོས་པ་བགྲང་དུ་མེད་པ་ཐམས་ཅད་སྦྱོང་བར་མཛད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡེ་ཤེས་མངོན་པར་

བསྒྲུབ་པ་ལ་འཇུག་པར་མཛད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་པོ་རབ་ཏུ་དགའ་བར་མཛད་པ། ཆོས་ཀྱི་སྤྲིན་གྱིས་ནམ་མཁའི་ཁམས་ཐམས་ཅད་དུ་ཡོག་པར་མཛད་པ། ཆོས་ཀྱི་དབྱིངས་ཐམས་ཅད་མ་ལུས་པར་དེ་བཞིན་
གཤེགས་པས་འདུལ་བའི་བྱིན་གྱི་རླབས་ཀྱིས་རློབ་པ། སེམས་ཅན་ཐམས་ཅད་ཀྱི་རྟོག་པ་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྒྱས་པར་མཛད་པ། མི་གནས་པའི་ཡེ་ཤེས་ཀྱི་རྒྱུད་ཀྱིས་འགྲོ་བ་ཐམས་ཅད་ལས་འཕགས་པ། ཡེ་ཤེས་ཀྱི་རྣམ་པ་
ཐམས་ཅད་བརྙེས་པ། སངས་རྒྱས་ཀྱི་བྱིན་གྱི་རླབས་སྣང་བ་གཟིགས་པ། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པ་བཞིན་དུ་ཡང་དག་པར་གཟིགས་པ། སེམས་བསྐྱེད་པ་རྒྱ་ཆེན་པོ་སྐྱེ་བར་མཛད་པ། འགྲོ་བ་ཐམས་ཅད་དུ་ཀུན་ཏུ་བཟང་
པོ་ཐུབ་པ་མེད་པའི་ཡེ་ཤེས་ཡང་དག་པར་རྒྱུ་བས་བྱུང་བ་འགྲོ་བ་དང་ཞིང་ཐམས་ཅད་དུ་ཁྱབ་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་མི་ལྡོག་པར་གཤེགས་པ། སངས་རྒྱས་ཀྱི་སྐུའི་རྒྱུད་བརྗོད་དུ་མེད་པ་ཡང་དག་པར་སྟོན་པ། བསམ་
པ་ཇི་ལྟ་བ་བཞིན་དུ་འཁྲུལ་པ་མི་མངའ་བར་བྱིན་གྱིས་རློབ་པ། འགྲོ་བ་ཐམས་ཅད་ཀྱི་ཚིག་གི་རྣམ་པས་ཡོན་ཏན་མི་ཟད་པ་སངས་རྒྱས་རྗེས་སུ་དྲན་པས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་མཛད་པ། འཇིག་རྟེན་གྱི་ཁམས་
མཐའ་དང་དབུས་མྱེད་པ་ཁྱབ་པར་མཛད་པ། བྱང་ཆུབ་ཀྱི་སེམས་ཀྱི་ཇི་ལྟར་དམ་བཅས་པའི་སེམས་ཅན་ལ་རིམ་གྲོར་མཛད་པ། ཇི་ལྟར་བརྙེས་པའི་ཆོས་ཀྱི་སྦྱིན་པ་མཛད་པ། སེམས་ཅན་ཇི་ལྟར་འདུལ་བ་བཞིན་དུ་འདུལ་བ་མཛད་པ།
མོས་པ་དང་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དག་པར་མཛད་པ། གཟུགས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པར་བྱིན་གྱིས་རློབ་པ། འགྲོ་བ་ཐམས་ཅད་ལ་གནས་པ་མི་མངའ་ཞིང་མཉམ་པ་ཉིད་ཀྱི་རྗེས་སུ་བཞུད་པ། སྤྱོད་པ་ཐ་དད་པ་ལས་

བྱུང་བ། དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒྲིབས་པ་མེད་པ་མངོན་པར་སངས་རྒྱས་པ། ཐུགས་ལ་ཆགས་པ་མི་མངའ་བས་རྟག་ཏུ་མཉམ་པར་གཞག་ཅིང་མ་འདྲེས་པ། ཡེ་ཤེས་ཐམས་ཅད་ལ་རྣམ་པར་སྤྱོད་པ། དོན་
དང་ཚིག་དང་ཡི་གེ་ཐ་དད་པ་ཡང་དག་པར་སྟོན་པ། ཡེ་ཤེས་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་ཞུགས་པ། ཡོན་ཏན་གྱི་མཆོག་ཡེ་ཤེས་སྙིང་པོས་བྱུང་བས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སངས་རྒྱས་ཀྱི་ཉི་མ་ཤར་བ། འགྲོ་བ་ཐམས་ཅད་དུ་སྔོན་
གྱི་སྨོན་ལམ་ཟད་པ་མི་མངའ་བར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་གནས་པ། སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་མཉམས་པ་བརྙེས་པ། བདག་གི་དང་ཡོངས་སུ་གཟུང་བ་མེད་པས་གནས་པར་མི་མངའ་བ། འཇིག་རྟེན་ལས་འདས་པའི་ཆོས་
ཐམས་ཅད་འབྱུང་ཞིང་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ། འགྲོ་བ་ཐམས་ཅད་ཀྱིས་མི་ཤེས་པའི་རྒྱལ་མཚན་ཡང་དག་པར་བཅད་པ། འཇིག་རྟེན་ཐམས་ཅད་ཀྱི་མི་ཤེས་པ་ཆེན་པོ་ཡོངས་སུ་བསལ་བའི་གནས་སུ་གྱུར་པ་འགྲོ་བ་ཐམས་
ཅད་སྣང་བར་མངོན་པར་འདོན་པ། འཇིག་རྟེན་ཐམས་ཅད་ཡེ་ཤེས་ཁྱད་པར་དུ་འཕགས་པ་ལ་རབ་ཏུ་གཞོག་པ། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བའི་བསོད་ནམས་ཡོངས་སུ་མི་ཟད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤེས་པ་
ཐུགས་སུ་ཆུད་པ། དད་པར་བྱ་བར་འོས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གཞོལ་བའི་བྱམས་པ་ཆེན་པོ་ལས་བྱུང་བ་ཐུགས་རྗེ་ཆེན་པོ་ཡང་དག་པར་སྟོན་པས་སྤྱོད་པ། སངས་རྒྱས་ཀྱི་སྐུ་བརྗོད་དུ་མེད་པའི་ཆོས་དང་།
སངས་རྒྱས་ཀྱི་ཆོས་སྣ་ཚོགས་བསམ་གྱིས་མི་ཁྱབ་པའི་གསུང་དང་དབྱངས་ཀྱི་ཆར་འབེབས་པ། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཚིམ་པར་མཛད་པ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ད་ལྟར་བྱུང་བའི་

མཐའི་དམྱིགས་པའི་བྱིན་གྱི་རླབས་ཤིན་ཏུ་དག་ཅིང་བསམ་གྱིས་མྱི་ཁྱབ་པས་སེམས་ཅན་དག་པར་མཛད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལུང་བསྟན་པ་རྒྱུན་མི་འཆད་པ། སངས་རྒྱས་ཀྱི་རིགས་སུ་དབང་བསྐུར་བས། དེ་
བཞིན་གཤེགས་པའི་རྒྱུད་དུ་བྱུང་བ། འཇིག་རྟེན་ཐམས་ཅད་དུ་འཁོར་ལོ་མི་ལྡོག་པར་འཁོར་བ། འཇིག་རྟེན་ཐམས་ཅད་ཀྱི་མངོན་པར་ཞེན་པ་ཐམས་ཅད་ལས་འཕགས་པ། སངས་རྒྱས་ཀྱི་ཞིང་དང་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་མཐས་
ཀླས་པ་ལ་མི་གནས་པ། འགྲོ་བ་ཐམས་ཅད་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱིས་རྣམ་པར་དག་པ། འཁོར་བ་ལ་མི་བཞུགས་པར་འཇིག་རྟེན་ཐམས་ཅད་དུ་སྣང་བར་གྱུར་པ། བཙལ་
བ་མི་དམིགས་པས་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་ཀྱི་ཟླ་བ། དེ་བཞིན་གཤེགས་པ་ཚད་མེད་པའི་རྗེས་སུ་བཞུད་པ། སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་བྱིན་གྱིས་རློབ་པ། མིག་ཡོར་ལྟ་བུའི་ཡེ་ཤེས་ཀྱིས་རྣམ་
པར་སྟོན་པ། རྨི་ལམ་ལྟ་བུར་རྗེས་སུ་དྲན་པ། སྤྲུལ་པ་དང་མཉམ་པར་བྱུང་བ། སེམས་ཀྱི་རང་བཞིན་ལྟ་བུར་འཇིག་རྟེན་སྣ་ཚོགས་ཐམས་ཅད་བྱིན་གྱིས་རློབ་པ། ལས་ཀྱི་རྣམ་པར་སྨིན་པའི་ཚུལ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་
སེམས་ཅན་གྱི་སྐྱེ་མཆེད་རྣམ་པར་ཕྱེ་བ་ཡང་དག་པར་སྟོན་པ། སེམས་ཅན་གྱི་དབང་པོ་དང་མཐུན་པར་སངས་རྒྱས་ཀྱི་སྐུ་བྱུང་བ། དེ་བཞིན་གཤེགས་པའི་དམིགས་པ་ལ་སེམས་ཅན་གྲངས་མེད་པའི་སེམས་ཡང་དག་པར་གནས་
པ། འཇིག་རྟེན་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ། རྣམ་པར་བསྟན་པའི་རང་བཞིན་དུ་ཆོས་ཀྱི་མཚན་ཉིད་ཀྱིས་ཡང་དག་པར་སྤྱོད་པ། ཡེ་ཤེས་ཀྱི་རྒྱུད་མཚན་ཉིད་མེད་པའི་རང་བཞིན་དང་མཚན་ཉིད་གཅིག་ཏུ་གྱུར་པ།

འཇིག་རྟེན་ཐམས་ཅད་ཀྱི་རང་བཞིན་གྱི་མཚན་ཉིད་སྣང་བ། མངོན་པར་བསྒྲུབ་པའི་སྤྱོད་པ་ཡང་དག་པར་སྟོན་ཅིང་འགྲོ་བ་ཐམས་ཅད་གདོན་པར་བརྩོན་པ། སངས་རྒྱས་ཀྱི་སྤྱོད་ཡུལ་བླ་ན་མེད་པ་ཡང་དག་པར་སྟོན་པ། འཇིག་
རྟེན་དང་ཞིང་ཐམས་ཅད་ཡོངས་སུ་སྐྱོབ་པས་སངས་རྒྱས་ཀྱི་མཚན་མ་བཟུང་བར་འཇིག་རྟེན་དུ་མངོན་པར་བྱུང་བ། འཇིག་རྟེན་གྱི་ཉོན་མོངས་པའི་མཚན་མ་ཐམས་ཅད་རྣམ་པར་བསྩལ་བ། འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་དྲན་པ་དང་།
དམིགས་པར་འབྱོར་པར་གྱུར་པ། འཁྲུག་པ་མེད་པར་ཁོང་དུ་ཆུད་པར་འགྱུར་བའི་རྒྱུ་ཐེག་པ་ཆེན་པོས་ཞལ་ཡོངས་སུ་རྒྱས་པས། ཆོས་ཐམས་ཅད་ཀྱི་དོན་གྲུབ་པ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བས་རྣམ་པར་ཕྱེ་བ་ཉམས་པ་མེད་པའི་
ཕྲིན་ལས་རྣམ་པར་སྨིན་པས་རྣམ་པར་དག་པ། ཡེ་ཤེས་ཀྱི་འབྱུང་གནས་དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ། འཇིག་རྟེན་ཐམས་ཅད་ཀྱི་ཡོངས་སུ་རྟོག་པ་ཡོངས་སུ་མི་རྟོག་པས་བྱུང་བ། འཇིག་རྟེན་གྱི་ཁམས་ཐམས་
ཅད་དུ་འོད་གཟེར་གྱི་དྲ་བས་གསལ་བར་གྱུར་པ། ཕྱོགས་བཅུ་འབྱམ་ཀླས་པ་ཐམས་ཅད་དུ་སངས་རྒྱས་ཀྱི་འོད་ཀྱིས་སྣང་བར་མཛད་པ། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་བཞུད་པ་བལྟ་བས་མི་ངོམས་ཤིང་བཏང་མི་བྲ་བ།
ཡོན་ཏན་ཆེན་པོ་དང་ཡེ་ཤེས་དང་མངོན་པར་ཤེས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་འབྱུང་བ་དང་། དབང་པོ་མངོན་པར་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་སངས་རྒྱས་ཀྱི་མཛད་པ་
རྒྱས་པར་མཛད་པ། སངས་རྒྱས་ཀྱི་འཕྲིན་ལས་ཤིན་ཏུ་སྒྲུབ་པ། ནུབ་ཅིང་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་ཐམས་ཅད་མཁྱེན་པའི་ཚུལ་སྟོན་པ། བྱང་ཆུབ་སེམས་དཔའི་གཟུངས་མཐའ་ཡས་པའི་ཆར་

འབེབས་པ། བསམ་པ་ཡངས་པའི་བསྒོམ་པ་ཡོངས་སུ་འཛིན་པར་མཛད་པ། སངས་རྒྱས་ཀྱི་དཔལ་ཐམས་ཅད་ཀྱིས་རབ་ཏུ་འབར་བ། དེ་བཞིན་གཤེགས་པའི་སྐུ་ཁ་དོག་མཐའ་ཡས་པ་སྣ་ཚོགས་སུ་འཇིག་རྟེན་ཐམས་ཅད་ལ་མངོན་
པར་སྟོན་པ། སྒྲིབ་པའི་ཆོས་ཐམས་ཅད་དུ་མ་ལྷུང་བ། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་དོན་གྱིས་དག་པ་ཡོན་ཏན་གྱི་ཆོས་ཐམས་ཅད་ལ་མངའ་བས་མཛེས་པའི་དཀྱིལ་འཁོར་ཅན་ཡོན་ཏན་གྱི་འོད་གཟེར་མངའ་བའི་ཉི་མར་གྱུར་པ། བསོད་
ནམས་ཀྱི་ཞིང་དུ་ཤར་བ། གཟི་བརྗིད་ཐམས་ཅད་ཀྱི་དྲ་བས་མངོན་པར་སྐྱེས་པ། འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་སྤྲུལ་པ་ཡང་དག་པར་འཛིན་པ། འཇིག་རྟེན་ཐམས་ཅད་སྤྲུལ་པར་ཐུགས་སུ་ཆུད་པའི་ཡེ་ཤེས་སྣང་བ་དང་ལྡན་པ།
དེ་བཞིན་གཤེགས་པའི་གོ་འཕང་ཆགས་པ་མྱེད་པ་མངའ་བ། ཕྱི་མའི་མཐའི་ཡོན་ཏན་འཇིག་རྟེན་ཐམས་ཅད་ཀྱིས་རྣམ་པར་ཤེས་པ། འགྲོ་བ་ཐམས་ཅད་དང་མཐུན་པར་སྟོན་པའི་ཡེ་ཤེས་ཀྱི་ཕྱག་མངའ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྨན་པ་
སེམས་ཅན་ཐམས་ཅད་བདེ་བར་མཛད་པ། འཇིག་རྟེན་ཚད་མེད་པ་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པས་རྗེས་སུ་འབྲང་བ། འགྲོ་བ་དང་ཞིང་འབྱམ་ཀླས་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པ་ཡེ་ཤེས་ཀྱི་སྤྱན་ཕུགས་རབ་རིབ་མྱེད་ཅིང་རྣམ་པར་
དག་པ། སངས་རྒྱས་ཀྱི་ལོ་ལེགས་པ་ཡང་དག་པར་སྟོན་པ། འཁུ་བའི་སེམས་ཅན་གྱི་ཁམས་ལས་སུ་རུང་བར་མཛད་པ། འདུལ་བ་སྣ་ཚོགས་དུ་མ་ལ་འཇུག་པ། དུས་བཞིན་དུ་འདུལ་བའི་རྒྱུན་མི་འཆད་པ། འགྲོ་བ་ཐམས་ཅད་ལ་
མཉམ་པའི་ཐུགས་ཀྱིས་ཡང་དག་པར་སྤྱོད་པ། ལས་སྐྱོན་མེད་པའི་རྣམ་པར་སྨིན་པ་དང་། མྱ་ངན་ལས་འདས་པ་ཡང་དག་པར་སྟོན་པ། བསམ་པ་དང་ལས་དང་རྒྱུ་མཐུན་པའི་འབྲས་བུ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་རྣམ་པར་སྟོན་པ།

སངས་རྒྱས་ཀྱི་སྐུ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱིས་ཆོས་ཤེས་པ་འབྱུང་བར་མཛད་པ། སངས་རྒྱས་ཀྱི་སྤྲུལ་པ་བྱིན་གྱིས་རློབ་པ། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་རྣམ་པར་གཟིགས་པའི་ཡེ་ཤེས་མངའ་བ།
དགའ་བ་ཆེན་པོ་དང་ལྷག་པའི་བསམ་པས་དགའ་བར་མཛད་པ། སངས་རྒྱས་མཐོང་བའི་དད་པའི་ཤུགས་མཐའ་ཡས་པས་བྱུང་བ། སེམས་ཅན་ཐམས་ཅད་ཀྱི་རང་གི་དགེ་བའི་རྩ་བ་ཕྱིར་མི་ལྡོག་པར་མཛད་པ། སེམས་ཅན་གྱི་ལས་ཇི་ལྟ་བ་བཞིན་དུ་རྗེས་སུ་
འབྲང་བར་མཛད་པ། འགྲོ་བ་གཉིད་ཀྱིས་ལོག་པ་ཐམས་ཅད་སད་པར་མཛད་པ། སངས་རྒྱས་སྐྱེ་བས་དགེ་བ་ཡང་དག་པར་འཕེལ་བར་མཛད་པ། སེམས་ཅན་ལ་སངས་རྒྱས་ཀྱི་བག་དབབ་པ་ཆེན་པོ་སྟོབ་པ་མཛད་པ། འཇིག་རྟེན་གྱི་ལྟ་བ་
ཐམས་ཅད་ལ་མི་གནས་པ། ཡེ་ཤེས་ཀྱི་དོན་ལ་རབ་ཏུ་གཞོག་པ། རབ་ཏུ་གཞག་པའི་ཡེ་ཤེས་ཀྱི་ཚུལ་གྱི་སྤྱོད་ཡུལ་ཐུགས་སུ་ཆུད་པ། སངས་རྒྱས་ཀྱིས་གཟིགས་པའི་ཟིལ་གྱིས་མནོན་པའི་རྒྱན་གྱིས་བརྒྱན་པ། ཆོས་ཀྱི་རྒྱུད་ཐུགས་སུ་ཆུད་
པའི་རི་བོ་རྣམ་པར་དག་པ། སངས་རྒྱས་འབྱམ་ཀླས་པ་དང་། བྱང་ཆུབ་སེམས་དཔའ་གཞན་དང་གཞན་དུ་སྟོན་པ། ཁ་ན་མ་ཐོ་བ་མེད་པའི་ས་ལ་སེམས་ཅན་རབ་ཏུ་འགོད་པ། སངས་རྒྱས་ཀྱི་ཡོན་ཏན་གྲངས་མེད་པས་རྣམ་པར་བྲིས་པ། ལས་
ཀྱིས་སྣ་ཚོགས་སུ་གྱུར་པའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་སྣ་ཚོགས་ཡང་དག་པར་སྟོན་པ། སངས་རྒྱས་ཀྱི་འབྱུང་གནས་རྣམ་པར་སྦྱོང་བ། ཡེ་ཤེས་ཐམས་ཅད་ཡོངས་སུ་འཐོབ་པར་མཛད་པ། འཇིག་རྟེན་ཐམས་ཅད་ཀྱི་སྨོན་ལམ་རྗེས་སུ་
སྲུང་བ་མི་ཤིགས་པ། འགྲོ་བ་ཐམས་ཅད་ལ་དགེ་བའི་བཤེས་གཉེན་སྟོན་པ། སྣང་བ་དྲི་མ་མེད་ཅིང་མཆོག་ཏུ་དག་པར་མཛད་པ། འགྲོ་བ་མ་ལུས་པ་ཐམས་ཅད་ཀྱིས་ཇི་ཙམ་དུ་མངོན་སུམ་དུ་མཐོང་བ་དེ་ཙམ་དུ་བརྗོད་དུ་མྱེད་པ། སེམས་ཅན་ཐམས་

ཅད་ཀྱི་འགྲོ་བའི་རྗེས་སུ་སོང་བའི་བྱིན་གྱི་རླབས་མངའ་བ། གྲོགས་སྔོན་དུ་འགྲོ་བའི་དགེ་བའི་རྩ་བས་སེམས་ཅན་རྣམ་པར་དག་པར་མཛད་པ། འགྲོ་བ་ཐམས་ཅད་ཀྱི་སྨོན་ལམ་གྱི་རྗེས་སུ་སོང་བ་ཉམས་པ་མེད་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་
རྩ་བ་ཡོངས་སུ་བཟུང་བས་དག་པར་མཛད་པ་ལ་སྩོགས་པའི་ཚུལ་གྱིས་ཡོངས་སུ་བྱུང་བ། བདུད་ཀྱི་དཀྲུགས་མ་ཐམས་ཅད་རྣམ་པར་འཇོམས་པར་བྱུང་བ། ཆགས་པ་མེད་པའི་མཐའི་སྟོབས་ཀྱིས་བྱུང་བ། འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་འོད་ཤིན་ཏུ་
དད་པར་སྣང་བ། ཡེ་ཤེས་ཀྱི་དབྱིངས་ཆགས་པ་མེད་པའི་སྙིང་པོའི་ཉི་མ་སེམས་ཅན་གང་ཡང་རུང་བ་ལ་ཆོས་ཀྱི་སྦྱིན་པ་མཛད་པ། འོད་གཟེར་གྱི་དཀྱིལ་འཁོར་གྱི་མཛོད་མཐའ་དང་དབུས་མེད་པ། དེ་བཞིན་གཤེགས་པའི་སྟོབས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་
མངའ་བ། འགྲོ་བ་ཐམས་ཅད་ལ་སྣང་བར་གྱུར་པ། བསམ་པ་དང་ཡང་དག་པར་རྟོག་པ་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱིར་རྒོལ་བ་ཤིན་ཏུ་བཅོམ་པ། ཡོན་གྱི་གནས་དམ་པ་མཆོག་དུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། ཡོན་
ཏན་ཚད་མེད་པར་འགྱུར་བ། འགྲོ་བ་ཐམས་ཅད་ཡོངས་སུ་དག་པར་མཛད་པ། དགེ་བའི་རྩ་བ་ཆུང་ངུ་ཚད་མེད་པར་ཡོངས་སུ་འཛིན་པ། ཟད་མི་ཤེས་པའི་ཡེ་ཤེས་ཀྱི་སར་འཛུད་ཅིང་རབ་ཏུ་གཞོག་པ། འཇིག་རྟེན་ཐམས་ཅད་ཀྱི་དགེ་བའི་
རྩ་བ་སེམས་ལ་རག་ལས་པར་ཡིད་ཆེས་པས་ཚད་མེད་པའི་བསོད་ནམས་དང་། ཡོན་ཏན་དག་པར་མཛད་པ། ཡེ་ཤེས་ཀྱི་ཚུལ་གྱིས་ངན་སོང་གསུམ་གྱི་འགྲོ་བ་ཡོངས་སུ་སྐྱོབ་པའོ། །ཞེས་རྣམ་པ་དེ་ལྟ་བུར་དེ་བཞིན་གཤེགས་པ་ལ་མོས་པ་རྣམ་པ་དེ་ལྟ་
བུར། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་དག་པར་ལྟ་བ། རྣམ་པ་དེ་ལྟ་བུར་ཡེ་ཤེས་ཀྱི་མུ་སྟེགས་ལས་འབབ་པ། རྣམ་པ་དེ་ལྟ་བུའི་ཡོན་ཏན་རྒྱ་མཚོའི་གང་ཆེན་མཚོ་ཐམས་ཅད་ལ་འཇུག་པ། རྣམ་པ་དེ་ལྟ་བུའི་ཡེ་ཤེས་ཀྱི་ནམ་

མཁའི་རྗེས་སུ་འགྲོ་བ་རྣམ་པ་དེ་ལྟ་བུར་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་ཡང་དག་པ་ཇི་ལྟ་བུར་ཤེས་པ། རྣམ་པ་དེ་ལྟ་བུར་དེ་བཞིན་གཤེགས་པ་དྲན་པའི་སྒོས་ལྟ་བ། རྣམ་པ་དེ་ལྟ་བུར་དགེ་བའི་འཕྲིན་ལས་རྣམ་
པར་དག་པའི་མཚན་ཉིད་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པ་ལ་རྟོག་པ། རྣམ་པ་དེ་ལྟ་བུའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱེད་པ། རྣམ་པ་དེ་ལྟ་བུའི་དེ་བཞིན་གཤེགས་པའི་
སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡང་དག་པར་བསྟན་པར་རྗེས་སུ་སེམས་པ་དེ་དག་གིས། དེ་བཞིན་གཤེགས་པའི་སྐུ་བཅོམ་ལྡན་འདས་ཀྱི་བ་སྤུའི་སྒོ་རེ་རེ་ནས་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་འབྱུང་བ། གྲངས་མྱེད་པ་
རྣམ་པར་དག་པ། གྲངས་མེད་པར་ཤིན་ཏུ་སྣང་བ། གྲངས་མྱེད་པར་བལྟར་ཡོད་པ། གྲངས་མེད་པའི་སེམས་ཅན་གྱི་དགའ་བསྐྱེད་པ། གྲངས་མེད་པའི་སྤྲོ་བ་སྐྱེད་པ། གྲངས་མྱེད་པའི་སངས་རྒྱས་ལ་འདུན་པ་རྣམ་པར་འཕེལ་བར་བྱེད་པ། གྲངས་མེད་པའི་ལྷག་པའི་
བསམ་པ་རྣམ་པར་སྦྱོང་བ། གྲངས་མེད་པའི་དབང་པོ་སིམ་པར་བྱེད་པ། གྲངས་མེད་པའི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཐོབ་པར་བྱེད་པ་མང་པོ་མཐོང་བར་གྱུར་ཏོ། །འོད་ཀྱི་འཁོར་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པའང་དེ་
བཞིན་གཤེགས་པའི་སྐུ་ལས་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་འཕྲུལ་ཞིང་འབྱུང་བ། ཁ་དོག་བསམ་གྱིས་མྱི་ཁྱབ་པ། མདོག་བསམ་གྱིས་མི་ཁྱབ་པ། འོད་བསམ་གྱིས་མི་ཁྱབ་པ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཐམས་ཅད་
རྒྱས་པར་བྱེད་པ། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། སེམས་ཅན་རྣམ་པར་དག་པས། དྲི་ཞིམ་པོར་རབ་ཏུ་བྱུང་བ། ཚིགས་སུ་བཅད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འཛིན་པ། འཇིག་རྟེན་ཐམས་ཅད་

ལས་རྣམ་པར་འདས་ཤིང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བས་ཡོངས་སུ་བྱུང་བ། རྒྱན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་ཡང་དག་པར་སྟོན་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་པར་ཡོན་ཏན་མི་ཟད་པ།
སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཟད་མི་ཤེས་པ་ལས་བྱུང་བ། སངས་རྒྱས་སྐྱེ་བ་བརྗོད་དུ་མེད་པ་ཡང་དག་པར་སྟོན་པ། ཡེ་ཤེས་ཀྱི་སྒོ་ལ་རབ་ཏུ་ཡོག་པ། དོན་ཡངས་པ་ཤིན་ཏུ་སྟོན་པ། སངས་རྒྱས་ཀྱི་སྤྲུལ་པ། བརྗོད་དུ་མེད་པའི་ཚུལ་ཡང་
དག་པར་སྟོན་པ། སངས་རྒྱས་ཀྱི་ཡུལ་མཐའ་དང་དབུས་མེད་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱིན་གྱི་རླབས་ཀྱིས་བྱུང་བ་འགྲོ་བ་ཐམས་ཅད་རྣམ་པར་དག་པ།
མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ། ཐམས་ཅད་མཁྱེན་པ་ཆགས་པ་མེད་པ། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་སྤྱོད་པ་ལས་བྱུང་བ། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པས་བསྟན་པའི་དཔལ་ཡོད་པ། རིན་པོ་ཆེའི་འོད་འཕྲོ་
བ་བྱེ་བ་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་དེ་ལྟར་བྱུང་བ་མཐོང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་བྱིན་གྱི་རླབས་ཀྱི་རྒྱན་སྨོན་ལམ་ཆེན་པོ་ལས་བྱུང་བའི་དགེ་བའི་རྩ་བ་མཐའ་ཡས་པ་དང་། དེ་བཞིན་གཤེགས་པ་མཉེས་པར་བྱ་བའི་སྤྱོད་
པས་རྣམ་པར་དག་པ་དང་། སྔོན་གྱི་བག་ཡོད་པ་ལས་ཡང་དག་པར་བྱུང་བའི་ཐམས་ཅད་མཁྱེན་པའི་སེམས་ཆགས་པ་མེད་པའི་དགེ་བའི་རྩ་བ་ལས་བྱུང་བ་དང་། དེ་བཞིན་གཤེགས་པ་འབྱམ་ཀླས་པ་འགྲོ་བ་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པ་དང་།
དེ་བཞིན་གཤེགས་པ་མཐོང་བ་ལ་སེམས་ཅན་ཚད་མེད་པ་རབ་ཏུ་དགོད་པ་དང་། དགེ་བའི་རྩ་བའི་སྒོ་དང་སངས་རྒྱས་ཀྱི་ཆོ་འཕྲུལ་ཟིལ་གྱིས་ནོན་པ་མེད་པ་ལ་རྒྱ་མཚོའི་མཐས་གཏུགས་པའི་སེམས་ཅན་གཟུད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་

བཀའ་བཞིན་བྱེད་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཀུན་ནས་འདུས་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བརྗོད་པའི་ཚུལ་གྱིས་དེ་བཞིན་
གཤེགས་པའི་འཁོར་དུ་ཇི་ལྟ་ཇི་ལྟར་སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མྱེད་པ་གྲངས་མྱེད་པ་དག་ན། སེམས་མ་དད་པ་རྣམས་དད་པར་བྱ་བ་དང་། སེམས་དད་པ་རྣམས་རྣམ་པར་འཕེལ་བར་བྱ་བ་དང་། སེམས་རྣམ་པར་འཕེལ་བ་
རྣམས་རྣམ་པར་དག་པར་བྱ་བ་དང་། སེམས་རྣམ་པར་དག་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཡོངས་སུ་སྨིན་པ་རྣམས་འདུལ་བར་བྱ་བ་དང་། ཆོས་ཟབ་མོ་ཁོང་དུ་ཆུད་པར་བྱ་བ་དང་། ཡེ་ཤེས་སྣང་བ་མཐའ་དང་
དབུས་མེད་པ་ཁོང་དུ་ཆུད་པར་བྱ་བ་དང་། སེམས་ཚད་མེད་པའི་རྣམས་རྒྱ་ཆེ་བར་བྱ་བ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལས་ཕྱིར་མི་ལྡོག་པར་བྱ་བ་དང་། ཆོས་ཉིད་དང་མི་འགལ་བར་བྱ་བ་དང་། ཡང་དག་པའི་མཐས་མི་སྐྲག་
པར་བྱ་བ་དང་། དེ་བཞིན་ཉིད་རབ་ཏུ་རྟོགས་པར་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པའི་རྣམས་ཀྱང་རབ་ཏུ་རྫོགས་པར་བྱ་བ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་རྣམ་པར་སྦྱང་བར་བྱ་བ་དང་། དམྱིགས་པ་ཐམས་ཅད་ལ་བརྩོན་པའི་སངས་
རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡང་ཀུན་ཏུ་བཟང་པོའི་ཚུལ་དུ་མོས་པར་བྱ་བ་དང་། བདུད་ཀྱི་ཡུལ་ལས་རྣམ་པར་ལྡོག་པར་བྱ་བ་དང་། སངས་རྒྱས་ཀྱི་ཡུལ་འཐོབ་པར་བྱ་བ་དང་། དེ་བཞིན་གཤེགས་པའི་ཆོས་ཉིད་ཤེས་པར་བྱ་བ་དང་། ཡེ་ཤེས་བསམ་
གྱིས་མི་ཁྱབ་པ་སྐྱེ་བར་བྱ་བ་དང་། ཐེག་པ་ཆེན་པོའི་སྨོན་ལམ་ལས་ཕྱིར་མི་ལྡོག་པར་བྱ་བ་དང་། སངས་རྒྱས་བལྟ་བ་ལས་མི་འཕང་བར་བྱ་བ་དང་། ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་ཚད་མེད་པ་རྟོགས་པར་བྱ་བ་དང་། ས་མཚམས་མེད་པའི་

བསོད་ནམས་ཀྱི་སྟོབས་ཡང་དག་པར་ཡོངས་སུ་བསྒྲུབ་པར་བྱ་བ་དང་། ཤིན་ཏུ་དགའ་བའི་སེམས་བསྐྱེད་པར་བྱ་བ་དང་། ཐེ་ཙོམ་མེད་པའི་ས་ལ་འཇུག་པར་བྱ་བ་དང་། ཁ་ན་མ་ཐོ་བ་མེད་ཅིང་ཡོངས་སུ་དག་པ་འཐོབ་པར་བྱ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་
བརྟེན་པ་སོ་སོར་འཐོབ་པར་བྱ་བ་དང་། ཆོས་མཐོང་བ་ལས་ཕྱིར་མི་ལྡོག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚོགས་ཀྱི་རྗེས་སུ་འཇུག་པར་བྱ་བ་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རིགས་གྲུབ་པར་བྱ་བ་དེ་ལྟ་དེ་ལྟར་བཅོམ་ལྡན་
འདས་ཀྱིས་ཐུགས་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕུང་པོ་ཆེན་པོས་བྱིན་གྱིས་བརླབས་ཀྱི་རྒྱན་རྣམ་པ་ཐ་དད་པ་མང་པོ་ཡང་དག་པར་བསྟན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་འདུལ་བའི་དབང་དུ་སངས་རྒྱས་ཀྱི་
བདག་ཉིད་ཆེ་བ་བརྗོད་པའི་ཕྱིར་ཆགས་པ་མེད་པའི་ཡེ་ཤེས་ཀྱི་སྙིང་པོ་རབ་ཏུ་སྣང་བས། སངས་རྒྱས་ཀྱི་དཔལ་མཐའ་ཡས་པ་རབ་ཏུ་འབར་བ། སངས་རྒྱས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་རྣམ་པར་སྣང་བ་ཐམས་ཅད་དུ་ཞུགས་པའི་དེ་བཞིན་
གཤེགས་པའི་སྐུས་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པའི་ཆོ་འཕྲུལ་གྱི་མཐུ་དང་ལྡན་པ། དགོངས་པ་ཡོངས་སུ་རྫོགས་པའི་སྔོན་གྱི་སྨོན་ལམ་གྱིས་ཡོངས་སུ་གྲུབ་པའི་ཡེ་ཤེས་ཀྱི་རྣམ་པར་གནོན་པས་དེ་བཞིན་གཤེགས་པའི་གཤེགས་སྟབས་ཕུན་སུམ་
ཚོགས་པ། ཆོས་ཀྱི་དབང་ཕྱུག་བརྙེས་པས་ཆོས་ཐམས་ཅད་ལ་མངའ་བ་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ནས་བྱུང་བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་པས་ཤིན་ཏུ་སྐྱངས་པ་མངའ་བ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་
བའི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་གྱུར་པ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོ་ཤིན་ཏུ་སྦྱངས་པ། འགྲོ་བ་ཐམས་ཅད་ཀྱི་དཔེས་དཔེར་མྱི་འགྱུར་བའི་སྐུ་གཟུགས་མངའ་བ། མཚན་ཐམས་ཅད་ཀྱི་ལོ་མ་ཤིན་ཏུ་འཕགས་པའི་སྐུ་

ཅན། སྟོབས་བཅུའི་རྒྱལ་མཚན་གྱི་སྟོབས་ཆེན་པོ་དང་ལྡན་པ། བསྐལ་པ་མི་ཟད་པ་ཐམས་ཅད་དུ་བལྟ་བས་མི་ངོམས་པ། སྔོན་གྱི་དགེ་བའི་རྩ་བ་སྟོན་པའི་དབྱངས་ཀྱི་ཡེ་ཤེས་ཀྱི་ང་རོར་གྱུར་པ། བྱང་ཆུབ་སེམས་དཔའ་
ཐམས་ཅད་ཀྱི་དཀྱིལ་འཁོར་མི་ཟད་པས་འགྲོ་བ་ཐམས་ཅད་ལ་ཉི་མའི་དཀྱིལ་འཁོར་དུ་གྱུར་པ། ཡོན་ཏན་ཐམས་ཅད་ཀྱི་རྒྱལ་པོ་ཆོས་ཐམས་ཅད་ཀྱི་སྲིད་ལ་མངའ་བའི་ཕྱིར་དུས་གསུམ་དུ་སྣང་བར་བྱེད་པའི་གསུང་མངའ་བས་བྱིན་གྱི་རླབས་ཀྱི་རྒྱན་སྔོན་གྱི་དགེ་བའི་
རྩ་བའི་ཚོགས་ལས་ཡང་དག་པར་བྱུང་བའི་བྱིན་གྱིས་བརླབས་སོ། །དེ་ནས་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་ཚུལ་འདི་ལྟ་བུར་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་དང་། རྒྱན་ཀུན་ཏུ་བཤམས་པ་བྱས་ཏེ། དགའ་ལྡན་གྱི་རིས་ཀྱི་ལྷ་བྱེ་བ་
བརྒྱ་སྟོང་གྲངས་མྱེད་པ་དང་ལྷན་ཅིག་དུ། ཞེ་ས་ཅན་རིམ་གྲོ་དང་བཅས་པར་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཤེགས་སུ་གསོལ། བདེ་
བར་གཤེགས་པ་གཤེགས་སུ་གསོལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བར་གཤེགས་སམ། དེ་ནས་བཅོམ་ལྡན་འདས་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་སྤྱན་དྲངས་ནས། སངས་རྒྱས་ཀྱི་རྒྱན་རྣམ་པ་
འདི་ལྟ་བུ་དང་། སངས་རྒྱས་ཀྱི་བདག་ཉིད་ཆེ་བ་འགྲོ་བ་ཐམས་ཅད་ལ་མཛེས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་མོས་པ། དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་ཐམས་ཅད་མངོན་པར་དགའ་བ། ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་མི་ངོམས་པར་
རིམ་གྲོར་བྱ་ཞིང་། ཚད་མེད་པའི་སེམས་ཅན་སངས་རྒྱས་ལ་དམྱིགས་པར་བརྩོན་པ་བསྐྱེད་པ། ཚད་མེད་པའི་སེམས་ཅན་སངས་རྒྱས་སུ་དགེ་བའི་རྩ་བ་བསྐྱེད་པ་མི་ཟད་པའི་བསོད་ནམས་དང་ལྡན་པར་གྱུར་པ། དད་པ་དྲི་མ་མེད་པའི་ཚོགས་ཀྱིས་

བསྩགས་པ་དེ་བཞིན་གཤེགས་པའི་ཞལ་བལྟ་བ་དང་། མཆོད་པས་སྐྱོ་བར་མི་འགྱུར་བ། ལྷག་པའི་བསམ་པ་དགེ་བའི་ཚོགས་ཀྱིས་ཡང་དག་པར་བསྡུས་པ་ཐམས་ཅད་མཁྱེན་པའི་དགེ་བའི་རྩ་བ་དང་། སྨོན་ལམ་དང་སེམས་བསྐྱེད་པ་ལས་བྱུང་
བས་ཁང་པ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པར་གཤེགས་སོ། །ཇི་ལྟར་བཅོམ་ལྡན་འདས་འདིར་གཤེགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་དང་། །དགའ་ལྡན་གྱི་གནས་དག་དུའང་གཤེགས་པར་སྣང་ངོ་། །བཅོམ་ལྡན་
འདས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་ཁང་པར་གཤེགས་མ་ཐག་ཏུ་དེའི་ཚེ། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་ཁང་པ་རིན་པོ་ཆེའི་རྒྱན་ལས་ཤིན་ཏུ་འདས་པར་གནས་སོ། །ལྷ་རྫས་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བས་ཀུན་
ནས་ཡོག་པར་གནས་སོ། །ལྷ་རྫས་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གནས་སོ། །ལྷ་རྫས་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་གྱི་སྤྲིན་གྱིས་བརྒྱན་པར་གནས་སོ། །ལྷ་རྫས་ལས་འདས་
པའི་གོས་ཐམས་ཅད་ཀྱི་སྤྲིན་རབ་ཏུ་གཏོང་བར་གནས་སོ། །ལྷ་རྫས་ལས་འདས་པའི་ཙན་དན་ཐམས་ཅད་ཀྱི་སྤྲིན་ཆེན་པོ་རབ་ཏུ་གཏོང་བར་གནས་སོ། །ལྷ་རྫས་ལས་འདས་པའི་དྲི་ཐམས་ཅད་ཀྱི་མཆོག་དང་། བདུག་པ་འཐུལ་
བའི་སྤྲིན་གྱི་ཆར་རབ་ཏུ་འབབ་པར་གནས་སོ། །ལྷ་རྫས་ལས་འདས་པའི་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་སྤྲིན་རྣམ་པ་ཐ་དད་པའི་ཆར་རབ་ཏུ་འབབ་པར་གནས་སོ། །ལྷ་རྫས་ལས་འདས་པའི་མེ་ཏོག་མང་པོའི་སྤྲིན་གྱི་ཚོགས་ཀྱི་ཆར་རབ་ཏུ་
འབབ་པར་གནས་སོ། །ལྷ་རྫས་ལས་འདས་པའི་སིལ་སྙན་དང་། བརྡུང་བ་བྱེ་བ་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པའི་སྒྲ་རབ་ཏུ་འབྱིན་པར་གནས་སོ། །ཐམས་ཅད་མཁྱེན་པའི་ཆོས་ཀྱི་དབྱིངས་སུ་གྲག་པའི་རོལ་མོའི་སྒྲ་དང་། གླུའི་དབྱངས་ཀྱང་རབ་ཏུ་འགྱེད་

པར་གནས་པར་གྱུར་ཏེ། ཇི་ལྟར་བཅོམ་ལྡན་འདས་གཤེགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་དང་། དགའ་ལྡན་གྱི་གནས་དག་ཏུ་ཡང་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་ཁང་པར་གཤེགས་པར་
སྣང་ངོ་། །དེ་ནས་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་ལྷའི་གནས་ཐམས་ཅད་དུ་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པོ་ཞེས་སྒྲ་བརྗོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་ལྷའི་རྒྱལ་པོ་རབ་དགའ་ལྡན་ལ་བར་ཆད་དུ་མི་འགྱུར་
བ་དང་། སྔོན་གྱི་དགེ་བའི་རྩ་བའི་ཚོགས་དང་། ཚད་མེད་པའི་དགེ་བའི་རྩ་བས་བརྟན་པ་དང་། མཐའ་ཡས་པར་སེམས་བསྐྱེད་པའི་དད་པ་རྣམ་པར་འཕེལ་བ་དང་། ཤུགས་ཆེན་པོ་ཡང་དག་པར་བསྐྱེད་པ་དང་། དགའ་བ་ཆེན་པོ་ཤིན་ཏུ་བསྐྱེད་པ་དང་།
དགེ་བའི་བསམ་པ་རྣམ་པར་སྦྱངས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པས་དགའ་བར་བྱ་བ་དང་། ཆོས་ལ་བར་ཆད་མེད་པའི་ཡིད་དུ་འགྱུར་བར་བྱ་བ་དང་། ཆོས་རྣམས་མི་ཉམས་པར་བྱ་བའི་ཕྱིར་དགའ་ལྡན་གནས་ཀྱི་གླུ་དང་། རོལ་མོ་
བརྡུང་བ་དང་། དཀྲོལ་བའི་སྒྲ་རྒྱུན་མི་ཆད་པར་གྱུར་ཏོ། །དེ་ནས་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས། སངས་རྒྱས་ཀྱི་མཐུས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་དེ་དག་རྗེས་སུ་དྲན་ནས། དེའི་ཚེ་ཚིགས་སུ་
བཅད་པ་འདི་དག་སྨྲས་སོ། །བཀྲ་ཤིས་དམ་པ་གང་ཞིག་གིས། །ཆགས་པ་མེད་པའི་ཟླ་བར་མཚན་གསོལ་མཚན་བཏགས་པ། །ཕོ་བྲང་མཆོག་དུ་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་
ཞིག་གིས། །ཡེ་ཤེས་མཐའ་ཡས་དབང་ཞེས་བྱ་བར་མཚན་བཏགས་པ། །ཁ་དོག་གསེར་དུ་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཀུན་ཏུ་མཐའ་ཡས་སྤྱན་ཞེས་བྱ་བར་མཚན་

བཏགས་པ། །པད་མོའི་རྩེ་མོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཡན་ལག་རིན་པོ་ཆེ་ཞེས་བྱ་བར་མཚན་བཏགས་པ། །རིན་ཆེན་མཛོད་དུ་རབ་གཤེགས་པ། །དེས་ནི་
འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །དཔལ་རབ་རྒོལ་བའི་སྟག་ཅེས་བྱ་བར་མཚན་བཏགས་པ། །དབང་པོའི་ཁང་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་
ཤིས་དམ་པ་གང་ཞིག་གིས། །ཡོན་ཏན་ཐམས་ཅད་སྟོན་པའི་ཉི་མར་མཚན་བཏགས་པ། །མེ་ཏོག་སྙིང་པོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །ཡན་ལག་འོད་
གཟེར་མཐའ་ཡས་པར་ནི་མཚན་བཏགས་པ། །ཤིང་གིས་བརྒྱན་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །མགོན་པོ་ཐེ་ཙོམ་འཇོམས་པ་ཆོས་ཀྱི་རྒྱལ་མཚན་ཏེ། །
རིན་ཆེན་ཁང་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །མི་ཡི་སེང་གེ་ཡེ་ཤེས་སྒྲོན་མ་མཐའ་ཡས་པ། །སྤོས་ཀྱི་རྩེ་མོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་
ཤིས་ལེགས་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་ཡོན་ཏན་ཀུན་གྱི་འབྱུང་གནས་འོད་མངའ་བ། །ནོར་བུས་བརྒྱན་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག །ཇི་ལྟར་ལྷའི་རྒྱལ་པོ་རབ་དགའ་
ལྡན་གྱིས་སངས་རྒྱས་ཀྱི་མཐུས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་བརྗོད་དེ། གླུའི་དབྱངས་སུ་ཚིགས་སུ་བཅད་པས། རྒྱལ་བ་གཤེགས་པ་མངོན་པར་བསྟོད་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་ལྷའི་

རྒྱལ་པོ་རབ་དགའ་ལྡན་རྣམས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་གླུ་དབྱངས་སུ་ཚིགས་སུ་བཅད་ཅིང་། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་བརྗོད་པ་བྱེད་ཅིང་རྒྱལ་བ་གཤེགས་པའང་མངོན་པར་བསྟོད་
པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པའི་སྐུ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་དང་། རིགས་གཅིག་ཏུ་གྱུར་པས་རྣམ་པར་འཕྲུལ་པ་དང་། རྒྱུད་
ཀྱི་ཚུལ་གཅིག་ཏུ་གྱུར་པས་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ཐུགས་སུ་ཆུད་པའི་ཐམས་ཅད་མཁྱེན་པ་ཉིད་དང་། ཆོས་ཐམས་ཅད་ལ་བསྒྲིབས་པ་མྱེད་པར་ཁྱབ་པའི་སངས་རྒྱས་ཀྱི་སྤྱན་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཐམས་ཅད་དུ་སངས་རྒྱས་ཀྱི་བྱིན་
གྱི་རླབས་རྒྱུན་མི་འཆད་པ་དང་སེམས་ཅན་འདུལ་བ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཁྱབ་པའི་སངས་རྒྱས་ཀྱི་ཆོ་འཕྲུལ་དང་། དེ་བཞིན་གཤེགས་པའི་སྐུ་བསྒྲིབས་པ་མེད་པའི་རྒྱན་གྱིས་ཡང་དག་པར་བརྒྱན་པ་དང་། དུས་བཞིན་དུ་བྱུང་བའི་ཆོས་བསྟན་པ་དང་།
བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་ལྷགས་པའི་འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་སྐུས་ཡང་དག་པར་སྤྱོད་པ། གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ལ་གནས་པའི་སངས་རྒྱས་ཁྱུ་མཆོག་གི་
མཐུ་ཕྱུང་བས། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་ཁང་པར་གཤེགས་ནས་གདན་བཏིང་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །ཇི་ལྟར་བཅོམ་ལྡན་འདས་བཞུགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་བཞུགས་པར་གྱུར་ཏེ།
ཇི་ལྟར་བཅོམ་ལྡན་འདས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་ཁང་པར་གཤེགས་པ་དང་བྱོན་པའི་ཚེ། སངས་རྒྱས་ཀྱི་རིམ་གྲོ་དང་མཆོད་པ་བྱས་ཤིང་། རྒྱན་གྱིས་བརྒྱན་པ་དེ་དག་ཐམས་ཅད་པས། དེ་བཞིན་གཤེགས་པ་གདན་དེ་ལ་བཞུགས་པའི་

ཚེ། གྲངས་མེད་པར་གྱུར་པ་དང་། གྲངས་མེད་པའི་རྣམ་པར་ལྷ་རྫས་ལས་འདས་པའི་མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། སྤོས་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེ་དང་། རོལ་མོ་
བརྡུང་བ་དང་། དཀྲོལ་བ་དང་། གླུ་དང་། བསྟོད་པ་དང་། ཞེ་ས་དང་། རིམ་གྲོ་དང་། དད་པ་དང་། དགའ་བ་དང་། ཐལ་མོ་སྦྱར་བ་དང་། ལྷ་རྫས་ལས་འདས་པ་རྣམ་པ་གྲངས་མེད་པའི་རྒྱན་དང་། ལྷ་རྫས་ལས་འདས་པ་རྣམ་པ་གྲངས་མེད་པའི་
བསྟོད་པ་དང་། ལྷ་རྫས་ལས་འདས་པ་རྣམ་པ་གྲངས་མེད་པའི་སྤྲིན་གྱི་ཆར་འབབ་པ་དང་། ལྷ་རྫས་ལས་འདས་པ་རྣམ་པ་གྲངས་མེད་པའི་གདུགས་གཅིག་ནས་གཅིག་དུ་བརྒྱུད་དེ་བསྒྲེང་བ་དང་། ལྷ་རྫས་ལས་འདས་པ་རྣམ་པ་གྲངས་མེད་པའི་རྒྱལ་མཚན་ལ་བ་དན་
སྤྱངས་པ་དང་། ཤིན་ཏུ་སྤྱངས་པ་གྲངས་མེད་པས་སྦྱར་བ། ལྷ་རྫས་ལས་འདས་པའི་ཡོ་བྱད་ཀྱི་ཚུལ་དང་། བསམ་པ་རྒྱ་ཆེན་པོ་རྣམ་པར་འཕེལ་བས། སངས་རྒྱས་མཉེས་པར་བྱ་བ་དང་། མཛེས་པའི་རྒྱན་རྣམ་པར་དག་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དྲི་
ཐམས་ཅད་དང་། ཕྱོགས་བརྒྱན་པའི་སྤོས་ཀྱི་སྤྲིན་ཆེན་པོ་དང་། རིམ་གྲོ་རྣམ་པ་སྣ་ཚོགས་རྒྱ་ཆེ་ཞིང་ཡིད་དུ་འོང་བས་སངས་རྒྱས་ལ་མཆོད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རིམ་གྲོ་ལ་བརྩོན་པས་དེ་བཞིན་གཤེགས་པ་གདན་ལ་བཞུགས་པའི་ཚེ།
གྲངས་མེད་པའི་གྱུར་དུ་མཆོད་པ་བྱས་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དགའ་ལྡན་གྱི་གནས་དག་ཏུ་ཡང་མཆོད་པ་བྱས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་བཞུད་པ་དང་གཤེགས་པ་དང་། བཞུགས་པའི་རྒྱན་ཅེས་
བྱ་བའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་མངོན་པར་ལྷགས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་སོ་སོ་ནས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་

རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ནས་འོངས་པར་གྱུར་པ་དག་སྟེ། བྱང་ཆུབ་སེམས་དཔའ་དེ་དག་རེ་རེ་ཞིང་ཡང་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དག་དང་ལྷན་ཅིག་ཏུ་ཕྱིན་ཏོ། །
བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བདག་སྟེ། འདི་ལྟར་རྡོ་རྗེའི་རྒྱལ་མཚན་དང་། དམ་པའི་རྒྱལ་མཚན་དང་། དཔའ་བའི་རྒྱལ་མཚན་དང་། སྐར་མའི་རྒྱལ་མཚན་དང་། ཡེ་ཤེས་ཀྱི་རྒྱལ་མཚན་དང་། རིན་པོ་ཆེའི་
རྒྱལ་མཚན་དང་། རྡུལ་དང་བྲལ་བའི་རྒྱལ་མཚན་དང་། དྲི་མ་མེད་པའི་རྒྱལ་མཚན་དང་། དཔལ་གྱི་རྒྱལ་མཚན་དང་། ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བདག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་
ནས་འོངས་པར་གྱུར་པ་དག་སྟེ། འདི་ལྟར་རིན་པོ་ཆེའི་སྙིང་པོ་དང་། ཡིད་དུ་འོང་བའི་སྙིང་པོ་དང་། དངུལ་གྱི་སྙིང་པོ་དང་། གསེར་གྱི་སྙིང་པོ་དང་། ནོར་བུའི་སྙིང་པོ་དང་། རྡོ་རྗེའི་སྙིང་པོ་དང་། པད་མོའི་སྙིང་པོ་དང་། ཨུཏྤ་ལའི་སྙིང་པོ་དང་། ཙན་
དན་གྱི་སྙིང་པོ་དང་། སྤོས་ཀྱི་སྙིང་པོ་ཞེས་བྱ་བདག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པར་སྤྱོད་པ་དག་སྟེ། འདི་ལྟར་ཤིན་ཏུ་འཕགས་པའི་དཔལ་དང་། གཡོ་བ་མེད་
པའི་དཔལ་དང་། བཅིངས་པ་མེད་པའི་དཔལ་དང་། སྤྱོད་པའི་དཔལ་དང་། འོད་ཟེར་གྱི་དཔལ་དང་། མཐའ་ལས་རྒལ་བའི་དཔལ་དང་། མཆོག་གི་དཔལ་དང་། དབང་ཕྱུག་གི་དཔལ་དང་། ཚངས་པའི་དཔལ་དང་། ཤིན་ཏུ་བསྩགས་པའི་དཔལ་ཞེས་བྱ་
བ་དག་གོ །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ཕྱོགས་བཅུ་རྒྱས་པར་བྱས་ཏེ། གང་ནས་འོངས་པའི་ཕྱོགས་སུ་བརྟེན་ནས། སེང་གེའི་ཁྲི་རིན་པོ་ཆེའི་སྙིང་པོ་ཅན་ནོར་བུ་སྣ་ཚོགས་དང་ལྡན་པ་དག་མངོན་པར་སྤྲུལ་

ཏེ། གསེར་གྱི་དྲ་བས་གཡོགས་པའི་ལུས་དང་། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་གཏོང་བ་དང་། དྲི་མ་མེད་པའི་འོད་གཏོང་བ་དང་། ཚད་མེད་པའི་འོད་རབ་ཏུ་སྐྱེད་པ་དང་། བསམ་པ་རྣམ་པར་དག་པའི་རིན་པོ་ཆེ་ཡང་དག་པར་འཛིན་
པའི་གཟུགས་དང་། བྱང་ཆུབ་སེམས་དཔའི་བསམ་པ་ཁ་ན་མ་ཐོ་བ་མེད་པ་ལས་བྱུང་བའི་སྨོན་ལམ་དང་། འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་ཡིད་དུ་འོང་བ་དང་། བལྟ་ན་དོན་ཡོད་པར་སེམས་ཅན་གདུལ་བ་དང་། རྣམ་པར་དག་པའི་ཆོས་ཀྱིས་སངས་རྒྱས་ཀྱི་
རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱང་ཆུབ་སེམས་དཔའི་རྩེ་གཅིག་དུ་སྨོན་ལམ་བཏབ་པས། སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། ཆགས་
པ་མེད་པར་སྤྱོད་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་དང་། འདི་ལྟ་སྟེ། གནས་མེད་པའི་ལུས་དང་། འདི་ལྟ་སྟེ། ཚད་མེད་པའི་ལུས་ཀྱིས་ཀུན་ཏུ་འགྲོ་བའི་ཡེ་ཤེས་ཀྱི་ལུས་ཀྱི་བྱིན་གྱི་རླབས་དང་། འདི་ལྟ་སྟེ། མཐའ་དང་དབུས་མེད་པའི་སངས་
རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་དང་། འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་སྒོ་འབྱམ་ཀླས་པ། ཚད་མེད་པར་གྱུར་པ་དང་། འདི་ལྟ་སྟེ། ཆོས་ལ་མི་འཇིགས་པར་མཁས་པའི་སྣང་བ་མཐའ་ཡས་པ་དང་། འདི་ལྟ་
སྟེ། ཕྱི་མའི་མཐའི་བསྐལ་པར་མི་ཟད་པའི་ཐ་དད་པ་ཡང་དག་པ་ཤེས་པའི་ཚུལ་བཤད་པ་དང་། འདི་ལྟ་སྟེ། གཟུགས་ཐམས་ཅད་ཀྱིས་སྣང་བར་བྱས་པའི་ཡེ་ཤེས་ཀྱི་ཕུང་པོ་རབ་ཏུ་རྒྱས་པ་དང་། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྒྱས་པར་གྱུར་
པའི་ཤེས་རབ་ཀྱི་མྱིག་རྣམ་པར་དག་པའི་སྤོབས་པ་དང་། འདི་ལྟ་སྟེ། ནམ་མཁའི་དབྱིངས་ཀྱིས་ཀླས་པར་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡོངས་སུ་གནས་པ་དང་། མཚམས་མེད་ཅིང་མཐའ་ཡས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་པ་དང་ལྡན་པ་རབ་

ཏུ་ཐོབ་པར་གྱུར་པ་དག་གོ །ཇི་ལྟར་གླིང་བཞི་པ་འདིའི་དགའ་ལྡན་གྱི་གནས་སུ། བྱང་ཆུབ་སེམས་དཔའ་འདུས་པར་གྱུར་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་དང་། དགའ་ལྡན་གྱི་གནས་དག་ཏུ་ཡང་།
བྱང་ཆུབ་སེམས་དཔའ་མིང་དེ་སྐད་བྱ་བ་དག །འཇིག་རྟེན་གྱི་ཁམས་མིང་དེ་སྐད་ཅེས་བྱ་བ་དག་ནས། དེ་བཞིན་གཤེགས་པའི་མཚན་དེ་སྐད་ཅེས་བྱ་བ་དག་གི་ཞམ་རིང་ན་ཚངས་པར་སྤྱོད་པ་ཤ་སྟག་འོངས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་པུས་མོའི་
ལྷ་ང་གཉིས་ནས་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བྱུང་སྟེ། ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས། འཇིག་རྟེན་གྱི་ཁམས་དེ་དག་གི་གླིང་བཞི་པ་ཐམས་
ཅད་དང་། དགའ་ལྡན་གྱི་གནས་ཐམས་ཅད་ན་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཡོད་པ་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཇི་སྙེད་ཀྱིས་ཕྱོགས་བཅུར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་
དག་ན། དེ་བཞིན་གཤེགས་པའི་སངས་རྒྱས་རྣམ་པར་རོལ་པ་མཐོང་བར་གྱུར་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་
ལ་དགེ་བའི་རྩ་བའི་གྲོགས་སུ་གྱུར་པ་དག་སྟེ། འདི་ལྟར་སངས་རྒྱས་ཀྱི་རྣམ་པར་ཐར་པ་ཟབ་མོས་རྣམ་པར་འཕྲུལ་པ་ལ་མོས་པ་ཤ་སྟག་གོ །ཆོས་ཀྱི་དབྱིངས་ཀྱི་ལུས་ཐ་དད་པ་མེད་པའི་རྗེས་སུ་སོང་བ་ཤ་སྟག་གོ །གནས་མེད་པའི་སངས་རྒྱས་ཀྱི་
ཞིང་དུ་འགྲོ་བའི་རྗེས་སུ་སོང་བས་རབ་ཏུ་ཞུགས་པ་ཤ་སྟག་གོ །སངས་རྒྱས་བསམ་གྱིས་མི་ཁྱབ་པ་བལྟ་བ་ལ་རྗེས་སུ་གཞོལ་བ་ཤ་སྟག་གོ །ཆགས་པ་མེད་པའི་སེམས་སྐད་ཅིག་གིས་ཆོས་ཀྱི་དབྱིངས་ཁྱབ་པར་བྱེད་པ་ཤ་སྟག་གོ །བསམ་པ་རིན་པོ་ཆེ་རྡུལ་

དང་བྲལ་བ་དང་ལྡན་པ་ཤ་སྟག་གོ །བརྗོད་དུ་མེད་པའི་སངས་རྒྱས་མང་པོ་དང་འགྲོགས་པ་དང་ལྡན་པ་ཤ་སྟག་གོ །སངས་རྒྱས་ཀྱིས་བྱིན་གྱི་རླབས་གྲངས་མེད་པ་དང་ལྡན་པ་ཤ་སྟག་གོ །ཡང་དག་པར་སྤྱོད་པའི་མཆོག་གི་ཕ་རོལ་ཏུ་ཕྱིན་པ་ཤ་སྟག་གོ །
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དྲན་པ་རྣམ་པར་དག་པ་ལ་གནས་པ་ཤ་སྟག་གོ །བློ་དང་སེམས་སྐད་ཅིག་ཐམས་ཅད་ཀྱིས་ཆེར་འཕགས་པ་རབ་ཏུ་ཐོབ་པ་ཤ་སྟག་གོ །ཆུང་ངུར་ཞུགས་ཤིང་ཆེར་གྱུར་པའི་སྤྱོད་པ་ལ་དབང་བ་ཤ་སྟག་
གོ །ཆེར་གྱུར་པ་ལ་ཞུགས་ཤིང་ཆུང་ངུར་འཇུག་པའི་རྗེས་སུ་ཆུད་ནས་ཡེ་ཤེས་ཀྱིས་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་ཤ་སྟག་གོ །དེ་ལྟ་བུའི་གནས་དང་། སངས་རྒྱས་ཀྱི་སྐུའི་རང་བཞིན་རྗེས་སུ་རྟོགས་པ་དང་། དེ་བཞིན་གཤེགས་པ་དང་
འགྲོགས་ཤིང་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ། བྱང་ཆུབ་སེམས་དཔའ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ལྟར་གྲུབ་པའི་ལུས་དང་། དེ་བཞིན་གཤེགས་པར་འགྱུར་བའི་སྤྱོད་ཡུལ་ཐམས་ཅད་དུ་འགྲོ་བ་དང་། ཡེ་ཤེས་ཆེན་པོའི་རྒྱུད་ཀྱི་སྒོ་རྣམ་པར་ཕྱེ་
བ་དང་། ཡེ་ཤེས་ཀྱི་སྟོབས་རྡོ་རྗེའི་རྒྱལ་མཚན་གྱི་མཐུའི་མཆོག་ཐོབ་པ་དང་། རྡོ་རྗེ་གཅོད་པའི་ཏིང་ངེ་འཛིན་གྱི་ཚུལ་རབ་ཏུ་ཐོབ་པ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་རྣམས་ཡོངས་སུ་སྨྱིན་པར་གདུལ་བ་ལ་རྨོངས་པ་
མེད་པ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་དུ་འགྲོ་བ་གདོན་མི་ཟ་བའི་མཆོག་ཐོབ་པ་དང་། བགྲང་བ་ཐམས་ཅད་ལ་མངོན་པར་ཆགས་པ་དང་། བགྲང་བའི་མངོན་པར་བསྒྲུབ་པ་ཐམས་ཅད་ཤིན་ཏུ་བསླབས་པ་དང་།
བགྲང་བའི་ཤེས་པ་ཐམས་ཅད་ཀྱི་མཐར་ཐུག་ཅིང་ཆོས་རྣམ་པར་དགོད་པ་ལ་མཁས་པ་དང་། འདི་དག་དང་གཞན་ཡང་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་དང་། ཡོན་ཏན་བསྔགས་པ་རྣམ་པར་དག་པ་མི་ཟད་པས། བྱང་ཆུབ་སེམས་

སེམས་དཔའ་རྣམས་ཀྱི་དུས་གསུམ་གྱི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཤ་སྟག །དེ་བཞིན་གཤེགས་པ་མངོན་སུམ་དུ་བྱ་བ་དང་། སངས་རྒྱས་འབྱམ་ཀླས་པ་ཐམས་ཅད་བལྟ་བའི་ཕྱིར་ཀུན་ནས་འདུས་པར་
གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཡང་དག་སངས་རྒྱས་སྐྱེ་བ་མེད། །རྒྱལ་བ་
མྱ་ངན་མི་འདའ་སྟེ། །རྒྱུ་མཐུན་པ་ཡི་སྨོན་ལམ་གྱིས། །དེས་ནི་རྣམ་པར་འཕྲུལ་པ་སྣང་། །འདི་དག་ཆོས་ནི་བསམ་མི་ཁྱབ། །འདི་དག་སེམས་ཀྱི་སྤྱོད་ཡུལ་མིན། །གང་གིས་ཡེ་ཤེས་ཕ་རོལ་ཕྱིན། །དེས་ནི་སངས་རྒྱས་སྤྱོད་
ཡུལ་མཐོང་། །ལུས་འདི་ཡང་དག་སངས་རྒྱས་མྱིན། །སྒྲ་ཡང་དེ་བཞིན་གཤེགས་པ་མྱིན། །ལུས་དང་སྒྲ་ལས་གཞན་ན་ཡང་། །སངས་རྒྱས་རྣམ་པར་འཕྲུལ་མི་མཐོང་། །སྔོན་གྱི་ལས་རྣམས་མ་གཏོགས་
པར། །རང་བྱུང་རྣམས་ཀྱི་སྤྱོད་ཡུལ་གྱི། །མཆོག་གི་ཚུལ་རྣམས་ཤེས་པ་ནི། །བློ་ཞན་རྣམས་ཀྱིས་མི་ནུས་སོ། །ཡང་དག་སངས་རྒྱས་རྣམ་འཕྲུལ་འདི། །གང་དག་ནས་ཀྱང་མ་འོངས་ཏེ། །གང་དུ་འགྲོ་
བར་མི་འགྱུར་རོ། །འདི་དག་རང་བྱུང་སྐུ་ཡིན་ནོ། །ཚད་མེད་ཤིན་ཏུ་འདྲེན་པ་རྣམས། །ཆོས་འདི་རབ་ཏུ་བཤད་མཛད་ཀྱང་། །ཆོས་ལ་གནས་པ་གང་ཡང་མེད། །ཞིང་རྣམས་བྱེ་བ་ཀུན་ན་སྣང་། །མཁྱེན་པས་
མཐའ་དང་དབུས་མེད་དེ། །ཆོས་ཀུན་ཐུགས་སུ་ཆུད་ཅིང་རྟོགས། །ཆོས་ཀྱི་དབྱིངས་ལ་རབ་ཞུགས་ནས། །རྣམ་པར་འཕྲུལ་པ་སྟོན་པ་མཛད། །ཆོས་རྣམས་ཀུན་ལ་ཆགས་པ་མེད། །འགྲོ་ལ་དེ་ནི་བསྒྲིབས་མི་མངའ། །

ཚད་མེད་པ་ཡི་ཡོན་ཏན་གྱིས། །ཞིང་རྣམས་ཀུན་ན་རབ་ཏུ་སྣང་། །གང་ཞིག་ཡེ་ཤེས་འདི་དག་དང་། །ཡེ་ཤེས་ཐམས་ཅད་རྟོགས་འདོད་པས། །བསམ་པ་རྣམ་པར་སྤྱད་བྱས་ཏེ། །བྱང་ཆུབ་སྤྱོད་པ་སྤྱད་པར་བྱ། །དྲང་སྲོང་ཆེན་
པོའི་བྱིན་གྱི་རླབས། །འདི་འདྲ་གང་གིས་མཐོང་གྱུར་ཅིང་། །དེ་ནི་ཐེ་ཙོམ་མི་བྱེད་ན། །དགེ་བཤེས་མཆོག་ལ་བསྙེན་པ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་དམ་པའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་
བཅུར་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཤིན་ཏུ་ཟབ་སྟེ་བརྗོད་དུ་མེད། །བརྗོད་དུ་ཡོད་ཀྱང་འདའ་བར་དཀའ། །ཚིག་གི་ལམ་ལས་ཤིན་ཏུ་འདས། །ནམ་མཁའ་ལ་ནི་རྒྱལ་བ་སྣང་། །དེ་བཞིན་གཤེགས་པའི་
བྱིན་རླབས་ཀྱིས། །མི་ཡི་སེང་གེ་མཐོང་བར་འགྱུར། །ཡང་དག་སངས་རྒྱས་རྟོག་མེད་ཀྱང་། །རྒྱལ་བ་རྣམ་པར་རྟོག་པར་སྣང་། །འཇིག་རྟེན་མགོན་པོས་ཆོས་ཉིད་དངོས། །ཟབ་མོ་འདི་དག་ཡང་དག་བསྟན། །གང་ཟག་མཚུངས་པ་མེད་པ་ཡི། །དེས་ནི་སྐུ་འདི་
རབ་ཏུ་འབྱུང་། །ཐམས་ཅད་གཟིགས་ཀྱི་སྤྱོད་ཡུལ་གྱི། །ཡེ་ཤེས་ཆེན་པོ་འདི་འདྲ་སྟེ། །འདི་ལ་གང་ཞིག་རྟོགས་འདོད་པ། །དེས་ནི་རྒྱལ་བ་མངོན་དུ་བྱོས། །ཡིད་ཀྱི་དབང་པོ་རྣམ་དག་པས། །དེ་བཞིན་གཤེགས་པ་བསྙེན་བཀུར་ཞིང་། །འདི་ཡི་ཚུལ་ལས་འདའ་
བྱེད་ཚེ། །ནམ་ཡང་སྐྱོ་བར་མི་བྱའོ། །མི་ཟད་པ་ཡི་བསོད་ནམས་དང་། །བྱང་ཆུབ་སེམས་ཀྱིས་བརྟན་པ་རྣམས། །ཐེ་ཙོམ་རྣམ་པར་བཟློག་བྱས་ཏེ། །དེ་དག་ལ་ནི་སྐྱོ་མེད་ལྟོས། །རྒྱལ་སྲས་གང་གིས་ཆོས་དབྱིངས་ཀྱི། །ཤིན་ཏུ་བསྟན་པའི་མཐར་ཕྱིན་པ། །དེས་ནི་ཀུན་
གཟིགས་རྣམ་འཕྲུལ་བ། །འདི་དག་ཤིན་ཏུ་འདའ་བར་བྱ། །དད་པ་ཆོས་འདིའི་རྩ་བ་ཞེས། །ཆོས་ཀྱི་ཕུང་པོས་བཤད་མཛད་ཀྱིས། །དད་པ་ཤིན་ཏུ་ཆེར་བསྐྱེད་ལ། །བྱང་ཆུབ་སྤྱོད་པ་སྤྱད་པར་གྱིས། །སངས་རྒྱས་བསྟི་སྟང་གང་བྱེད་ཅིང་། །དེ་བཞིན་གཤེགས་ལ་དྲིན་གཟོ་བ། །

ཡང་དག་སངས་རྒྱས་དཔལ་ལྡན་ལས། །དེ་དག་རྒྱང་མར་མི་གནས་སོ། །བདག་ཉིད་ཆེ་བ་འདི་ལྟ་བུ། །གང་གིས་ཐོས་མཐོང་མཁས་པ་རྣམས། །སྤྱོད་ཡུལ་ཐོབ་པར་ཅིས་འགྱུར་བའི། །སྨོན་ལམ་སུ་ཞིག་སྦྱོང་མི་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་དཔའ་
བའི་རྒྱལ་མཚན་གྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཇི་ལྟར་ཉི་མའི་འོད་སྣང་བས། །མིག་གིས་གཟུགས་རྣམས་མཐོང་གྱུར་པ། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱིས། །དག་པའི་
སེམས་ལྡན་རྒྱལ་བ་མཐོང་། །ཇི་ལྟར་བརྩོན་འགྲུས་སྟོབས་ལྡན་པ། །རྒྱ་མཚོ་ལ་ནི་འཇུག་པར་བྱེད། །དེ་བཞིན་ཡེ་ཤེས་སྟོབས་ལྡན་པས། །བསམ་དུ་མེད་པའི་སངས་རྒྱས་མཐོང་། །ཇི་ལྟར་ས་བོན་རྣམ་པ་དག །ཞིང་བཟང་ལ་ནི་སྐྱེར་འགྱུར་བ། །དེ་བཞིན་སེམས་
བསམ་རྣམ་དག་ལ། །སངས་རྒྱས་ཆོས་ནི་སྐྱེ་བར་འགྱུར། །ཇི་ལྟར་ནོར་གྱི་ཕུང་པོ་ཡིས། །དབུལ་བ་ཐམས་ཅད་སྤོང་བྱེད་པ། །དེ་བཞིན་སངས་རྒྱས་ཆོས་རྣམས་ཀྱིས། །བྱང་ཆུབ་སེམས་དཔའ་རྣམ་དག་འགྱུར། །ཇི་ལྟར་དུག་ཏུ་གྱུར་པ་ལ། །ནད་མེད་དུག་སྨན་
རྒྱལ་བར་བྱེད། །དེ་བཞིན་ཉོན་མོངས་རྣམ་པ་ལ། །རྣམ་དག་ཚུལ་ནི་སྤྱོད་ཡུལ་ལོ། །སངས་རྒྱས་ཀྱིས་ནི་གང་བསྔགས་པའི། །དགེ་བའི་བཤེས་ལ་བརྟེན་བྱས་ན། །དེ་ཡི་མཐུས་ནི་སངས་རྒྱས་ཀྱི། །ཆོས་ཉིད་འདི་དག་ཐོས་པར་འགྱུར། །
བསྐལ་པ་བྱེ་བ་གྲངས་མེད་པར། །སྦྱིན་པ་མཆོག་རྣམས་སྦྱིན་བྱས་ཀྱང་། །འདི་ཡི་ཚུལ་ལ་རབ་སྤྱོད་པའི། །གྲངས་དང་ཆར་ཡང་མྱི་འགྲོའོ། །སངས་རྒྱས་ཡོན་ཏན་མཐའ་ཡས་ཏེ། །མཚན་གྱིས་ཤིན་ཏུ་རྣམ་པར་བྲིས། །བརྗོད་པས་
ཡང་དག་སངས་རྒྱས་རྣམས། །རྒྱལ་བ་ཤེས་པར་མི་ནུས་སོ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །གནས་ནས་གཡོ་བ་མྱི་མངའ་བར། །སྐུ་ནི་ཀུན་ཏུ་རྣམ་རྒྱུ་ཞིང་། །ཆོས་ཀྱི་དབྱིངས་ནི་སྟོན་པ་མཛད། །ཇི་ལྟར་ནམ་མཁའི་ཁམས་

འདི་ནི། །ནམ་ཡང་རང་བཞིན་མི་འགྱུར་ཏེ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང་། །ངོ་བོ་ཉིད་ལས་འགྱུར་བ་མེད། །དེ་ནས་བྱང་ཆུབ་སེམས་དཔའ་སྐར་མའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། ཕྱོགས་
བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །མི་ཡི་འཇིག་རྟེན་འདི་ཀུན་དང་། །ལྷ་ཡི་གནས་རྣམས་ཐམས་ཅད་དང་། །འགྲོ་བ་མ་ལུས་ཀུན་ན་ཡང་། །མི་ཡི་གཙོ་བོ་ཤིན་ཏུ་སྣང་། །ཇི་ལྟར་སེམས་དངོས་གཅིག་
པུ་ལས། །རྣམ་པ་ཐ་དད་སེམས་བརྗོད་པ། །དེ་བཞིན་སངས་རྒྱས་སྐུ་གཅིག་ལས། །སངས་རྒྱས་ཐམས་ཅད་བརྗོད་པ་ཡིན། །བྱང་ཆུབ་གཉིས་སུ་མེད་པ་བརྗོད། །བྱང་ཆུབ་དེ་ཡང་མཚན་ཉིད་མེད། །མཚན་གྱིས་མངོན་པར་རྣམ་བྲིས་པའི། །
སྐུ་རྣམས་གཉིས་སུ་སྣང་བར་གྱུར། །མཁའ་དང་ཆོས་ཀྱི་དབྱིངས་ལ་ཞུགས། །སྒྱུ་མའི་ས་ཡང་རབ་ཏུ་བསྟན། །དེ་ཕྱིར་སངས་རྒྱས་དེ་དག་གི །སྤྱོད་ཡུལ་བལྟ་བ་ཟད་པ་མེད། །ཡང་དག་སངས་རྒྱས་ཆོས་ཀྱི་སྐུ། །མགོན་པོ་ཐམས་ཅད་
དུས་གསུམ་དུ། །ཇི་ལྟར་འདུལ་བའི་འགྲོ་བ་ལ། །གཟུགས་ཀྱི་སྐུ་ཡང་རབ་ཏུ་སྣང་། །འདི་འདྲའི་ལུས་སུ་བདག་གྱུར་ཅེས། །སངས་རྒྱས་རྟོག་པར་མི་མཛད་དེ། །སྟོན་ལ་རྣམ་རྟོག་མི་མངའ་ཡང་། །བྱིན་གྱི་རླབས་ནི་སྟོན་
པ་མཛད། །དབྱེར་མེད་པ་ཡི་དབྱིངས་ལ་ཡང་། །ཆོས་ཀྱི་དབྱིངས་ནི་ཡང་དག་གནས། །འཇིག་རྟེན་ཁམས་ནི་ཚད་མེད་པར། །ཐུབ་པས་རྣམ་པར་རྟོག་པ་བསྟན། །སྐུ་ནི་སྤྲུལ་པ་མ་ཡིན་ཏེ། །སྤྲུལ་པ་མྱིན་པའང་སྐུ་
མ་ཡིན། །སྤྲུལ་པ་མེད་པའི་ཆོས་འདི་ཡིས། །སྤྲུལ་པ་རྣམས་ནི་རབ་ཏུ་བསྟན། །ཡང་དག་སངས་རྒྱས་ཚད་མེད་པ། །ཆོས་ཀྱི་དབྱིངས་ལ་ཤིན་ཏུ་བརྟེན། །མཐའ་དང་དབུས་མེད་རབ་ཏུ་ཟབ། །ཚིག་གི་ལམ་གྱིས་བཟླ་བར་

དཀའ། །ཀུན་ཏུ་འགྲོ་བའི་ཆོས་རྣམས་ལ། །དེ་བཞིན་གཤེགས་པ་དོན་དེས་མཁྱེན། །ཞིང་རྣམས་ཀུན་ལ་ཆགས་མི་མངའ། །ཆོས་ཀྱི་དབྱིངས་ལ་རྣམ་པར་སྤྱོད། དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྒྱལ་
མཚན་གྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཀུན་མཁྱེན་ཡེ་ཤེས་མ་ཆགས་པ། །དེ་ལ་ཞུགས་པར་གང་གྱུར་པ། །དེ་ཡི་སེམས་ནི་ཚད་མི་ཟིན། །
བྱང་ཆུབ་ཀྱི་ནི་སྤྱད་པ་སྤྱོད། །དེ་བཞིན་གཤེགས་པ་མང་པོ་རྣམས། །ཡུལ་དང་ཡུལ་དུ་དེ་དག་སྣང་། །ཆོས་རྣམས་ཕྱོགས་གཅིག་གང་ལ་ཡང་། །ཡང་དག་སངས་རྒྱས་གནས་པ་མེད། །འཇིག་རྟེན་སྒྲོན་མ་དེ་དག་གིས། །བྱིན་གྱི་
རླབས་ནི་གང་བསྟན་པ། །བསྐལ་པ་བསམ་གྱིས་མི་ཁྱབ་པར། །འདི་ཡི་མཐའ་ནི་རྙེད་པར་དཀའ། །དུས་གསུམ་རྣམས་ནི་ཇི་སྙེད་པའི། །སེམས་ཅན་རྣམས་ཀྱི་མཐར་ཐུག་པ། །བགྲང་བའི་མཐར་ནི་ཕྱིན་པར་ནུས། །འདྲེན་པ་ལ་ནི་མཐར་
ཐུག་མྱེད། །དེ་དག་སྐུ་ནི་གཅིག་ཏུ་སྣང་། །སྐུ་གཉིས་དེ་དག་བསམ་མི་ཁྱབ། །འཇིག་རྟེན་ཁམས་སུ་སྣང་གྱུར་ཀྱང་། །སྐུ་ལ་གཉིས་སུ་གྱུར་པ་མེད། །ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་
སུ་གྱུར་པ་མྱེད། །དེ་བཞིན་ཆགས་མྱེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་རྣམས་ཀུན་ལ་རབ་ཏུ་སྣང་། །སངས་རྒྱས་ལ་ནི་གཉིས་ཀྱང་མེད། །འདི་ལ་གཅིག་ཀྱང་ཡོད་མ་ཡིན། །སྐུ་ནི་གཉིས་སམ་གསུམ་དུ་མེད། །
ཇི་ལྟར་སེམས་ཅན་བསམ་པ་བཞིན། །ཚད་མྱེད་པར་ནི་རབ་ཏུ་སྣང་། །སྐུ་ནི་འདས་པ་མ་ཡིན་ཏེ། །མ་འོངས་པའང་སྐུ་མ་ཡིན། །སྐྱེས་དང་བྱང་ཆུབ་མྱ་ངན་འདས། །སྐད་ཅིག་གིས་ནི་རབ་ཏུ་སྣང་། །ཇི་ལྟར་སྒྱུ་མར་གྱུར་པའི་གཟུགས། །སྐྱེས་པ་

མ་ཡིན་འོངས་པ་མྱིན། །དེ་ལྟར་དེ་བཞིན་གཤེགས་པའི་སྐུ། །སྐྱེ་བ་མྱེད་པར་ཤིན་ཏུ་བསྟན། དེ་ནས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་
སུ་བཅད་པ་འདི་དག་སྨྲས་སོ། །ཡང་དག་སངས་རྒྱས་ཚད་མྱེད་པས། །ཚད་དུ་སྐུ་ཡང་རྣམ་པར་བསྟན། །ཇི་ལྟར་འདུལ་བའི་སེམས་ཅན་རྣམས། །དེ་བཞིན་འདྲེན་པ་རབ་ཏུ་མཐོང་། །སྐུ་ལ་ཕྱོགས་ནི་མྱེད་པར་བརྗོད། །སངས་རྒྱས་
ཡུལ་ནི་མ་ལུས་ཁྱབ། །བར་སྣང་ནམ་མཁའ་ཇི་ལྟ་བར། །དེ་བཞིན་སངས་རྒྱས་བསམ་མི་ཁྱབ། །དེར་ནི་སེམས་ལ་འཕོ་བ་མྱེད། །སེམས་ལ་སྐྱེ་བའང་ཡོད་མ་ཡིན། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི། །སྐྱེ་བ་མྱེད་ལ་རབ་ཏུ་གནས། །ཇི་ལྟར་
རབ་རིབ་ལྡན་པའི་མྱིག །ནང་ན་མྱེད་ཅིང་ཕྱི་ནའང་མྱེད། །དེ་བཞིན་འཇིག་རྟེན་སངས་རྒྱས་དག །ནང་ན་མྱི་བཞུགས་ཕྱི་ནའང་མྱིན། །འཇིག་རྟེན་ཀུན་གྱི་དོན་གྱི་ཕྱིར། །རྐང་གཉིས་ཀྱི་ནི་མཆོག་བྱུང་སྟེ། །འཇིག་རྟེན་དུ་ནི་མ་བྱུང་བ་ཡང་། །འཇིག་རྟེན་
དག་ཏུ་སྐྱེ་བོས་མཐོང་། །སངས་རྒྱས་རྣམས་ལ་ཞིང་མྱི་གནས། །རྒྱལ་བ་དག་ལ་ཉིན་མཚན་མེད། །སྐད་གཅིག་མ་ཡིན་ཟླ་བ་མྱིན། །རྒྱལ་བ་ལ་ནི་ལོ་མི་གནས། །འཇིག་རྟེན་དག་ན་འདི་སྐད་བརྗོད། །ཉི་མ་ཆེ་གེ་མོ་ཞིག་ཏུ། །རང་བྱུང་བྱང་ཆུབ་རྒྱལ་
བས་ཐོབ། །སངས་རྒྱས་ཉི་མ་རྗེས་མི་འབྲང་། །དེ་ལ་བསྐལ་པ་ཡོད་མ་ཡིན། །དུས་ཀྱང་མ་ལུས་མེད་པ་སྟེ། །དུས་གསུམ་ཡང་དག་རྫོགས་སངས་རྒྱས། །མགོན་པོ་རྣམས་ནི་མངའ་བར་འགྱུར། །ཇི་ལྟར་ཉི་མའི་དཀྱིལ་འཁོར་ནི། །ནམས་ཀྱང་མཚན་དང་
མི་གནས་ཏེ། །ཉིན་མཚན་ཞེས་ཀྱང་རབ་ཏུ་བརྗོད། །དེ་བཞིན་སངས་རྒྱས་ཆོས་ཉིད་དོ། །བསྐལ་པ་གཅིག་དང་དུས་གསུམ་དུ། །འདྲེན་པ་བཞུགས་པ་མ་ཡིན་ཏེ། །དུས་གསུམ་ཞེས་ཀྱང་རབ་ཏུ་བརྗོད། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་ལྟོས། དེ་ནས་བྱང་ཆུབ་སེམས་

དཔའ་རྡུལ་དང་བྲལ་བའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཡང་དག་སངས་རྒྱས་སྐུ་གཅིག་སྟེ། །འདྲེན་པ་ཐམས་ཅད་དོན་
གཅིག་ཀྱང་། །ཚད་མྱེད་གཞན་དང་གཞན་དག་ཏུ། །ཕྱོགས་བཅུ་ཀུན་ནས་རབ་ཏུ་སྣང་། །གང་གིས་མ་ལུས་ཐམས་ཅད་ཀྱི། །ཆོས་ཀྱི་དབྱིངས་རྣམས་ཀུན་ཁྱབ་པས། །སེམས་ཅན་གཙོ་བོ་ཐུབ་པ་ཡི། །སྤྱོད་ཡུལ་རྣམས་ནི་ཅི་འདྲ་ལྟོས། །སངས་རྒྱས་
རྣམས་ཀྱི་ཆོས་ཉིད་ནི། །ནང་གི་སྐུས་ཀྱང་སྣང་བ་མྱིན། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས། །ཕྱི་རོལ་སྐུས་ཀྱང་མྱི་སྣང་ངོ་། །དུས་མང་ཀུན་ཏུ་ལས་རྣམས་ཀྱིས། །ཇི་ལྟར་ལས་རྣམས་བསྩགས་པ་བཞིན། །དེ་བཞིན་སོ་སོར་ཕྱེ་བའི་སྐུས། །རིགས་
སུ་བྱུང་བར་རབ་ཏུ་བསྟན། །རྒྱལ་བའི་ཆོས་ཉིད་མ་གཏོགས་པར། །སངས་རྒྱས་སྐུ་ནི་འདི་འདྲ་བ། །གྲངས་སུ་བགྲང་བར་མྱི་ནུས་ཏེ། །བསམ་པས་ལྟ་ཡང་ཤེས་མྱི་ནུས། །ཇི་ལྟར་བདག་ཅག་སེམས་ཀྱི་ལས། །བསམ་གྱིས་མྱི་ཁྱབ་མྱི་འབྱུང་བ། །དེ་བཞིན་
སངས་རྒྱས་བསམ་མྱི་ཁྱབ། །སེམས་ཀྱི་འཕྲིན་ལས་མྱི་མངའོ། །ཇི་ལྟར་ཞིང་རྣམས་བསམ་ཡས་པ། །ས་ལ་རྣམ་པར་དག་པར་མཛེས། །དེ་བཞིན་སངས་རྒྱས་བསམ་མི་ཁྱབ། །འགྲོ་བ་དག་ན་མཛེས་པར་སྣང་། །ཇི་ལྟར་ལས་རྣམས་
འཇུག་པ་ནི། །རྐྱེན་གྱིས་རབ་ཏུ་འབྱུང་འགྱུར་བ། །དེ་བཞིན་རྒྱུ་རྣམས་འཐུན་པ་ལས། །སངས་རྒྱས་ཤིན་ཏུ་མཐོང་བར་འགྱུར། །ཡིད་བཞིན་ནོར་བུའི་རྒྱལ་པོ་ནི། །ཇི་ལྟར་ཡིད་བསམ་རྫོགས་བྱེད་པ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང་། །རྟག་ཏུ་
སྨོན་ལམ་རྫོགས་པར་སྒྲུབ། །མཐའ་དང་དབུས་མེད་འཇིག་རྟེན་འདིར། །འཇིག་རྟེན་མགོན་པོ་འདྲེན་པར་འགྱུར། །དེ་ཡི་སྨོན་ལམ་དེ་དག་གིས། །ཕྱོགས་བཅུ་འདི་དག་རྒྱལ་བས་གང་། དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་རྒྱལ་

མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཡེ་ཤེས་དཀྱིལ་འཁོར་སངས་རྒྱས་ཏེ། །འཇིག་རྟེན་ཆོས་རྣམས་རྣམ་པར་སྦྱོང་། །འཇིག་རྟེན་ཆོས་རྣམས་
རྣམ་སྦྱངས་ནས། །སངས་རྒྱས་ཆོས་རྣམས་རབ་ཏུ་བརྗོད། །དེ་སྟེ་སེམས་ཅན་མཉམ་སངས་རྒྱས། །སེམས་ཅན་ལ་ལ་བསམ་བྱས་ན། །རྒྱལ་བ་དེ་དག་ཐམས་ཅད་མཐོང་། །སངས་རྒྱས་ལ་ནི་གཤེགས་པ་མེད། །སངས་རྒྱས་ལ་ནི་དམིགས་
བྱས་ནས། །སེམས་ཀྱིས་སངས་རྒྱས་དམྱིགས་པས་ན། །སེམས་བསྐྱེད་པ་དང་རྒྱལ་མཉམ་པར། །དེ་བཞིན་དེ་དག་རྒྱལ་བ་མཐོང་། །དཀར་པོའི་ཆོས་ཀྱིས་ཉེར་བརྟན་ཅིང་། །གང་གིས་གྲགས་པ་རྣམ་སྦྱངས་པ། །དེ་དག་ཐམས་ཅད་སེམས་བསྐྱེད་
ལ། །ཤེས་རབ་ལྡན་པ་རབ་ཏུ་བཞུགས། །དམྱིགས་པ་དག་དང་བྱིན་གྱི་རླབས། །མྱི་ཡི་གཙོ་བོ་སྟོན་པ་མཛད། །དེ་ཕྱིར་དམྱིགས་པ་ཀུན་ཏུ་ཡང་། །སངས་རྒྱས་རྒྱལ་བ་གཤེགས་པར་བརྗོད། །འཇིག་རྟེན་ཁམས་རྣམས་འདི་དག་ནི། །སངས་
རྒྱས་སྐུ་རྣམས་བདག་གི་མྱེད། །སེམས་ལ་བདག་གི་མེད་པ་བསྟན། །བྱང་ཆུབ་རྟོགས་ལ་བདག་གི་མེད། །མི་ཡི་སེང་གེའི་ཆོས་ཉིད་དང་། །དཔའ་བའི་སྟོབས་ལ་རབ་ཏུ་གནས། །ལུས་དང་མཚན་ཉིད་མི་འདྲ་སྟེ། །སྣང་བའི་སེམས་དང་མཉམ་
པའི་སྐུ། །ཇི་ལྟར་འཇིག་རྟེན་དེ་བཞིན་སྐུ། །ཇི་བཞིན་སྐུར་ཡང་རྒྱལ་བ་སྟེ། །སྐུ་ཡི་རང་བཞིན་ཤེས་པ་ནི། །སངས་རྒྱས་ཆགས་པ་མེད་ཅེས་བྱ། །སངས་རྒྱས་ཀུན་ཏུ་གཟིགས་པ་སྟེ། །ཆོས་རྣམས་ཐམས་ཅད་རབ་ཏུ་གཟིགས། །སངས་
རྒྱས་ཆོས་དང་བྱང་ཆུབ་རྣམས། །གང་ལའང་དམྱིགས་པ་མེད་པ་ཡིན། །སངས་རྒྱས་ལ་ནི་གཤེགས་པ་མྱེད། །སངས་རྒྱས་གང་ནའང་མི་བཞུགས་ཏེ། །ཡང་དག་སངས་རྒྱས་ལོག་པ་མེད། །དེ་བཞིན་གཤེགས་ལ་ལེན་མི་མངའ། དེ་ནས་བྱང་ཆུབ་

སེམས་དཔའ་དཔལ་གྱི་རྒྱལ་མཚན་གྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཐམས་ཅད་ཀུན་ཏུ་ཁྱབ། །ཞིང་གཅིག་ལ་ནི་མི་གནས་ཏེ། །
ཐམས་ཅད་དུ་ནི་སངས་རྒྱས་གཤེགས། །ཞིང་རྣམས་ཀུན་ཏུ་རབ་ཏུ་སྣང་། །སངས་རྒྱས་སྐུ་ནི་ཐམས་ཅད་དུ། །བྱིན་གྱི་རླབས་དག་རབ་ཏུ་འབྱུང་། །འཚང་རྒྱ་ཆོས་ཀྱི་འཁོར་ལོ་དང་། །བསམ་པ་བཞིན་དུ་མྱ་ངན་འདའ། །སངས་རྒྱས་ལ་ནི་སུ་ཞིག་
སེམས། །ཅི་ཕྱིར་སངས་རྒྱས་བསམ་མི་ཁྱབ། །ཡང་དག་སངས་རྒྱས་སུ་ཡིས་མཐོང་། །རྒྱལ་བ་སུས་ཀྱང་མཐོང་མི་འགྱུར། །ཇི་ལྟར་ཆོས་རྣམས་ཆོས་ཉིད་དང་། །ཇི་ལྟར་སངས་རྒྱས་སྤྱོད་ཡུལ་དུ། །གང་དག་ཆོས་རྣམས་གཅིག་ཙམ་ཡང་། །དེ་
བཞིན་ཉིད་ལ་མི་འཇུག་གོ །འདི་ནི་འཇིག་རྟེན་འདི་རྒྱལ་ཞེས། །འཇིག་རྟེན་དག་ན་རྣམ་རྟོག་ཡོད། །གང་གིས་ངོ་བོ་ཉིད་ཤེས་ན། །འཇིག་རྟེན་མྱེད་དེ་རྒྱལ་བའང་མེད། །འཇིག་རྟེན་དད་པར་བྱ་བའི་ཕྱིར། །མགོན་པོ་དག་ནི་མངོན་སུམ་སྟོན། །དེ་དག་
གི་ནི་ལྟ་བ་འདི། །ཤིན་ཏུ་དམྱིགས་པར་མི་རུང་དེ། །གང་གིས་ཆགས་པ་རྣམས་བཟློག་ཅིང་། །ཆགས་པ་མེད་པ་དགའ་བྱེད་པ། །ཆགས་པ་ཐམས་ཅད་རྣམ་བཟློག་ནས། །ཆགས་མེད་ཆོས་ཉིད་རྟོགས་པར་འགྱུར། །སངས་རྒྱས་ཞེས་བརྗོད་གང་ཡིན་དང་། །
གང་གི་རྣམ་འཕྲུལ་སྣང་གྱུར་པའི། །ཆོས་ནི་དུས་གསུམ་ཐམས་ཅད་དུ། །རྣམ་པ་ཀུན་དུ་མི་རྙེད་དེ། །གང་གིས་ཆོས་ཉིད་འདི་ཤེས་ཤིང་། །གང་གིས་འདི་བཞིན་ཡིད་ཤེས་ན། །ཐམས་ཅད་མཁྱེན་ཅིང་གཟིགས་ཀུན་པའི། །དེ་བཞིན་གཤེགས་པ་མྱུར་དུ་འགྱུར། །
སངས་རྒྱས་ཐམས་ཅད་རྣམ་འཕྲུལ་པ། །འདི་དག་ཐམས་ཅད་ཚིག་གིས་བསྟན། །ཡང་དག་སངས་རྒྱས་ཚིག་ལམ་མྱེད། །ཚིག་གི་ལམ་གྱིས་རབ་ཏུ་བརྗོད། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་

ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་གིས་རྣམ་པར་འཕྲུལ་སྣང་བའི། །སངས་རྒྱས་མཐོང་བ་མེད་པ་བས། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ནི། །སྡུག་བསྔལ་ཕུང་པོ་བླངས་ཀྱང་བླ། །འགྲོ་བ་
གང་གིས་བྱང་ཆུབ་ཏུ། །སེམས་ནི་ནམ་ཡང་མ་བསྐྱེད་པ། །དེ་དག་གནས་འདི་ཐོས་གྱུར་ན། །སངས་རྒྱས་བྱང་ཆུབ་འགྲུབ་པར་འགྱུར། །གང་གིས་བསམ་པ་གཅིག་གིས་ཀྱང་། །འདི་ལ་མོས་བྱེད་མཁས་པ་ནི། །མི་ཡི་མཆོག་ཏུ་མི་འགྱུར་ཞེས། །དེས་
ནི་ཐེ་ཙོམ་མི་བྱའོ། །དེ་ཡི་རྣམ་པར་འཕྲུལ་པ་ནི། །བསྐལ་པ་བྱེ་བའི་བར་དུ་དཀོན། །སུ་ཞིག་འདི་ལ་མོས་བྱེད་པ། །དེ་དག་བླ་ན་མེད་པར་འགྱུར། །བརྗོད་དུ་མེད་པའི་སངས་རྒྱས་རྣམས། །སྐད་ཅིག་སྐད་ཅིག་བསྙེན་བཀུར་ཀྱང་། །འདི་ཡི་ཚུལ་ལ་མ་
གནས་ན། །དེ་དག་བསྙེན་བཀུར་བྱས་མ་ཡིན། །གང་ལས་སངས་རྒྱས་བརྗོད་འགྱུར་བའི། །ཆོས་འདི་གང་གིས་ཐོས་གྱུར་པ། །དེས་ནི་མྱི་བདེ་ཀུན་གྱིས་ཀྱང་། །སྤྱད་པ་རྣམས་ནི་བླང་བར་བྱ། །ཇི་ཙམ་ཆོས་ཀྱི་དབྱིངས་རྣམས་དང་། །དུས་གསུམ་གྱི་ནི་
མགོན་པོ་ཡི། །སངས་རྒྱས་རྣམས་ནི་རྟེན་པ་ཡི། །ཡེ་ཤེས་ཆེན་པོ་གཅིག་ཐོས་ནས། །ཕྱི་མཐའི་བསྐལ་པ་བྱེ་བ་རྣམས། །ཞིང་རྣམས་རེ་རེར་ཟད་བྱས་ཤིང་། །འདི་ཡི་ཚུལ་ནི་བརྩོན་བྱེད་ན། །དེ་ལ་བྱང་ཆུབ་དཀོན་པ་མྱེད། །སེམས་ཅན་རྣམས་ཀྱི་སྔོན་
མཐའ་ཡི། །འཁོར་བར་མི་རྣམས་གནས་གྱུར་ཀྱང་། །དེས་ནི་སངས་རྒྱས་རབ་བྱུང་བ། །ཆོས་ཉིད་འདི་ནི་ཤེས་མ་གྱུར། །ཆོས་རྣམས་ཞིག་པར་བྱས་པ་མེད། །ཆོས་ནི་འཇིག་པར་མི་འགྱུར་ཏེ། །ཀུན་ཏུ་སྣང་ལས་རྣམ་འཕྲུལ་པ། །འཇིག་རྟེན་དག་ཏུ་
ཐམས་ཅད་བསྟན། དགའ་ལྡན་གྱི་གནས་སུ་བྱང་ཆུབ་སེམས་དཔའ་འདུས་པའི་ཚིགས་སུ་བཅད་པ་བསྟན་པའི་ལེའུ་སྟེ། ཉི་ཤུ་དགུ་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་སུམ་

ཅུ་པ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་དེའི་ཚེ། སངས་རྒྱས་ཀྱི་མཐུས། ཏིང་ངེ་འཛིན་ཡེ་ཤེས་སྣང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་བྱང་ཆུབ་སེམས་དཔའི་
ཏིང་ངེ་འཛིན་ཡེ་ཤེས་སྣང་བ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་མ་ཐག་དུ། དེའི་ཚེ་ཕྱོགས་བཅུའི་ཕྱོགས་རེ་རེར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་ནས། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྒྱ་
ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཞལ་བསྟན་པ་མཐོང་སྟེ། དེ་དག་ཀྱང་འདི་ལྟ་སྟེ། མཚན་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་ཤ་སྟག་གོ །ཕྱོགས་གཅིག་ནས་ཇི་ལྟ་བ་ལྟར་ཕྱོགས་བཅུ་ནས་ཀྱང་དེ་བཞིན་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་
འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རྡོ་རྗེའི་རྒྱལ་མཚན་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡེ་ཤེས་སྣང་བ་ལ་སྙོམས་པར་ཞུགས་པ་ལེགས་སོ་ལེགས་སོ། །འདི་ལྟར་ཡང་རིགས་ཀྱི་བུ་ཁྱོད་ལ་ཕྱོགས་བཅུ་ནས། དེ་བཞིན་གཤེགས་པ་སངས་
རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་ཀྱང་མཚན་འཐུན་པ་ཤ་སྟག་གིས། འདི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདིའི་སྔོན་གྱི་སྨོན་ལམ་དང་། སྔོན་གྱི་བྱིན་གྱི་རླབས་དང་། ཁྱོད་ཀྱི་ཡེ་ཤེས་རྣམ་པར་དག་པ་དང་།
བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བས་བརྟན་པའི་ཕྱིར། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མི་འཇིགས་པ་རྣམ་པར་དག་པར་བྱ་བ་དང་། སྤོབས་པ་ཆགས་པ་མེད་པར་བྱ་བ་དང་། ཡེ་ཤེས་ཀྱིས་བསྒྲིབས་པ་མྱེད་པའི་སར་འཇུག་པར་བྱ་བ་དང་།
ཐམས་ཅད་མཁྱེན་པའི་སེམས་ཡངས་པ་ལ་རབ་ཏུ་འཇུག་པར་བྱ་བ་དང་། དགེ་བའི་རྩ་བ་མྱི་ཟད་པ་ཕུན་སུམ་ཚོགས་པར་བྱ་བ་དང་། བསྒྲིབས་པ་མྱེད་པའི་ཆོས་དཀར་པོ་ཡོངས་སུ་རྫོགས་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ལ་སྒོ་ཀུན་ནས་འཇུག་པར་བྱ་བ་དང་།

སངས་རྒྱས་ཐམས་ཅད་ཀྱི་ཆོ་འཕྲུལ་བསྟན་པར་བྱ་བ་དང་། སྔོན་གྱི་མཐའི་མུར་ཐུག་པའི་ཡེ་ཤེས་དང་། དྲན་པ་རྒྱུན་མི་ཆོད་པར་རྣམ་པར་དག་པར་བྱ་བ་དང་། དབང་པོ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པར་བྱ་བ་དང་།
ཆོས་ཀྱི་སྒོ་མཐའ་ཡས་པ་བསྟན་པར་བྱ་བ་དང་། ཤེས་པ་ཀུན་ཏུ་གཟུང་བར་བྱ་བ་དང་། འདི་ལྟ་སྟེ། ཡོངས་སུ་བསྔོ་བ་བཅུ་ཡོངས་སུ་རྫོགས་པར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་གཟུང་བར་བྱ་བ་དང་། འཇིག་རྟེན་
ལས་འདས་པའི་ཚོགས་རྣམས་རབ་ཏུ་བསྟན་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་ཆོད་པར་བྱ་བ་དང་། སྨོན་ལམ་ཆེན་པོའི་སྐབས་དབྱེ་བར་བྱ་བ་དང་། དོན་ཤིན་ཏུ་བསྟན་པ་ལ་འཇུག་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་
པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡིད་རབ་ཏུ་དགའ་བར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སྲིད་པ་གསུམ་གྱི་དགེ་བའི་རྩ་བ་འཐུན་པ་ལ་བསྟེན་པར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཡང་དག་པར་གཟུང་བར་
བྱ་བའི་ཕྱིར་བྱིན་གྱིས་བརླབ་པ་མཛད་ཀྱིས། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱིས་བརྟན་པ་དང་། གཟུངས་ཀྱི་སྣང་བ་ལ་ཞུགས་པ་དང་།
སངས་རྒྱས་ཀྱི་ཆོས་བསྒྲིབས་པ་མེད་པ་ལ་ཞུགས་པ་དང་། ཆོས་ཀྱི་དབྱིངས་སྣང་བའི་ཆོས་ཉིད་དུ་བྱ་བ་དང་། ཁ་ན་མ་ཐོ་བ་མེད་པའི་ཆོས་དཀར་པོ་ཡང་དག་པར་བསྒྲུབ་པར་བྱ་བ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡངས་པ་ལ་གནས་པ་དང་། བསྒྲིབས་པ་མེད་པའི་ཆོས་
སྣང་བ་ལ་གནས་པས་ཆོས་བསྟན་པ་འདི་བརྗོད་པ་དང་། བསྟན་པའི་ཕྱིར་སྤོབས་པར་གྱིས་ཤིག །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱི་ཡེ་ཤེས་ཚད་མེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །སྤོབས་

པ་ཆགས་པ་མྱེད་པ་དང་། ཚིག་རབ་ཏུ་དབྱེ་བ་ལ་མཁས་པ་ཉེ་བར་བསྒྲུབ་པ་མཛད་དོ། །བསྒྲིབས་པ་མེད་པའི་ཆོས་ཀྱི་སྣང་བ་ཉེ་བར་བསྒྲུབ་པ་མཛད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གཅིག་པ་ཉེ་བར་བསྒྲུབ་པ་མཛད་དོ། །ཚད་
མེད་པའི་དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པར་ཉེ་བར་བསྒྲུབ་པ་མཛད་དོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་རྣམ་པར་དབྱེ་བ་ལ་མཁས་པ་ཉེ་བར་བསྒྲུབ་པ་མཛད་དོ། །དགེ་བའི་རྩ་བ་ཐམས་ཅད་ཉམས་པ་མེད་པར་
ཡོངས་སུ་བསྔོ་བའི་ཡེ་ཤེས་ཉེ་བར་བསྒྲུབ་པ་མཛད་དོ། །ཆོས་ཐམས་ཅད་ཀྱི་ལྷག་མཐོང་མངོན་པར་བསྐྱེད་པ་ལ་མཁས་པ་ཉེ་བར་བསྒྲུབ་པ་མཛད་དོ། །ཆོས་ཐམས་ཅད་བསྟན་པའི་གནས་རྒྱུན་མི་ཆད་པ་ཉེ་བར་བསྒྲུབ་པ་མཛད་དོ། །དེ་ཅིའི་ཕྱིར་
ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་འདི་ཉིད་ཀྱི་དགེ་བའི་རྩ་བའི་གཟི་བརྗིད་ཀྱི་ཕྱིར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཕྱག་གཡས་པས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱི་སྤྱི་བོ་ལ་བྱུག་པ་མཛད་དོ། །སངས་རྒྱས་
བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ལ་རེག་མ་ཐག་ཏུ་ཏིང་ངེ་འཛིན་དེ་ལས་རྣམ་པར་ལངས་ཏེ་ལངས་ནས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་སྨོན་ལམ་
འདི་ལྟ་སྟེ། འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། ཀྱེ་རྒྱལ་བའི་སྲས་དག །དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདས་པའི་སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་བསྔོ་བ་ལ་སློབ་བོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་བསྔོ་བ་ལ་སློབ་པར་འགྱུར་རོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་བསྔོ་བ་ལ་སློབ་བོ། །

ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྔོ་བ་གང་ལ་བསམས་ཏེ་དེ་སྐད་དུ་སྨྲས་པ་དེ་དག་ནི་གང་། ཀྱེ་རྒྱལ་བའི་སྲས་དག་ཡོངས་སུ་བསྔོ་བའི་གྲངས་དུ་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །བསྔོ་བ་བཅུ་པོ་འདི་དག་
ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་འདུ་ཤེས་འགོག་ཅིང་འགྲོ་བ་ཐམས་ཅད་ཡོངས་སུ་
སྐྱོབ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དང་པོ་དང་། མི་ཕྱེད་པ་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་གཉིས་པ་དང་། སངས་རྒྱས་ཐམས་ཅད་ལ་ཡང་དག་པར་བསྐྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་གསུམ་པ་དང་། ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཞི་པ་དང་། བསོད་ནམས་ཀྱི་མཛོད་མི་ཟད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་
ལྔ་པ་དང་། དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དྲུག་པ་དང་། འགྲོ་བ་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོང