Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 027_ཉི་ཁྲི།_ཁ
Văn bản gốc(Tây Tạng)
Trang 13 / 24 (50.000 ký tự/trang)
ས་པ་བརྗོད་ཀྱང་འཕེལ་བ་མེད་དོ། །ཉེས་པ་བརྗོད་ཀྱང་ ཡོངས་སུ་འགྲིབ་པ་མེད་དོ། །ལེགས་པ་བརྗོད་ཀྱང་ཆགས་པར་འགྱུར་བ་མེད་དོ། །ཉེས་པ་བརྗོད་ཀྱང་ཁོང་ཁྲོ་བར་འགྱུར་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་བསྟན་ཀྱང་དེ་བཞིན། མ་བསྟན་ཀྱང་དེ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པའི་ཚེ་ཞུམ་པ་དང་། གཡེང་བར་མི་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྩོན་པར་བགྱིད་ཅིང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ནི་དཀའ་བ་བགྱིད་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་ བསྒོམ་པ་སྟེ། ནམ་མཁའ་ལ་ནི་གཟུགས་མ་མཆིས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མ་མཆིས་སོ། །ནམ་མཁའ་ ལ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མ་མཆིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་མཆིས་སོ། ། ནམ་མཁའ་ལ་ནི་ནང་སྟོང་པ་ཉིད་མ་མཆིས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མ་མཆིས་སོ། །ནམ་མཁའ་ལ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་མཆིས་སོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་ པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་མཆིས་སོ། །ནམ་མཁའ་ལ་ནི་འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་ མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་མ་མཆིས་སོ། །ནམ་མཁའ་ལ་ནི་ ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་མ་མཆིས་སོ། །ནམ་མཁའ་ལ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མ་མཆིས་སོ། །ནམ་མཁའ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མ་མཆིས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་མ་མཆིས་སོ། །ནམ་མཁའ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མ་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་གོ་ཆ་འདི་འཚལ་བ་དེ་དག་ནི་ཕྱག་བགྱི་བར་འོས་པའོ། །བཅོམ་ལྡན་འདས་གང་གིས་གོ་ཆ་འདི་འཚལ་བ་དེ་དག་ནི་ནམ་མཁའི་དོན་དུ་བརྩོན་པར་མོས། འབད་པར་མོས། རྩོལ་བར་མོས་པ་ དག་སྟེ། བཅོམ་ལྡན་འདས་གང་གིས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་འཚལ་བ་དེ་དག་ནི་ནམ་མཁའ་ཡོངས་སུ་སྨིན་པར་འཚལ་ཞིང་ཡོངས་སུ་གྲོལ་བར་འཚལ་བའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ལྟ་བུའི་ཆོས་རྣམས་ཀྱི་ སླད་དུ་གོ་ཆ་འཚལ་བ་དེ་དག་ནི་གོ་ཆ་ཆེན་པོ་འཚལ་བའོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་འཚལ་བ་དེ་དག་ནི་ནམ་མཁའ་བར་སྣང་ལ་གདེག་པར་འཚལ་བའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ནི་བརྩོན་འགྲུས་ཆེན་པོ་ཐོབ་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་དོན་དུ། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དེ་དག་ནི་གོ་ཆ་ཆེན་པོ་འཚལ་བའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ནམ་མཁའ་ལྟ་བུའི་ཆོས་རྣམས་ཀྱི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱ་བར་འཚལ་བ་དེ་དག་ནི། དཔའ་བོ་བསམ་གྱིས་མི་ཁྱབ་མཚུངས་པ་མ་མཆིས་པའི་གོ་ཆ་འཚལ་བའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི། འདི་ལྟ་སྟེ་དཔེར་ན། འདམ་བུའི་བྱིངས་སམ། འོད་མའི་ ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་བཞིན་དུ་དེ་བཞིན་གཤེགས་པ་མང་པོས་ཡོངས་སུ་གང་བར་གྱུར་ལ། དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་བསྐལ་པའམ། བསྐལ་པའི་ལྷག་མར་ཆོས་བསྟན་ཏེ་དེ་བཞིན་ གཤེགས་པ་རེ་རེས་སེམས་ཅན་ཚད་མ་མཆིས། གྲངས་མ་མཆིས་པ་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་། བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་ལ་འགྲིབ་པའམ། གང་བར་མི་གདའོ། དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་མ་མཆིས་པ་དང་། སེམས་ཅན་དབེན་པའི་ སླད་དུ་སྟེ། དེ་བཞིན་དུ་གལ་ཏེ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་འདི་ལྟ་སྟེ་དཔེར་ན། འདམ་བུའི་བྱིངས་སམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ་ ཏིལ་གྱི་ཞིང་བཞིན་དུ་དེ་བཞིན་གཤེགས་པ་མང་པོས་ཡོངས་སུ་གང་བར་གྱུར་ལ་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་བསྐལ་པའམ། བསྐལ་པའི་ལྷག་མར་ཆོས་བསྟན་ཏེ། དེ་བཞིན་གཤེགས་པ་རེ་རེས་སེམས་ཅན་ཚད་མ་མཆིས། གྲངས་མ་མཆིས་པ་ཡོངས་སུ་ མྱ་ངན་ལས་བཟླས་ཀྱང་། སེམས་ཅན་གྱི་ཁམས་ལ་འགྲིབ་པའམ་གང་བར་མི་གདའོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་མ་མཆིས་པ་དང་། སེམས་ཅན་དབེན་པའི་སླད་དུ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བདག་འདི་སྐད་དུ་སེམས་ཅན་རྣམས་ཀྱི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི་ནམ་མཁའ་ཡོངས་སུ་སྨིན་པར་བགྱི་བར་འཚལ་ཞིང་ཡོངས་སུ་དགྲོལ་བར་འཚལ་བ་ལགས་ཞེས་མཆིའོ། །དེ་ནས་དགེ་སློང་གཅིག་ཅིག་འདི་སྙམ་དུ་གྱུར་ཏེ། གང་ལ་ཆོས་གང་ཡང་སྐྱེ་བ་དང་འགག་པ་ཡང་མེད་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་ཡོད། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡང་ ཡོད། རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་ཡོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱང་ཡོད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད། རྒྱུན་དུ་ཞུགས་པ་ཡང་ཡོད། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱང་ཡོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཡོད། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་ དཀོན་མཆོག་ཀྱང་ཡོད། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཡོད་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་འཚལ་ལོ་སྙམ་པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་པ་ཞིག་ཡོད་ན། དེ་གང་ལ་བརྩོན་པར་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བསླབ་ པར་སེམས་པ་དེ་ནི་ནམ་མཁའ་སྟོང་པ་ལ་བརྩོན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ལ་བདག་གིས་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པ་ཇི་ལྟ་བུ་ཞིག་བགྱི། བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་དུ་གསོལ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཁྱོད་ཀྱིས་གང་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བྱ་བའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མཐོང་ངམ། སྨྲས་པ་བཙུན་པ་རབ་འབྱོར་བདག་གིས་གང་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་ བྱ་བའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཇི་སྐད་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ན། དེ་ཉིད་དེའི་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་འགྱུར་རོ། གལ་ ཏེ་ཇི་སྐད་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་གྱུར་ན། དེ་ལ་མིའམ་མི་མ་ཡིན་པ་གླགས་ཚོལ་བ་རྣམས་ཀྱིས་གླགས་རྙེད་པར་འགྱུར་རོ། གང་ཇི་སྐད་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་རིག་པར་བྱའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་རྣམས་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་གང་སེམས་པ་དེ་ནི་ནམ་མཁའ་ལ་བསྲུང་པ་དང་ བསྐྱང་པ་དང་། བསྐྱབ་པར་སེམས་པ་སྟེ། དེ་ནི་བསམ་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། སྒྲ་བརྙན་དང་། མྱིག་ཡོར་དང་། སྤྲུལ་པ་ལ་བསྲུང་ བ་དང་། བསྐྱང་བ་དང་། བསྐྱབ་པར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་རྣམས། བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་གང་སེམས་པ་དེ་ནི་བསམ་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་བསྲུང་བ་དང་། བསྐྱང་བ་ དང་། །བསྐྱབ་པར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །སྨྲས་པ་ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་རྣམས་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་གང་སེམས་པ་དེ་ནི་བསམ་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་བསྲུང་བ་དང་། བསྐྱང་ བ་དང་བསྐྱབ་པར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་རྣམས་བསྲུང་བ་དང་། བསྐྱང་བ་དང་བསྐྱབ་པར་ གང་སེམས་པ་དེ་ནི་བསམ་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། རྨི་ལམ་ལྟ་བུའི་ཆོས་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཆོས་རྣམས་ཡོངས་སུ་ཤེས་པ་དང་། དེ་ལྟར་ཡོངས་སུ་ཤེས་པས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རོམ་སེམས་སུ་མི་བྱེད་ པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་ བྱེད་ན། དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པས་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པ་ལ་རློམ་སེམས་སུ་མི་བྱེད་དོ། །དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རློམ་སེམས་སུ་མི་བྱེད། རྟེན་ཅིང་འབྲེལ་བར་འབྱུང་ བས་རློམ་སེམས་སུ་མི་བྱེད། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རློམ་སེམས་སུ་མི་བྱེད་ན། དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་ སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རློམ་སེམས་སུ་མི་བྱེད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་རློམ་སེམས་སུ་མི་བྱེད། བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རློམ་སེམས་སུ་མི་བྱེད་ན། དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་ སུ་མི་བྱེད་དོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་རློམ་སེམས་སུ་མི་བྱེད། མངོན་པར་ཤེས་པ་རྣམས་ཀྱིས་རློམ་སེམས་སུ་མི་བྱེད་ན། དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་རློམ་སེམས་སུ་མི་བྱེད་ གཟུངས་ཀྱི་སྒོ་རྣམས་ཀྱིས་རློམ་སེམས་སུ་མི་བྱེད། གཟུངས་ཀྱི་སྒོ་རྣམས་ལ་རློམ་སེམས་སུ་མི་བྱེད་ན། དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅྭོ་བརྒྱད་རློམ་སེམས་སུ་མི་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་རློམ་སེམས་སུ་མི་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་རློམ་སེམས་སུ་མི་བྱེད་ན། དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་ སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རློམ་སེམས་སུ་མི་བྱེད། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱིས་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རློམ་སེམས་སུ་མི་བྱེད་ན། དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་ སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་དང་། མཚེ་མ་དང་དགའ་ལྡན་ དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མས། བཅོམ་ལྡན་འདས་ལ་ མངོན་པར་འཐོར་ཞིང་། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་དུ་འཁོད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་ པ་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷ་རྣམས་ཀྱིས། སངས་རྒྱས་ཀྱི་མཐུས་ཤར་ཕྱོགས་ཀྱི་སངས་རྒྱས་སྟོང་ཡི་གེ་འདི་དག་ཉིད་ཀྱིས་ཆོས་སྟོན་པ། མཚན་འདི་ཉིད་མངའ་བ། དགེ་སློང་རབ་འབྱོར་ཅེས་བྱ་བ་ཤ་སྟག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཉིད་ དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་བ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་ཞིང་ཡོངས་སུ་འདྲི་བ་སེམས་ཀྱིས་མཐོང་བར་གྱུར་ཏོ། །ལྷོ་དང་ནུབ་དང་། བྱང་དང་བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་ཡང་། སངས་རྒྱས་སྟོང་ཡི་གེ་འདི་དག་ཉིད་ཀྱིས་ཆོས་སྟོན་པ་མཚན་འདི་ཉིད་མངའ་བ། དགེ་སློང་རབ་འབྱོར་ཅེས་བྱ་བ་ཤ་སྟག་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལེའུ་འདི་ཉིད་ཞུ་བ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་ཞིང་ཡོངས་སུ་འདྲི་བ་སེམས་ཀྱིས་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཡང་སའི་ཕྱོགས་འདི་ཉིད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ འདི་ཉིད་སྟོན་ཅིང་འཆད་པར་འགྱུར་རོ། །གང་ཡང་བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་དེ་དག་ཀྱང་། སའི་ཕྱོགས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་སངས་རྒྱས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་གང་དང་། རྟགས་གང་དང་། མཚན་མ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ལ་རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། གཟུགས་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ འམ། གཟུགས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བ འམ། གཟུགས་སྡུག་ཅེས་བྱ་བ་འམ། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་བཅིངས་ཤེས་བྱ་བ་འམ། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་འདས་ཤེས་བྱ་བ་འམ། མ་འོངས་ཤེས་བྱ་བ་འམ། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་ བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མེད་ཅེས་བྱ་བ་འམ། རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་ པར་ཤེས་པ་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པར་ཤེས་པ་བཅིངས་ཤེས་བྱ་བ་འམ། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པར་ཤེས་པ་འདས་ཤེས་བྱ་བ་འམ། མ་འོངས་ཤེས་བྱ་བ་འམ། ད་ལྟར་བྱུང་ཞེས་བྱ་བར་ཆོས་ སྟོན་པར་མི་འགྱུར་རོ། །སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། རྟེན་ཅིང་འབྲེལ་པར་འབྱུང་བ་ བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བའམ། རྟེན་ཅིང་འབྲེལ་པར་འབྱུང་བ་སྡུག་ཅེས་བྱ་བ་འམ། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྟེན་ཅིང་འབྲེལ་ པར་འབྱུང་བ་བཅིངས་ཤེས་བྱ་བའམ། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་འདས་ཤེས་བྱ་བ་འམ། མ་འོངས་ཤེས་བྱ་བ་འམ། ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་ པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ ཆོས་སུམ་ཅུ་རྩ་བདུན་བདག་ཅེས་བྱ་བ་འམ། བདག་མེད་ཅེས་བྱ་བ་འམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྡུག་ཅེས་བྱ་བ་འམ། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞི་ཞེས་བྱ་བ་འམ། མ་ ཞི་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བཅིངས་ཤེས་བྱ་བ་འམ། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འདས་ཤེས་བྱ་བ་འམ། མ་འོངས་ ཤེས་བྱ་བ་འམ། ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །མངོན་པར་ཤེས་པ་རྣམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ ཞེས་བྱ་བ་འམ། མངོན་པར་ཤེས་པ་རྣམས་བདག་ཅེས་བྱ་བ་འམ། བདག་མེད་ཅེས་བྱ་བ་འམ། མངོན་པར་ཤེས་པ་རྣམས་སྡུག་ཅེས་བྱ་བ་འམ། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །མངོན་པར་ཤེས་པ་རྣམས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བར་ ཆོས་སྟོན་པར་མི་འགྱུར་རོ། །མངོན་པར་ཤེས་པ་རྣམས་བཅིངས་ཤེས་བྱ་བ་འམ། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །མངོན་པར་ཤེས་པ་རྣམས་འདས་ཤེས་བྱ་བ་འམ། མ་འོངས་ཤེས་བྱ་བ་འམ། ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། ། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། གཟུངས་ཀྱི་སྒོ་རྣམས་བདག་ཅེས་བྱ་བ་འམ། བདག་མེད་ ཅེས་བྱ་བ་འམ། གཟུངས་ཀྱི་སྒོ་རྣམས་སྡུག་ཅེས་བྱ་བ་འམ། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་བཅིངས་ཤེས་བྱ་ བ་འམ། གྲོལ་ཞེས་བྱ་བ་ཆོས་སྟོན་པར་མི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་འདས་ཤེས་བྱ་བ་འམ། མ་འོངས་ཤེས་བྱ་བ་འམ། ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་ དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་བདག་ཅེས་བྱ་བ་འམ། བདག་མེད་ཅེས་བྱ་བ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྡུག་ཅེས་བྱ་འམ། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བར་ཆོས་སྟོན་པར་ མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བཅིངས་ཤེས་བྱ་བ་འམ། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འདས་ཤེས་བྱ་བ་འམ། མ་འོངས་ཤེས་བྱ་བ་འམ། ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་ པར་མི་འགྱུར་རོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ བདག་ཅེས་བྱ་བ་འམ། བདག་མེད་ཅེས་བྱ་བ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་ཅེས་བྱ་བ་འམ། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཅིངས་ཤེས་བྱ་བ་འམ། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་ཤེས་བྱ་བ་འམ། མ་འོངས་ཤེས་བྱ་བ་འམ། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ནི་ཇི་ལྟར་སྟོན་པར་འགྱུར་སྟོན་ནས་ཇི་ཞིག་སྟོན་པར་འགྱུར། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། གཟུགས་ཤིན་དུ་རྣམ་པར་དག་གོ་ཞེས་ཤིན་དུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ཤིན་དུ་རྣམ་པར་དག་གོ། ཞེས་ཤིན་དུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་དུ་རྣམ་པར་དག་གོ། ཞེས་ཤིན་དུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཤིན་དུ་རྣམ་ པར་དག་གོ། །ཞེས་ཤིན་དུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཤིན་དུ་རྣམ་པར་དག་གོ། ཞེས་བྱ་བར་ཤིན་དུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཏིང་ངེ་འཛིན་ རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཤིན་དུ་རྣམ་པར་དག་གོ། །ཞེས་ཤིན་དུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱིས་ ཆོས་མ་འདྲེས་པ་རྣམས་ཤིན་དུ་རྣམ་པར་དག་གོ། ཞེས་ཤིན་དུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་དུ་རྣམ་པར་དག་གོ། ཞེས་ཤིན་དུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡོངས་སུ་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་ པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་ དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་ སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ ཡོངས་སུ་དག་པའོ། །ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། གསོལ་པ། བཅོམ་ལྡན་ འདས་ཇི་ལྟར་ན་གཟུགས་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ ཡོངས་སུ་དག་པ་ལགས། ཇི་ལྟར་ན་སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་སྟོང་པ་ཉིད་ཐམས་ ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་ པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ ལྟར་ན་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅྭོ་བརྒྱད་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་གཟུགས་ཡོངས་སུ་དག་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་ པ་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་རྣམ་པར་ཤེས་པ་ཡོངས་སུ་དག་པའོ། །སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་དག་པའོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་ མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་དག་པའོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་ པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་ མེད་པ་ནི་མངོན་པར་ཤེས་པ་ཡོངས་སུ་དག་པའོ། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་གཟུངས་ཀྱི་སྒོ་ཡོངས་སུ་དག་པའོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་ བ་མེད་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་ སུ་དག་པའོ། །རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་ དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ནམ་མཁའ་ཡོངས་སུ་དག་པ་སྟེ། རབ་འབྱོར་ནམ་མཁའ་ ལ་འགྲོ་བ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ལ་འགྲོ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་གཟུང་དུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་ནམ་མཁའ་ལ་ཐ་སྙད་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ནམ་མཁའ་ལ་ཐ་སྙད་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའི་སྒྲ་བརྙན་གཉིས་ཀྱི་སྒྲ་ལྟར། ནམ་ མཁའ་ལ་ཐ་སྙད་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་ནམ་མཁའ་བརྗོད་དུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་བརྗོད་ དུ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་ནི་གང་ཡང་བརྗོད་དུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ནམ་མཁའ་བརྗོད་དུ་མེད་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གཞན་ཡང་ནམ་མཁའ་དམིགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ནམ་མཁའ་དམིགས་སུ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་གང་ཡང་དམིགས་སུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ནམ་མཁའ་དམིགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། ། རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་སྐྱེ་བ་ མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཤིན་ དུ་རྣམ་པར་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་ བཞིན་དུ་ཡིད་ལ་བགྱིད་ན། བཅོམ་ལྡན་འདས་དེ་ལ་མིག་གི་ནད་འབྱུང་བར་མི་འགྱུར་རོ། །རྣ་བའི་ནད་དང་། སྣའི་ནད་དང་། ལྕེའི་ནད་དང་། ལུས་ཀྱི་ནད་དང་། ཡན་ལག་མ་ཚང་བར་མི་འགྱུར་རོ། །ལུས་ངན་པར་མི་འགྱུར་རོ། །རྒས་པས་འཁོགས་པའི་ལུས་སུ་མི་ འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་བདེ་བ་མི་སྤོངས་པས་དུས་བྱེད་པར་མི་འགྱུར་རོ། །དེའི་སླད་བཞིན་དུ་ལྷ་བརྒྱ་སྟོང་མང་པོ་འབྲང་བར་འགྱུར་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷ་རྣམས་ཀྱང་སླད་བཞིན་དུ་འབྲང་ བར་འགྱུར་རོ། །གང་ན་ཆོས་སྨྲ་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་སྟོན་པ་དེར་ཡང་། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དག་ལ་ལྷའི་ཚོགས་ཆེན་པོ་འདུ་བར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཡང་ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་འདི་སྟོན་པའི་ཚེ། བསོད་ནམས་མང་དུ་འཕེལ་བར་འགྱུར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མང་བ། ཚད་མ་མཆིས་པ། གྲངས་མ་མཆིས་པ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མ་མཆིས་པ། གཞལ་དུ་མ་མཆིས་པ། དཔག་ཏུ་མ་མཆིས་པ། རབ་ཏུ་འཕེལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཚེས་བརྒྱད་དང་། བཅུ་བཞི་དང་བཅོ་ལྔ་དག་ལ་ཤེས་རབ་ཀྱི་ཕ་རོལ་དུ་ ཕྱིན་པ་འདི་ལྷའི་འཁོར་གྱི་མདུན་དུ་སྟོན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ཏེ། བསོད་ནམས་ཀྱི་ཕུང་པོ་མང་པོ་དང་། ཚད་མེད་པ་གྲངས་མེད་པ། བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ་གཞལ་དུ་མེད་པ་དཔག་ཏུ་མེད་པ་རབ་ཏུ་འཕེལ་བར་ འགྱུར་རོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རིན་པོ་ཆེའོ། །རབ་འབྱོར་དེ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིན་པོ་ཆེ་ནི་འདི་ཡིན་ཏེ། སེམས་ཅན་དམྱལ་བ་ལས་ཡོངས་སུ་གྲོལ་བར་བྱེད་པའོ། །བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་དང་ལྷ་དབུལ་པོ་ལས་ཡོངས་སུ་གྲོལ་བར་བྱེད་པའོ། །རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་འབྱིན་པའོ། །བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་འབྱིན་པའོ། །ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་འབྱིན་པའོ། །རྒྱལ་ཆེན་བཞིའི་ རིས་ཀྱི་ལྷའི་སྐྱེ་བའི་སྐྱེ་མཆེད་འབྱིན་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ཀྱི་བར་གྱི་ལྷའི་སྐྱེ་བའི་སྐྱེ་མཆེད་འབྱིན་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་འབྱིན་པའོ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་འབྱིན་ པའོ། །དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་འབྱིན་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས། དགེ་བ་བཅུའི་ལས་ཀྱི་ལམ་རྒྱས་ པར་བསྟན་ཏེ། དེ་ལ་བསླབས་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་དང་། མཚེ་མ་ དང་། དགའ་ལྡན་དང་། འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་ དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་བ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཆུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཡོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོད་དོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡོད་ན། བསམ་གཏན་བཞི་ཡོད་དོ། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོད་དོ། །སྦྱིན་ པའི་ཕ་རོལ་དུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །དངོས་ པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོད་དོ། །འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་དོ། །དེ་ཡང་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཆོས་དེ་ཐམས་ཅད་ རྒྱ་ཆེར་བསྟན་ཏེ། དེ་ལ་བསླབས་ན་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་ཆུང་དགེ་དང་ ཚད་མེད་དགེ་བ་དང་། དགེ་རྒྱས་དང་ཆེ་བ་དང་། ཆུང་ཆེ་དང་ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་མི་ཆེ་བ་དང་མི་གདུང་བ་དང་ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ ཡས་སྐྱེ་མཆེད་དང་། ཆུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྒྱུན་དུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་ རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །དེ་བས་ན་དེ་ནི་ཕ་རོལ་དུ་ཕྱིན་པ་རིན་པོ་ཆེ་ཞེས་བྱའོ། །ཕ་རོལ་དུ་ཕྱིན་པ་རིན་པོ་ཆེ་དེ་ལ་ནི་ ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ཡོངས་སུ་གཟུང་བའམ། དོར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྐྱེ་བའམ། འགག་པ་འམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ཡོངས་སུ་གཟུང་བའམ། དོར་བར་བྱ་བའི་ཆོས་དེ་ལྟ་བུ་མེད་དོ། །རབ་འབྱོར་ཕ་རོལ་དུ་ཕྱིན་པ་རིན་པོ་ཆེ་འདི་ལ་ནི་དགེ་བའམ། མི་དགེ་བའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཟག་པ་དང་བཅས་པ་འམ་ཟག་པ་མེད་པའམ། འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་གང་ཡང་དམིགས་ སུ་མེད་དེ་རབ་འབྱོར་རྣམ་གྲངས་ངེས་ཀྱང་ཕ་རོལ་དུ་ཕྱིན་པ་རིན་པོ་ཆེ་ནི་དམིགས་སུ་མེད་དོ། །རབ་འབྱོར་ཕ་རོལ་དུ་ཕྱིན་པ་རིན་པོ་ཆེ་ལ་ནི་གང་གིས་ཀྱང་འགོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་འགོ་བར་འགྱུར་བའི་ཆོས་དེ་ལྟ་བུ་དམིགས་སུ་མེད་དོ། །རབ་འབྱོར་དེའི་ ཕྱིར་ན་ཕ་རོལ་དུ་ཕྱིན་པ་འདི་ནི་འགོ་བ་མེད་པའི་ཕ་རོལ་དུ་ཕྱིན་པ་རིན་པོ་ཆེ་འོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་འདུ་ཤེས་པར་ཡང་མི་བྱེད་ལ། དེ་ལྟར་མི་རྟོག་ཅིང་དེ་ལྟར་མི་དམིགས་ཏེ། དེ་ལྟར་འཕྲོ་བར་ཡང་མི་བྱེད་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྒོམ་པའོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་བསམས་ཤིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་ པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྟོན་པའམ། རྣམ་པར་སྟོན་པའམ། ཡོངས་སུ་སྟོན་པའམ། འཛིན་པར་བྱེད་པའམ། འབྱིན་པར་བྱེད་པའམ། སྐྱེ་བར་བྱེད་པའམ། འགག་པར་བྱེད་པའམ། ཀུན་ནས་ཉོན་མོངས་པར་བྱེད་པའམ། རྣམ་པར་བྱང་བར་བྱེད་པའམ། འགྲིབ་པར་བྱེད་པའམ། འཕེལ་བར་བྱེད་པའམ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བར་བྱེད་པ་མེད་དོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་ རོལ་དུ་ཕྱིན་པ་འདི་ནི་འདོད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན། གཟུགས་ཀྱི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན། གཟུགས་མེད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན། སྦྱིན་པའི་ ཕ་རོལ་དུ་ཕྱིན་པ་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། ནང་ སྟོང་པ་ཉིད་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་ མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་སྒྲུབ་པ་ མ་ཡིན་འདོར་བ་མ་ཡིན། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། རྒྱུན་དུ་ཞུགས་པའི་འབྲས་བུ་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། རང་ བྱང་ཆུབ་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ་མ་ཡིན། འདོར་བ་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཞི་བཅུ་གཅིག་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་འདུས་བྱས་ཀྱི་ཁམས་འདོར་བ་མ་ཡིན། འདུས་མ་བྱས་ཀྱི་ཁམས་སྒྲུབ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་དེ་ནི་དེ་བཞིན་དུ་གནས་པ་ཡིན་ཏེ་དེ་ནི་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་ཐུགས་སུ་ཆུད་དོ། །མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་ཐུགས་སུ་ཆུད་ནས་ ཀྱང་གསུང་ངོ་། །སྟོན་ཏོ། །རྗོད་དོ། །འགྲེལ་ཏོ། །རྣམ་པར་འབྱེད་དོ། །གསལ་བར་མཛད་དོ། །ཡང་དག་པར་སྟོན་ཏོ། །དེ་ནས་ལྷའི་བུ་སྟོང་ཕྲག་མང་པོ་སྟེང་གི་བར་སྣང་ལ་འཁོད་ནས་ལྷུང་ལྷུང་ལྡེགས་ཀྱི་སྒྲ་ཕྱུང་སྟེ། ལྷ་རྫས་ཀྱི་མེ་ཏོག་ཨུཏྤ་ལ་དང་། པད་མོ་དང་། ཀུ་མུད་ དང་། པུནད་རི་ཀ་དང་། མཱན་དཱ་ར་བ་དང་། མཱན་དཱ་ར་བ་ཆེན་པོ་འཐོར་ཞིང་འདི་སྐད་ཀྱི་ཚིག་བརྗོད་པར་གྱུར་ཏོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བསྟན་པས། ལྷའི་བུ་སྟོང་ཕྲག་དུ་མ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་སྐྱེས་པར་གྱུར་ཏེ། འཛམ་བུའི་གླིང་དུ་ཆོས་ཀྱི་ འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་ཆོས་ཀྱི་འཁོར་ལོ་གཉིས་སུ་བསྐོར་བ་ཡང་མ་ཡིན། གཅིག་ཏུ་བསྐོར་བ་ཡང་མ་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡང་ཆོས་གང་ཡང་འཁོར་བའམ། མི་འཁོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཆོས་གང་ཡང་འཁོར་བར་བགྱི་བའམ། མི་འཁོར་བར་བགྱི་བའི་སླད་དུ། ཉེ་བར་མི་གནས་པའི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་སྟོང་ངོ་། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་ པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྦྱིན་པའི་ཕ་རོལ་དུ་ཕྱིན་པས་སྟོང་ངོ་། །ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕགས་པའི་ལམ་ཡན་ལག་བརྒྱ་དཔས་སྟོང་ངོ་། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་ངོ་། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་ རྣམས་ཀྱིས་སྟོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། ། རྒྱུན་དུ་ཞུགས་པའི་འབྲས་བུ་རྒྱུན་དུ་ཞུགས་པའི་འབྲས་བུས་སྟོང་ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ཕྱིར་མི་འོང་བའི་འབྲས་བུས་སྟོང་ངོ་། །དགྲ་བཅོམ་པ་ཉིད་དགྲ་བཅོམ་པ་ཉིད་ཀྱིས་སྟོང་ངོ་། །རང་བྱང་ཆུབ་རང་བྱང་ཆུབ་ཀྱིས་སྟོང་ངོ་། ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆེན་མོ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་གྱིས་སྟོང་པའོ། །དེ་ནི་ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་སྟོང་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཡང་། ཆོས་གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མ་མཆིས། ཆོས་ཀྱི་འཁོར་ལོ་ཡང་བསྐོར་ལ་ཆོས་གང་ཡང་འཁོར་བའམ་མི་འཁོར་བའམ་རབ་ཏུ་འཁོར་བར་བགྱིད་པ་མ་མཆིས་ཏེ། དེ་དག་གིས་ཆོས་གང་ཡང་ཡོངས་སུ་ མཐོང་བའམ་ཡོངས་སུ་མ་མཐོང་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་འཁོར་བར་བགྱི་བའམ་མི་འཁོར་བར་བགྱི་བའམ་རབ་ཏུ་འཁོར་བར་བགྱི་བའི་ཆོས་དེ་ལྟ་བུ་དམིགས་སུ་མ་མཆིས་ཏེ། དེ་ནི་འདི་ལྟར་ཆོས་ཐམས་ཅད་ཀྱང་ཤིན་དུ་མངོན་པར་མ་གྲུབ་ པའོ། །དེ་ཅིའི་སླད་དུ་ཞེ་ན། སྟོང་པ་ཉིད་ནི་འཁོར་བར་བགྱིད་པའམ། མི་འཁོར་བར་བགྱིད་པ་མ་ལགས་སོ། །མཚན་མ་མ་མཆིས་པ་ནི་འཁོར་བར་བགྱིད་པའམ་མི་འཁོར་བར་བགྱིད་པ་མ་ལགས་སོ། །སྨོན་པ་མ་མཆིས་པ་ནི་འཁོར་བར་བགྱིད་པའམ་མི་འཁོར་བར་ བགྱིད་པ་མ་ལགས་སོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་དང་། རབ་ཏུ་བསྟན་པ་དང་། བསྒྲགས་པ་དང་རབ་ཏུ་དགོད་པ་དང་གཞག་པ་དང་། རྣམ་པར་དབྱེ་བ་དང་། རྣམ་པར་དགྲོལ་བ་དང་སྨོས་པ་དང་། གསལ་བར་བགྱི་བ་དང་ཡང་དག་པར་བསྟན་པ་འདི་ནི་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་ཡོངས་སུ་དག་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་དེ་ཡང་སུས་ཀྱང་མ་བསྟན་སུས་ཀྱང་མ་བཟུང་ངོ་། །གང་སུས་ཀྱང་མ་བསྟན་སུས་ཀྱང་མ་བཟུང་བ་དེ་ནི་སུས་ཀྱང་མངོན་དུ་མ་བགྱིས་སོ། །གང་སུས་ཀྱང་མངོན་དུ་མ་བགྱིས་པ་དེ་ ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མ་མཆིས་ཏེ། ཆོས་བསྟན་པ་འདི་ལ་གང་སུ་ཡང་སྦྱིན་པའི་གནས་སུ་འགྱུར་བ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་ཉི་ཤུ་བརྒྱད་པའོ།། །།དེ་ནས་ཚེ་དང་ལྡན་པ་ རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་ འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མཉམ་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ རྣམ་པར་དབེན་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཐུབ་པ་མེད་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་གནས་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་དང་ ལུས་མེད་པའི་ཕྱིར་རོ། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ནམ་མཁའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་ འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བརྗོད་དུ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མིང་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་ རོལ་དུ་ཕྱིན་པ་འདི་ནི་འགྲོ་བ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་འགྲོ་བ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མི་འཕྲོགས་པའི་ཕ་རོལ་དུ་ཕྱིན་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་གཟུང་དུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྐད་ཅིག་པ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ ཅད་བྱང་ཞིང་ཟད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྐྱེ་བ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བྱེད་པ་པོ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ ནི་ཤེས་པ་པོ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་པ་པོ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་འཕོ་བ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འཆི་བ་དང་སྐྱེ་བ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་འཇིག་པ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ འཇིག་པ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རྨི་ལམ་གྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྨི་ལམ་མཐོང་བ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྒྲ་བརྙན་གྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་པ་དང་། སྒྲར་བརྗོད་པ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ མིག་ཡོར་གྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེ་ལོང་གི་བཞིན་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྨིག་རྒྱུའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་འབབ་པ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྒྱུ་མའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཚན་མ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རྨོངས་པ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་རིག་པའི་མུན་པ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་ པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ནས་ཉོན་མོངས་པ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རྣམ་པར་བྱང་བ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཉོན་མོངས་པ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དམིགས་སུ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་དམིགས་སུ་མེད་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྤྲོས་པ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲོས་པ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རློམ་སེམས་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པ་འདི་ནི་མི་གཡོ་བའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་འདོད་ཆགས་དང་བྲལ་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མ་ནོར་བ་ཡང་དག་པ་ཉིད་དུ་མངོན་པར་འཚང་རྒྱ་བར་བྱེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཀུན་ནས་ལྡང་བ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཞི་བའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མཚན་ མ་མེད་ཅིང་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་འདོད་ཆགས་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ། ། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཞེ་སྡང་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེ་སྡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་གཏི་མུག་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཤེས་པའི་མུན་པ་ཐམས་ཅད་སེལ་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ ཉོན་མོངས་པ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོངས་སུ་རྟོག་པ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སེམས་ཅན་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། སེམས་ཅན་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རབ་ཏུ་སྤངས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ། ། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མཐའ་གཉིས་སུ་མི་འགྱུར་བའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་རྣམ་པར་སྤོང་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་ རོལ་དུ་ཕྱིན་པ་འདི་ནི་ཐ་མི་དད་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་འདྲེས་པ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཉམས་པ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལས་འདའ་བར་བྱེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རྣམ་པར་རྟོག་པ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རྣམ་པར་རྟོག་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མིང་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ ཀྱི་ཚད་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ནམ་མཁའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མི་རྟག་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྡུག་བསྔལ་གྱི་ ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཚོལ་བར་སྦྱོར་བ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བདག་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ ཅད་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མཚན་ཉིད་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མངོན་པར་གྲུབ་པ་མེད་པའི་ཕྱིར་རོ། ། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ནང་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་གི་ཆོས་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཕྱི་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱིའི་ཆོས་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་ཕ་ རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་ནང་གི་ཆོས་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། སྟོང་པ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆེན་པོ་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆེན་པོ་སྟོང་པ་ཉིད་དམིགས་ སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དོན་དམ་པ་སྟོང