Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ
Văn bản gốc(Tây Tạng)
Trang 20 / 23 (50.000 ký tự/trang)
་འཁོར་གྱི་སྒོ་ཐམས་ཅད་དུ་ཆུད་པས་སེམས་ཅན་དེ་དང་དེ་དག་འདུལ་བའི་དབང་དུ་བསམ་པ་ཇི་ལྟ་བ་བཞིན་དུ་བརྗོད་པ་དང་། དབང་པོ་འབྱམ་ཀླས་པ་མཐའ་ཡས་པ་རྣམས་ལ། ལྕེ་ ཡངས་པའི་བྱིན་གྱི་རླབས་ཀྱིས་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་དང་། དུས་དང་འབྱོར་པའི་ཆོས་བསྟན་པ་དང་། སྙིང་རྗེ་ཆེན་པོ་འགལ་བ་མེད་པས་ཤིན་ཏུ་བསྟན་པ་དང་། ཚིག་གཅིག་གི་སྒྲ་བརྗོད་པས་འདུལ་བ་ཇི་ལྟ་བ་བཞིན་དུ་ཚིམ་ པར་འགྱུར་ཞིང་། མཐའ་ཡས་པར་སྣང་བར་སྟོན་པས། སངས་རྒྱས་ཀྱི་མཛད་པ་ལ་སྤྱོད་དོ། །དེ་ནི་གལ་ཏེ་སེམས་ཅན་རེ་རེ་ཞིང་། ཚིག་གི་རྣམ་པ་ཐ་དད་པའི་ཚིག་གི་ཆོ་ག་ལས་སྣ་ཚོགས་ཀྱིས་མངོན་པར་འདུ་བྱས་པ། རྣམ་པར་ སྨྱིན་པ་བརྗོད་ཀྱིས་མི་ལང་ཞིང་འབྱམ་ཀླས་པས་ཉེ་བར་གནས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ། གྲངས་མེད་པ་རྣམ་པར་ཕྱེ་བ། རྣམ་པ་ཐ་དད་པ་བརྗོད་དུ་མེད་པ་དང་ལྡན་པ། དེ་ལྟ་བུའི་སེམས་ཅན་ཤ་སྟག་བྱང་ཆུབ་སེམས་ དཔའི་འཁོར་དུ་གྱུར་ལ། འཁོར་གྱི་དཀྱིལ་འཁོར་ཡང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ཙམ་དུ་ཡངས་པ་ཞིག་ཡིན་ཏེ། འདུལ་བ་བརྗོད་དུ་མེད་པ་ཞིག་འདུས་ནས། སེམས་ཅན་རེ་རེ་ལ་ཡང་ཁའི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་ མེད་པ་བརྗོད་དུ་མེད་པ་ཡོད་པར་གྱུར་ཏེ། སེམས་ཅན་གཅིག་ཇི་ལྟ་བར་སེམས་ཅན་དེ་དག་ཐམས་ཅད་ཀྱང་དེ་བཞིན་དུ་དེ་སྙེད་ཀྱི་ཁའི་སྒོ་དང་ལྡན་པ། སེམས་ཅན་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལ་སྐད་དུ་བརྗོད་པ། བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་གྲངས་མེད་པ་རྣམ་པར་བརྟགས་པས་དུས་གཅིག་ཏུ་དབྱངས་གཅིག་ཏུ་བྱས་ཏེ། ཡོངས་སུ་དྲི་བར་བྱས་ཀྱང་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུའི་སེམས་ཅན་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། དེ་ལྟ་བུའི་སྐད་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། དེ་ལྟ་བུའི་བརྗོད་པ་སྣ་ཚོགས་ཀྱིས་ཡོངས་སུ་དྲིས་པ་ལ་འང་། ཆོས་གཟུང་བ་ལ་ཐོགས་པ་མེད་པ་ཡིན། བརྗོད་པ་ཤེས་པར་བྱ་བའི་ཕྱིར། རྣམ་པར་རྟོག་པ་མེད་པ་ཡིན་ཏེ། དྲི་བས་ཐེ་ཙོམ་ཡོངས་སུ་དྲིས་པ་ལ་ཐོགས་པ་མེད་དོ། །འཁོར་གྱི་དཀྱིལ་ འཁོར་གཅིག་དུ་ཇི་ལྟ་བ་དེ་བཞིན་དུ་འཁོར་གྱི་དཀྱིལ་འཁོར་བརྗོད་དུ་མེད་པ་དེ་ཙམ་ཐམས་ཅད་དུ་ཡང་དེ་བཞིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་སོ། །གལ་ཏེ་སྐྲའི་རྩེ་མོ་རེ་རེ་ལས་སེམས་བསྐྱེད་པ་རེ་རེ་ཞིང་། འཁོར་གྱི་དཀྱིལ་ འཁོར་བརྗོད་དུ་མེད་པ་ཞིག་བྱུང་ལ། སེམས་སྐད་ཅིག་རེ་རེ་ལ་རྟོག་པ་གཞན་དང་གཞན་གྱིས། སྐད་གཞན་དང་གཞན་དུ་བརྗོད་པས་ཆོས་ཀྱི་དབྱིངས་ཐམས་ཅད་གང་བར་བྱེད་ཅིང་འཁོར་གྱི་དཀྱིལ་འཁོར་རྣམ་པ་དེ་ལྟ་བུ་ཤ་སྟག་ཅིག་སྐྲའི་རྩེ་མོ་ ཐམས་ཅད་ལས་བྱུང་སྟེ། དེ་ལྟར་བྱུང་བས་ཕྱི་མའི་མཐའི་བསྐུལ་པའི་མུར་ཐུག་པར་བྱུང་ཡང་འཁོར་གྱི་དཀྱིལ་འཁོར་དེ་དག་འབྱུང་བས། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པ་ཟད་པར་གྱུར་ཏེ། འཁོར་དེ་རྣམས་ནི་ཟད་མི་ཤེས་པར་བྱུང་ལ་སྐྱེ་བའི་ རྒྱུན་མི་འཆད་པ་ཞིག་ཡོད་དུ་ཟིན་ན་ཡང་བསྟན་པར་བྱ་བའི་ས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་སྐད་ཅིག་པ་འགའ་ཙམ་དུ་ཡང་ཞུམ་པ་མི་སྐྱེའོ། །སྙོམ་པ་མི་སྐྱེའོ། །སྒྱིད་ལུག་དང་། ཁོང་སྙོམ་མི་སྐྱེའོ། །ཐེ་ཙོམ་དང་ཡིད་གཉིས་མི་སྐྱེའོ། །བག་ཚ་ བ་དང་འཇིགས་པ་མི་སྐྱེའོ། །རྨོངས་པ་དང་འཁྲུལ་པ་མི་སྐྱེའོ། །བྱང་ཆུབ་སེམས་དཔའ་ཆོས་བཟང་པོ་ལ་གནས་པ་དེ་ནི་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་འདི་དག་དང་སེམས་ཅན་གཞན་རྣམས་དང་། སེམས་ཅན་གྱི་ཁམས་ ཐམས་ཅད་ཀྱང་ཚིག་གི་ལམ་གྱིས་ཡོངས་སུ་མགུ་བར་བྱས་ཏེ། ཆོས་བཤད་པའི་མཐར་ཐུག་པར་མི་བྱ། ཆོས་ལ་རྣམ་པར་ཐོགས་པར་མི་བྱའོ། །ཞེས་ནས། དེས་བརྗོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེས་ཏེ། སེམས་ཅན་དེ་དག་ལ་བརྟག མི་དགོས་པར་འབྱུང་བའི་ཚིག་དང་། ཚིག་གི་ཆོ་ག་རྣམ་པ་ཐ་དད་པ་བརྟག་མི་དགོས་པར་འབྱུང་བ་དང་། ཚིག་གི་རྣམ་པར་གདགས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འབྱུང་བས་ཆོས་སྟོན་པར་བྱེད་དོ། །དེ་བརྗོད་པ་དེ་དག་ ཐམས་ཅད་ཀྱང་འཛིན་ལ། སེམས་ཀྱི་སྐད་ཅིག་གཅིག་གིས་ཀྱང་། ཚིག་ཐམས་ཅད་མཁྱེན་པ་ཉིད་དུ་དབང་བསྐུར་བ། ཆགས་པ་མེད་པའི་སྙིང་པོ་ཅན། ཆོས་ཐམས་ཅད་ཀྱི་སྣང་བ་རབ་ཏུ་ཐོབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གཞོལ་བ་ གཅིག་གིས་སེམས་ཅན་ཐམས་ཅད་ཀྱང་གོ་བར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆོས་བཟང་པོ་ལ་གནས་པ་ནི། མངོན་པར་ཆགས་པ་མེད་པའི་ཚུལ་གྱིས་བདག་རྣམ་པར་དག་པ་ཡང་རབ་ ཏུ་འཐོབ་པོ། །སེམས་ཅན་མེད་པར་འབྱུང་བའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་དུས་གཅིག་ཏུ་སྟོང་གསུམ་པ་བཅུ་ནས་སྟོང་གསུམ་པ་བརྗོད་ཀྱིས་མི་ལང་བའི་དོན་དུ་བྱིན་གྱིས་བརླབས་ཤིང་། བདག་གི་ལུས་གསེར་གྱི་མདོག་དུ་མངོན་པར་སྤྲུལ་ཏེ། དབྱངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཤེས་པའི་སྒོར་ཆུད་པ། ཆོས་ཐམས་ཅད་དུ་ཁྱབ་པས་མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོར་འཇུག་ཅིང་། སངས་རྒྱས་ཀྱི་འཕྲིན་ལས་བསྒྲུབས་ཏེ། འཇིག་རྟེན་ཐམས་ཅད་དུ་རྒྱུ་བ་འགགས་པས། འགྲོ་བ་མེད་པའི་ལུས་རྣམས་དང་འགྲོ་བ་ཐམས་ཅད་དུ་འབྱུང་བས་མཐའ་ཡས་པར་འགྲོ་བའི་ལུས་རྣམས་དང་། མི་སྐྱེ་བ་དང་མཉམ་པའི་ཆོས་ལ་བརྩོན་པས་མ་སྐྱེས་པའི་ལུས་རྣམས་དང་། འགོག་པར་བརྗོད་པ་ཐམས་ཅད་དམིགས་པ་མེད་པས་འགགས་པ་མེད་པའི་ལུས་རྣམས་དང་། ཇི་ལྟ་བ་བཞིན་དུ་དམིགས་པས་བདེན་པ་མེད་པའི་ལུས་རྣམས་དང་། འཇིག་རྟེན་གྱི་བདེན་པ་བཞིན་དུ་རྣམ་པར་དམིགས་པས། བདེན་པ་མེད་པའི་ལུས་རྣམས་དང་། འཇིག་རྟེན་གྱི་བདེན་པ་བཞིན་དུ་རྣམ་ པར་དམིགས་པས་མི་སླུ་བའི་ལུས་རྣམས་དང་། འཆི་འཕོ་བ་དང་སྐྱེ་བ་ལས་འདས་པས་མི་འཕོ་བའི་ལུས་རྣམས་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འཇིག་པར་མི་བྱེད་པས། མི་འཇིགས་པའི་ལུས་རྣམས་དང་། དུས་གསུམ་གྱི་ཚིག་གི་ལམ་ལ་བརྩོན་པས་སྐད་ཅིག་གཅིག་ གི་ལུས་རྣམས་དང་། ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པའི་མཐར་ཐུག་པས་མཚན་ཉིད་མེད་པའི་ལུས་རྣམས་དང་། ལུས་རྣམ་པར་ཕྱེ་བ་འབྱམ་ཀླས་པ་བཅུ་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པ་ ལ་སེམས་ཅན་ཐམས་ཅད་ཀྱི་གནས་ཡིན་ནོ། །དབུགས་ཆེན་པོ་ཕྱིན་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་ཡིན་ནོ། །གནས་ཆེན་པོ་ཐོབ་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཡིན་ནོ། །བླ་ན་མེད་པའི་འབྱུང་བ་མཐོང་བར་བྱ་ བ་ལ་སེམས་ཅན་ཐམས་ཅད་ཀྱི་རྟེན་ཡིན་ནོ། །ཆོས་ཀྱི་ཚུལ་ལ་འཇུག་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཡིན་ནོ། །ལས་ཀྱི་རྣམ་པར་སྨྱིན་པ་རྣམ་པར་དམིགས་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་མེ་མར་ཡིན་ནོ། །ཆོས་ ཟབ་མོ་རབ་ཏུ་ཐོབ་པར་བྱ་བ་ལ་འཇིག་རྟེན་ཐམས་ཅད་ཀྱི་སྣང་བ་ཡིན་ནོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྨོངས་པ་མེད་པར་ཁོང་དུ་ཆུད་པར་བྱ་བ་ལ་ཁམས་གསུམ་ཐམས་ཅད་ཀྱི་སྒྲོན་མ་ཡིན་ནོ། །སྣང་བའི་ས་རབ་ཏུ་ཐོབ་པར་བྱ་བ་ལ་འཇིག་ རྟེན་ཐམས་ཅད་ཀྱི་སྣང་བ་ཡིན་ནོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པར་བྱ་བ་ལ་འགྲོ་བ་ཐམས་ཅད་རབ་ཏུ་དགའ་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི། བྱང་ཆུབ་སེམས་དཔའི་སྤྱོད་པ་དགུ་པ་ཆོས་བཟང་པོ་ཞེས་བྱ་བ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་འཇུག་པར་བྱ་བ་ལ་འགྲོ་བ་ཐམས་ཅད་ཀྱི་མུ་སྟེགས་ཡིན་ནོ། ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་པ་བདེན་པ་དང་ལྡན་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ བདེན་པའི་ཚིག་དམ་པ་དང་ལྡན་པས། བདེན་པའི་ཚིག་ཅན་ཡིན་ཏེ། དེ་ནི་གང་སྨྲས་པ་དེ་བྱེད། གང་བྱེད་པ་དེ་སྨྲའོ། །དེ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པའི་གསུང་ལ་ཡང་སློབ་བོ། །མ་བྱོན་པའི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་བདེན་པའི་གསུང་ལ་ཡང་སློབ་བོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པའི་གསུང་ལ་ཡང་སློབ་བོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་ལ་ཡང་འཇུག་གོ །མ་བྱོན་པའི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་ལ་ཡང་འཇུག་གོ །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་ལ་ཡང་འཇུག་གོ །འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་འཐོབ་བོ། །མ་བྱོན་པའི་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་འཐོབ་བོ། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་འཐོབ་པོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་ཐམས་ཅད་དང་། དགེ་ བའི་རྩ་བ་ལྷན་ཅིག་ཏུ་གྱུར་པ་སྟེ། དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པའི་ཡེ་ཤེས་དང་ལྡན་པས་གཉིས་སུ་མེད་པར་སྨྲ་བ་ཡིན་ནོ། །དེ་སེམས་ཅན་རྣམས་ཀྱི་གནས་དང་། གནས་མ་ཡིན་པའི་ཤེས་པ་ལ་ཡང་རབ་ཏུ་འཇུག་གོ །དེ་ སེམས་ཅན་རྣམས་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམ་པར་སྨིན་པ་ཤེས་པ་ལ་ཡང་རབ་ཏུ་འཇུག་གོ །དབང་པོ་དང་། བརྩོན་འགྲུས་རྣམ་པ་ཐ་དད་པ་རྫོགས་པ་དང་། མ་རྫོགས་པ་དང་། རབ་དང་། ཐ་མ་ཤེས་ པ་ལ་ཡང་རབ་ཏུ་འཇུག་གོ །ཁམས་ཐ་དད་པ་དང་། ཁམས་དུ་མ་ལ་ཡང་རབ་ཏུ་འཇུག་གོ །མོས་པ་ཐ་དད་པ་དང་། མོས་པ་དུ་མ་ལ་ཡང་རབ་ཏུ་འཇུག་གོ །ཐམས་ཅད་དུ་འགྲོ་བའི་ལམ་གྱི་ཡེ་ཤེས་ལ་ཡང་རབ་ཏུ་འཇུག་གོ །བསམ་ གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ། སེམས་ཅན་རྣམས་ཀྱི་དུས་དང་དུས་མ་ཡིན་པའང་རབ་ཏུ་ཤེས་སོ། །འཇིག་རྟེན་ གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ལ་འང་རབ་ཏུ་འཇུག་གོ །ལྷའི་མིག་ཆགས་པ་མེད་པར་ཡང་མངོན་པར་སྒྲུབ་པོ། །ཟག་པ་ཟད་པར་ཤེས་པའང་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའི་ སྤྱོད་པ་ཉེ་བར་གཟུང་བ་འང་རྒྱུན་མི་གཅོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱ་བ་དང་། གདུལ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེའི་ཕྱིར་ཞིང་སེམས་འདི་སྙམ་དུ་སྐྱེའོ། །འདི་ལྟར་ འཇིག་རྟེན་ན་གནས་པ་ཡོངས་སུ་མ་གྲོལ་བར་བདག་རྣམ་པར་གྲོལ་བའི་ཚུལ་རབ་ཏུ་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མ་བཀྲོལ་ཅིང་སྨོན་ལམ་རྗེས་སུ་མ་བསྲུངས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱ་བ་འདི་ནི་བདག་ལ་མི་ཆ་ལ། དེ་བས་ན་ཅི་ནས་ཀྱང་སེམས་ཅན་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐས་གཏུགས་པར་འགྱུར་བ་དང་། གང་འདི་ཕུང་པོ་ལྷག་མ་མ་ལུས་ པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཐར་ཐུག་པར་གཞོལ་བར་འགྱུར་བ་དེ་ལྟར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་ནི་སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་མ་བཏབ་པའི་དགེ་བའི་བཤེས་གཉེན་ཏེ། སེམས་ཅན་ ཐམས་ཅད་ཀྱིས་མ་བསྐུལ་བར་ཡང་དག་པར་ཞུགས་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་ཐོག་མར་འགྲོ་བའོ། །བདག་ཅག་ནི་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ཕྱིར་ཁ་ལོ་སྒྱུར་བ་སྟེ། བདག་ཅག་ གི་ནི་འགྲོ་བ་ཀུན་གྱིས་གོས་པ་མེད་པའི་ཕྱིར་མཆོག་ཏུ་གྱུར་པའོ། །བདག་ཅག་ནི་བླ་ན་མེད་པར་ཁ་ལོ་སྒྱུར་བའི་ས་ལ་དམ་པར་གྱུར་པའོ། །བདག་ཅག་ནི་སེམས་ཅན་མེད་པའི་མཐའ་ལ་རབ་རིབ་མེད་པའོ། །བདག་ཅག་ནི་སྔོན་གྱི་སྨོན་ལམ་ གྱིས་ཐོབ་པ་དང་ལྡན་པའོ། །བདག་ཅག་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་རྒྱན་ཐམས་ཅད་ཀྱིས་ཤིན་ཏུ་སྤྲུལ་པའོ། །བདག་ཅག་ནི་སངས་རྒྱས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའོ། །ཞེས་ཏེ་ དེ་སྔོན་གྱི་སྨོན་ལམ་ཡང་འཇིག་པར་མི་བྱེད་དོ། །བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱན་ལ་ཡང་རབ་ཏུ་འཇུག་གོ །སེམས་ཅན་ཐམས་ཅད་ཀྱི་དོན་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པ་ཡང་ཐོག་མ་དང་། བར་མ་དང་། ཐ་མའི་ཚུལ་གྱིས་ཡོངས་སུ་རྫོགས་པར་བྱས་ནས། འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་ཤེས་པའི་མངོན་པར་ཤེས་པའང་རབ་ཏུ་ཐོབ་པར་བྱེད་དོ། །སེམས་བསྐྱེད་པ་རེ་རེ་ཞིང་ཡང་ ཕྱོགས་བཅུར་རྒྱས་པར་འགྲོ་སྟེ། སེམས་བསྐྱེད་པ་གཅིག་གིས་ཀྱང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་འཇུག་གོ །སེམས་བསྐྱེད་པ་རེ་རེས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་མཐོང་སྟེ། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི །སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་དག་པ་ལ་ཡང་རབ་ཏུ་འཇུག་གོ །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པའང་ཡོངས་སུ་སྟོན་ཏོ། །ཆོས་ཀྱི་དབྱིངས་ཀྱིས་ ཀླས་པ་ནམ་མཁའི་མཐས་གཏུགས་པར་ལུས་བྱིན་གྱིས་བརླབས་པ། འགྲོ་བ་ཐམས་ཅད་དུ་ཁྱབ་པ། ཚད་མེད་པ། མི་གནས་པའང་རབ་ཏུ་ཤེས་ཏེ། བདག་གི་ལུས་དེ་དག་ལའང་ཞིང་ཐམས་ཅད་ཡོངས་སུ་འདུས་པར་ཀུན་ཏུ་སྟོན་ཅིང་། དུས་ གསུམ་གྱི་སེམས་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱང་རབ་ཏུ་སྟོན་ཏོ། །སེམས་ཅན་དེ་དག་གི་འདུ་ཤེས་ཀྱི་རྒྱུད་དང་མཐུ་ལའང་རབ་ཏུ་འཇུག་གོ །སེམས་ཅན་དེ་དག་གི་བསམ་པ་དང་། མོས་པ་དང་ལས་དང་། རྣམ་པར་སྨྱིན་པ་རྣམ་པར་དག་པར་ཇི་ཙམ་པ་དེ་ཙམ་དུ་སེམས་ཅན་གདུལ་བའི་དོན་དུ་ལུས་བྱིན་གྱིས་རློབ་སྟེ། དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ཀྱིས་ཤིན་ཏུ་སྤྲུལ་པ་སྟེ། མིག་ཡོར་ལྟ་བུའི་སངས་རྒྱས་སྐྱེ་བར་བྱ་བ་ལ་ཕ་ རོལ་ཏུ་ཕྱིན་པའོ། །འགྲོ་བ་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པའི་ཡིད་དང་ལྡན་པའོ། །དོན་དང་ཡི་གེའི་ཚོགས་ལ་མི་ཟད་པའི་མཛོད་དོ། །དྲན་པས་དབང་བསྒྱུར་བའི་ཆོས་ཐམས་ཅད་ལ་ངེས་པར་རྟོགས་པ་ཐོབ་པའོ། །ཤེས་རབ་ཆེ་བའི་ཏིང་ངེ་འཛིན་ ཐམས་ཅད་ལ་ཡང་རབ་ཏུ་ཞུགས་པའོ། །གཉིས་སུ་མེད་པའི་ས་ལ་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའོ། །སེམས་ཅན་གྱི་ཁམས་གཉིས་ལ་གནས་པ་ལ་སྙིང་རྗེ་ཆེན་པོར་གནས་པ་སྟེ། ཆོས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་བཅུའི་མཐར་ དབེན་པར་གྱུར་པ་སྟེ། ཆོས་ཀྱི་དབྱིངས་མིག་འཕྲུལ་ལྟ་བུ་ལ་རབ་ཏུ་འཇུག་ཅིང་གནས་པའོ། །ཆགས་པ་མེད་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ཡོངས་སུ་རྫོགས་པའོ། །ཁྱུ་མཆོག་གི་མཐུ་ཕྱུང་བས་སེང་གེའི་སྒྲ་སྒྲོག་པའོ། །མི་འཇིགས་པ་རབ་ཏུ་ཐོབ་ པའོ། །ཐོགས་པ་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བའོ། །ཕྱིར་མི་ལྡོག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྗེས་སུ་སྤྱོད་པའི་ཡེ་ཤེས་དང་རྣམ་པར་ཐར་པ་དང་ལྡན་པ། ཡེ་ཤེས་རྒྱ་མཚོ་ལ་རབ་ཏུ་ཞུགས་པའོ། །སེམས་ཅན་ཐམས་ཅད་ཀྱི་ འཁོར་བའི་འཁོར་ལོ་བཟློག་པའི་ཕྱིར་རབ་ཏུ་ཞུགས་པའོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་བྱིན་གྱིས་རླབས་དང་ལྡན་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་རྒྱ་མཚོའི་ཚུལ་ གྱི་རྗེས་སུ་ཞུགས་ཞིང་གཏིང་རྙེད་པའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་པ་སྟེ། བདེན་པ་དང་ལྡན་པ་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་བདེན་པས། ལྷ་དང་བདུད་དང་། ཚངས་པར་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུར་བཅས་པ་དང་། ལྷ་དང་དྲི་ཟ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དང་ཕྲད་པར་འདོང་ངོ་། །ཤེས་པར་བྱེད་དོ། །ཚིམ་ པར་བྱེད་དོ། །ཡོངས་སུ་དག་པར་བྱེད་དོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ས་རྣམ་པ་དྲུག་དུ་གཡོས་པར་གྱུར་ཏོ། །གཡོས་སོ་རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་ སོ། །འགུལ་ཏོ་རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ་རབ་ཏུ་ལྡེག་གོ །ཀུན་ཏུ་ལྡེག་གོ །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག་རབ་ཏུ་ཤིག་ཤིག ། ཀུན་ཏུ་ཤིག་ཤིག་གོ །སངས་རྒྱས་ཀྱི་མཐུས་ལྷ་རྫས་ཀྱི་མེ་ཏོག་གི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་སྤོས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྱེ་མའི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྲེང་ བའི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་གོས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རིན་པོ་ཆེའི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རྒྱན་གྱི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རོལ་མོའི་སྒྲ་ ཡང་མངོན་པར་བྱུང་ངོ་། །ལྷ་རྫས་ཀྱི་སྣང་བ་ཡང་རབ་ཏུ་བྱུང་ངོ་། །ལྷ་རྫས་ཀྱི་སྒྲ་ཡང་རབ་ཏུ་བྱུང་ངོ་། །གླིང་བཞི་པ་འདིའི་ལྷའི་དབང་པོ་རབ་མཚེ་མའི་གནས་ན། ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུ་ཐམས་ཅད་ཀྱང་རྒྱས་པར་བྱས་ཏེ། ཐམས་ཅད་ན་ཡང་ སངས་རྒྱས་ཀྱི་མཐུས་ཆོས་འདི་ཉིད་བསྟན་པར་སྣང་ངོ་། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་ནས། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ འོངས་ཏེ། ཕྱོགས་བཅུ་རྒྱས་པར་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཆོས་ཉིད་འདི་སྟོན་པ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས། བདག་ཅག་ཀུན་ཀྱང་མིང་ཡོན་ ཏན་དང་ལྡན་པ་ཞེས་བྱ་བ་དག་སྟེ། དེ་བཞིན་གཤེགས་པའི་མཚན་ཀུན་ཏུ་ཡོན་ཏན་ཞེས་བྱ་བ་དག་གི་དྲུང་ནས་འཇིག་རྟེན་གྱི་ཁམས་ཡོན་ཏན་གྱི་རྒྱལ་མཚན་ཞེས་བྱ་བ་དག་ནས་ཕྱིན་ཏེ། ཐམས་ཅད་ནའང་སངས་རྒྱས་ཀྱི་མཐུས་འཁོར་འདི་འདྲ་བ་དག་ན་ཚིག་ འདི་དག་དང་། ཡི་གེ་འདི་དག་དང་། བསྟན་པ་འདི་དག་དང་། དོན་འདི་ཉིད་བརྗོད་པས་ལྷག་ཆད་མེད་པར་ཆོས་བསྟན་པ་འདི་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བདག་ཅག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཁོར་འདིར་ཕྱིན་ཏེ་ཇི་ལྟར་འཁོར་འདིར་ བདག་ཅག་ཕྱིན་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་གཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་མཚེ་མའི་གནས་ལྷའི་རྒྱལ་པོ་རབ་མཚེ་མའི་ཁང་པ་ནོར་བུ་སྣ་ཚོགས་ཞེས་བྱ་བ་ཀུན་ཏུ་ཡང་། བྱང་ཆུབ་སེམས་དཔའ་ སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཕྱིན་པར་གྱུར་ཏོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་ཉི་ཤུ་བདུན་པ། །དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པས་ཕྱོགས་ བཅུར་བལྟས་ཏེ། འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟ་ཞིང་། དེ་བཞིན་གཤེགས་པའི་རིགས་ཡང་དག་པར་གཟུང་བ་དང་། བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་སྤྱོད་པ་ དང་། སྨོན་ལམ་གྱི་རིགས་ཕྱིར་མི་ལྡོག་པར་བྱ་བ་དང་། སྤྱོད་པའི་རིགས་རྒྱུན་ཏུ་བསབ་པ་དང་། དུས་གསུམ་གྱི་རྒྱུད་མཉམ་པར་བྱ་བ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་རིགས་ཡང་དག་པར་གཟུང་ བ་དང་། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པའི་རྒྱུད་བརྗོད་པ་དང་། དུས་དང་ཇི་ལྟར་འབྱོར་པའི་ཡན་ལག་དང་དབང་པོ་དང་། བསམ་པ་དང་མོས་པ་དང་། ཉོན་མོངས་པ་དང་། བག་ཆགས་དང་། སེམས་དང་སྤྱོད་པ་དང་། རྣམ་པར་གཡོས་པའི་ རྒྱུད་ཐམས་ཅད་ཡོངས་སུ་བརྟག་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་ཐམས་ཅད་སྣང་བར་བྱེད་ཅིང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། །ནམ་མཁའི་ལམ་གྱི་རྒྱུད་གཤེགས་ཤིང་། ། བསྒྲིབས་པ་མེད་པར་གཟིགས་པ་རྡུལ་རྣམས་སྦྱངས་གྱུར་པ། །ཀུན་ཏུ་མཐའ་ཡས་སྤྱོད་ཡུལ་ཅན། །སྟོབས་བཅུ་མངའ་བ་དེ་ལ་ཕྱག་འཚལ་ལོ། །གང་ཡང་རྒྱལ་བ་མི་ཡི་མཆོག །ཆགས་པ་མི་མངའ་ཡོན་ཏན་ཚད་མེད་མངའ་བ་སྟེ། །འདས་ དུས་མཉམ་པས་མཉམ་གྱུར་པ། །རྡུལ་བསྩལ་དེ་དག་སྤྱོད་པ་འདི་ཡིན་ནོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་དག་ན། །དོན་གྱི་དམ་པ་གཟིགས་པ་བརྟེན་པ་བཞུགས་པ་རྣམས། །མཐའ་ཡས་ཉེས་པ་ཀུན་བསྩལ་པ། །གནས་མེད་དེ་དག་ སྤྱོད་པ་འདི་ཡིན་ནོ། །ཆོས་དབྱིངས་བསམ་གྱིས་མི་ཁྱབ་པར། །སྐྱེས་བུ་སེང་གེ་གང་རྣམས་བྱོན་པར་མ་གྱུར་པ། །ཐུགས་རྗེ་ཆེ་བསྐྱེད་རྣམ་སྤྱོད་པ། །ཕན་མཛད་དེ་དག་སྤྱོད་པ་འདི་ཡིན་ནོ། །དུས་གསུམ་གཞལ་དུ་མེད་པ་ཡི། །རང་བྱུང་ གཏི་མུག་རྣམ་པར་བསྩལ་བ་ཇི་སྙེད་པ། །ཐམས་ཅད་ཆོས་ཉིད་མཉམ་པ་སྟེ། །སྟོབས་མངའ་དེ་དག་སྤྱོད་པ་འདི་ཡིན་ནོ། །གང་རྣམས་མཐའ་དབུས་མེད་པ་ཡི། །འཇིག་རྟེན་ཁམས་ཀྱི་སྲིད་པའི་རྒྱུད་རྣམས་རབ་གཟིགས་ཤིང་། །གཟིགས་ནས་རྟོག་ པ་མི་མངའ་བ། །མི་གཡོ་དེ་དག་སྤྱོད་པ་འདི་ཡིན་ནོ། །གང་རྣམས་ཆོས་ཀྱི་དབྱིངས་མཁྱེན་ཅིང་། །རྣམ་དག་དོན་གྱི་དམ་པ་གཟིགས་པ་བརྟན་པ་རྣམས། །གཏི་མུག་ཐ་བ་ང་རྒྱལ་སེལ་མཛད་པ། །ལེགས་མངའ་དེ་དག་སྤྱོད་པ་འདི་ཡིན་ནོ། ། གང་རྣམས་སེམས་ཅན་ཀུན་མཁས་ཤིང་། །ཆོས་ཀྱི་དབྱིངས་ལ་ངོ་བོ་ཉིད་ཀྱིས་ཞུགས་གྱུར་པའི། །བདེ་གཤེགས་གཞན་དྲིང་མི་འཇོག་པ། །མཁའ་མཉམ་དེ་དག་སྤྱོད་པ་འདི་ཡིན་ནོ། །འཇིག་རྟེན་ཀུན་ཏུ་མཐའ་ཡས་པ། །ནམ་མཁའ་ཀླས་པ་ ཡང་དག་ཐུགས་སུ་ཆུད་གྱུར་ཏེ། །ཟིལ་གྱིས་མི་ནོན་ཆོས་མངའ་བ། །ཐུབ་མཆོག་དེ་དག་སྤྱོད་པ་འདི་ཡིན་ནོ། །ལྡོག་པ་མེད་པ་དེ་དག་རྣམས། །མི་དམའི་ཆོས་དང་ལྡན་པ་ཐུབ་པར་དཀའ་བ་དག །སྨོན་ལམ་སྟོབས་ཀྱི་མཐར་ཕྱིན་པ། །སྤྱོད་ ལེགས་མངའ་བའི་སྤྱོད་འདི་མཉན་པར་གྱིས། །མཐའ་དང་དབུས་ནི་མེད་པའི་སར། །རྗེས་སུ་ཞུགས་ཤིང་ཐམས་ཅད་གཟིགས་པར་གྱུར་པ་རྣམས། །སྤྱོད་ཡུལ་ཟབ་མོ་མངའ་བ་ཡི། །སྨྲ་བའི་སེང་གེའི་སྤྱོད་པ་འདི་ཡིན་ནོ། །རབ་ཏུ་དབྱེ་བའི་ ཚིག་རྒྱུས་ལ། །རྗེས་སུ་ཞུགས་ཤིང་རྒོལ་བ་འདུལ་བར་མཛད་པ་ཡིན། །ཆོས་རྣམས་རྟོག་པ་མངའ་བ་རྣམས། །ཐུབ་ཆེན་དེ་དག་སྤྱོད་པ་འདི་ཡིན་ནོ། །འཇིག་རྟེན་བདེ་བ་བསྐྱེད་མཛད་ཅིང་། །སེམས་ཅན་ཉེས་མེད་ཐུགས་དང་ལྡན་པ་ རྣམས། །ཁ་ལོ་སྒྱུར་བ་མཉམ་མེད་པའི། །ཡོན་ཏན་ཚད་མེད་དེ་དག་སྤྱོད་པ་འདི་ཡིན་ནོ། །འཇིགས་པ་མེད་པ་སྟོབ་མཛད་ཅིང་། །སེམས་ཅན་ཐམས་ཅད་རབ་ཏུ་ཚིམ་པར་མཛད་པ་རྣམས། །དང་ཞིང་རྙོག་པ་མེད་པ་ཡི། །དཔེ་མེད་དེ་དག་སྤྱོད་པ་འདི་ཡིན་ནོ། །དགེ་བའི་ ཐུགས་དང་ལྡན་པ་རྣམས། །བསམ་པ་རྣམ་པར་དག་ཅིང་སྤྲོས་པ་མེད་པ་ཡི། །དཔལ་གྱི་གཟི་བརྗིད་སྤུངས་རྒྱས་པ། །དཔལ་མཆོག་ལྡན་པ་དེ་དག་སྤྱོད་འདིའོ། །དོན་གྱི་ཕ་རོལ་ཕྱིན་པ་རྣམས། །ཡོན་ཏན་འབྱུང་གནས་ རྣམ་པར་དག་པའི་ཐུགས་མངའ་བ། །ཤིན་ཏུ་སེམས་པའི་བློ་ལྡན་རྣམས། །སྲིད་ནས་འཕགས་པ་དེ་དག་སྤྱོད་འདིའོ། །བདག་མེད་ཉམས་པ་མེད་པ་རྣམས། །རྔ་ཡི་དབྱངས་རབ་མངའ་བ་ཞིང་དུ་གཞོལ་བ་དག །ཆོས་ཀྱི་ཚུལ་ལ་གནས་པ་ རྣམས། །ཚིག་ལ་ཉམས་མེད་དེ་དག་སྤྱོད་འདིའོ། །སྦྱིན་པས་ཤིན་ཏུ་འཕགས་པ་རྣམས། །བསོད་ནམས་མཚན་རབ་བརྒྱས་ཀྱང་རབ་ཏུ་བརྒྱན་པ་དག །འགྲོ་ལ་ཕན་པར་མཛད་པ་རྣམས། །བློ་རབ་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །ཡེ་ཤེས་ཤིན་ ཏུ་ཟབ་པའི་སར། །རྗེས་སུ་ཞུགས་ཤིང་བློ་གྲོས་ཤིན་ཏུ་བརྟན་པ་རྣམས། །མི་གཡོ་བརྟན་ཞིང་གནས་པ་དག །བརྟུལ་ཤུགས་བརྟན་པ་དེ་དག་སྤྱོད་འདིའོ། །ཆོས་ཀྱི་དབྱིངས་ལ་འཇུག་པ་ཡིས། །རྗེས་སུ་འཇུག་པའི་ཕ་རོལ་ཕྱིན་པར་གྱུར་པ་ དག །རྣམ་པར་འཕྲུལ་ལ་བརྩོན་པ་རྣམས། །ཆོས་ཀྱི་ཉི་མ་དེ་དག་སྤྱོད་འདིའོ། །མི་མཉམ་མཉམ་པའི་བློ་མངའ་རྣམས། །མི་གཉིས་ཡོངས་སུ་བསྒོམ་པའི་ཏིང་ངེ་འཛིན་ལྡན་པ། །བསམ་པ་ཤིན་ཏུ་རྟོགས་པ་དག །ཐམས་ཅད་ གཟིགས་པ་དེ་དག་སྤྱོད་འདིའོ། །འཇིག་རྟེན་ཁམས་ལ་རབ་འཇུག་པ། །ཕྲ་དང་ཡངས་དང་རྒྱ་ཆེའི་རྣམ་པ་ཐམས་ཅད་དུ། །སྤྱོད་ཡུལ་ཐོབ་པར་གྱུར་པ་རྣམས། །ཡེ་ཤེས་རི་བོ་དེ་དག་སྤྱོད་འདིའོ། །ཡོངས་སུ་དག་པའི་སེམས་ལྡན་པ། ། ཁམས་རྣམས་གསུམ་པོ་ཀུན་ཏུ་ཆགས་པ་མེད་པ་དག །ཚུལ་ཁྲིམས་བརྟུལ་ཤུགས་མཐར་ཕྱིན་པ། །རྣམ་དག་སེམས་ལྡན་དེ་དག་སྤྱོད་འདིའོ། །ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི། །ཡེ་ཤེས་འབྱམ་ཀླས་མངོན་པར་བརྗོད་དུ་མེད་པ་ལ། ། ཞུགས་ཏེ་བསླབས་པའི་བློ་ལྡན་པ། །ཡེ་ཤེས་སྟོབས་ཅན་དེ་དག་སྤྱོད་འདིའོ། །ཡེ་ཤེས་གསལ་བའི་ཕུང་པོ་ཡིས། །དུས་གསུམ་ཆོས་ཀྱི་དབྱིངས་རྣམས་བཀང་སྟེ་བསྒྲུབ་བྱེད་ཀྱང་། །སྒྱིད་ལུག་ཡིད་དུ་མི་འགྱུར་བར། །སངས་རྒྱས་ཡུལ་ཞུགས་དེ་དག་ སྤྱོད་ཡུལ་ལོ། །ཀུན་ཏུ་འགྲོ་བར་སོང་གྱུར་ཅིང་། །སྟོབས་བཅུ་མངའ་བའི་ཆོས་རྣམས་ཀུན་ཀྱང་ཤེས་པ་རྣམས། །ལུས་ཀྱི་ཆོས་ཀྱང་ཆགས་མེད་པ། །ཡོན་ཏན་དཔལ་ཅན་དེ་དག་སྤྱོད་འདིའོ། །སེམས་ཅན་མཐའ་དང་དབུས་མེད་པ། །ཕྱོགས་བཅུའི་འཇིག་ རྟེན་དག་ན་རྒྱུ་བར་གྱུར་པ་རྣམས། །སེམས་ཅན་ཀུན་གྱི་བདག་ནི་སྐྱབས་ཡིན་པ། །འཇིགས་མེད་དེ་དག་སྤྱོད་པ་འདི་ཡིན་ནོ། །རྟག་པར་བརྩོན་འགྲུས་གནས་འཆའ་ཞིང་། །ནམ་ཡང་སངས་རྒྱས་ཆོས་ལ་ཞུམ་པ་མེད་པ་རྣམས། །དེ་ནི་འཇིག་རྟེན་སྦྱང་ཕྱིར་ ཏེ། །ཀླུ་ཆེན་དེ་དག་སྤྱོད་པ་འདི་ཡིན་ནོ། །དབང་པོ་དག་གི་རྒྱུས་ཤེས་པ། །མོས་པའི་ཚུལ་གྱིས་ཕ་རོལ་ཕྱིན་པར་གྱུར་པ་རྣམས། །སྣ་ཚོགས་ཁམས་ཀྱང་རྟོགས་གྱུར་པ། །མཉམ་མེད་རྟོགས་གྱུར་དེ་དག་སྤྱོད་འདིའོ། །ཕྱོགས་རྣམས་བཅུ་པོ་ ཚད་མེད་པའི། །མཐའ་དང་དབུས་མེད་རིན་ཆེན་མང་པོས་འགེངས་བྱེད་ཀྱང་། །ནམ་ཡང་སྐྱོ་བའི་ཡིད་མེད་པ། །དད་པར་བྱེད་པ་དེ་དག་སྤྱོད་འདིའོ། །འོད་ཟེར་དྲ་བ་མཐའ་ཡས་པ། །ཀུན་ཏུ་འགྱེད་ཅིང་འཇིག་རྟེན་སྣང་བར་བྱེད་པ་རྣམས། །སྣང་བའི་ ཆོས་རྣམས་རྟོགས་གྱུར་པ། །བློ་གྲོས་བསྒོམས་པ་དེ་དག་སྤྱོད་འདིའོ། །གང་ཞིག་ཕྱོགས་བཅུའི་ཞིང་གི་རྣམས། །ཁྲག་ཁྲིག་བསམ་གྱིས་མི་ཁྱབ་ཐམས་ཅད་སྐྱོད་བྱེད་ཀྱང་། །འཇིག་པར་འགྱུར་བར་མི་བྱེད་དེ། །འཇིག་རྟེན་ཕན་པ་བསྐྱེད་ལ་རྟག་ཏུ་བརྩོན། ། ཚིག་གི་ཚུལ་ལ་མཁས་པ་རྣམས། །བརྗོད་པ་རྣམ་པར་དབྱེ་བའི་ཕ་རོལ་ཕྱིན་གྱུར་པ། །ཤེས་པ་རྨོངས་མེད་མཁས་པ་དག །མི་འགུལ་སེམས་ལྡན་དེ་དག་སྤྱོད་འདིའོ། །སྤྱིའུ་ཚུགས་རྒྱུ་ལ་མཁས་པ་དག །ཞིང་ རྣམས་རྣམ་པར་དབྱེ་བའི་ཕ་རོལ་ཕྱིན་པའི་རྣམས། །མི་ཟད་ས་ལ་ཞུགས་པའི་དག །ཕམ་མེད་བློ་གྲོས་དེ་དག་སྤྱོད་འདིའོ། །ཡོན་ཏན་ཁྲག་ཁྲིག་ཚད་མེད་པ། །བྱང་ཆུབ་རབ་ལ་གཞོལ་ཞིང་སྤྱད་པ་སྤྱོད་པ་དག །ཡོན་ ཏན་ཐམས་ཅད་མཐར་ཕྱིན་པ། །ལེགས་པ་མི་ཟད་དེ་དག་སྤྱོད་འདིའོ། །འཇིག་རྟེན་འདས་པ་སྨྲ་བའི་རྣམས། །སྨྲ་བའི་དམ་པ་སྨྲ་བའི་སེང་གེར་གྱུར་པ་དག །འགྲོ་བ་དག་བྱའི་མཐར་ཕྱིན་པ། །རྣམ་དག་སེམས་ལྡན་དེ་དག་སྤྱོད་འདིའོ། །སངས་ རྒྱས་རྣམས་ཀྱི་དབང་བསྐུར་བས། །ཆོས་ཀྱི་དམ་པ་རབ་ལ་མངོན་པར་དབང་བསྐུར་ཞིང་། །ཆོས་ཀྱི་ཚུལ་གྱི་རྗེས་སུ་སོང་བ་རྣམས། །ཡིད་ཡངས་ལྡན་པ་དེ་དག་སྤྱོད་འདིའོ། །འགྲོ་བའི་སྲིད་པ་ཀུན་སྲུང་ཞིང་། །སེམས་ཅན་ཐམས་ཅད་རྣམ་ པར་བསྒོམ་པའི་ཡིད་ལྡན་པ། །ཤིན་ཏུ་རྟོགས་པའི་མཛོད་འཆང་རྣམས། །ཆོས་ཀྱི་རི་བོ་དེ་དག་སྤྱོད་འདིའོ། །དབྱངས་ཀྱི་ཡན་ལག་གཅིག་གིས་ཀྱང་། །འཁོར་རྣམས་བརྗོད་དུ་མེད་པ་ཤེས་པར་བྱེད་པ་དག །དབྱངས་ཀྱི་ཚུལ་ལ་ཞུགས་ པ་རྣམས། །ཆགས་མེད་མཐོང་བ་དེ་དག་སྤྱོད་འདིའོ། །གང་ཞིག་ཚིག་ལམ་རྗེས་སོང་ཞིང་། །ཡེ་ཤེས་ཤིན་དུ་འཕགས་པས་རྣམ་པར་མི་རྟོག་པ། །རྣམ་པར་རྟོག་མེད་སྤྱོད་ཡུལ་ཅན། །རང་བཞིན་མེད་མཐོང་དེ་དག་སྤྱོད་འདིའོ། །ཆོས་ཀྱི་ རྒྱ་མཚོར་གནས་འཆའ་ཞིང་། །ཆོས་རྣམས་ཐམས་ཅད་རྒྱུ་ཡིས་རབ་ཏུ་འདེབས་བྱེད་པ། མཚན་ཉིད་མེད་པའི་ཚུལ་ལྡན་རྣམས། །དཔལ་གྱི་ཚུལ་ཅན་དེ་དག་སྤྱོད་འདིའོ། །བདེ་བར་གཤེགས་པའི་ཞིང་གཅིག་ཏུ། །བསམ་གྱིས་མི་ ཁྱབ་པ་ཡི་དུས་རྣམས་ཆུད་བྱེད་ཅིང་། །བསྐལ་པ་གྲངས་མེད་འཛུད་བྱེད་པ། །སྐྱོ་མེད་བརྩོན་པ་དེ་དག་སྤྱོད་འདིའོ། །ཐ་དད་མཚན་ཅན་མི་ཡི་དབང་། །སྐྲ་ཡི་རྩེ་མོ་གཅིག་ལ་སངས་རྒྱས་བརྗོད་ཡས་པ། །གང་གིས་དེ་དག་མཐོང་གྱུར་ རྣམས། །སྤྱོད་པ་བཟང་ལྡན་དེ་དག་སྤྱོད་འདིའོ། །གང་གིས་སྐྲ་ཡི་ཆ་ཙམ་ལ། །བརྗོད་དུ་མེད་པའི་འདྲེན་པ་རྣམས་ནི་མཐོང་གྱུར་ཅིང་། །དེ་བཞིན་ཆོས་དབྱིངས་ཐམས་ཅད་དེ། །རྒྱལ་སྲས་དེ་དག་སྤྱོད་པ་འདི་ཡིན་ནོ། །བསྐལ་པ་བརྗོད་ དུ་མེད་པ་རྣམས། །སེམས་བསྐྱེད་གཅིག་གིས་རབ་ཏུ་ཤེས་པར་གྱུར་པ་རྣམས། །རིང་དང་ཐུང་བར་ངེས་མེད་པ། །རྣམ་ཐར་སྤྱོད་པ་དེ་དག་སྤྱོད་འདིའོ། །ལྟ་ཞིང་དོན་མེད་མི་འགྱུར་ལ། །སངས་རྒྱས་སྤྱོད་པ་དག་ལ་དོན་ཡོད་ལས་ལྡན་ རྣམས། །ཆགས་པ་མེད་པའི་ཡིད་ཅན་དག །རྒྱལ་བ་དམ་པ་དེ་དག་སྤྱོད་འདི་ཡིན། །གང་གིས་སངས་རྒྱས་མཐོང་བའི་ཚེ། །བསྐལ་པ་ཁྲག་ཁྲིག་ནམ་དུའང་ངོམས་པར་མི་འགྱུར་བར། །དགའ་བ་ཤིན་ཏུ་སྤྱོད་པ་རྣམས། །བལྟ་ན་དོན་ ཡོད་དེ་དག་སྤྱོད་འདིའོ། །སེམས་ཅན་ཁམས་ནི་མཐའ་ཡས་པ། །སེམས་ཤིང་བསྐལ་པ་མང་པོ་ཟད་པར་བྱེད་པ་རྣམས། །སེམས་ཅན་མེད་པར་ཤེས་པ་དག །སེམས་ཅན་གཙོ་བོ་དེ་དག་སྤྱོད་འདིའོ། །བསོད་ནམས་མང་པོ་བསྩགས་པ་ རྣམས། །ཡེ་ཤེས་སྐྱོབ་པ་བསོད་ནམས་ཆེན་པོའི་སྙིང་པོ་ཅན། །བསོད་ནམས་མུ་སྟེགས་འགྲོ་བ་ཡི། །སེམས་ཅན་དམ་པའི་སྤྱོད་འདིའོ། །ཆོས་དབྱིངས་ཀུན་ཏུ་མཐའ་ཡས་པ། །ནམ་མཁའི་རྣམ་པ་བཞིན་དུ་དེ་དག་ཚད་མེད་པ། །ཚིག་ གི་ལམ་ལ་གནས་པ་རྣམས། །སེང་གེའི་སྒྲ་སྒྲོག་དེ་དག་སྤྱོད་འདིའོ། །གང་ཞིག་ཏིང་འཛིན་གཅིག་པུ་ལ། །ཏིང་ངེ་འཛིན་ནི་ཁྲག་ཁྲིག་བརྗོད་དུ་མེད་པ་ཡི། །ཆོས་ཀྱི་གནས་སུ་ཞུགས་གྱུར་པ། །སྨྲ་བའི་ཟླ་བ་དེ་དག་སྤྱོད་འདིའོ། ། བཟོད་པའི་སྟོབས་ཀྱི་མཐར་ཕྱིན་པ། །དེ་དག་ཆོས་རྣམས་ཐམས་ཅད་ཞི་ལ་བཟོད་པ་ཡིན། །མི་སྒུལ་སེམས་དང་ལྡན་པའི་རྣམས། །མཐའ་ཡས་ཤེས་ཅན་དེ་དག་སྤྱོད་འདིའོ། །འཇིག་རྟེན་ཁམས་ནི་གཅིག་ནས་ཀྱང་། །དེ་དག་ལུས་ནི་གཡོ་ཞིང་འཕོ་བར་ མི་བྱེད་པར། །འགྲོ་བ་ཀུན་ཏུའང་སྣང་བ་རྣམས། །མཐའ་ཡས་ལུས་ཅན་དེ་དག་སྤྱོད་འདི་ཡིན། །གང་ཞིག་ཞིང་གི་ཚུལ་རྣམས་ཀུན། །རྗེས་སུ་འཇུག་པ་ཤིན་ཏུ་ཕྲ་བ་རབ་ཤེས་ཀྱང་། །ཡོངས་སུ་རྒྱས་པའི་བློ་མེད་པ། ། མཐའ་ཡས་སེམས་དཔའ་དེ་དག་སྤྱོད་འདིའོ། །གནས་དང་གནས་མིན་ཤེས་གྱུར་ཅིང་། །སྟོབས་ལ་འཇུག་པ་དག་ཏུ་ཤིན་ཏུ་ཞུགས་པ་རྣམས། །སྟོབས་ཀྱི་དམ་པ་འཛིན་པ་དག །སྟོབས་ཀྱིས་སྟོབས་ཆེ་དེ་དག་སྤྱོད་འདིའོ། །འདས་པ་དག་ དང་མ་འོངས་དང་། །ད་ལྟར་བྱུང་བའི་ལས་རྣམས་ཤིན་ཏུ་འབྱམ་ཀླས་པ། །རྟག་ཏུ་ཤེས་པ་འཇུག་གྱུར་པ། །ཚུལ་ཤེས་དེ་དག་སྤྱོད་པ་འདི་ཡིན་ནོ། །འགྲོ་བའི་དུས་དང་དུས་མྱིན་པ། །ཇི་ལྟར་སེམས་ཅན་འདུལ་བར་འགྱུར་བ་དེ་བཞིན་ཤེས། ། དུས་ལ་འབེབས་པར་མཁས་པ་རྣམས། །ཤེས་པ་དེ་དག་སྤྱོད་པ་འདི་ཡིན་ནོ། །ཆོས་ལ་སྤྱོད་པ་ཀུན་སྲུང་ཞིང་། །ལུས་དང་ངག་དང་ཡིད་ཀྱི་རྣམས་ཀྱང་སྲུང་བྱེད་པ། །བདུད་ཀྱི་ལམ་ལ་མ་ཞུགས་པ། །ཤེས་པའི་བློ་ཅན་དེ་དག་སྤྱོད་འདིའོ། ། རྣམ་པར་གཞག་པའི་རྒྱུས་མཁས་པ། །ཆོས་རྣམས་ལ་ནི་ཇི་ལྟར་སྤོབས་པར་འཇུག་པ་རྣམས། །དེ་བཞིན་ཉིད་དང་ཡུལ་མཉམ་པ། །བདེ་གཤེགས་སྤྱོད་པ་དེ་དག་སྤྱོད་འདི་ཡིན། །ཆགས་མེད་མཛོད་ལ་བརྩོན་པ་དག །གཟུངས་ཀྱི་སྒོ་ མོའི་དཀྱིལ་འཁོར་རབ་ཏུ་ཤེས་པ་རྣམས། །ཆོས་ཀྱི་དབྱིངས་ལ་འཇུག་པ་ཡི། །རྗེས་སུ་ཞུགས་པ་དེ་དག་སྤྱོད་འདི་ཡིན། །དུས་གསུམ་གཤེགས་པའི་རྒྱལ་བ་རྣམས། །ཇི་སྙེད་བཞུགས་པ་ཀུན་དང་གཅིག་སེམས་ཡིད་ལྡན་པ། ། རང་བཞིན་གཅིག་ཏུ་རྟོགས་པ་རྣམས། །ཆགས་མེད་རིགས་ཅན་དེ་དག་སྤྱོད་འདིའོ། །བསྒྲིབས་མེད་ཡེ་ཤེས་ཚུལ་ཤེས་ཤིང་། །བསྒྲིབས་མེད་ཡེ་ཤེས་ཕྱག་རྒྱ་དག་ལ་ཞུགས་པ་རྣམས། བསྒྲིབས་མྱེད་མྱིག་ཀྱང་བདོག་བྱེད་པ། །མྱིག་ཅན་དེ་དག་སྤྱོད་ པ་འདི་ཡིན་ནོ། །གཉིས་སུ་མེད་ལ་སྤྱོད་པ་ཡི། །རྫུ་འཕྲུལ་རྣམ་པར་གཞོག་པའི་མགོན་པོ་ཐམས་ཅད་ཀུན། །རྣམ་པར་འཕྲུལ་པ་མཁྱེན་པ་རྣམས། །གཉིས་སུ་མེད་སྤྱོད་དེ་དག་སྤྱོད་འདིའོ། །ཆོས་ཀྱི་སྤྲིན་ནི་མཐའ་ཡས་པའི། །ཆར་ཆེན་ རབ་ཏུ་འབེབས་ཤིང་ཞིང་རྣམས་ཡངས་པར་རྒྱུ། །དོན་རྣམས་ཐམས་ཅད་རྟོགས་གྱུར་པ། །ཆོས་སྤྲིན་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །དད་པ་ཕྱིར་ལྡོག་མི་འགྱུར་ཞིང་། །རྩ་བ་ཤིན་ཏུ་ཚུགས་ཤིང་དད་པ་རྣམ་དག་པ། །རྣམ་ཐར་ཤེས་པ་ཐམས་ཅད་ ལ། །བསླབས་པ་རྣམས་ཀྱི་སྤྱོད་ཡིན་མཉན་པར་གྱིས། །འགྲོ་བ་འདི་དག་ཇི་སྙེད་པ། །མ་ལུས་ཐམས་ཅད་སེམས་བསྐྱེད་གཅིག་ཏུ་ཆུད་བྱས་ཏེ། །སེམས་ཀྱི་རང་བཞིན་ཤེས་པ་རྣམས། །རང་བཞིན་མེད་པ་དེ་དག་སྤྱོད་འདི་ཡིན། །ཞིང་རྣམས་ བསམ་གྱིས་མྱི་ཁྱབ་པ། །ཆོས་ཀྱི་དབྱིངས་རྣམས་ཀུན་ཏུ་གང་གིས་སྤྲུལ་བྱས་ཤིང་། །མཉམ་པ་མེད་པ་དེར་སྤྱོད་པ། །དཔེ་མེད་འགྲོ་ལྡན་དེ་དག་སྤྱོད་འདིའོ། །སངས་རྒྱས་ཞིང་རྣམས་མཐའ་ཡས་ཏེ། །དེ་དག་ཀུན་ན་འཇིག་རྟེན་མགོན་པོ་གང་ བཞུགས་པ། །དེ་རྣམས་དང་ནི་མངོན་སུམ་དུ། །སངས་རྒྱས་ཞབས་ཀྱི་དྲུང་ན་འཁོད་གྱུར་པ། །དེ་དག་ལུས་ནི་གཅིག་པུར་ཡང་། །ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་རབ་ཏུ་སྟོན། །ལུས་ནི་སྟོང་ཕྲག་མཐའ་ཡས་པ། །ཏིང་ངེ་འཛིན་ལས་ལྡང་ན་ ཤིན་ཏུ་སྣང་། །སྤྱོད་པ་ཟབ་དང་ལྡན་བྱས་ནས། །སྤྲོས་པ་མེད་པའི་སྤྱོད་པ་དག་ལ་རབ་སྤྱོད་པ། །དགའ་བའི་ཡིད་དང་ལྡན་པ་རྣམས། །སེམས་ཅན་ཀུན་ལ་དགའ་བར་བྱེད་པ་ཡིན། །དབང་པོ་ཐ་དད་ཚུལ་རྣམས་ལ། །བློ་གྲོས་གནས་ཤིང་ཤེས་ པ་རབ་ཏུ་ཐོབ་པ་རྣམས། །དབང་པོ་དག་ནི་མི་གནས་པ། །མ་དུལ་འདུལ་བ་དེ་དག་སྤྱོད་འདི་ཡིན། །ཐ་དད་ཆོས་ཀྱི་ཚུལ་རྣམས་ལ། །ཆོས་རྣམས་ཐམས་ཅད་ཀུན་ལ་དབང་བས་ཤེས་གྱུར་པ། །ཀུན་ཀྱང་སངས་རྒྱས་མཛད་པ་ལ། །དམིགས་པའི་ ཆོ་གས་རབ་ཏུ་སྤྱོད་པ་ཡིན། །ཤིན་ཏུ་ཡངས་པའི་ལྗགས་མངའ་བ། །དེ་དག་དབང་པོ་རྣམས་དང་ལེགས་པའི་སྤྱོད་ཐོས་ན། །སུ་ཡི་སེམས་ཤིག་དང་མི་འགྱུར། །ནམ་མཁའ་ལྟ་བུར་དེ་དག་སྤྱོད་འདི་ཡིན། །ཀུན་ཏུ་ མཐའ་ཡས་ཤེས་ལྡན་ཞིང་། །ཆོས་རྣམས་ཀུན་ཏུ་མཐའ་ཡས་མིག་ཡོད་པ། །ཡེ་ཤེས་མཐའ་ཡས་ཚུལ་ལྡན་པ། །མཐའ་ཡས་ཤེས་ཅན་དེ་དག་སྤྱོད་འདི་ཡིན། །ཟད་མི་ནུས་པ་ཟད་བྱེད་ཅིང་། །བསོད་ནམས་འབྱམ་ཀླས་ཡོད་པས་བསོད་ནམས་མི་ ཟད་པ། །འགྲོ་བ་དག་པའི་མཐར་ཕྱིན་རྣམས། །འདྲ་མེད་དེ་དག་སྤྱོད་པ་འདི་ཡིན་ནོ། །ཚོགས་དང་ལྡན་ཞིང་འཇིག་རྟེན་དང་། །དེ་དག་ཆོས་ཀྱི་ལམ་ལ་རབ་ཏུ་འཇུག་བྱས་ཀྱང་། །དེ་དག་སེམས་ཅན་འདུ་ཤེས་མེད། །སེམས་ཅན་བྱེ་བ་ཁྲག་ཁྲིག་ རབ་ཏུ་འགྲེལ། །ཉོན་མོངས་མེད་པ་རྟོགས་ཤེས་ཤིང་། །སྤྱོད་པ་མངོན་པར་ཤེས་པ་ཐམས་ཅད་མཐོང་བ་རྣམས། །བདེ་བའི་ལམ་རྣམས་སྟོན་བྱེད་པ། །མིག་ཅན་དེ་དག་ཚུལ་ནི་འདི་ཡིན་ནོ། །སངས་རྒྱས་ཡེ་ཤེས་སྤྱོད་པ་དང་། །ཚད་ མེད་ཡོན་ཏན་དམ་པ་ཐོབ་པར་གྱུར་པའི་རྣམས། །མི་འཇིགས་པ་ནི་རྙེད་གྱུར་པ། །ཤེས་ཅན་དེ་དག་ཚུལ་ནི་འདི་ཡིན་ནོ། །འཇུག་པ་ཀུན་ལ་རབ་ཞུགས་ཤིང་། །ཞིང་ལ་འཇུག་དང་ཆོས་ཀྱི་དབང་ལ་ཞུགས་གྱུར་པ། །སེམས་ཅན་ཞུགས་ལ་ གནས་བྱས་ནས། །སེམས་ཅན་དམ་པ་སེམས་ཅན་འགྲོལ་བར་བྱེད། །ཕྱོགས་རྣམས་ཀུན་ཏུ་ཆོས་ཀྱི་རྔ། །བརྡུང་ཞིང་འཇིག་རྟེན་འདི་དག་སྟོན་བྱེད་པའི། །ཆོས་རབ་སྦྱིན་པའི་བདག་པོ་རྣམས། །ཉམས་མེད་རྟོགས་མྱེད་དེ་དག་སྤྱོད་འདི་ཡིན། ། སྐྱིལ་མོ་ཀྲུང་འདུག་གཅིག་གིས་ཀྱང་། །ཞིང་ཡངས་བརྗོད་དུ་མེད་པ་ཀུན་ཏུ་རྒྱས་བྱེད་ཀྱང་། །སུ་ཡི་ལུས་ལ་གནོད་མེད་པ། །ཆོས་སྐུ་ལྡན་པ་དེ་དག་སྤྱོད་འདི་ཡིན། །དོན་དང་ཡི་གེ་གཅིག་ལ་ཡང་། །ཤིན་ཏུ་བསྟན་པ་བྱེ་བ་ཁྲག་ཁྲིག་རྗེས་སུ་ འབྲང་། །དེ་དག་མཐའ་ནི་རྙེད་མི་ནུས། །མཉམ་མེད་ཤེས་ལྡན་དེ་དག་སྤྱོད་འདི་ཡིན། །བསྒྲིབས་པ་མེད་པའི་ཚུལ་ཤེས་པ། །སངས་རྒྱས་རྣམ་ཐར་ཚུལ་བཞིན་བསླབས་པ་རྣམས། །འཇིགས་པ་མེད་པར་གྱུར་པ་དག །ཚད་མེད་དེ་དག་ཚུལ་ནི་འདི་ཡིན་ ནོ། །དེ་དག་ཕྱོགས་རྣམས་རྒྱ་མཚོ་དང་། །ཞིང་རྣམས་རྒྱ་མཚོ་མཐའ་དང་དབུས་མེད་པར། །ཤེས་པ་རྒྱ་མཚོ་ལྡན་པ་ཡིན། །ཆོས་རྣམས་རྒྱ་མཚོས་འཇིག་རྟེན་ཚིམ་པར་བྱེད། །གང་རྣམས་གཤེགས་ཤིང་སྐྱེས་གྱུར་དང་། །བྱང་ཆུབ་རྣམ་པར་ འཚང་རྒྱ་འགྲོ་བ་ཀུན་དག་ཏུ། །སུ་ཞིག་མངོན་པར་སྣང་གྱུར་པ། །མཐའ་དབུས་མེད་པ་དེ་དག་སྤྱོད་འདི་ཡིན། །མྱ་ངན་འདའ་བ་དུ་མ་ཡང་། །ཞིང་རྣམས་བྱེ་བ་ཁྲག་ཁྲིག་མངོན་པར་སྣང་། །འོན་ཀྱང་སྨྲ་བའི་སེང་གེ་རྣམས། །མྱ་ངན་མི་ འདའ་སྨོན་ལམ་ཕྱིར་མི་ལྡོག །ཆོས་རྣམས་ལྷུན་ནི་གཅིག་གྱུར་ཅིང་། །སེམས་ཅན་ཀུན་དང་ལུས་ཀྱང་གཅིག་ཏུ་གྱུར་པ་རྣམས། །རྒྱལ་བདག་ལ་རྟོག་མེད་པས། །ལུས་གཅིག་གྱུར་པ་སྤྱོད་འདི་ཡིན། །ཚིག་དང་དོན་རྣམས་ཐ་དད་ པས། །འཇིག་རྟེན་ཁམས་རྣམས་མཐའ་དང་དབུས་ཡོད་མ་ཡིན་པར། །རང་བཞིན་གཅིག་ལ་མོས་པ་དག །དུས་གསུམ་ཤེས་པ་དེ་དག་སྤྱོད་འདི་ཡིན། །སེམས་ཅན་དག་དང་རྒྱལ་བ་དང་། །ཆོས་ཀྱི་ཚུལ་རྣམས་ཀུན་ལ་ཟད་པ་མེད་རྙེད་པ། ། སངས་རྒྱས་བྱིན་ལ་མོས་པ་དག །རྒྱལ་བས་བྱིན་བརླབས་དེ་དག་སྤྱོད་འདི་ཡིན། །ཆགས་པ་མེད་པའི་སྐུ་འདྲ་ཞིང་། །ཆགས་པ་མེད་པའི་མིག་གི་ཕ་རོལ་ཕྱིན་པ་རྣམས། །ཆགས་མེད་རྣ་བ་མཁས་པ་དག །ཆགས་མེད་ཡིད་ཅན་དེ་དག་ སྤྱོད་འདི་ཡིན། །མངོན་ཤེས་ཐམས་ཅད་རྙེད་པ་དང་། །ཡེ་ཤེས་མངོན་པར་ཤེས་པའི་རྗེས་སུ་སོང་བ་རྣམས། །ཤེས་པ་ཀུན་གྱི་དཔལ་ལྡན་པ། །ཤེས་པ་བཟང་ཅན་དེ་དག་སྤྱོད་འདི་ཡིན། །ཤིན་ཏུ་མཉམ་བཞག་སེམས་ལྡན་ཞིང་། ། ཡེ་ཤེས་མཐའ་ཡས་ཤེས་རབ་ཤིན་ཏུ་ཆེ་བ་རྣམས། །ཀུན་ཏུ་སྤྱོད་ཡུལ་ལྡན་པ་དག །ཐམས་ཅད་གཟིགས་པ་དེ་དག་སྤྱོད་འདི་ཡིན། །ཡོན་ཏན་ཀུན་གྱི་མཐར་ཕྱིན་པ། །སེམས་ཅན་ཡངས་པ་གཅིག་ནས་ གཅིག་བརྒྱུད་སྒྲོལ་བ་རྣམས། །ཡིད་ནི་ཡོངས་སུ་ཉམས་མེད་པ། །རྟག་ཏུ་བརྩོན་པ་དེ་དག་སྤྱོད་འདི་ཡིན། །ཀུན་མཁྱེན་ཐམས་ཅད་གཟིགས་པ་དག །སངས་རྒྱས་ཐམས་ཅད་དུས་གསུམ་གཤེགས་པ་མགོན་པོ་ཡི། །རིགས་དང་རྒྱུད་ དུ་སྐྱེས་པ་རྣམས། །རྒྱལ་སྲས་དེ་དག་སྤྱོད་པ་འདི་ཡིན་ནོ། །རྗེས་སུ་བསྟན་ལ་བརྩོན་བྱེད་པ། །ཕས་ཀྱི་རྒོལ་བའི་ལམ་ལ་འཇིགས་མེད་སྤྱོད་པ་དང་། །མཐའ་ཡས་བློ་ཡི་སྤྱོད་པ་དང་། །སངས་རྒྱས་བྱང་ཆུབ་རྗེས་སུ་ཞུགས་པ་རྣམས། །མཐའ་ དབུས་མེད་པ་ཞིང་གི་རྣམས། །ཐམས་ཅད་ཀུན་ཏུ་སྣང་བ་གཅིག་གིས་གསལ་བར་བྱེད། །ཐམས་ཅད་སྣང་བར་བྱེད་པ་རྣམས། །མུན་པ་སེལ་བའི་སྤྱོད་པ་འདི་ཡིན་ནོ། །གང་དུ་རྒྱལ་བས་མཛད་འོས་པ། །དེར་ནི་སེམས་ཅན་ཁྲག་ཁྲིག་ཤིན་ ཏུ་འདུལ་བྱེད་ཅིང་། །སངས་རྒྱས་སྐུ་དང་སངས་རྒྱས་ཞིང་། །སངས་རྒྱས་རྒྱན་ཅན་ཁྲག་ཁྲིག་སྣང་བར་བྱེད། །སྤྱོད་པ་དག་ནི་མཐའ་ཡས་ལ། །སུ་གནས་བརྟན་པ་དེ་དག་ཤེས་པར་ཇི་ལྟར་རུང་། །སྤྱད་པ་ཐམས་ཅད་ཤིན་ཏུ་སྟོན། ། འགྲོ་བ་སྤྱོད་པ་ཐམས་ཅད་མཐར་ཐུག་བྱེད། །ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །བདག་གི་ལུས་ནི་བརྗོད་དུ་མེད་པར་གྱུར་པ་ཡིས། །དེ་དག་ལེགས་པ་བརྗོད་བྱས་ཀྱང་། །བསྐལ་པ་ཁྲག་ཁྲིག་དག་གིས་མི་ ཟད་དོ། །ཡོན་ཏན་ཀུན་ཏུ་མཐའ་ཡས་ཤིང་། །ཡོན་ཏན་མཆོག་རྣམས་ཐམས་ཅད་མཐའ་ཡས་པའི། །ཡོན་ཏན་ཀུན་ནི་བརྗོད་བྱས་ཏེ། །ཐུབ་པས་བསྐལ་པར་གསུངས་ཀྱང་ཟད་མི་འགྱུར། །རང་རྒྱལ་རྣམས་དང་ཉན་ཐོས་ལ། །གཞོལ་ བར་གྱུར་པའི་འཇིག་རྟེན་གཞན་གྱི་རྣམས་ཀྱིས་ལྟ། །བསྐལ་པ་བརྗོད་ཡས་བརྗོད་བྱས་ཀྱང་། །ཟད་པར་མི་ནུས་དེ་ནི་སྨོས་ཅི་དགོས། །ཡོན་ཏན་གྱི་མེ་ཏོག་ཤིན་ཏུ་བསྩགས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་དྲུག་ པ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པས། ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་ཡིན་ཏེ། སངས་རྒྱས་བཅོམ་ལྡན་ འདས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དད་པའི་གཏེར་དང་། ཚུལ་ཁྲིམས་ཀྱི་གཏེར་དང་། ངོ་ཚ་ཤེས་པའི་གཏེར་དང་། ཁྲེལ་ཡོད་ པའི་གཏེར་དང་། ཐོས་པའི་གཏེར་དང་། གཏོང་བའི་གཏེར་དང་། དམ་འཆའ་བའི་གཏེར་དང་། རྟོགས་པའི་གཏེར་དང་། བློ་གྲོས་ཀྱི་གཏེར་དང་། བླའི་གཏེར་ཏེ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་ དཔའི་གཏེར་བཅུ་པོ་དེ་དག་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་དད་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་ བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་མཚན་མ་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་སྨོན་པ་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་ མ་བྱས་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་མ་བརྟགས་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་གནས་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་ཚད་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་བླ་ན་མེད་ པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་འདར་མི་རུང་བ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །དེ་ནི་ཆོས་དང་མཐུན་པའི་དད་པ་དང་ལྡན་པ་ཡིན་ཏེ། ཆོས་ཐམས་ ཅད་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །སངས་རྒྱས་ཐམས་ཅད་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །སེམས་ཅན་གྱི་ཁམས་ཐམས་ཅད་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །ཆོས་ཀྱི་ དབྱིངས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །ནམ་མཁའི་དབྱིངས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །མྱ་ངན་ལས་འདའ་བའི་དབྱིངས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །འདས་ པའི་དུས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །མ་འོངས་པའི་དུས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །ད་ལྟར་བྱུང་བའི་དུས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །བསྐལ་པ་ ཐམས་ཅད་ལ་འཇུག་པ་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དད་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་པ་བཞིན་དུ་གཅིག་ཏུ་ངེས་པར་གྱུར་པ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ མཐའ་ཡང་ཟད་མི་ཤེས་སོ། །འཇིག་རྟེན་གྱི་ཁམས་རྣམས་ཀྱང་ཟད་མི་ཤེས་ཏེ། འཇིག་རྟེན་གྱི་ཁམས་རེ་རེ་ཡང་མཐའ་ཡས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། ། མངོན་པར་འཚང་རྒྱའོ། །མངོན་པར་འཚང་རྒྱ་བར་འགྱུར་རོ། །ཡང་དག་པར་བྱུང་ངོ་། །ཡང་དག་པར་འབྱུང་ངོ་། །ཡང་དག་པར་འབྱུང་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་སོ། །ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་ སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་འབྲི་བའམ། འཕེལ་བའམ། སྐྱེ་བའམ། འགག་པའམ། འཕོ་བའམ། འགྲོ་བའམ། ཉེ་བར་བྱེད་པ་འམ། རིང་པར་བྱེད་པའམ། ཤེས་པར་བྱེད་པ་འམ། འབྱིན་ པར་བྱེད་པ་མ་ཡིན་ཏེ། དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་དག་པར་གནས་པས་ཟད་པ་མེད་ཅིང་། མཐའ་ཡས་པའི་དད་པའི་གཏེར་དང་ལྡན་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །དད་པ་འདི་ནི་མཐའ་ཡས་པ། ཀུན་ཏུ་མཐའ་ཡས་པ་མི་ཟད་ པ། ཕྱིར་མི་ལྡོག་པ། མྱུ་གུར་གྱུར་པ་མ་ཡིན་པ། ཐ་དད་པ་མ་ཡིན་པ། མ་འདྲེས་པ། རྩ་བ་བརྟན་པ། འཕགས་པ་དང་མཐུན་པ། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དུ་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་རིགས་ཡང་དག་ པར་འཛིན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མོས་པ་ཡང་དག་པར་བསྐྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྗེས་སུ་སོང་བ། ངེས་པར་རྟོགས་པ། སངས་རྒྱས་ཐམས་ཅད་ཀྱི་རིགས་ལ་མཁས་པར་ གྱུར་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དད་པའི་གཏེར་ཏེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོས་པར་གྱུར་ན། བདེན་པར་ ཁོང་དུ་ཆུད་དེ་སེམས་ཅན་ཐམས་ཅད་ལ་རྣམ་པར་དབྱེ་བའི་ཕྱིར་ནན་ཏན་དུ་བྱེད་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ ཆུབ་སེམས་དཔའ་ཐོག་མར་ཕུན་སུམ་ཚོགས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། བྱིན་གྱིས་མ་བརླབས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། མི་གནས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ལྷག་པའི་ལྟ་བ་མེད་པའི་ཚུལ་ཁྲིམས་དང་ ལྡན་པ་ཡིན། འགལ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། གཞན་ལ་མི་གནོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། མ་འདྲེས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ཉེ་བའི་ཉོན་མོངས་པ་མེད་པའི་ཚུལ་ཁྲིམས་དང་ལྡན་ པ་ཡིན། སྐྱོན་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐོག་མར་ཕུན་སུམ་ཚོགས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཀྱེ་རྒྱལ་ བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་སེམས་པའོ། །ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱིན་གྱིས་མ་བརླབས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། མུ་སྟེགས་ཅན་གྱི་གནས་དང་། མི་འདྲ་བའི་ཚུལ་ཁྲིམས་ཡིན་ཏེ། དེ་ནི་འདི་ལྟར་རང་བཞིན་གྱིས་དུས་གསུམ་མཉམ་པ་ཉིད་དུ་གོ་ཆ་བགོས་ཤིང་སྤྱོད་པའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་གནས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་འདོད་པའི་ཁམས་ལ་མི་གནས་པའི་ཚུལ་ཁྲིམས་ཅན་ཡིན། གཟུགས་ཀྱི་ཁམས་ལ་མི་གནས་པའི་ཚུལ་ཁྲིམས་ཅན་ཡིན། །གཟུགས་མེད་པའི་ཁམས་ལ་མི་གནས་པའི་ཚུལ་ཁྲིམས་ཅན་ཡིན། དེ་ཅིའི་ཕྱིར་ཞེ་ན། འཁོར་དེ་དག་ལ་བདག་གིར་བྱ་བ་མེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་གནས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་པར་ལྟ་བ་མེད་པའི་ཚུལ་ཁྲིམས་དང་ ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འགྱོད་པ་མེད་པའི་རྒྱུད་དང་ལྡན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མཚམས་མེད་པའི་ལས་མངོན་པར་འདུ་མི་བྱེད་དེ། ཚུལ་ཁྲིམས་ལྷོད་པ་ལ་གཞོལ་བ་མ་ཡིན་ནོ། ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་པར་ལྟ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འགལ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མ་བཅས་པ་ནི་འཆའ་བར་མི་བྱེད། བཅས་ པ་ནི་གཅོད་པར་མི་བྱེད་དེ། དེ་ནི་མྱ་ངན་ལས་འདས་པའི་མཐར་ཐུག་ཏུ་ཇི་ལྟར་མཐུན་པའི་ཆོས་དང་ལྡན་པ་ཡིན་ནོ། །གང་གིས་ཕ་རོལ་གྱི་སྡུག་བསྔལ་གྱི་རྒྱུར་འགྱུར་བ་དང་། ཕ་རོལ་འཁྲུལ་བར་འགྱུར་བའི་ཚུལ་ཁྲིམས་དེ་ལྟ་བུ་དམ་བཅའ་བ་ལ་ དམ་བཅས་ཤིང་མི་གནས་ཏེ། དེ་ནི་འདི་ལྟར་ཕ་རོལ་གྱི་སེམས་དང་བར་བྱ་བའི་ཕྱིར་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཞན་ལ་མི་གནོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་ སེམས་དཔའ་སེམས་ཅན་ཐམས་ཅད་བརྩེ་བའི་ཕྱིར། ཚུལ་ཁྲིམས་ཀྱི་རིག་སྔགས་དང་། གསང་སྔགས་དང་། སྨན་གྱི་སྦྱོར་བ་དེ་ལྟ་བུ་མི་སྒྲུབ་ཀྱི། དེ་ནི་སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། གནས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མ་འདྲེས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། འདྲེས་པའི་ཚུལ་ཁྲིམས་ཡང་དག་པར་ལེན་པར་མི་བྱེད་དེ། དེ་ནི་ འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟེན་པའི་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཉེ་བའི་ཉོན་མོངས་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཡོན་ཏན་མེད་པ་བསྟན་པར་བྱ་བའི་ཕྱིར་གཞན་གྱི་སེམས་ལ་ བལྟ་ཞིང་། རྟོག་པ་རྣམ་པ་སྣ་ཚོགས་སུ་འགྱུར་བ་མ་ཡིན་ནོ། །དེ་ནི་འདི་ལྟར་ཆོས་ཀྱིས་ངོམས་པ་དང་ལྡན་པ་ཡིན་ཏེ། འབྱུང་བའི་ལམ་ཚོལ་ཞིང་སྦྱོར་བའི་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྐྱོན་ མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དེས་ལོག་པའི་ཚུལ་ཁྲིམས་ཉེ་བར་བཟུང་སྟེ། གང་གིས་ཕ་རོལ་པོ་དམའ་བའི་ཚུལ་ཁྲིམས་ཅན་དུ་འགྱུར་བར་བདག་ལ་མི་བསྟོད་གཞན་ ལ་མི་སྨོད་དོ། །དེ་ནི་འདི་ལྟར་གཡེང་བ་མེད་པ་ཉེ་བར་བཟུང་སྟེ། ཚུལ་ཁྲིམས་ཡང་དག་པར་བླངས་ཤིང་གནས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་ དཔའ་སྲོག་གཅོད་པ་ཡོངས་སུ་སྤངས་པ་ཡིན་ཏེ། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་དང་། ངག་བརླང་པ་དང་། ཚིག་འཁྱལ་པ་དང་། ཆགས་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཡོངས་སུ་སྤངས་པ་ཡིན་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། དེ་འདི་ སྙམ་དུ་སེམས་བསྐྱེད་དེ། གང་ཇི་སྙམ་དུ་སེམས་ཅན་རྣམས་ཚུལ་ཁྲིམས་འཆལ་བ་ཅན་ལ་ཡིད་མ་འཆའ་ཞིང་། སྤྱོད་པ་ཐམས་ཅད་ནི་ཕྱིན་ཅི་ལོག་གི་རྒྱུ་ལས་བྱུང་བ་སྟེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐུགས་སུ་ཆུད་དེ། ཕྱིན་ཅི་ ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ནི་ཚུལ་ཁྲིམས་ལོག་པ་ལ་སྤྱོད་ཀྱིས། བདག་གིས་ནི་ཅི་ནས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། དེ་བཞིན་ཉིད་ཀྱི་དོན་དུ་ཆོས་བསྟན་པར་འགྱུར་བ་དེ་ལྟར་བྱའོ་སྙམ་མོ། ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་གཏེར་ཏེ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་ཤེས་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་ སེམས་དཔའ་སྔོན་གྱི་མཐའི་སྤྱོད་པ་ཉེ་བར་བཟུང་སྟེ། གང་འདི་ཚེ་རབས་ཀྱི་འཁོར་བ་ཐོག་མ་དང་ཐ་མ་མེད་པའི་རྒྱས་པར་མ་དང་འགྲོགས་པ་དང་། ཕ་དང་འགྲོགས་པ་དང་། ཞང་པོ་དང་འགྲོགས་པ་དང་། སྲིང་མོ་དང་འགྲོགས་པ་དང་། སྤུན་དང་ འགྲོགས་པ་དང་། བུ་དང་འགྲོགས་པ་དང་། བུ་མོ་དང་འགྲོགས་པར་གྱུར་ཀྱང་། གཅིག་ལ་གཅིག་འཚེ་བ་དང་། གཅིག་ལ་གཅིག་ཀྱལ་ཀ་བྱེད་པ་དང་། གཅིག་ལ་གཅིག་གནོད་པར་བྱེད་པ་དང་། གཅིག་ལ་གཅིག་འཁྲིག་པ་དང་། གཅིག་ ལ་གཅིག་སྡོ་བ་དང་། གཅིག་ལ་གཅིག་འཇིགས་པ་དང་། གཅིག་ལ་གཅིག་འབོད་པ་དང་། གཅིག་ལ་གཅིག་ཟ་བ་དང་། གཅིག་ལ་གཅིག་དབང་བ་དང་། གཅིག་ལ་གཅིག་འཁོལ་བར་གྱུར་པ་དེ་ཡང་འདོད་ཆགས་ཀྱི་དབང་དང་། ཞེ་སྡང་གི་ དབང་དང་། གཏི་མུག་གི་དབང་དང་། རྒྱགས་པའི་དབང་དང་། ང་རྒྱལ་གྱི་དབང་དང་། འཆབ་པའི་དབང་དང་། གཉའ་དྲག་གི་དབང་དང་། ཕྲག་དོག་གི་དབང་དང་། འཇུངས་པའི་དབང་དང་། གཡོའི་དབང་དང་། སྒྱུའི་དབང་ དང་། མི་དག་པའི་ལས་འདི་རྣམས་ཤིན་ཏུ་བླངས་པའི་ཕྱིར། སེམས་ཅན་གཅིག་ལ་གཅིག་འདི་ལྟ་བུའི་རྣམ་པ་ངན་པ་དག་ཉམས་སུ་མྱོང་བར་གྱུར་ཏེ། ཐམས་ཅད་ཀྱང་མི་ཤེས་པའི་དབང་གིས་གྱུར་པ་ནས། གཡོ་དང་སྒྱུའི་བར་གྱི་དབང་ གིས་གྱུར་ཏེ། གཅིག་ལ་གཅིག་བག་མི་བྱེད། རིམ་གྲོ་མི་བྱེད། གཅིག་ལ་གཅིག་བཀུར་སྟི་མི་བྱེད། གཅིག་ལ་གཅིག་ཕུ་དུད་མི་བྱེད། གཅིག་ལ་གཅིག་བཙམ་པ་མེད་པ་དང་། གཅིག་ལ་གཅིག་མི་མཁས་པ་དང་། གཅིག་ལ་གཅིག་ གནོད་པ་དང་། གཅིག་ལ་གཅིག་གསོད་པ་དང་། གཅིག་ལ་གཅིག་དགྲར་བྱེད་པར་གྱུར་ཏོ་ཞེས་ངོ་ཚ་བསྐྱེད་དོ། །ཇི་ལྟར་འདས་པའི་དུས་ན་བདག་དང་སེམས་ཅན་རྣམས་ཀྱི་རྣམ་པ་ངན་པ་འདི་ལྟ་བུའི་ཚུལ་བྱུང་བ། དེ་བཞིན་ད་ལྟར་བྱུང་ བའི་དུས་ན་ཡང་བདག་དང་སེམས་ཅན་ཐམས་ཅད་ལ་རྣམ་པ་ངན་པ་དེ་ལྟ་བུ་དག་ཡོད་དོ། །ཇི་ལྟར་ད་ལྟར་བྱུང་བའི་དུས་ན་བདག་དང་སེམས་ཅན་རྣམས་ལ་རྣམ་པ་ངན་པ་དེ་ལྟ་བུ་དག་ཡོད་པ་དེ་བཞིན་མ་འོངས་པའི་དུས་ན་ཡང་ བདག་དང་སེམས་ཅན་ཐམས་ཅད་ལ་རྣམ་པ་ངན་པ་དེ་ལྟ་བུ་དག་འབྱུང་བར་འགྱུར་ཏེ། དེ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཐུགས་སུ་ཆུད་དོ། །དེ་ལྟར་བདག་གི་ངོ་ཚ་མེད་ཅིང་མི་ བཟོད་ལ། སངས་རྒྱས་བཅོམ་ལྡན་འདས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱིས་ཐུགས་སུ་ཆུད་བཞིན་དུ། རྣམ་པ་ངན་པ་འདི་ལྟ་བུ་ལ་གནས་པ་ནི་མི་རིགས་མི་ཆས། ད་ནི་བདག་ཅག་གིས་ཅི་ནས་ཀྱང་། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེ་བཞིན་ཉིད་ཀྱི་དོན་དུ་སེམས་ཅན་རྣམས་ལ་ཆོས་བསྟན་པར་འགྱུར་བ་དེ་ལྟར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་ཤེས་པའི་ གཏེར་ཏེ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲེལ་ཡོད་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ནི་མཐའ་མེད་པར་ཚོལ་བས་ཁྲེལ་བར་འཛིན་ པ་ཡིན་ཏེ། གཟུགས་བཙལ་བ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བཙལ་བ་དང་། བུ་དང་བུ་མོའི་དོན་དུ་བཙལ་བ་དང་། ནོར་དང་། བྲན་ཕོ་དང་། བྲན་མོ་དང་། གཡོག་ཡིད་དུ་འོང་བ་བཙལ་པའི་ཕྱིར། བདག་གིས་ཀྱང་མི་ ཚུལ་མི་ཆ་བའི་གཅམ་བུ་བྱ་བར་འགྱུར་རོ། ཞེས་ཏེ་དེ་ནི་འཚོལ་བའི་དབང་དུ་ཆགས་པ་ཉེ་བར་མི་ལེན་ཏོ། །ཞེ་སྡང་ཉེ་བར་མི་ལེན་ཏོ། །གཏི་མུག་ཉེ་བར་མི་ལེན་ཏོ། །དེ་བཞིན་དུ་ང་རྒྱལ་དང་། འཆབ་པ་དང་། ཕྲག་དོག་དང་། འཇུངས་པ་དང་། གཡོ་དང་། སྒྱུ་དང་། གནོད་པར་བྱ་བ་ཉེ་བར་མི་ལེན་ཏོ། །དེ་འདི་ལྟར་དྲན་པ་སྐྱེ་སྟེ། གང་ཅི་ཡང་རུང་སྟེ། སེམས་ཅན་རྣམས་རྣམ་པ་ངན་པ་དེ་ལྟ་བུ་ཉེ་བར་འཛིན་པ་ཐམས་ཅད་ནི་མ་རིག་པའི་དབང་ནས། གཡོ་དང་། སྒྱུ་ དང་། གནོད་པར་བྱེད་པའི་དབང་གི་བར་གྱིས་བྱུང་བ་སྟེ། དེ་དག་གཅིག་ལ་གཅིག་བག་མི་བྱེད། རིམ་གྲོ་མི་བྱེད། བསྟི་སྟང་དུ་མི་བྱེད། ཕུ་དུད་དུ་མི་བྱེད་ཅིང་། བཙམ་པ་མེད་དེ། གྲོགས་པོར་མི་ཤེས་ཤིང་། གཅིག་ལ་གཅིག་ཉམ་ང་བ་དང་། གཅིག་ལ་གཅིག་གསོད་པ་དང་། གཅིག་ལ་གཅིག་དགྲར་ལེན་པ་འདི་ལྟ་བུའི་རྣམ་པ་ངན་པ་དེ་དག་ཉེ་བར་ལེན་ཏོ། །མངོན་པར་དགའོ། །མངོན་པར་ཞེན་ཏོ། །ཚོལ་ལོ། །ཀུན་ཏུ་ཚོལ་ལོ། །ཀུན་ཏུ་བཙལ་ནས་མངོན་པར་སྨོན་ཏོ། །འཇལ་ལོ། ། ཀུན་ཏུ་འཇལ་ལོ། །དེ་ལྟར་ཡང་མིག་ཉམས་པ་དེ་དག་ལམ་གང་དང་གང་ནས་མངལ་གྱི་དྲི་མས་གོས་ཏེ་བྱུང་བ། དེ་ཉིད་དུ་འཁྲིག་པའི་ཆོས་ལ་སྟེན་ཏེ་མི་གཙང་བ་འབྱུང་བ་ནི་ཀུན་གྱིས་ཀྱང་ཤེས་སོ། །དེ་བས་ན་དེ་ལྟར་བདག་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལ་ཁྲེལ་མེད་པའི་དབང་དུ་གྱུར་ནས། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་བསླུ་བ་བྱེད་པ་འདི་ནི་མི་རིགས་ཀྱིས། ད་ནི་བདག་གིས་ཅི་ནས་ཀྱང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེ་བཞིན་ཉིད་ཀྱི་དོན་དུ་ཆོས་བསྟན་པར་འགྱུར་བ་དེ་ལྟར་བྱའོ་སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲེལ་ཡོད་པའི་གཏེར་ཏེ་བཞི་ པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཐོས་པ་དང་ལྡན་པ་ཡིན་ཏེ། འདི་ཡོད་ན་འདི་འབྱུང་ངོ་། །འདི་མེད་ན་འདི་མི་འབྱུང་ངོ་། འདི་བྱུང་བས་འདི་སྐྱེའོ། །འདི་འགགས་པས་འདི་འགག་གོ །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ ཀྱི་ཆོས་སོ། །འདི་དག་ནི་ལུང་བསྟན་པའི་ཆོས་སོ། །འདི་དག་ནི་ལུང་མ་བསྟན་པའི་ཆོས་སོ། །དེ་ལ་ཅི་ཡོད་པས་གང་འབྱུང་བར་འགྱུར་ཞེ་ན། མ་རིག་པ་ཡོད་པས་འདུ་བྱེད་རྣམས་འབྱུང་ངོ་། །ཅི་མེད་པས་གང་མེད་པར་འགྱུར་ཞེ་ན། རྣམ་པར་ཤེས་ པ་མེད་པས་མིང་དང་གཟུགས་མེད་པར་འགྱུར་རོ། །ཅི་སྐྱེས་པས་གང་སྐྱེས་པར་འགྱུར་ཞེ་ན། སྲེད་པ་སྐྱེས་པས་སྡུག་བསྔལ་སྐྱེའོ། །ཅི་འགགས་པས་གང་འགགས་པར་འགྱུར་ཞེ་ན། སྲིད་པ་འགགས་པས་སྐྱེ་བ་འགག་གོ །དེ་ལ་འཇིག་རྟེན་པའི་ ཆོས་རྣམས་གང་ཞེ་ན། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྟེ། འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདུས་བྱས་ཀྱི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། སེམས་ཅན་གྱི་ཁམས་ཏེ། འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདུས་མ་བྱས་པའི་ཆོས་རྣམས་གང་ཞེ་ན། ནམ་མཁའ་དང་། མྱ་ངན་ལས་འདས་པ་དང་། སོ་སོར་བརྟགས་ཏེ་འགོག་ པ་དང་། སོ་སོར་མ་བརྟགས་པར་འགོག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཆོས་ཀྱི་གནས་ཉིད་དེ། འདི་དག་ནི་འདུས་མ་བྱས་པའི་ཆོས་སོ། །ལུང་བསྟན་པའི་ཆོས་རྣམས་གང་ཞེ་ན། འཕགས་པའི་བདེན་པ་བཞི་དང་། དགེ་སྦྱོང་ གི་འབྲས་བུ་བཞི་དང་། ཐ་དད་པ་ཡང་དག་པར་ཤེས་པ་བཞི་དང་། མི་འཇིགས་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་དག་ནི་ལུང་བསྟན་པའི་ཆོས་སོ། །ལུང་མ་བསྟན་པའི་ཆོས་རྣམས་གང་ཞེ་ན། འཇིག་རྟེན་མཐའ་ཡོད་པ་དང་། འཇིག་རྟེན་མཐའ་མེད་པ་དང་། མཐའ་ཡོད་པ་ཡང་མ་ཡིན། མཐའ་ མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་ནི་ལུང་མ་བསྟན་པའོ། །འཇིག་རྟེན་རྟག་པ་དང་། འཇིག་རྟེན་མི་རྟག་པ་དང་། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ཞེས་བྱ་བ་འདི་ནི་ལུང་མ་བསྟན་པའོ། །དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་མེད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཞེས་བྱ་བ་ནི་ལུང་མ་བསྟན་པའོ། །བདག་དང་ སེམས་ཅན་རྣམས་ཡོད་པ་དང་། བདག་དང་སེམས་ཅན་རྣམས་མེད་པ་དང་། བདག་དང་སེམས་ཅན་རྣམས་ཡོད་པ་ཡང་ཡིན་ལ། མེད་པ་ཡང་ཡིན་པ་དང་། བདག་དང་སེམས་ཅན་རྣམས་ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན། ཞེས་བྱ་བ་འདི་ནི་ལུང་མ་བསྟན་པའོ། །སངས་རྒྱས་ཇི་སྙེད་ཅིག་ཡོངས་སུ་མྱ་ངན་ལས་འདས། རང་སངས་རྒྱས་ཇི་སྙེད་ཅིག་ཡོངས་སུ་མྱ་ངན་ལས་འདས། ཉན་ཐོས་ཇི་སྙེད་ཅིག་ཡོངས་སུ་མྱ་ངན་ལས་འདས། སངས་རྒྱས་ཇི་སྙེད་ཅིག་མ་བྱོན། རང་སངས་རྒྱས་ཇི་སྙེད་ཅིག་མ་བྱོན། ཉན་ཐོས་ཇི་སྙེད་ཅིག་མ་བྱོན། བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་སྐྱེ་བར་འགྱུར། སངས་རྒྱས་ཇི་སྙེད་ཅིག་བཞུགས། རང་སངས་རྒྱས་ཇི་སྙེད་ཅིག་བཞུགས། ཉན་ཐོས་ཇི་སྙེད་ཅིག་བཞུགས། བྱང་ཆུབ་ སེམས་དཔའ་ཇི་སྙེད་ཅིག་བཞུགས། སངས་རྒྱས་དག་པས་སུ་སྔ། རང་སངས་རྒྱས་དག་པས་སུ་སྔ། ཉན་ཐོས་དག་པས་སུ་སྔ། བྱང་ཆུབ་སེམས་དཔའ་དག་པས་སུ་སྔ། སངས་རྒྱས་དག་པས་སུ་འཕྱི། རང་སངས་རྒྱས་དག་ པས་སུ་འཕྱི། ཉན་ཐོས་དག་པས་སུ་འཕྱི། སེམས་ཅན་དག་པས་སུ་འཕྱི། ཆོས་དག་པས་སུ་སྔ། འཇིག་རྟེན་གང་ནས་འོངས། འཇིག་རྟེན་གང་དུ་འགྲོ། འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་ཆགས་པར་འགྱུར། འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་གནས་པ་ ཡིན། འཇིག་རྟེན་གྱི་ཁམས་གང་ནས་འོངས། འཇིག་རྟེན་གྱི་ཁམས་གང་ཞིག་ཡོངས་སུ་ཟད་པར་འགྱུར། འཁོར་བའི་སྔོན་གྱི་མཐའ་ནི་གང་། འཁོར་བའི་ཕྱི་མའི་མཐའ་ནི་གང་ཞེས་བྱ་བ། འདི་ནི་ལུང་མ་བསྟན་པའོ། །དེ་འདི་ལྟར་དྲན་པ་སྐྱེ་སྟེ། སེམས་ཅན་གང་སུ་ཡང་རུང་སྟེ། ཀུན་ཏུ་རྒྱུག་པ་དང་། ཀུན་ཏུ་འཁོར་བ་ཐམས་ཅད་ནི་ཆོས་འདི་དག་མི་ཤེས་པའི་ཕྱིར་ཏེ། དེ་ལྟར་ཐོས་པ་དང་མི་ལྡན་པའི་སོ་སོའི་སྐྱེ་བོ་རྣམས་ཀུན་ཏུ་རྒྱུག་གོ །ཀུན་ཏུ་འཁོར་རོ། །དེ་བས་ན་དེ་ནི་བདག་གིས་ཅི་ནས་ཀྱང་བསམ་ པ་ཐམས་ཅད་ཐོས་པའི་མཛོད་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེ་བཞིན་ཉིད་ཀྱི་དོན་དུ་ཆོས་བསྟན་པར་བྱའོ། །ཞེས་བྱ་བ་འདི་ནི། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཐོས་པའི་གཏེར་ཏེ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་གཏོང་བ་དང་ལྡན་པ་ཡིན། ཡོངས་སུ་གཏོང་བ་དང་ལྡན་པ་ ཡིན། ནང་གི་གཏོང་བ་དང་ལྡན་པ་ཡིན། ཕྱི་རོལ་གྱི་གཏོང་བ་དང་ལྡན་པ་ཡིན། ཕྱི་ནང་གི་གཏོང་བ་དང་ལྡན་པ་ཡིན། ཐམས་ཅད་གཏོང་བ་དང་ལྡན་པ་ཡིན། འདས་པ་གཏོང་བ་དང་ལྡན་པ་ཡིན། མ་འོངས་པ་གཏོང་བ་དང་ལྡན་པ་ཡིན། ད་ལྟར་ བྱུང་བ་གཏོང་བ་དང་ལྡན་པ་ཡིན། ཤིན་ཏུ་གཏོང་བ་དང་ལྡན་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཏོང་བ་དང་ལྡན་པ་ཡིན་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་བགོ་བཤའ་བྱེད་ པའི་ངང་ཚུལ་ཅན་ཡིན་ཏེ། དེ་རྟག་ཏུ་བགོ་བཤའ་བྱས་ཤིང་བདག་ཀྱང་ཤས་ཀྱིས་སྤྱོད་པ་ཡིན་ཏེ། བདག་བདེ་བར་བྱ་བ་དང་། བདག་ཡོངས་སུ་སྦྱང་བ་དང་། བདག་རིམ་གྲོར་བྱ་བའི་ཕྱིར། ཡོ་བྱད་ཇི་སྙེད་དུ་བསྩགས་པ་དེ་དག་ཐམས་ཅད་ཀྱང་བགོ་ བཤའ་བྱས་ཤིང་སྤྱོད་ཀྱི། མ་བགོས་པར་ནི་མ་ཡིན་ནོ། །དེ་དག་སྤྱོད་པའི་ཚེ་ཡང་སེམས་འདི་སྙམ་དུ་བསྐྱེད་དེ། ལུས་འདི་ལ་སྲིན་བུའི་རིགས་རྣམ་པ་སྣ་ཚོགས་བརྒྱད་ཅུ་གནས་ཏེ། དེ་དག་ཀྱང་བདག་གི་ལུས་འདི་བདེ་བས་ནི་བདེ་བར་འགྱུར། བདག་གི་ལུས་འདི་སྡུག་བསྔལ་བས་ནི་སྡུག་བསྔལ་བར་འགྱུར་རོ། །ཞེས་དེ་གང་ཅི་ལ་སྤྱོད་པ་དེ་དག་ཐམས་ཅད་ཀྱང་མྱོང་བ་མེད་པའི་སེམས་ཀྱིས་དེ་དག་མི་འཆི་བ་དང་། དེ་དག་བདེ་བར་བྱ་བའི་ཕྱིར་གཏོང་ངོ་། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། ཡུན་རིང་ པོ་ནས་ཟས་དང་ལུས་བདེ་བ་ལ་ཆགས་པར་གྱུར་གྱིས། ད་ནི་བདག་གིས་ལུས་ལ་ཆགས་པ་ལས་རྣམ་པར་འདའ་བར་བྱའོ། །ཞེས་བྱ་བ་འདི་ནི་གཏོང་བའོ། །བྱང་ཆུབ་སེམས་དཔའི་ཡོངས་སུ་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལ། ཟས་སམ། སྐོམ་མམ། བཟའ་བ་འམ། བཅའ་བའམ། བལྡག་པ་འམ། བཏུང་བའམ། གཞིབ་པའམ། མྱང་བ་འམ། གོས་སམ། ཕྲེང་བ་འམ། བྱུག་པ་འམ། རྒྱན་ཏམ་ཅི་ཡང་རུང་སྟེ། གང་སྤྱད་ན་ནི་འཚོའི། མ་སྤྱད་ན་ནི་འཆི་ བར་འགྱུར་བ་ཞིག་ཉེ་བར་གནས་པར་གྱུར་ལ། དེའི་ཚེ་སློང་བ་ཞིག་འོངས་ཏེ། དེ་ལ་ཅི་ནས་ཀྱང་ཟད་པར་འགྱུར་བ་དང་། ལྷག་མ་མེད་པར་བསླངས་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སྔོན་གྱི་མཐའ་དེ་དག་དུ་བདག་བཀྲེས་ པས་ཤི་བར་གྱུར་པའང་། དམིགས་པས་མི་སླེབས་ཏེ། སུ་ལ་ཡང་ཕན་པར་མ་གྱུར་ཏོ། །དེ་འདི་ལྟར་རིམ་པས་སྔོན་ཆད་མྱོང་བའི་ཆོས་ཅན་དང་། མཉམ་པ་ཉིད་ཀྱིས་དུས་བྱས་པར་གྱུར་ལ། སེམས་ཅན་དེ་དག་ཀྱང་བདེ་བར་འགྱུར་ན། བདག་ གིས་འཐོབ་པར་བྱ་བ་ལེགས་པར་ཐོབ་པོ། །བདག་གིས་འདི་དག་ཀྱང་ཟད་ཀྱང་རུང་། འཆི་བའི་མཐར་ཡང་ཐུག་ཀྱང་རུང་སྟེ། སེམས་ཅན་རྣམས་འཚོ་བར་བྱའོ། །ཞེས་གཏོང་བ་འདི་ནི་ཡོངས་སུ་གཏོང་བའོ། །བྱང་ཆུབ་སེམས་དཔའི་ནང་གི་གཏོང་བ་གང་ཞེ་ ན། འདི་ལ་བྱང་ཆུབ་སེམས་དཔའ་དར་ཞིང་བཟང་པོར་གནས་པ། གཟུགས་མཛེས་པ། བལྟ་ན་སྡུག་པ། མདོག་རྒྱས་པ། གྱ་ནོམ་པ་དང་ལྡན་པ། ཁྲུས་དང་བྱུག་པ་ལེགས་པར་བྱས་པ། ཕྲེང་བ་དང་རྒྱན་ལེགས་པར་བཏགས་པ། གོས་སར་པ་མ་ བབས་པ་བགོས་པ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་རྒྱལ་པོར་དབང་བསྐུར་བས་དབང་བསྐུར་བ་རིན་པོ་ཆེ་བདུན་དང་ལྡན་པ། དེ་ལྟ་བུའི་དྲུང་དུ་སློང་བདག་ཅིག་འོངས་ཏེ། འདི་སྐད་དུ་བདག་ཅག་ནི་ནད་ཀྱིས་གཟེར་ཏོ། །རྒས་སོ་འཁོགས་སོ། ། སྡུག་བསྔལ་གྱིས་མནར་ཏོ། །ནད་ཚབས་ཆེའོ། །ནད་གཡོག་མེད་དོ། །འཆི་ལ་ཐུག་གོ། །གལ་ཏེ་ཁྱོད་ཀྱི་ལུས་ལས་ལག་པ་འམ། རྐང་པ་འམ། ཤ་འམ། ཁྲག་གམ། མགོ་འམ་གླད་པའམ། རུས་པ་འམ། རྐང་ངམ། སུ་ལ་ཅི་དགོས་ པ་དེ་དག་ཁྱེར་ཅིག །ཅེས་རྒྱལ་པོ་ལ་ཐག་ཐོགས་མེད་པར་རང་གི་ལུས་བདག་ཅག་བྱིན་ན། ལུས་འདིས་བདག་ཅག་ནད་འདི་ལས་ལྡང་བར་འགྱུར་རོ། །ཞེས་ཟེར་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ལུས་འདི་ལྟ་ཞིག་ཆོས་ཀྱིས་དེ་འདྲ་བར་འགྱུར་ཡང་སུ་ལ་ཡང་ཕན་པར་མ་གྱུར་གྱིས། ད་ནི་དེ་ལྟ་བུའི་ཆོས་ཅན་གྱི་ལུས་འདིས་སེམས་ཅན་འདི་དག་བདེ་བར་འགྱུར་བར་བྱའོ། །ཞེས་ནས། དེ་ལ་སེམས་བསྐྱེད་པ་འགའ་ཙམ་ཡང་འགྱོད་པར་འགྱུར་བ་ མེད་པ་འདི་ནི་ནང་གི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕྱི་རོལ་གྱི་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཞུང་དེ་བཞིན་དུ་རྒྱ་ཆེར་དབང་བསྐུར་བ་དང་། འཁོར་ལོས་སྒྱུར་བའི་སྲིད་ལ་གནས་པ། གླིང་བཞི་ལ་དབང་བ། རིན་པོ་ཆེ་ བདུན་དང་བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་པ། ཐོག་མར་མངོན་པར་དབང་བསྐུར་བ། དེ་ལྟ་བུའི་དྲུང་དུ་སློང་བདག་ཅིག་ལྷགས་ཏེ། འདི་སྐད་དུ་བདག་ཅག་ནི་བཀྲེན་ནོ། །དབུལ་ལོ། །ཤིན་ཏུ་སྡུག་བསྔལ་ལོ། །ནོར་དང་མི་ལྡན་ནོ། །ཁྱོད་ནི་བདེ་ བའི་ཡོ་བྱད་ཐམས་ཅད་དང་ལྡན་ན། བྱམ་བུ་གླིང་བཞིའི་འཁོར་ལོས་སྒྱུར་བའི་སྲིད་བདག་ཅག་ལ་བྱིན་ཏེ། ཕྱིས་འདི་ལ་དབང་མི་སྒྱུར་བར་བྱས་ན། དེས་ནི་བདག་ཅག་བདེ་བར་འགྱུར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་ནི་ཟད་པའི་མཐར་འགྱུར་ཏེ་དེའི་ཚེ་ནི་སུའི་བསམ་པ་ཡང་ཡོངས་སུ་མགུ་བར་བྱས་པར་མི་ནུས་ཀྱིས། བདག་གིས་ད་ནི་འཕྲལ་དུ་སེམས་ཅན་འདི་དག་གི་བསམ་པ་ཡོངས་སུ་ཚིམ་པར་བྱའོ། །ཞེས་ནས་དེའི་རྒྱུས་སེམས་ བསྐྱེད་པ་འགའ་ཙམ་ཡང་འགྱོད་པར་འགྱུར་བ་མེད་པར་གཏོང་བ་འདི་ནི་ཕྱི་རོལ་གྱི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕྱི་ནང་གི་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་སྲིད་ལ་དེ་ལྟར་དབང་བསྐུར་བ། བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་པ། བསྩགས་པར་བྱ་བ་རྣམ་པར་བསྩགས་པ། དེ་ལྟ་བུའི་དྲུང་དུ་སློང་བདག་ཅིག་འོངས་ནས། འདི་སྐད་དུ་ཁྱོད་ཀྱིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྔོན་ཆད་ཀྱང་མྱོང་། བདག་ཅག་ནི་དགེ་བ་མ་མྱོང་བ་ཡིན་ ན། བྱམ་བུ་འཁོར་ལོ་སྒྱུར་བའི་སྲིད་བདག་ཅག་བྱིན་ལ་ཁྱོད་ཀྱིས་བདག་ཅག་རིམ་གྲོར་བྱ་བ་དང་། བསྙེན་བཀུར་བར་གྱིས་ཤིག་ཅེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་ཀྱི་ཆོས་ཉིད་དང་། སྲིད་ཀྱི་ཆོས་ཉིད་དེ་དག་ཐམས་ཅད་ཀྱང་། ཐ་མར་མེད་པར་འགྱུར་བ་སྟེ། ལུས་ཀྱང་རྗེས་སུ་འབྲང་བར་གནས་ལ་སྲིད་ཀྱང་ཆེ་ཞིང་སློང་བ་རྣམས་ཀྱང་མངོན་དུ་གྱུར་པ་འདིའི་ཚེ། སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱའོ་ ཞེས་ནས། དེའི་རྒྱུས་སེམས་བསྐྱེད་པ་འགའ་ཙམ་ཡང་འགྱོད་པར་འགྱུར་བ་མེད་པར་རིམ་གྲོ་བྱེད་ཅིང་གཏོང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཕྱི་ནང་གི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་ སེམས་དཔའ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་དེ་ལྟར་དབང་བསྐུར་ཞིང་། བདེ་བ་ཐམས་ཅད་དང་ལྡན་པ་དེ་ལྟ་བུའི་དྲུང་དུ་སློང་བདག་ཅིག་ལྷགས་ཏེ། འདི་སྐད་དུ་བདག་ཅག་ནི་ཁྱོད་ཀྱི་ལེགས་པ་དང་ཡོན་ཏན་སྙན་པ་ཐོས་ནས། གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཁམས་དང་རྒྱལ་པོའི་གནས་དུ་མ་ནས། ཁྱོད་ནི་གདོན་མི་ཟ་བར་བདག་ཅག་གི་བསམ་པ་ཡོངས་སུ་ཚིམ་པར་བྱེད་པར་འགྱུར་སྙམ་སྟེ། འདིར་ཕྱིན་ན་བྱམ་བུ་ཁྱོད་ཀྱིས་བདག་ཅག་གི་བསམ་པ་ཡོངས་སུ་རྫོགས་པར་གྱིས་ཤིག་ཅེས་ནས། ལ་ལ་ནི་ བདག་ཅག་ལ་རིན་པོ་ཆེ་བདུན་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་གླིང་བཞི་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་བུ་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་མིག་གཉིས་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ ཅག་ལ་རྒྱལ་པོའི་ལག་པ་གཉིས་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་རྐང་པ་གཉིས་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་ཤ་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་ཁྲག་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་མགོ་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་སྙིང་དགོས་སོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སྡུག་པ་དང་ཡིད་དུ་འོང་བ་ཐམས་ཅད་དང་བྲལ་ཞིང་བྱེ་བར་ཡང་འགྱུར་ཏེ། སེམས་ཅན་གང་གི་བསམ་པ་ཡོངས་སུ་ཚིམ་པར་མ་གྱུར་གྱིས། ད་ནི་བདག་གི་ལུས་འབྲལ་བར་འགྱུར་བའི་ཆོས་ཅན་འདིས་སེམས་ཅན་དེ་དག་གི་ཆགས་སེམས་རྩེ་ཞིལ་བར་བྱ་བའི་ཕྱིར། བསམ་པ་ཡོངས་སུ་ཚིམ་པར་བྱའོ། །བཅོས་པ་དང་ ལྡན་པའི་ཆོས་ཀྱི་གནས་སུ་ནི་སེམས་བསྐྱེད་པར་མི་བྱའོ། །ཞེས་ནས། དེ་དག་ཐམས་ཅད་བཏང་ཡང་དེའི་ཕྱིར་དེ་ལ་སེམས་བསྐྱེད་པ་གཅིག་ཙམ་ཡང་འག