Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 013_འདུལ་བ།_པ
Văn bản gốc(Tây Tạng)
Trang 16 / 19 (50.000 ký tự/trang)
།ཅིའི་ཕྱིར་ནག་པོར་སྟོན་པ་ཞེས་བྱ་ཞེ་ན། དེ་དང་དེ་དག་ནི་ནག་པོར་སྟོན་པས་ནག་པོར་བསྟན་པ་སྟེ། ནག་པོར་བསྟན་པའོ། །འཕགས་པ་མ་ཡིན་པར་བསྟན་པའོ། །དེའི་ཕྱིར་ནག་པོར་བསྟན་པ་ཞེས་བྱའོ། །ཅིའི་ཕྱིར་ན་དེས་དེ་དག་སྨྲས་ཆོས་མ་ཡིན་པ་ཚར་གཅད་པ་དང་། ཆོས་བསྡུ་བ་དང་། དམ་པའི་ཆོས་ཀྱི་གཟུགས་བརྙན་སོ་སོར་བསལ་བའི་ཕྱིར་ འཇིགས་པ་མེད་པས་ཉན་ཐོས་སུ་འགྱུར་བ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་གསུང་འདིས་སོ། །འདི་ནི་ནག་པོར་སྟོན་པ་ཞེས་བྱའོ། །ཆེར་སྟོན་པ་གང་ཞེ་ན། ཆེར་སྟོན་པ་བཞི་སྟེ། བཞི་གང་ཞེ་ན། འདིར་དགེ་སློང་ཞིག་འོངས་ན་དེས་འདི་སྐད་དུ་སྨྲ་སྟེ། བཅོམ་ལྡན་འདས་ཀྱི་དྲུང་ནས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་པ་ནི་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་དེས་འདི་སྐད་དུ་སྨྲས་པ་ལ་དགའ་བར་ཡང་མི་བྱ། སྨོད་པར་ཡང་མི་བྱའོ། །དགའ་ བར་ཡང་མི་བྱ། སྨད་པར་ཡང་མི་བྱ་བར་རྣ་བས་མཉན་ལ་ཆོས་ཀྱི་ཚིག་དང་། ཡི་གེ་རྣམས་བླངས་ཏེ། མདོ་སྡེ་དང་ཡང་བསྟུན་པར་བྱ། འདུལ་བ་དང་བསྟུན་པར་བྱ་སྟེ། དེ་སྟེ་མདོ་སྡེ་དང་བསྟུན་འདུལ་བ་དང་བསྟུན་ན་ཡང་མདོ་སྡེ་དང་མཐུན། འདུལ་བ་ལས་སྣང་། ཆོས་ཉིད་དང་ཡང་མི་འགལ་ན། དེས་དེ་ལ་འདི་སྐད་དུ་སྨྲ་བར་བྱ་སྟེ། ཚེ་དང་ལྡན་པ་དེ་ལྟར་འདི་ལྟ་བུའི་ཆོས་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཚེ་དང་ལྡན་པས་ཀྱང་ཆོས་དེ་བཞིན་དུ་བླངས་སོ། །བདག་གིས་ཀྱང་དེ་བཞིན་དུ་ཆོས་དེ་མདོ་སྡེ་དང་ཡང་བསྟུན། འདུལ་ བ་དང་ཡང་བསྟུན་ན་མདོ་སྡེ་དང་མཐུན། འདུལ་བ་ལས་ཀྱང་འབྱུང་ཆོས་ཉིད་དང་ཡང་མི་འགལ་ཏེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་སྙམ་དུ་ཤེས་པར་བྱ་སྟེ། བཅང་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་ནས་དེ་འདི་སྐད་སྨྲ་སྟེ། གནས་འདི་ཞེས་བྱ་བ་ན་དགེ་སློང་ཆེན་པོའི་དགེ་འདུན་དག་ཅིག་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་ཤིང་འཁོད་པའི་དགེ་སློང་གི་དགེ་འདུན་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ནས། མངོན་སུམ་དུ་བླངས་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ སྟེ། དེ་སྐད་སྨྲས་པ་དེ་ལ་དེས་འདི་སྐད་སྨྲ་སྟེ། ཚེ་དང་ལྡན་པ་དེ་ལྟར་ཆོས་འདི་ནི་དགེ་སློང་གི་དགེ་འདུན་དེས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ། ཆོས་དང་འདུལ་བ་སྨྲས་པ་ལས་ཚེ་དང་ལྡན་པས་ཀྱང་ཆོས་འདི་བཞིན་དུ་ལེགས་པར་བླངས་སོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ བཅང་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་ནས་དེས་འདི་སྐད་དུ་སྨྲས་ཏེ། གནས་འདི་ཞེས་བྱ་བ་ན་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པའི་དགེ་སློང་རབ་ཏུ་མང་པོ་དག་ཅིག་འཁོད་པའི་དགེ་སློང་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ནས། མངོན་སུམ་དུ་བླངས་པ་ནི་འདི་ལྟ་སྟེ། ཆོས་འདིའོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དེ་སྐད་སྨྲ་བ་ལ། དེས་འདི་སྐད་སྨྲ་བར་བྱ་སྟེ། ཚེ་དང་ལྡན་པ་དེ་ལྟར་ཆོས་འདི་ནི་དགེ་སློང་དག་གིས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ། ཆོས་དང་འདུལ་བར་སྨྲས་པ་ལས་ཚེ་ དང་ལྡན་པས་ཀྱང་དེ་ལྟ་བུའི་ཆོས་དགེ་བར་བླངས་སོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བཅང་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་ནས་དེས་འདི་སྐད་དུ་སྨྲ་སྟེ། གནས་འདི་ཞེས་བྱ་བ་ན་དགེ་སློང་གནས་བརྟན་དང་། གནས་བརྟན་གང་ཡང་རུང་བ་དང་། ཤེས་པ་དང་། ཤེས་པ་གང་ཡང་རུང་བ་དང་། གཙོ་བོ་དང་། གཙོ་བོ་གང་ཡང་རུང་བ་ཞིག་གནས་པའི་དགེ་སློང་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་པ་ནི་འདི་ལྟ་སྟེ། ཆོས་འདིའོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྟེ། དེ་སྐད་སྨྲས་པ་ལ་དེས་འདི་སྐད་དུ་སྨྲ་ བར་བྱ་སྟེ། ཚེ་དང་ལྡན་པ་དེ་ལྟར་ཆོས་འདི་ནི་དགེ་སློང་དེས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ། ཆོས་དང་འདུལ་བར་སྨྲས་པ་ལས་ཚེ་དང་ལྡན་པས་ཀྱང་ཆོས་འདི་ནི་ལེགས་པར་བླངས་སོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བཅང་བར་བྱའོ། །ཅིའི་ཕྱིར་ན་ཆེར་སྟོན་པ་ཞེས་ བྱ་ཞེ་ན། ཚིག་འདི་ཆེར་སྟོན་པ་སྟེ། ཆེར་སྟོན་པས་བསྟན་པའོ། །དེ་དག་ནི་འཕགས་པ་ལྟར་ཡང་སྟོན་པ་སྟེ། དེའི་ཕྱིར་ན་ཆེར་སྟོན་པ་ཞེས་བྱའོ། །ཅིའི་ཕྱིར་ན་དེ་དག་སྨྲས་ཞེ་ན། ཆོས་མ་ཡིན་པ་ཚར་གཅད་པ་དང་། ཆོས་བསྡུ་བ་དང་། དམ་པའི་ཆོས་ཀྱི་ གཟུགས་བརྙན་སོ་སོར་བསལ་བའི་ཕྱིར་མི་འཇིགས་པས་བདག་ནི་ཉན་ཐོས་སུ་འགྱུར་བ་སྟེ། འདི་ལྟ་སྟེ་ཆོས་མ་ཡིན་པ་ཚར་གཅད་པ་དང་། ཆོས་བསྡུ་བའི་ཕྱིར་འདི་ནི་ཆེར་སྟོན་པ་ཞེས་བྱའོ། །དེ་ལ་དགེ་སློང་རྣམས་གང་འདི་སྔ་མའི་ནག་པོར་སྟོན་པ་བཞི་པོ་རྣམས་ནི་དགེ་ སློང་རྣམས་ཀྱིས་ལེགས་པར་ཤིན་ཏུ་ཡང་དག་པའི་རྗེས་སུ་སྦྱོར། ཡང་དག་པའི་རྗེས་སུ་བསྟན་ཏེ། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་པའོ་ཞེས་ཤེས་པར་བྱས་ཏེ། དོར་བར་བྱའོ། །དེ་ལ་གང་འདི་ཕྱི་མའི་ཆེར་ སྟོན་པ་བཞི་པོ་ནི་དགེ་སློང་རྣམས་ཀྱིས་ལེགས་པར་ཤིན་ཏུ་ཡང་དག་པའི་རྗེས་སུ་སྦྱོར། ཡང་དག་པའི་རྗེས་སུ་བསྟན་ཏེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ཤེས་པར་བྱ་སྟེ་བཅང་བར་བྱའོ། །འདྲེས་པ་གང་ཞེ་ན། གང་རྩ་བ་དང་ སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་རྣམས་སུ་སོ་སོར་རྣམ་པར་བཞག་པའི་རྒྱུ་ལས་འདྲེས་པར་གྱུར་པ་ནི་འདྲེས་པ་ཞེས་བྱའོ། །ཤིན་ཏུ་འདྲེས་པ་གང་ཞེ་ན། དེ་ནས་བླངས་ནས་སྔ་དྲོའི་དང་། དེ་ནས་བླངས་ནས་ཕྱི་དྲོའི་དང་། ཞག་བདུན་གྱི་དང་། ནམ་འཚོའི་བར་གྱི་སྟེ། ཕན་ཚུན་དུ་འདྲེས་ཏེ་སྔ་དྲོ་བཟའ་བར་བྱའོ། །སྔ་དྲོ་བར་གཏོགས་པ་ལས་སྔ་དྲོ་འདས་ན་བཟའ་བར་མི་བྱའོ། །དེ་ནས་བླངས་ནས་ཕྱི་དྲོའི་དང་། དེ་ནས་བླངས་ནས་ཞག་བདུན་པའི་དང་། ནམ་འཚོའི་བར་དུ་ཕན་ཚུན་འདྲེས་ན་ཕྱི་དྲོ་བཟའ་སྟེ། ཕྱི་དྲོ་ ལས་འདས་ན་བཟའ་བར་མི་བྱའོ། །དེ་ནས་བླངས་ནས་ཞག་བདུན་པའི་དང་། དེ་ནས་བླངས་ནས་ནམ་འཚོའི་བར་དུ་ཕན་ཚུན་དུ་འདྲེས་ནས་ཞག་བདུན་པར་བཟའ་བར་བྱའོ། །ཞག་བདུན་པ་ལས་ཞག་བདུན་འདས་ན་བཟའ་བར་མི་བྱའོ། །ནམ་འཚོའི་བར་དུ་ནི་ནམ་འཚོའི་བར་དུ་ དེ་བཞིན་དུ་བཟའ་བར་བྱའོ། །འདི་ནི་ཤིན་ཏུ་འདྲེས་པ་ཞེས་བྱའོ། །ཀུན་དགར་རུང་བ་གང་ཞེ་ན། དགེ་སློང་གིས་རུང་བ་ནི་ཀུན་དགའི་ནང་དུ་འདུག་པའམ། ཀུན་དགའི་གནས་ཁང་གི་འདུག་པ་བླངས་སམ། ལེན་དུ་བཅུག་ཀྱང་རུང་སྟེ། འདི་ནི་སུའི་ཡིན་པ་ དེ་ལ་འདི་སྦྱིན་ནོ་ཞེས་དེ་ལྟ་བུས་བླངས་ན་ནི་ཀུན་དགར་རུང་བ་ཞེས་བྱའོ། །ནགས་སུ་རུང་བ་གང་ཞེ་ན། ནགས་ཞེས་བྱ་བ་ནི་ཤིང་གི་ནགས་ཏེ། དེ་ལ་ཇི་སྙེད་ཀྱི་ཡལ་ག་དང་། ལོ་མ་དང་། འདབ་མ་དང་། མེ་ཏོག་རྣམས་ལ་གཅིག་ལ་གཅིག་ཁྱབ་པར་གྱུར་པ་རྒྱང་གྲགས་ གཅིག་གི་མཐའ་ཚུན་ཆད་ལ་དེར་དགེ་སློང་གིས་གང་དུ་དགའ་བར་ཆོས་གོས་རྣམས་བཞག་ལ་དེ་ལ་གང་དུ་དགའ་བར་སྐྱ་རེངས་ཤར་གྱི་བར་དུ་གནས་པར་བྱ་སྟེ། འདི་ནི་ནགས་སུ་རུང་བ་ཞེས་བྱའོ། །འཁོར་གྱི་རུང་བ་གང་ཞེ་ན། དགེ་འདུན་གྱི་གཙུག་ལག་ཁང་ན་སོ་སོའི་ཁང་པའི་ འཁོར་མང་དུ་གྱུར་ཏེ། དེ་དག་ཏུ་ཇི་ལྟར་རྙེད་པ་སོ་སོར་བྱིན་གྱིས་བརླབས་པ་བཞིན་བགོས་ཤིང་སྤྱད་པར་བྱ་བ་ནི་འཁོར་གྱི་རུང་བ་ཞེས་བྱའོ། །ཡུལ་གྱི་རུང་བ་གང་ཞེ་ན། འཛམ་བུའི་གླིང་གི་དུས་སུ་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་དགེ་སློང་ཟན་རུང་སྟེ། ཡུལ་གྱིས་རུང་བ་ནི་འཛམ་བུའི་ གླིང་འདིའི་དུས་ཀྱི་ཚེ་དེ་ན་བྱང་གི་སྒྲ་མི་སྙན་གྱི་གླིང་ནི་ནམ་ཕྱེད་དེ་ཇི་ལྟར་འཛམ་བུའི་གླིང་གི་དུས་ཀྱི་ཚེ་གླིང་བཞི་པོ་ཀུན་དུ་ཡང་སྦྱར་ཞིང་ཡུལ་དེར་ཟར་རུང་བ་ནི་ཡུལ་གྱི་རུང་བ་ཞེས་བྱའོ། །ཕྱོགས་ཀྱི་རུང་བ་གང་ཞེ་ན། སྨོད་པ་ཅན་གྱི་ལྗོངས་སུ་ལེན་པ་དང་བླངས་ནས་ཟ་བ་ནི་དགེ་སློང་གིས་ རུང་བ་སྟེ། རྫུ་འཕྲུལ་ཆེན་པོ་དང་། མཐུ་ཆེན་པོའི་དགེ་སློང་རྣམས་སྨོད་པ་ཅན་གྱི་ལྗོངས་སུ་དེར་བསོད་སྙོམས་ཀྱི་ཕྱིར་དོང་བ་དང་། དེ་དག་ལ་སྨོད་པ་ཅན་གྱི་མི་རྣམས་ཀྱིས་རང་གི་ལག་ནས་བྱིན་ལེན་མི་བྱེད་པར་མདུན་དུ་འདོར་བར་བྱེད་པ་དང་། དགེ་སློང་དེ་རྣམས་ཇི་ལྟར་གྲུབ་པ་མི་ ཤེས་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་ནི་རྣམ་པ་ལྔས་ཤེས་པར་བྱ་སྟེ། བྱིན་ལེན་རྣམ་པ་ལྔ་གང་ཞེ་ན། ལུས་ཀྱིས་ལུས་ལ་བྱ་བ་དང་། ལུས་ཀྱིས་ལུས་ལ་ཟིན་པ་ལ་བྱ་བ་དང་། ལུས་ཀྱིས་ ཟིན་པས་ལུས་ལ་བྱ་བ་དང་། ལུས་ཀྱིས་ཟིན་པས་ལུས་ཀྱིས་ཟིན་པ་ལ་བྱ་བ་དང་། བོར་བ་དང་། བྱིན་ལེན་བྱས་པ་དང་ལྔ་སྟེ། འདི་ནི་ཕྱོགས་ཀྱི་རུང་བ་ཞེས་བྱའོ། །ལྗོངས་ཀྱི་རུང་བ་གང་ཞེ་ན། ཁ་བ་ཅན་གྱི་ལྗོངས་སུ་ལྷམ་ཡུ་བ་ཅན་དང་། ཡུ་མེད་གནང་བར་གསུངས་ཏེ། ལྗོངས་གཞན་དུ་ནི་མི་གནང་ངོ་། །ལྗོངས་ཨུ་སྨ་པ་རན་ཏ་ཀར་ནི་པགས་པ་དང་རྟག་ཏུ་ཁྲུས་གནང་བར་གསུངས་ཏེ། ལྗོངས་གཞན་དུ་ནི་མ་ཡིན་ནོ། །མཐའ་འཁོབ་ཀྱི་ལྗོངས་སུ་ནི་དགེ་འདུན་མང་བ་བཅུར་ལོངས་པ་མེད་ན་འདུལ་བ་འཛིན་པ་དང་ལྔས་བསྙེན་པར་རྫོགས་པར་གནང་ བར་གསུངས་ཏེ། ལྗོངས་གཞན་དུ་ནི་མ་ཡིན་ནོ། །འདི་ནི་ལྗོངས་ཀྱི་རུང་བ་ཞེས་བྱའོ། །གོས་ཀྱི་རུང་བ་གང་ཞེ་ན། གོས་རྣམ་པ་བཅུ་མཚོན་གྱིས་བཅད་ཅིང་ཁ་དོག་ངན་པར་བྱས་ཏེ་བཅང་བ་ནི་དགེ་སློང་གིས་རུང་བ་སྟེ། འདི་ལྟ་སྟེ་བལ་དང་། ལྡུམ་བུ་ཤ་ན་ཀ་དང་། ཟར་ མ་དང་། རྩྭ་དུ་ཀུ་ལ་དང་། རས་བལ་དང་། སྲིན་བལ་དང་། གོས་འཇམ་པོ་དང་། ཁ་ཆེ་དར་དང་། རྩྭ་ཀོ་ཏམ་བྷ་ཀ་དང་། ཀེ་ཡུ་ར་ཀ་དང་དེ་བཅུའོ། །གཞན་ཡང་དགེ་སློང་གི་གོས་སུ་རུང་བ་རྣམ་པ་བདུན་རུང་བར་བྱ་མི་དགོས་པར་བཅང་དུ་རུང་བ་ནི་འདི་ལྟ་སྟེ། སྦྱར་མ་དང་། བླ་གོས་དང་། མཐང་གོས་དང་། སྟེང་གཡོགས་དང་། དབྱར་གྱི་རས་ཆེན་དང་། གཡན་པའི་གཡོགས་མ་དང་། ཡོ་བྱད་ཀྱི་གོས་དང་། འདི་བདུན་ཏེ་འདི་ནི་གོས་ཀྱི་རུང་བ་ཞེས་བྱའོ། །ཁུ་བ་སྐྱུར་པོ་རུང་བ་གང་ཞེ་ན། དགེ་སློང་ན་བར་གྱུར་ནས་སྨན་པ་ལ་དྲིས་པ་དང་། སྨན་པས་ཁུ་བ་ སྐྱུར་པོ་བཏུང་བར་བྱའོ་ཞེས་སྨྲས་པ་དང་། དགེ་སློང་དེ་དག་གིས་ཇི་ལྟར་བསྒྲུབ་པ་མ་ཤེས་ནས། ད་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ལ་རྗེས་སུ་གནང་བ་ནི་དྲོད་ཆུང་ཞིང་ཡི་ག་འཆུས་ པར་གྱུར་པ་ལ་ཁུ་བ་སྐྱུར་པོ་བྱོས་ཏེ་འཐུང་ཤིག །ཁུ་བ་སྐྱུར་པོ་ཇི་ལྟར་བྱ་ཞེ་ན། འབྲས་ཅན་བཙོས་པའི་ཁུ་བ་དང་། འབྲས་བཀྲུས་པའི་ཁུ་བ་དང་། ཞབས་ཀྱི་ཚིགས་པ་ལྷན་ཅིག་ཏུ་ཆུ་དྲོན་པོའི་ནང་དུ་བསྲེས་ལ་ཇི་ལྟར་རྩབས་བཞིན་དུ་སྐྱུར་བ་ན་བཏུང་བར་བྱ་སྟེ། དེ་ནི་དགེ་སློང་རྣམས་ ཀྱིས་དུས་མ་ཡིན་པའི་ཡང་དགོས་པར་འགྱུར་བ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཡང་རྗེས་སུ་གནང་གིས་སླ་ཞིང་གསལ་བ་དང་རྙོག་པ་མེད་པ་ལས་རས་ལ་བཙགས་ཏེ་ཆུས་བསླད་ལ་ཉིན་པར་དང་མཚན་མོའི་ཐུན་དང་པོའི་བར་དུ་བཏུང་ བར་བྱ་སྟེ། འདི་ནི་ཁུ་བ་སྐྱུར་པོའི་རུང་བའོ། །འདུལ་བ་གཞུང་དམ་པ་ལས་མ་ལྟ་བུའི་བསྙེན་པར་རྫོགས་པའི་ཕུང་པོ་དང་པོ་རྫོགས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་རྩ་དགུ་པ། རབ་ཏུ་ལྡན་པའི་ཕུང་པོ་གང་ཞེ་ན། སྐབས་འབྱེད་ པའི་རབ་ཏུ་ལྡན་པ་དང་། སྐབས་ཕྱེ་བ་འབུལ་བའི་རབ་ཏུ་ལྡན་པ་དང་། སྐབས་ཕྱེ་བ་ལེན་པའི་རབ་ཏུ་ལྡན་པ་དང་། སྐབས་ཕྱེ་བར་སྒྲོགས་པའི་རབ་ཏུ་ལྡན་པ་དང་། གསོ་སྦྱིན་གྱི་རབ་ཏུ་ལྡན་པ་དང་། གསོ་སྦྱིན་འབུལ་བའི་རབ་ཏུ་ལྡན་པ་དང་། གསོ་སྦྱིན་ལེན་ པའི་རབ་ཏུ་ལྡན་པ་དང་། གསོ་སྦྱིན་སྒྲོགས་པའི་རབ་ཏུ་ལྡན་པ་དང་། དད་པའི་རབ་ཏུ་ལྡན་པ་དང་། དད་པ་ཕུལ་བའི་རབ་ཏུ་ལྡན་པ་དང་། དད་པ་ལེན་པའི་རབ་ཏུ་ལྡན་པ་དང་། དད་པ་སྒྲོགས་པའི་རབ་ཏུ་ལྡན་པ་དང་། ཡོངས་སུ་དག་པའི་རབ་ཏུ་ལྡན་པ་དང་། ཡོངས་ སུ་དག་པ་འབུལ་བའི་རབ་ཏུ་ལྡན་པ་དང་། ཡོངས་སུ་དག་པ་ལེན་པའི་རབ་ཏུ་ལྡན་པ་དང་། ཡོངས་སུ་དག་པ་སྒྲོགས་པའི་རབ་ཏུ་ལྡན་པ་དང་། དད་པ་དང་ཡོངས་སུ་དག་པའི་རབ་ཏུ་ལྡན་པ་དང་། དད་པ་དང་ཡོངས་སུ་དག་པ་འབུལ་བའི་རབ་ཏུ་ལྡན་པ་དང་། དད་པ་ དང་ཡོངས་སུ་དག་པ་ལེན་པའི་རབ་ཏུ་ལྡན་པ་དང་། དད་པ་དང་ཡོངས་སུ་དག་པ་སྒྲོགས་པའི་རབ་ཏུ་ལྡན་པ་དང་། མཆོད་རྟེན་གྱི་རབ་ཏུ་ལྡན་པ་དང་། མཆོད་རྟེན་གྱི་དངོས་པོའི་རབ་ཏུ་ལྡན་པ་དང་། མཆོད་རྟེན་གྱི་ཁྱམས་ཀྱི་ཕྲེང་གི་རབ་ཏུ་ལྡན་པ་དང་། མཆོད་རྟེན་གྱི་མི་ ཟད་པའི་རབ་ཏུ་ལྡན་པ་དང་། མཆོད་རྟེན་སླར་བཅོས་པའི་རབ་ཏུ་ལྡན་པ་དང་། མཆོད་རྟེན་གྱི་རྒྱན་གྱི་རབ་ཏུ་ལྡན་པ་དང་། མཆོད་རྟེན་ལ་མཆོད་པའི་རབ་ཏུ་ལྡན་པ་དང་། ཟས་ཀྱི་རབ་ཏུ་ལྡན་པ་དང་། ཟས་དང་བཅས་པའི་རབ་ཏུ་ལྡན་པ་དང་། ཐུག་པའི་རབ་ཏུ་ལྡན་ པ་དང་། བཅའ་བའི་རབ་ཏུ་ལྡན་པ་དང་། མྱང་བའི་རབ་ཏུ་ལྡན་པ་དང་། བཟའ་བའི་རབ་ཏུ་ལྡན་པ་དང་། ལྷུང་བཟེད་ཀྱི་རབ་ཏུ་ལྡན་པ་དང་། གོས་ཀྱི་རབ་ཏུ་ལྡན་པ་དང་། གདིང་བའི་རབ་ཏུ་ལྡན་པ་དང་། ཁབ་ཀྱི་རབ་ཏུ་ལྡན་པ་དང་། ཁབ་རལ་གྱི་རབ་ཏུ་ལྡན་ པ་དང་། གནས་འཆའ་བའི་རབ་ཏུ་ལྡན་པ་དང་། གནས་འཆའ་བ་བླངས་པའི་རབ་ཏུ་ལྡན་པ་དང་། གནས་འཆའ་བ་སྦྱིན་པའི་རབ་ཏུ་ལྡན་པ་དང་། གནས་འཆའ་བ་སོ་སོར་བཏང་བའི་རབ་ཏུ་ལྡན་པ་དང་། མཁན་པོའི་རབ་ཏུ་ལྡན་པ་དང་། ལྷན་ཅིག་སྤྱོད་པའི་ རབ་ཏུ་ལྡན་པ་དང་། སློབ་དཔོན་གྱི་རབ་ཏུ་ལྡན་པ་དང་། ཉེ་གནས་ཀྱི་རབ་ཏུ་ལྡན་པ་དང་། མཁན་པོ་དང་སློབ་དཔོན་དང་ལྷན་ཅིག་སྤྱོད་པ་དང་ཉེ་གནས་ཀྱི་རབ་ཏུ་ལྡན་པ་དང་། དགེ་སློང་གི་རབ་ཏུ་ལྡན་པ་དང་། དགེ་ཚུལ་གྱི་རབ་ཏུ་ལྡན་པ་དང་། དངོས་པོའི་རབ་ཏུ་ ལྡན་པ་དང་། གཙུག་ལག་ཁང་གི་རབ་ཏུ་ལྡན་པ་དང་། མལ་སྟན་གྱི་རབ་ཏུ་ལྡན་པ་དང་། ལས་གསར་གྱི་རབ་ཏུ་ལྡན་པ་དང་། ལས་གསར་དུ་བྱེད་པ་དང་རབ་ཏུ་ལྡན་པ་དང་། ཕྱག་འཚལ་བའི་རབ་ཏུ་ལྡན་པ་དང་། ཁུ་བ་སྐྱུར་པོའི་རབ་ཏུ་ལྡན་པ་དང་། ཕྱེ་མའི་རབ་ཏུ་ལྡན་ པ་དང་། སྨན་གྱི་རབ་ཏུ་ལྡན་པ་དང་། བཏུང་བའི་རབ་ཏུ་ལྡན་པ་དང་། པགས་པའི་རབ་ཏུ་ལྡན་པ་དང་། ལྷམ་གྱི་རབ་ཏུ་ལྡན་པ་དང་། ཤིང་ལྷམ་གྱི་རབ་ཏུ་ལྡན་པ་དང་། དྲུད་པའི་རབ་ཏུ་ལྡན་པ་དང་། ཁར་བའི་རབ་ཏུ་ལྡན་པ་དང་། དྲ་བའི་རབ་ཏུ་ལྡན་པ་དང་། ཁབ་དང་དྲ་བའི་རབ་ ཏུ་ལྡན་པ་དང་། སྒོག་སྐྱའི་རབ་ཏུ་ལྡན་པ་དང་། སྤུ་གྲིའི་རབ་ཏུ་ལྡན་པ་དང་། སྤུ་གྲིའི་ཤུབས་རབ་ཏུ་ལྡན་པ་དང་། ལྡེ་མིག་ཀྱོག་པའི་རབ་ཏུ་ལྡན་པ་དང་། སྒོ་ལྕགས་ཀྱི་རབ་ཏུ་ལྡན་པ་དང་། བཞོན་པའི་རབ་ཏུ་ལྡན་པ་དང་། གདུགས་ཀྱི་རབ་ཏུ་ལྡན་པ་དང་། བསིལ་ཡབ་ཀྱི་རབ་ཏུ་ ལྡན་པ་དང་། རྔ་མའི་སྦྲང་ཡབ་ཀྱི་རབ་ཏུ་ལྡན་པ་དང་། སྦྲང་ཡབ་ཀྱི་ཡུ་བའི་རབ་ཏུ་ལྡན་པ་དང་། མེ་ལོང་གི་རབ་ཏུ་ལྡན་པ་དང་། ཕྲེང་བ་དང་དྲི་དང་བྱུག་པའི་རབ་ཏུ་ལྡན་པ་དང་། གར་དང་གླུ་དང་རོལ་མོ་བརྡུང་བའི་རབ་ཏུ་ལྡན་པ་དང་། ཚུལ་ཤིང་གི་རབ་ཏུ་ལྡན་པ་དང་། མིག་སྨན་གྱི་རབ་ ཏུ་ལྡན་པ་དང་། མིག་སྨན་གྱི་ཐུར་མའི་རབ་ཏུ་ལྡན་པ་དང་། མིག་སྨན་གྱི་སྣོད་ཀྱི་རབ་ཏུ་ལྡན་པ་དང་། གཏུན་དང་རབ་ཏུ་ལྡན་པ་དང་། ཉལ་བ་དང་རབ་ཏུ་ལྡན་པ་དང་། འདུག་པའི་རབ་ཏུ་ལྡན་པ་དང་། པུས་འཁྱུད་ཀྱི་རབ་ཏུ་ལྡན་པ་དང་། བརྡུང་བའི་ཤིང་གི་རབ་ཏུ་ ལྡན་པ་དང་། སྐ་རགས་ཀྱི་རབ་ཏུ་ལྡན་པ་དང་། འུ་རྡོའི་རབ་ཏུ་ལྡན་པ་དང་། གོས་དཀྲིས་ཤིང་མདུད་པ་བོར་བའི་རབ་ཏུ་ལྡན་པ་དང་། སའི་རབ་ཏུ་ལྡན་པ་དང་། སྐྱེད་ཤིང་གི་རབ་ཏུ་ལྡན་པ་དང་། དངོས་པོའི་རབ་ཏུ་ལྡན་པ་དང་། ཚལ་གྱི་རབ་ཏུ་ལྡན་པ་དང་། རྩོད་པའི་རབ་ཏུ་ལྡན་ པ་དང་། དབྱེན་གྱི་རབ་ཏུ་ལྡན་པ་དང་། འདུས་པའི་རབ་ཏུ་ལྡན་པ་དང་། བཏུད་པའི་རབ་ཏུ་ལྡན་པའོ། །མ་ལྟ་བུ་ལས་དངོས་པོ་གཉིས་ཀྱི་ལེའུ་སྟེ་རྫོགས་སོ།། །།སྐབས་འབྱེད་པའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མཐོང་བ་དང་། ཐོས་ པ་དང་། དོགས་པའི་གནས་གསུམ་གྱིས་སྐབས་ཕྱེ་ཤིག་པར་རྗེས་སུ་གནང་སྟེ། དབྱར་གནས་པའི་དགེ་སློང་རྣམས་གཅིག་ཏུ་འདུས་ནས་མཐོང་བ་དང་། ཐོས་པ་དང་། དོགས་པའི་ཕྱིར་དགེ་འདུན་ལ་སྐབས་དབྱེ་བར་བྱའོ། །ཅིའི་ཕྱིར་ན་སྐབས་དབྱེ་བར་རྗེས་སུ་གནང་། དགེ་སློང་ལ་ ངན་གྲོགས་སུ་འགྱུར་བའི་ཕྱིར་ཏེ། གཅིག་ལ་གཅིག་གླེང་བར་བྱེད། དྲན་པར་བྱེད། བརྗོད་པ་དང་རྗེས་སུ་སྟོན་པར་བྱེད་ཅིང་དེ་དག་ལ་མཐུས་ཆད་པ་དང་། བསྔགས་པ་དང་། འཇིགས་པས་བསྡིགས་ན་གཙང་བ་དང་། ཉེས་པ་མེད་པ་ཁ་ན་མ་ཐོ་བ་མེད་པར་དེས་དེ་མ་ཐག་ཏུ་བྱས་པར་འགྱུར་ ཏེ། འདི་ལྟར་བདག་ནི་དག་པའོ། །བདག་ནི་ཉེས་པ་མེད་པའོ་ཞེས་ཟེར་བ་འདི་ནི་སྐབས་འབྱེད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྐབས་ཕྱེ་བ་འབུལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་ནད་པ་སྐབས་འབྱེད་པའི་གནས་སུ་འགྲོ་མི་ནུས་པ་ནི་སྐབས་ཕྱེ་བ་དབུལ་བར་བྱའོ། །གལ་ ཏེ་ནད་པ་མ་ཡིན་པ་ལས་མ་སོང་ན་ཉེས་བྱས་སུ་འགྱུར་རོ། །གལ་ཏེ་དེ་ལ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པ་ཡོད་ན་དེས་ཀྱང་སྐབས་ཕྱེ་བ་དབུལ་ བར་བྱའོ། །གཞན་གྱིས་བཟུང་སྟེ་དབང་མེད་པར་གྱུར་པས་ཀྱང་སྐབས་ཕྱེ་བ་དབུལ་བར་བྱའོ། །དབུལ་བ་ནི་འདི་ལྟར་བྱ་སྟེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། ལྷམ་ཕུད་ལ་དགེ་སློང་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་རབ་ཏུ་སྦྱར་ལ་འདི་སྐད་ཅེས་སྨྲ་ བར་བྱའོ། །ཚེ་དང་ལྡན་པ་དགོངས་ཤིག་དེང་ནི་དགེ་འདུན་གྱི་བཅྭ་ལྔའི་སྐབས་འབྱེད་པ་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཡང་དེང་བཅྭ་ལྔའི་སྐབས་དབྱེ་བ་དེ་ལ་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཡང་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་དུ་ བཙུན་པའི་དགེ་འདུན་ལ་སྐབས་འབྱེད་ཀྱིས། ཚེ་དང་ལྡན་པ་བདག་ལ་བརྩེ་བར་གྱིས་ཤིག །བརྩེ་བ་ཅན་བརྩེ་བའི་ཕྱིར་ཉེས་པ་ཤེས་པ་དང་མཐོང་བ་རྣམས་ཚེ་དང་ལྡན་པས་བདག་ལ་སྨྲོས་ཤིག །ཚེ་དང་ལྡན་པ་བདག་ལ་རྗེས་སུ་སྟོན་ཅིག་དང་ཆོས་བཞིན་དུ་སླར་བགྱིའོ་ཞེས་དེ་ལྟར་ལན་ གཉིས་ལན་གསུམ་དུ་སྨྲ་བར་བྱའོ། །དེས་ཀྱང་རིགས་སོ་ཞེས་སྨྲོས་ཤིག །གཉིས་པས་ནི་ལེགས་སོ་ཞེས་བྱའོ། །དེ་སྟེ་དེ་ལྟར་ནུས་ན་ནི་ལེགས་མི་ནུས་ན་འདུག་སྟེ་དབུལ་བར་བྱའོ། །འདུག་ཀྱང་མི་ནུས་ན་ཉལ་ཏེ་དབུལ་བར་བྱའོ། །ཉལ་ཏེ་ཡང་མི་ནུས་ན་ཆུང་ངུའང་འདི་སྐད་དུ་སྐབས་ཕྱེ་བ་འབུལ་ ལོ་ཞེས་སྨྲས་ན་ཡང་སྐབས་ཕྱེ་བ་ཕུལ་བ་ཡིན་ནོ། །བདག་གི་ཕྱིར་སྐབས་ཕྱེ་བར་རྗོད་ཅིག་ཅེས་སྨྲས་ན་ཡང་སྐབས་ཕྱེ་བ་ཕུལ་བ་ཡིན་ནོ། །གང་གིས་ཀྱང་སྐབས་ཕྱེ་བ་འབུལ་མི་ནུས་ན་ལུས་ཀྱི་དམིགས་པས་ཕུལ་ན་ཡང་སྐབས་ཕྱེ་བ་ཕུལ་བ་ཞེས་བྱའོ། །ལུས་ཀྱིས་ཀྱང་མི་ནུས་ན་ཚིག་གི་བརྡ་ཙམ་གྱིས་ ཕུལ་ན་ཡང་སྐབས་ཕྱེ་བ་ཞེས་བྱའོ། །ལུས་ཀྱི་དམིགས་པས་ཀྱང་མི་ནུས། ཚིག་གིས་ཀྱང་མི་ནུས་ན་དགེ་འདུན་ཐམས་ཅད་དེར་དེང་ཤིག །ཡང་དགེ་སློང་དེ་ཚུར་ཁུག་ཤིག །དགེ་འདུན་ཐམས་ཅད་དེར་མ་འདོང་ལ་དགེ་སློང་དེ་ཡང་དེར་མ་བཀུག་ན་དགེ་འདུན་གྱིས་ལས་མ་འདུས་པར་བྱས་པས་ འདས་པ་དང་བཅས་པར་འགྱུར་རོ། །སྐབས་ཕྱེ་བ་ལེན་པའི་དགེ་སློང་གིས་སྐབས་ཕྱེ་བ་བླངས་པ་ལས་དེས་དུས་བྱས་ཏེ་ཤི་ན། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་སྐབས་ཕྱེ་བ་དབུལ་བར་བྱའོ། །དེ་ཡང་བདག་ཉིད་ཁྱིམ་པ་ཡིན་པར་ཁས་བླངས་ན་ཡང་སྐབས་ཕྱེ་བ་མ་ཕུལ་བ་ ཞེས་བྱ་སྟེ། གཞན་ལ་སྐབས་ཕྱེ་བ་དབུལ་བར་བྱའོ། །དེ་ཡང་དགེ་སྦྱོང་ངམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། ཕ་བསད་པའམ། མ་བསད་པའམ། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་ལ་དབྱེན་བྱས་པའམ། དེ་བཞིན་གཤེགས་པའི་ སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་དུ་སོང་བའམ། རྐུན་གནས་ཅན་ནམ། སྔོན་དུ་ཉམས་པའམ། སྔར་ཉེས་པ་བྱུང་བའམ། འགྲོ་བ་གཞན་དུ་གནས་པ་རྣམས་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ན་ཡང་སྐབས་ཕྱེ་བ་མ་ཕུལ་བ་ཡིན་ ཏེ། གཞན་ལ་སྐབས་ཕྱེ་བ་དབུལ་བར་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ན་ཡང་སྐབས་བྱེ་བ་མ་ཕྱེ་བ་ཞེས་བྱའོ། །དགེ་འདུན་གྱི་དབྱེན་བྱས་པ་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་བྱིན་པ་རྣམས་ཡིན་ པར་བདག་ཉིད་ཀྱིས་ཁས་བླངས་ན་ཡང་སྐབས་ཕྱེ་བ་མ་ཕུལ་བ་ཞེས་བྱ་སྟེ། འདི་ནི་སྐབས་ཕྱེ་བ་འབུལ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྐབས་ཕྱེ་བ་ལེན་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་དགེ་འདུན་གྱི་དྲུང་ནས་སྐབས་ཕྱེ་བ་ལེན་པ་ན་དེས་འདི་ལྟར་བླང་བར་བྱའོ། ། གཅིག་གིས་གཅིག་གིའམ། གཅིག་གིས་གཉིས་ཀྱིའམ། གཅིག་གིས་མང་པོའི་ཡང་རུང་སྟེ། ཇི་སྙེད་ཀྱི་མིང་སྨོས་ནུས་པ་དེ་སྙེད་ཀྱི་བླང་བར་བྱའོ། །སྐབས་ཕྱེ་བ་ལེན་པའི་དགེ་སློང་གིས་སྐབས་ཕྱེ་བ་བླངས་ནས་བརྒྱུག་པར་མི་བྱའོ། །མཆོང་བར་མི་བྱ། འཕར་བར་མི་བྱ། སའི་འོག་ནས་འགྲོ་བར་མི་བྱ། ནམ་མཁའ་ལས་འགྲོ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་སྐབས་ཕྱེ་བ་བླང་བར་མི་བྱ། མཚམས་ཀྱི་ནང་ནས་ཤེས་བཞིན་པས་སྐབས་ཕྱེ་བ་བླང་བར་བྱའོ། །དེ་སྟེ་མཚམས་ཀྱི་ཕྱི་རོལ་ནས་ལེན་ན་ཉེས་བྱས་སུ་འགྱུར་རོ། །དེ་སྟེ་མཚམས་ ཀྱི་ནང་ནས་བླང་བ་ལས་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན་དེས་མཚམས་ཀྱི་ཕྱི་རོལ་ནས་འོངས་ཀྱང་ཉེས་པ་མེད་དེ། འདི་ནི་སྐབས་ཕྱེ་བ་ལེན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྐབས་ཕྱེ་བ་བརྗོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། སྐབས་ཕྱེ་བ་བརྗོད་པའི་དགེ་སློང་དགེ་འདུན་གྱི་ནང་དུ་མ་འོངས་པ་ལས་དུས་འདས་ན་སྐབས་ཕྱེ་བ་མ་བརྗོད་པ་ཞེས་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་ བླངས་ན་ཡང་སྐབས་ཕྱེ་བ་མ་བརྗོད་པ་ཞེས་བྱའོ། །དགེ་སྦྱོང་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། སྔོན་ཉམས་པའམ། སྔར་ཉེས་པ་བྱུང་བའམ། འགྲོ་བ་གཞན་དུ་གནས་པ་རྣམས་སུ་བདག་ཉིད་ཀྱིས་ཁས་བླངས་ན་ཡང་སྐབས་ཕྱེ་བ་མ་བརྗོད་པ་ཞེས་བྱའོ། ། དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ན་ཡང་སྐབས་ཕྱེ་བ་མ་བརྗོད་པ་ཞེས་བྱའོ། །དགེ་འདུན་ལ་དབྱེན་བྱས་པ་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ན་ཡང་སྐབས་ཕྱེ་བ་མ་ བརྗོད་པ་ཞེས་བྱའོ། །སྐབས་ཕྱེ་བར་བརྗོད་པའི་དགེ་སློང་གི་སྐབས་ཕྱེ་བ་བླངས་ནས་ཉལ་བར་མི་བྱ། སྙོམས་པར་འཇུག་པར་མི་བྱ་སྟེ། ཤེས་བཞིན་དུ་སྐབས་ཕྱེ་བར་བརྗོད་པར་བྱའོ། །དེ་ཡང་འདི་ལྟར་བརྗོད་དེ། གསོལ་བ་བྱས་པའི་འོག་ཏུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་ པ་གཅིག་ཏུ་བྱས་ལ་སྐབས་འབྱེད་པའི་དགེ་སློང་གི་དྲུང་དུ་ཙོག་ཙོག་པོར་འདུག་ལ་ཐལ་མོ་རབ་ཏུ་སྦྱར་ཏེ་འདི་སྐད་སྨྲོས་ཤིག །དགོངས་ཤིག་ཚེ་དང་ལྡན་པ་དེང་དགེ་འདུན་གྱི་བཅོ་ལྔའི་སྐབས་འབྱེད་པ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དེང་བཅོ་ལྔའི་སྐབས་འབྱེད་པ་ལགས་ ན་དགེ་སློང་མིང་འདི་ཞེས་བགྱི་བ་དེ་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་དུ་བཙུན་པ་དགེ་འདུན་ལ་སྐབས་འབྱེད་ཀྱིས། ཚེ་དང་ལྡན་པ་བདག་ལ་བརྩེ་བར་གྱིས་ཤིག །བརྩེ་བ་ཅན་བརྩེ་བའི་ཕྱིར་བདག་གི་ཉེས་པ་ཤེས་དང་། མཐོང་བ་རྣམས་ཚེ་དང་ལྡན་པས་བདག་ལ་སྨྲོས་ ཤིག །ཚེ་དང་ལྡན་པས་བདག་ལ་རྗེས་སུ་སྟོན་ཅིག་དང་། ཆོས་བཞིན་དུ་སླར་བགྱིའོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲ་བར་བྱ་སྟེ། དེས་ཀྱང་རིགས་སོ་ཞེས་སྨྲོས་ཤིག །གཉིས་པས་ནི་ལེགས་སོ་ཞེས་བྱའོ། །རྣམ་པ་བཞིས་ནི་སྐབས་ཕྱེ་བ་མ་བརྗོད་པ་ཞེས་བྱ་སྟེ། བཞི་གང་ཞེ་ན། ངོ་ཚ་མེད་པ་དང་། བག་མེད་པ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པའོ། །དེ་ལས་གང་ངོ་ཚ་མེད་པ་དང་། བག་མེད་པ་དང་། རྣམ་པ་གཉིས་ལ་ནི་ཉེས་པ་དང་བཅས་པར་འགྱུར་རོ། །དེ་ལ་གང་གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པ་ དང་རྣམ་པ་གཉིས་ལ་ནི་ཉེས་པ་མེད་པར་འགྱུར་ཏེ། འདི་ནི་སྐབས་དབྱེ་བ་བརྗོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །གསོ་སྦྱིན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གསོ་སྦྱིན་རྗེས་སུ་གནང་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་གཅིག་ཏུ་འདུས་ནས་ རང་གི་རྒྱུད་ལ་སོ་སོར་བལྟ་བར་བྱ་སྟེ། མཚན་མོའི་རྒྱུད་དང་ཉིན་པར་གྱི་རྒྱུད་དང་ཟླ་བ་གཅིག་གི་རྒྱུད་ལ་བདག་གིས་དེའི་བར་སྐབས་སུ་ལྟུང་བ་འགའ་ཞིག་བྱུང་ངམ་མ་བྱུང་། དེ་སྟེ་བྱུང་བར་གྱུར་ན་ཡིད་བརྟན་པའི་དགེ་སློང་ཞིག་རྙེད་ན་མཐོལ་བར་བྱའོ། །མ་རྙེད་ན་སེམས་ཀྱིས་བསྔོ་ བར་བྱའོ་སྙམ་པ་འདི་ནི་གསོ་སྦྱིན་གྱི་རབ་ཏུ་ལྡན་པ་ཞེས་བྱ་སྟེ། ཅིའི་ཕྱིར་གསོ་སྦྱིན་ཞེས་བྱ་ཞེ་ན། སྡིག་པ་མི་དགེ་བའི་ཆོས་དང་། ཉོན་མོངས་པ་དང་། རྣམ་པར་མ་བྱུང་བ་དང་། རང་བཞིན་གྱིས་མ་དག་པའི་རྣམས་ངེས་པར་སྤོང་བར་འགྱུར་ཞིང་དག་པའི་རང་བཞིན་ཉེ་བར་ཐོབ་ པར་འགྱུར་ཏེ། དེ་ལྟ་བུའི་ཕྱིར་གསོ་སྦྱིན་ཞེས་བྱའོ། །འདི་ནི་གསོ་སྦྱིན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །གསོ་སྦྱིན་དབུལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་ནད་པ་གསོ་སྦྱིན་གྱི་གནས་སུ་འགྲོ་མི་ནུས་པ་ནི་གསོ་སྦྱིན་དབུལ་བ་ཞེས་བྱའོ། །ནད་པ་མ་ཡིན་པར་མ་སོང་ན་ ཉེས་བྱས་སུ་འགྱུར་རོ། །གལ་ཏེ་དེའི་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན་དེས་ཀྱང་གསོ་སྦྱིན་དབུལ་བར་བྱའོ། །དབང་ མེད་པ་ཞིག་ཏུ་ཟིན་པར་གྱུར་ཀྱང་གསོ་སྦྱིན་དབུལ་བར་བྱའོ། །དེ་ཡང་འདི་ལྟར་དབུལ་ཏེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་ནས་ཐལ་མོ་རབ་ཏུ་སྦྱར་ཏེ་ཚིག་འདི་སྐད་ཅེས་བརྗོད་དོ། །དགོངས་ཤིག་ཚེ་དང་ལྡན་པ་དེང་དགེ་འདུན་གྱི་ བཅོ་ལྔའི་གསོ་སྦྱིན་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་བཅོ་ལྔའི་གསོ་སྦྱིན་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་གསོ་སྦྱིན་ལ་དད་པ་དང་ཡོངས་སུ་དག་པ་དབུལ་ལོ། །དེ་བཞིན་ལན་གཉིས་ལན་གསུམ་དུ་བརྗོད་ཅིག །དེས་ཀྱང་རིགས་སོ་ཞེས་སྨྲོས་ཤིག །གཉིས་པས་ ནི་ལེགས་སོ་ཞེས་བྱའོ། །དེ་ལྟར་སྦྱིན་ནུས་ན་ནི་ལེགས། མི་ནུས་ན་འདུག་ལ་གསོ་སྦྱིན་ཕུལ་ཅིག །དེ་ཡང་ཕུལ་བ་ཞེས་བྱའོ། །འདུག་སྟེ་ཡང་མི་ནུས་ན་ཉལ་བས་ཀྱང་ཕུལ་བ་ཞེས་བྱའོ། །དེར་ཡང་མི་ནུས་ན་ཆུང་ངུ་ན་གསོ་སྦྱིན་འབུལ་ལོ་ཞེས་སྨྲས་ན་ཡང་ཕུལ་བ་ཡིན་ནོ། །བདག་ གི་ཕྱིར་རྗོད་ཅིག་ཅེས་ཟེར་ན་ཡང་གསོ་སྦྱིན་ཕུལ་བ་ཡིན་ནོ། །གང་གིས་མ་ཡིན་གྱི་ལུས་ཀྱིས་དམིགས་ན་ཡང་གསོ་སྦྱིན་ཕུལ་བ་ཡིན་ནོ། །ལུས་ཀྱིས་མ་ཡིན་ངག་གིས་བརྗོད་ན་ཡང་གསོ་སྦྱིན་ཕུལ་བ་ཡིན་ནོ། །ལུས་ཀྱིས་ཀྱང་མ་ཡིན་ངག་གིས་ཀྱང་མ་ཡིན་ན་དགེ་འདུན་ཐམས་ཅད་དེའི་དྲུང་ དུ་དེང་ཤིག །ཡང་ན་དེ་དགེ་འདུན་གྱི་ནང་དུ་ཁུག་ཤིག །དགེ་འདུན་ཡང་དེར་མ་དོང་ངམ་དེའང་དགེ་འདུན་གྱི་ནང་དུ་མ་བཀུག་པར་དགེ་འདུན་གྱིས་མ་འདུས་པར་ལས་བྱས་ན་འདས་པ་དང་བཅས་པར་འགྱུར་ཏེ། འདི་ནི་གསོ་སྦྱིན་དབུལ་བའི་རབ་ཏུ་ལྡན་པ་ཞེས་བྱ་སྟེ། གསོ་སྦྱིན་ལེན་པའི་གང་ཟག་གསོ་སྦྱིན་བླངས་ནས་དེ་ཉིད་དུ་དུས་འདས་ན་གསོ་སྦྱིན་མ་ཕུལ་བ་ཡིན་ཏེ། གཞན་ལ་དབུལ་བར་བྱའོ། །བདག་ཉིད་ཁྱིམ་པར་ཁས་བླངས་ན་གསོ་སྦྱིན་མ་ཕུལ་བ་ཡིན་ཏེ། གཞན་ལ་གསོ་སྦྱིན་དབུལ་བར་བྱའོ། །དགེ་སྦྱོང་ངམ། མ་ནིང་ ངམ། དགེ་སློང་མ་སུན་ཕྱུང་བའམ། ཕ་བསད་པའམ། མ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པའམ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་དུ་ སོང་བའམ། རྐུན་གནས་དང་། སྔོན་ཉམས་པའམ། སྔར་ཉེས་པ་བྱུང་བའམ། འགྲོ་བ་གཞན་དུ་གནས་པར་བདག་ཉིད་ཁས་བླངས་ན་གསོ་སྦྱིན་མ་ཕུལ་བ་ཡིན་ཏེ། གཞན་ལ་གསོ་སྦྱིན་དབུལ་བར་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ན་ཡང་ གསོ་སྦྱིན་མ་ཕུལ་བ་ཡིན་ཏེ། གཞན་ལ་དབུལ་བར་བྱའོ། །མི་གནས་པ་དང་། སོ་སོར་གནས་པ་དང་། བསླབ་པ་བྱིན་པ་བདག་ཉིད་ཀྱིས་ཁས་བླངས་ན་ཡང་གསོ་སྦྱིན་ཕུལ་བ་མ་ཡིན་ཏེ། གསོ་སྦྱིན་གཞན་ལ་ཕུལ་བར་བྱ་སྟེ། འདི་ནི་གསོ་སྦྱིན་དབུལ་བའི་རབ་ཏུ་ ལྡན་པ་ཞེས་བྱའོ། །གསོ་སྦྱིན་ལེན་པའི་རབ་ཏུ་ལྡན་པ་གང་ཞེ་ན། གསོ་སྦྱིན་ལེན་པའི་དགེ་སློང་གིས་གསོ་སྦྱིན་བླངས་ནས་བརྒྱུག་པར་མི་བྱ། མཆོང་བར་མི་བྱ། འཕར་བར་མི་བྱ། སའི་འོག་ནས་འགྲོ་བར་མི་བྱ། ནམ་མཁའ་ལས་འགྲོ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་ དུ་གསོ་སྦྱིན་བླང་བར་མི་བྱ། མཚམས་ཀྱི་ནང་ནས་ཤེས་བཞིན་པས་གསོ་སྦྱིན་བླང་བར་བྱའོ། །དེ་སྟེ་མཚམས་ཀྱི་ཕྱི་རོལ་ནས་ལེན་ན་ཉེས་བྱས་སུ་འགྱུར་རོ། །དེ་སྟེ་དེས་མཚམས་ཀྱི་ནང་ནས་ལེན་པ་ལ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་ གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན་དེས་མཚམས་ཀྱི་ཕྱི་རོལ་ནས་ལེན་ཀྱང་ཉེས་པ་མེད་དེ། འདི་ནི་གསོ་སྦྱིན་ལེན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །གསོ་སྦྱིན་ བརྗོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། གསོ་སྦྱིན་བརྗོད་པའི་དགེ་སློང་དེ་དགེ་འདུན་གྱི་ནང་དུ་མ་འོངས་པ་ལས་དུས་འདས་ཏེ་ཤི་ན་གསོ་སྦྱིན་མ་བརྗོད་པ་ཞེས་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་གསོ་སྦྱིན་མ་བརྗོད་པ་ཞེས་བྱའོ། །དགེ་སྦྱོང་ ངམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། ཞེས་བྱ་བ་ནས་འགྲོ་བ་གཞན་དུ་གནས་པ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། བདག་ཉིད་ཀྱིས་ཁས་བླངས་ནའང་གསོ་སྦྱིན་མ་བརྗོད་པ་ཞེས་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་གསོ་ སྦྱིན་མ་བརྗོད་པ་ཞེས་བྱའོ། །དགེ་འདུན་ལ་དབྱེན་བྱས་པ་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་གསོ་སྦྱིན་མ་བརྗོད་པ་ཞེས་བྱ་སྟེ། འདི་ནི་གསོ་སྦྱིན་བརྗོད་པའི་རབ་ཏུ་ལྡན་པ་ཞེས་ བྱའོ། །དད་པའི་རབ་ཏུ་ལྡན་པ་གང་ཞེ་ན། དད་པ་ཞེས་བྱ་བ་ནི་དགེ་འདུན་གྱི་ཆོས་བཞིན་དུ་བྱ་བ་རྣམས་ལ་ལྟ་བ་དང་། བློ་གྲོས་དང་། འདོད་པ་དང་། བསམ་པས་དད་པ་དབུལ་བ་དང་། དགེ་འདུན་གྱི་ཆོས་བཞིན་དུ་བྱ་བ་རྣམས་ལ་རྗེས་སུ་ཡི་རང་བ་དང་། ཉེ་བར་ ཕྱོགས་པ་དང་། ཁས་བླངས་པ་དང་། ཁས་བླངས་ལེན་པར་བྱེད་པ་འདི་ནི་དད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་དབུལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་ནད་པ་གསོ་སྦྱིན་གྱི་གནས་སུ་འགྲོ་མི་ནུས་པས་ནི་དད་པ་དབུལ་བར་བྱའོ། །དེ་སྟེ་མི་ན་བར་མ་ སོང་ན་ཉེས་བྱས་སུ་འགྱུར་རོ། །གལ་ཏེ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ཀྱི་ནང་ནས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་དུ་གནས་པར་གྱུར་ན་དེས་ཀྱང་དད་པ་དབུལ་བར་བྱའོ། ། དབང་མེད་པས་ཟིན་པར་གྱུར་པ་ཡང་དད་པ་དབུལ་བར་བྱའོ། །དེ་ཡང་འདི་ལྟར་དབུལ་བར་བྱའོ། །སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་རབ་ཏུ་སྦྱོར་ལ་འདི་སྐད་སྨྲོས་ཤིག །དགོངས་ཤིག་ཚེ་དང་ལྡན་པ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཡང་དགེ་འདུན་གྱི་ཆོས་བཞིན་དུ་བྱ་བ་ལ་དད་པ་དབུལ་ལོ། །དགེ་འདུན་གྱི་ཆོས་བཞིན་དུ་བྱ་བ་རྣམས་ལ་རྗེས་སུ་ཡི་རང་ངོ་ཁས་ལེན་ནོ། །ཁས་བླང་བར་བགྱིའོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲ་བར་བྱའོ། །དེས་ཀྱང་རིགས་སོ་ཞེས་ སྨྲོས་ཤིག །གཉིས་པས་ནི་ལེགས་སོ་ཞེས་བྱའོ། །དེ་སྟེ་དེ་ལྟར་དབུལ་ནུས་ན་ནི་ལེགས། མི་ནུས་ན་འདུག་སྟེ་དབུལ་བར་བྱའོ། །འདུག་སྟེ་ཡང་མི་ནུས་ན་ཉལ་ཏེ་དབུལ་བར་བྱའོ། །ཉལ་ཏེ་ཡང་མི་ནུས་ན་ཆུང་ངུ་ན་འདི་སྐད་དུ་དད་པ་དབུལ་ལོ་ཞེས་སྨྲས་ནའང་དད་པ་ཕུལ་བ་ཡིན་ནོ། ། བདག་གི་ཕྱིར་ཡང་དད་པ་བརྗོད་ཅིག་ཅེས་ཟེར་ནའང་དད་པ་ཕུལ་བ་ཡིན་ནོ། །ངག་གིས་མ་ནུས་ཏེ་ལུས་ཀྱི་དམིགས་པས་བྱས་ནའང་དད་པ་ཕུལ་བ་ཡིན་ནོ། །ལུས་ཀྱིས་མ་ནུས་ཏེ་ཚིག་གིས་བརྡ་བྱས་ན་ཡང་དད་པ་ཕུལ་བ་ཡིན་ནོ། །ལུས་དང་ཚིག་གཉི་གས་བརྡ་ བྱས་ན་ཡང་དད་པ་བྱིན་པ་ཡིན་ནོ། །ལུས་ཀྱིས་ཀྱང་མི་ནུས་ཚིག་གིས་ཀྱང་མི་ནུས་ན་དེར་དགེ་འདུན་ཐམས་ཅད་དེང་ཤིག །ཡང་ན་དགེ་འདུན་ཐམས་ཅད་ཀྱིས་དེ་ཁུག་ཤིག །དགེ་འདུན་ཐམས་ཅད་ཀྱང་དེར་མ་དོང་ལ་དགེ་སློང་དེའང་དེར་མ་བཀུག་ན་མ་འདུས་པར་བྱས་ པ་སྟེ། དགེ་འདུན་ལས་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པར་འགྱུར་རོ། །དད་པ་ལེན་པའི་དགེ་སློང་གིས་དད་པ་བླངས་ནས་དེ་ཉིད་དུ་དུས་འདས་ཏེ་ཤི་ན་དད་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་དད་པ་དབུལ་བར་བྱ། ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ ན་ཡང་དད་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་དད་པ་དབུལ་བར་བྱ། དགེ་སྦྱོང་ངམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནས། འགྲོ་བ་གཞན་དུ་གནས་པའི་བར་དུ་སྔ་མ་བཞིན་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་ཕུལ་བ་ཞེས་བྱ་སྟེ་གཞན་ལ་ དད་པ་དབུལ་བར་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་ཕུལ་བ་ཞེས་བྱའོ། །དགེ་འདུན་ཕྱེ་བའམ། མི་གནས་པའམ། སོ་སོར་གནས་པའམ། ཉེ་བར་ཕྱོགས་པའམ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ན་ཡང་དད་པ་མ་ཕུལ་ བ་ཞེས་བྱ་སྟེ། འདི་ནི་དད་པ་དབུལ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་ལེན་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་དགེ་སློང་གི་དྲུང་ནས་དད་པ་ལེན་པ་དེས་འདི་ལྟར་བྱ་སྟེ། གཅིག་གིས་གཅིག་གིའམ། གཅིག་གིས་གཉིས་ཀྱིའམ། གཅིག་གིས་མང་པོའིའམ། ཇི་སྙེད་ཀྱི་ མིང་སྨོས་ནུས་པ་དེ་སྙེད་ཀྱི་བླང་བར་བྱའོ། །དད་པ་ལེན་པའི་དགེ་སློང་གིས་དད་པ་བླངས་ནས་བརྒྱུག་པར་མི་བྱ། མགྱོགས་པར་འགྲོ་བར་མི་བྱ། མཆོང་བར་མི་བྱ། འཕར་བར་མི་བྱ། སའི་འོག་ནས་འགྲོ་བར་མི་བྱ། ནམ་མཁའ་ལས་འགྲོ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་ནས་བླང་བར་མི་བྱ། མཚམས་ཀྱི་ནང་ནས་ཤེས་བཞིན་པས་དད་པ་བླང་བར་བྱའོ། །དེ་སྟེ་མཚམས་ཀྱི་ཕྱི་རོལ་ནས་ལེན་ན་ཉེས་བྱས་སུ་འགྱུར་རོ། །དེ་སྟེ་མཚམས་ཀྱི་ནང་ནས་ལེན་དུ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་ གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་དུ་གནས་པར་གྱུར་ན། དེས་མཚམས་ཀྱི་ཕྱི་ནས་བླངས་ཀྱང་ཉེས་པ་མེད་དེ། འདི་ནི་དད་པ་ལེན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་བརྗོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། དད་པ་བྱིན་པའི་དགེ་སློང་དགེ་འདུན་གྱི་ནང་དུ་མ་ འོངས་པ་ལས་དུས་འདས་ཏེ་ཤི་ན་དད་པ་མ་བརྗོད་པ་ཞེས་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ན་དད་པ་མ་བརྗོད་པ་ཞེས་བྱའོ། །དགེ་སྦྱོང་ངམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནས་འགྲོ་བ་གཞན་དུ་གནས་པའི་བར་དུ་སྔ་མ་བཞིན་དུ་སྟེ། བདག་ ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་བརྗོད་པ་ཞེས་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་བརྗོད་པ་ཞེས་བྱའོ། །དགེ་འདུན་ཕྱེ་བའམ། མི་གནས་པའམ། སོ་སོར་གནས་པའམ། ཉེ་བར་ཕྱོགས་པའམ། བསླབ་པ་བྱིན་པར་བདག་ཉིད་ ཀྱིས་ཁས་བླངས་ནའང་དད་པ་མ་བརྗོད་པ་ཞེས་བྱའོ། །དད་པ་བརྗོད་པའི་དགེ་སློང་གིས་དད་པ་བླངས་ནས་མི་ཉལ་བར་བྱ། སྙོམས་པར་འཇུག་པར་མི་བྱའོ། །ཤེས་བཞིན་པས་དད་པ་བརྗོད་པར་བྱ། དེ་ཡང་འདི་ལྟ་བུར་བརྗོད་པར་བྱའོ། །སྟན་ལས་ལངས་ནས་བླ་གོས་ ཕྲག་པ་གཅིག་ཏུ་བྱས་ནས་དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་རབ་ཏུ་སྦྱར་ལ་འདི་སྐད་དུ་སྨྲ་བར་བྱ་སྟེ། དགོངས་ཤིག་ཚེ་དང་ལྡན་པ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ཆོས་བཞིན་དུ་མཛད་པ་ལ་དད་པ་དབུལ་ལོ། །དགེ་འདུན་གྱི་ ཆོས་བཞིན་མཛད་པ་ལ་རྗེས་སུ་ཡི་རང་ངོ་། །རྗེས་སུ་མངོན་པར་འགྲོའོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲ་བར་བྱའོ། །དེས་ཀྱང་རིགས་སོ་ཞེས་སྨྲོས་ཤིག །གཉིས་པས་ནི་ལེགས་སོ་ཞེས་བྱའོ། །རྣམ་པ་བཞིས་ན་དད་པ་མ་བརྗོད་པ་ཞེས་བྱའོ། །བཞི་གང་ཞེ་ན། ངོ་ཚ་མེད་པ་དང་། བག་མེད་པ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པའོ། །དེ་ལ་གང་ངོ་ཚ་མེད་པ་དང་། བག་མེད་པ་དང་ལྡན་པ་རྣམ་པ་འདི་གཉིས་ནི་ཉེས་པ་དང་བཅས་པར་འགྱུར་རོ། །གང་གཉིད་ཀྱིས་ལོག་པ་དང་། གང་ སྙོམས་པར་ཞུགས་པ་རྣམ་པ་འདི་གཉིས་ནི་ཉེས་པ་མེད་པར་འགྱུར་བ་སྟེ། འདི་ནི་དད་པ་བརྗོད་པའི་རབ་ཏུ་ལྡན་པའོ། །ཡོངས་སུ་དག་པའི་རབ་ཏུ་ལྡན་པ་གང་ཞེ་ན། འདི་ལྟར་བདག་ནི་ཉེས་པ་མེད་པ། འདི་ལྟར་བདག་ནི་དག་པ། འདི་ལྟར་བདག་ནི་ཉེས་པ་མ་བྱུང་མོད་ཀྱིས་ འོན་ཀྱང་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་གིས་སེམས་རྩེ་གཅིག་པས་བདག་གི་སེམས་ལ། བདག་གིས་ཇི་ལྟར་བླངས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་ལས་མ་གོད་དམ། མ་ཉམས་སམ། མ་རལ་ལམ། འདྲེས་པར་མ་བྱས་སམ། ཡོངས་སུ་དག་གམ། བདག་ ལ་ཉེས་པ་མ་བྱུང་ངམ། ཉེས་པ་མེད་པ་ཡིན་ནམ་བརྟག་པར་བྱ་སྟེ། འདི་ནི་ཡོངས་སུ་དག་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཡོངས་སུ་དག་པ་དབུལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་ནད་པ་གསོ་སྦྱིན་གནས་སུ་འགྲོ་མི་ནུས་པས་ནི་ཡོངས་སུ་དག་པ་དབུལ་བར་ བྱའོ། །དེ་སྟེ་མི་ན་བར་མ་སོང་ན་ཉེས་བྱས་སུ་འགྱུར་རོ། །ཇི་སྟེ་དེའི་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་དུ་གནས་པར་གྱུར་ན་དེས་ཀྱང་ ཡོངས་སུ་དག་པ་དབུལ་བར་བྱའོ། །དབང་མེད་པས་ཟིན་པར་གྱུར་པ་ཡང་ཡོངས་སུ་དག་པ་དབུལ་བར་བྱའོ། །དེ་ཡང་འདི་ལྟར་དབུལ་བར་བྱ་སྟེ། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་ལ་ཐལ་མོ་སྦྱར་ཏེ་འདི་སྐད་དུ་སྨྲོས་ ཤིག །དགོངས་ཤིག་ཚེ་དང་ལྡན་པ་དེང་དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱིན་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དེང་བཅོ་ལྔའི་གསོ་སྦྱིན་ཏེ། བདག་གི་བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་ན། ཚེ་དང་ལྡན་པས་ཀྱང་བདག་ལ་ཡོངས་སུ་དག་པ་ཟུང་ཤིག་དང་། དགེ་ སློང་མིང་འདི་ཞེས་བགྱི་བ་ཡང་གསོ་སྦྱིན་གྱི་ཕྱིར་ཡོངས་སུ་དག་པ་དབུལ་གྱིས། གང་གི་ཕྱིར་ཚེ་དང་ལྡན་པས་དད་པ་འབུལ་བའི་ཚེ་ལོང་ལ་ཡོངས་སུ་དག་པར་བརྗོད་ཅིག་བརྗོད་པས་ན་གོ་བར་འགྱུར་རོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲོས་ཤིག །དེས་ཀྱང་རིགས་སོ་ཞེས་སྨྲོས་ ཤིག །གཉིས་པས་ནི་ལེགས་སོ་ཞེས་བྱའོ། །དེ་སྟེ་དེ་ལྟར་དབུལ་ནུས་ན་ནི་ལེགས། མི་ནུས་ན་འདུག་སྟེ་དབུལ་བར་བྱའོ། །འདུག་སྟེའང་མི་ནུས་ན་ཉལ་ཏེ་དབུལ་བར་བྱའོ། །ཉལ་ཏེའང་མི་ནུས་ན་ཆུང་ངུ་ན་འདི་སྐད་ཡོངས་སུ་དག་པ་སྦྱིན་ནོ་ཞེས་སྨྲས་ན་ཡོངས་སུ་དག་པ་ ཕུལ་བ་ཞེས་བྱའོ། །བདག་གིས་ཡོངས་སུ་དག་པ་རྗོད་ཅིག་ཅེས་ཟེར་ན་ཡང་ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །ཚིག་གིས་མི་ནུས་ཏེ་ལུས་ཀྱི་དམིགས་པས་ཕུལ་ན་ཡང་ཡོངས་སུ་དག་པ་དབུལ་བ་ཞེས་བྱའོ། །ལུས་ཀྱིས་མི་ནུས་ཏེ་ཚིག་གིས་བརྡ་བྱས་ན་ཡོངས་སུ་ དག་པ་ཕུལ་བ་ཞེས་བྱའོ། །ལུས་དང་ངག་གཉི་གས་བརྡ་བྱས་ན་ཡང་ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །ལུས་དང་ངག་གིས་བརྡ་བྱེད་མི་ནུས་ན་དགེ་འདུན་ཐམས་ཅད་དེར་དེང་ཤིག །ཡང་ན་དགེ་སློང་དེ་ཚུར་ཁུག་ཤིག །དགེ་འདུན་ཐམས་ཅད་ཀྱང་དེར་མ་དོང་ལ་དགེ་སློང་ ཡང་དེར་མ་བཀུག་ན་ལས་མ་འདུས་པར་བྱས་པ་སྟེ། དགེ་འདུན་རྣམས་ཀྱང་འདས་པ་དང་བཅས་པར་འགྱུར་རོ། །ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་ཡོངས་སུ་དག་པ་བླངས་པ་ལས་དེ་ཉིད་དུ་དུས་འདས་ཏེ་ཤི་ན་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་ཡོངས་སུ་ དག་པ་དབུལ་བར་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་ཡོངས་སུ་དག་པ་དབུལ་བར་བྱའོ། །དགེ་ཚུལ་ཕའམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནས། འགྲོ་བ་གཞན་དུ་གནས་ པའི་བར་སྔ་མ་བཞིན་ཏེ། བདག་ཉིད་ཀྱིས་ཁས་བླངས་ན་ཡང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། ཡོངས་སུ་དག་པ་གཞན་ལས་དབུལ་བར་བྱའོ། །དེ་སྟེ་མ་ནིང་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ན་ཡང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱའོ། །དགེ་འདུན་ཕྱེ་བའམ། མི་གནས་པའམ། སོ་སོར་གནས་པའམ། ཉེ་བར་ཕྱོགས་པའམ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ན་ཡང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། འདི་ནི་ཡོངས་སུ་དག་པ་དབུལ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཡོངས་སུ་དག་པ་ལེན་ པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་དགེ་སློང་གི་དྲུང་ནས་ཡོངས་སུ་དག་པ་ལེན་ན་དེས་འདི་ལྟར་ལེན་པར་བྱ་སྟེ། གཅིག་གིས་གཅིག་གིའམ། གཅིག་གིས་གཉིས་ཀྱིའམ། གཅིག་གིས་མང་པོའི་རྣམས་ཀྱིའམ། ཇི་སྙེད་ཀྱི་མིང་སྨོས་ནུས་ན་དེ་སྙེད་ཀྱི་བླང་བར་བྱའོ། ། ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་ཡོངས་སུ་དག་པ་བླངས་ནས་བརྒྱུག་པར་མི་བྱ། མགྱོགས་སུ་འགྲོ་བར་མི་བྱ། མཆོང་བར་མི་བྱ། འཕར་བར་མི་བྱ། སའི་འོག་ནས་འགྲོ་བར་མི་བྱ། ནམ་མཁའ་ལས་འགྲོ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་ནས་ཡོངས་སུ་ དག་པ་བླང་བར་མི་བྱ། གལ་ཏེ་མཚམས་ཀྱི་ཕྱི་རོལ་ནས་ལེན་ན་ཉེས་བྱས་སུ་འགྱུར་རོ། །དེ་སྟེ་མཚམས་ཀྱི་ནང་ནས་ལེན་དུ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་ འཇིགས་པ་ཞིག་མངོན་དུ་གནས་པར་གྱུར་ན་དེས་མཚམས་ཀྱི་ཕྱི་རོལ་ནས་བླངས་ཀྱང་ཉེས་པ་མེད་དོ། །འདི་ནི་ཡོངས་སུ་དག་པ་ལེན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཡོངས་སུ་དག་པ་བརྗོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་ཡོངས་ སུ་དག་པ་བླངས་ནས། དགེ་འདུན་གྱི་ནང་དུ་མ་འོངས་པ་ལས་དུས་འདས་ཏེ་ཤི་ན་ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། །དགེ་སྦྱོང་དང་། མ་ནིང་དང་། དགེ་སློང་མ་སུན་ བྱུང་བ་ཞེས་བྱ་བ་ནས། འགྲོ་བ་གཞན་དུ་གནས་པའི་བར་དུ་སྔ་མ་བཞིན་ཏེ། བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། །དགེ་འདུན་ཕྱེ་བའམ། མི་གནས་པའམ། སོ་སོར་གནས་པའམ། ཉེ་བར་ཕྱོགས་པའམ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། །ཡོངས་སུ་དག་པ་བརྗོད་པའི་དགེ་སློང་དེས་ཡོངས་སུ་དག་པ་བླངས་ནས་ཉལ་བར་མི་བྱ། སྙོམས་ པར་འཇུག་པར་མི་བྱ་སྟེ། ཤེས་བཞིན་པས་ཡོངས་སུ་དག་པ་བརྗོད་པར་བྱ་སྟེ། དེའང་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱོས་ལ་དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་རབ་ཏུ་སྦྱོར་ལ་ཚིག་འདི་སྐད་སྨྲོས་ཤིག །དགོངས་ཤིག་ཚེ་དང་ལྡན་པ། དེང་དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱིན་ཏེ། དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་བཅོ་ལྔའི་གསོ་སྦྱིན་ཏེ། དགེ་སློང་མིང་འདི་ཞེས་བྱ་བའི་བར་ཆད་ཀྱི་ཆོས་རྣམས་ཀྱང་དག་གོ་ཞེས་བདག་ཉིད་མཆི་སྟེ། དེས་གསོ་སྦྱིན་ལ་ཡོངས་སུ་དག་པའང་དབུལ་ན་བདག་གིས་དེའི་ མིང་ནས་བརྗོད་པར་བྱའོ། །ཚུལ་ཤིང་ཡང་ལོང་ཤིག་ཅེས་དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲོས་ཤིག །དེས་ཀྱང་རིགས་སོ་ཞེས་སྨྲོས་ཤིག །གཉིས་པས་ནི་ལེགས་སོ་ཞེས་བྱའོ། །རྣམ་པ་བཞིས་ནི་ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། །བཞི་གང་ཞེ་ན། ངོ་ཚ་མེད་པ་དང་། བག་མེད་པ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པའོ། །དེ་ལ་གང་ངོ་ཚ་མེད་པ་དང་། གང་བག་མེད་པ་དང་རྣམ་པ་འདི་གཉིས་ནི་ཉེས་པ་དང་བཅས་པར་འགྱུར་རོ། །གང་གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པ་དང་། རྣམ་པ་འདི་གཉིས་ནི་ཉེས་པ་མེད་པར་འགྱུར་བ་སྟེ། འདི་ནི་ཡོངས་སུ་དག་པ་བརྗོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་དང་ཡོངས་སུ་དག་པའི་རབ་ཏུ་ལྡན་པ་གང་ཞེ་ན། གང་དུ་གསོ་སྦྱིན་དང་དགེ་འདུན་གྱི་ལས་བྱེད་པ་ན་དེར་དད་པ་དང་ཡོངས་སུ་དག་པ་བསྲེས་ཏེ་དབུལ་ བར་བྱ་སྟེ། འདི་ནི་དད་པ་དང་ཡོངས་སུ་དག་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་དང་ཡོངས་སུ་དག་པ་དབུལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་ནད་པ་གསོ་སྦྱིན་གྱི་གནས་སུ་འགྲོ་མི་ནུས་པ་ནི་དད་པ་དང་ཡོངས་སུ་དག་པ་དབུལ་བར་བྱའོ། །དེ་སྟེ་མི་ན་བར་མ་སོང་ ན་ཉེས་བྱས་སུ་འགྱུར་རོ། །དེ་སྟེ་དེའི་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན་དེས་ཀྱང་དད་པ་ དང་ཡོངས་སུ་དག་པ་དབུལ་བར་བྱའོ། །དབང་མེད་པས་ཟིན་པར་གྱུར་པ་ཡང་དད་པ་དང་ཡོངས་སུ་དག་པ་དབུལ་བར་བྱའོ། །དེ་ཡང་འདི་ལྟར་དབུལ་བར་བྱ་སྟེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། ལྷམ་ཕུད་ལ་དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་ སྟེ་ཐལ་མོ་རབ་ཏུ་སྦྱོར་ཏེ་ཚིག་འདི་སྐད་དུ་སྨྲོས་ཤིག །དགོངས་ཤིག་ཚེ་དང་ལྡན་པ། དེང་དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱིན་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་བཅོ་ལྔའི་གསོ་སྦྱིན་ན། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གིས་ཚེ་དང་ལྡན་པས་ཀྱང་བདག་ལ་ ཡོངས་སུ་དག་པར་ཟུང་ཤིག །བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ཆོས་བཞིན་བྱ་བ་ལ་དད་པ་དང་། གསོ་སྦྱིན་དང་། ཡོངས་སུ་དག་པའང་དབུལ་གྱིས་བདག་གི་ཕྱིར་ཚེ་དང་ལྡན་པས་ཚུལ་ཤིང་ལོང་ལ་ཡོངས་སུ་དག་པ་རྗོད་ཅིག །བརྗོད་ན་དེ་བཞིན་ཤེས་སོ། ། དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲོས་ཤིག །དེས་ཀྱང་རིགས་སོ་ཞེས་སྨྲོས་ཤིག །གཉིས་པས་ནི་ལེགས་སོ་ཞེས་བྱའོ། །དེ་སྟེ་དེ་ལྟར་དབུལ་ནུས་ན་ནི་ལེགས། མི་ནུས་ན་འདུག་སྟེ་དབུལ་བར་བྱའོ། །འདུག་སྟེ་ཡང་མི་ནུས་ན་ཉལ་ཏེ་དབུལ་བར་བྱའོ། །ཉལ་ཏེའང་མི་ནུས་ན་ཆུང་ངུ་ ན་འདི་སྐད་ཀྱང་དད་པ་དང་ཡོངས་སུ་དག་པ་དབུལ་ལོ་ཞེས་སྨྲས་ན་ཡང་དད་པ་དང་ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །བདག་གི་དད་པ་དང་ཡོངས་སུ་དག་པ་རྗོད་ཅིག་ཅེས་སྨྲས་ནའང་དད་པ་དང་ཡོངས་སུ་དག་པ་བརྗོད་པ་ཞེས་བྱའོ། །ཚིག་གིས་མ་ཡིན་པར་ལུས་ཀྱི་དམིགས་པས་ བྱེད་ནའང་དད་པ་དང་ཡོངས་སུ་དག་པ་བརྗོད་པ་ཞེས་བྱའོ། །ལུས་ཀྱིས་མ་ཡིན་ཏེ་ངག་གིས་དམིགས་ན་ཡང་དད་པ་དང་ཡོངས་སུ་དག་པ་བརྗོད་པ་ཞེས་བྱའོ། །ལུས་དང་ཚིག་གཉི་གས་བརྡ་བྱེད་ནའང་དད་པ་དང་ཡོངས་སུ་དག་པ་བྱིན་པ་ཞེས་བྱའོ། །ལུས་དང་ཚིག་གཉི་གས་བརྡ་བྱེད་མི་ ནུས་ན་དེར་དགེ་འདུན་ཐམས་ཅད་དེང་ཤིག །ཡང་ན་དགེ་སློང་དེ་དེར་ཁུག་ཤིག །དགེ་འདུན་ཐམས་ཅད་ཀྱང་དེར་མ་དོང་ལ། དགེ་སློང་དེ་ཡང་དེར་མ་བཀུག་ན་ལས་མ་འདུས་པར་བྱས་པ་སྟེ། དགེ་འདུན་ཐམས་ཅད་འདས་པ་དང་བཅས་པར་འགྱུར་རོ། །དད་པ་དང་། ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་དད་པ་དང་ཡོངས་སུ་དག་པ་བླངས་ནས་དེ་ཉིད་དུ་དུས་འདས་ཏེ་ཤི་ན་དད་པ་དང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། དད་པ་དང་ཡོངས་སུ་དག་པ་གཞན་ལ་དབུལ་བར་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ དད་པ་དང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་དད་པ་དང་ཡོངས་སུ་དག་པ་དབུལ་བར་བྱའོ། །དགེ་ཚུལ་ཕའམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནས། འགྲོ་བ་གཞན་དུ་གནས་པ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། བདག་ཉིད་ཀྱིས་ ཁས་བླངས་ནའང་དད་པ་དང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་དད་པ་དང་ཡོངས་སུ་དག་པ་དབུལ་བར་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་དང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱའོ། །དགེ་འདུན་ཕྱེ་བ་དང་། མི་གནས་པ་ དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་དང་ཡོངས་སུ་དག་པ་ཕུལ་བ་མ་ཡིན་པ་ཞེས་བྱ་སྟེ། འདི་ནི་དད་པ་དང་ཡོངས་སུ་དག་པ་དབུལ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་དང་ཡོངས་སུ་དག་ པ་ལེན་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་དགེ་སློང་གི་དྲུང་ནས་ཡོངས་སུ་དག་པ་དང་དད་པ་ལེན་པ་དེས་འདི་ལྟར་བླང་བར་བྱའོ། །གཅིག་གིས་གཅིག་གིའམ། གཅིག་གིས་གཉིས་ཀྱིའམ། གཅིག་གིས་མང་པོའམ། ཇི་སྙེད་ཀྱི་མིང་སྨོས་ནུས་པ་དེ་སྙེད་ཀྱི་བླང་བར་བྱ། དད་པ་དང་ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་དད་པ་དང་ཡོངས་སུ་དག་པ་བླངས་ནས་བརྒྱུག་པར་མི་བྱ། མགྱོགས་པར་འགྲོ་བར་མི་བྱ། འཕར་བར་མི་བྱ། མཆོང་བར་མི་བྱ། སའི་འོག་ནས་འགྲོ་བར་མི་བྱ། ནམ་མཁའ་ལས་འགྲོ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་ ནས་ཡོངས་སུ་དག་པ་དང་དད་པ་བླང་བར་མི་བྱ། མཚམས་ཀྱི་ནང་ནས་ཤེས་བཞིན་པས་དད་པ་དང་ཡོངས་སུ་དག་པ་བླང་བར་བྱ། དེ་སྟེ་མཚམས་ཀྱི་ཕྱི་རོལ་ནས་དད་པ་དང་ཡོངས་སུ་དག་པ་བླངས་ན་ཉེས་བྱས་སུ་འགྱུར་རོ། །དེ་སྟེ་མཚམས་ཀྱི་ནང་ནས་ལེན་དུ་འཚོ་ བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ཀྱི་ནང་ནས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་ན་དེ་མཚམས་ཀྱི་ཕྱི་རོལ་ནས་བླངས་ཀྱང་ཉེས་པ་མེད་དོ། །འདི་ནི་ཡོངས་སུ་དག་པ་དང་ དད་པ་ལེན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་དང་ཡོངས་སུ་དག་པ་བརྗོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། ཡོངས་སུ་དག་པ་དང་དད་པ་བརྗོད་པའི་དགེ་སློང་གིས་དགེ་འདུན་གྱི་ནང་དུ་མ་འོངས་ནས་དུས་འདས་ཏེ་ཤི་ན་ཡོངས་སུ་དག་པ་དང་དད་པ་མ་བརྗོད་པ་ཞེས་བྱའོ། །ཁྱིམ་ པ་ཡིན་པར་བདག་ཉིད་ཀྱིས་ཤེས་པར་ཁས་བླངས་ནའང་ཡོངས་སུ་དག་པ་དང་དད་པ་མ་བརྗོད་པ་ཞེས་བྱའོ། །དགེ་སྦྱོང་མའམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནས་འགྲོ་བ་གཞན་དུ་གནས་པའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། བདག་ཉིད་ཀྱིས་ཁས་བླངས་ནའང་ ཡོངས་སུ་དག་པ་དང་དད་པ་མ་བརྗོད་པ་ཞེས་བྱའོ། །དེ་སྟེ་མ་ནིང་དུ་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་དང་དད་པ་མ་བརྗོད་པ་ཞེས་བྱའོ། །དགེ་འདུན་ཕྱེ་བའམ། མི་གནས་པའམ། སོ་སོར་གནས་པའམ། ཉེ་བར་ཕྱོགས་པའམ། བསླབ་པ་བྱིན་པར་བདག་ ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་དང་དད་པ་མ་བརྗོད་པ་ཞེས་བྱའོ། །ཡོངས་སུ་དག་པ་དང་དད་པ་བརྗོད་པའི་དགེ་སློང་གིས་ཡོངས་སུ་དག་པ་དང་དད་པ་བླངས་ནས་ཉལ་བར་མི་བྱ། སྙོམས་པར་ཞུགས་པར་མི་བྱ། ཤེས་བཞིན་པས་ཡོངས་སུ་དག་པ་དང་དད་ པ་བརྗོད་པར་བྱའོ། །དེ་ཡང་འདི་ལྟ་བུར་བརྗོད་པར་བྱ་སྟེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་ནས་ཐལ་མོ་རབ་ཏུ་སྦྱོར་ལ་འདི་སྐད་དུ་སྨྲོས་ཤིག །དགོངས་ཤིག་ཚེ་དང་ལྡན་པ། དེང་དགེ་འདུན་གྱི་བཅོ་ལྔའི་ གསོ་སྦྱིན་ཏེ་དགེ་སློང་མིང་འདི་ཞེས་བྱ་བའི་ཡང་བཅོ་ལྔའི་གསོ་སྦྱིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བས་ཡོངས་སུ་དག་པར་བདག་ཉིད་སྨྲ་སྟེ། བར་ཆད་ཀྱི་ཆོས་རྣམས་ཀྱང་མེད་དེ། དགེ་འདུན་གྱི་ཆོས་བཞིན་གྱི་བྱ་བ་ལ་དད་པ་དང་། གསོ་སྦྱིན་དང་། ཡོངས་སུ་དག་པ་ འབུལ་ལོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་སྨྲོས་ཤིག །དེས་ཀྱང་རིགས་སོ་ཞེས་སྨྲོས་ཤིག །གཉིས་པས་ནི་ལེགས་སོ་ཞེས་བྱའོ། །རྣམ་པ་བཞིས་ན་ཡོངས་སུ་དག་པ་དང་དད་པ་མ་བརྗོད་པ་ཞེས་བྱའོ། །བཞི་གང་ཞེ་ན། ངོ་ཚ་མེད་པ་དང་། བག་མེད་པ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པའོ། །དེ་ལ་ངོ་ཚ་མེད་པ་དང་། བག་མེད་པ་དང་རྣམ་པ་འདི་གཉིས་ནི་ཉེས་པ་དང་བཅས་པར་འགྱུར་བའོ། །གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པ་དང་རྣམ་པ་འདི་གཉིས་ནི་ཉེས་པ་མེད་པར་འགྱུར་བའོ། །འདི་ནི་ ཡོངས་སུ་དག་པ་དང་དད་པ་བརྗོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་དབུ་སྐྲའི་མཆོད་རྟེན་དང་། སེན་མོའི་མཆོད་རྟེན་ཏེ། ཇི་ལྟར་འདུལ་བ་ལས་མགོན་མེད་པ་ལ་ཟས་སྦྱིན་པའི་ཁྱིམ་བདག་གིས་ མཆོད་རྟེན་གྱི་རབ་ཏུ་ལྡན་པ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱ་སྟེ། དེ་ཡང་སེམས་ཅན་ལ་ཕན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དབུ་སྐྲའི་མཆོད་རྟེན་དང་། སེན་མོའི་མཆོད་རྟེན་དུ་གསུངས་པའོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ནི་ཐམས་ཅད་དུ་རྫོགས་པར་བྱའོ། ། རང་སངས་རྒྱས་ཀྱི་ནི་བུམ་པ་སུལ་ཅན་མེད་པར་བྱའོ། །དགྲ་བཅོམ་པའི་ནི་ཕང་ལོ་བཞི་པའོ། །ཕྱིར་མི་འོང་བའི་ནི་ཕང་ལོ་གསུམ་པའོ། །ལན་གཅིག་ཕྱིར་འོང་བའི་ནི་ཕང་ལོ་གཉིས་པའོ། །རྒྱུན་དུ་ཞུགས་པའི་ནི་ཕང་ལོ་གཅིག་པའོ། །སོ་སོའི་སྐྱེ་བོ་དགེ་བ་ཅན་དག་གི་ནི་ མགོ་ཡུ་བོར་བྱའོ། །མཆོད་རྟེན་གྱི་ཕྱི་རོལ་གྱི་དག་རའི་ཕྱིར་མགོན་མེད་པ་ལ་ཟས་སྦྱིན་པའི་ཁྱིམ་བདག་རབ་ཏུ་དད་པ་མངོན་པར་དད་པ་ཅན་དེ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་དྲུང་དུ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་པས་གང་གི་ཚེ་ན་བཅོམ་ལྡན་འདས་ལྗོངས་རྒྱུ་ཞིང་གཤེགས་པར་གྱུར་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་མི་མཐོང་བས་ཤིན་ཏུ་ཡོངས་སུ་གདུང་བར་འགྱུར་ན་བཅོམ་ལྡན་འདས་ཀྱི་ དབུ་སྐྲ་དང་། སེན་མོ་བདག་ལ་སྩལ་ན་བདག་གིས་མཆོད་དོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་ཁྱོད་ཀྱི་མཆོད་གནས་འདིའོ་ཞེས་བྱ་བ་ནས་དེ་ལ་དབུ་སྐྲ་དང་། སེན་མོ་བྱིན་པ་དང་། དེས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་ བཀས་གནང་ན་དབུ་སྐྲ་དང་། སེན་མོ་ལས་མཆོད་རྟེན་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རྗེས་སུ་གནང་གིས་དབུ་སྐྲའི་མཆོད་རྟེན་དང་། སེན་མོའི་མཆོད་རྟེན་ཀྱང་བྱོས་ཤིག །འདི་ནི་མཆོད་རྟེན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་ རྟེན་གྱི་དངོས་པོའི་རབ་ཏུ་ལྡན་པ་གང་ཞེ་ན། གང་མཆོད་རྟེན་གྱི་ཞིང་ངམ། ནགས་ཚལ་ལམ། གང་དུ་རུང་བའི་ཕྱོགས་སུ་ཐོག་མར་མཆོད་རྟེན་གཞག་པར་བྱས་ཏེ། མཆོད་རྟེན་དེའི་དངོས་པོའི་ཁོ་ར་ཁོར་ཡུག་ཏུ་མཆོད་རྟེན་གྱི་དངོས་པོར་གཞག་པར་བྱ་སྟེ། འདི་ནི་མཆོད་ རྟེན་གྱི་དངོས་པོའི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་གྱི་ཁྱམས་ཀྱི་ཕྲེང་གི་རབ་ཏུ་ལྡན་པ་གང་ཞེ་ན། མཆོད་རྟེན་གྱི་ཁྱམས་དང་ཀ་བ་ནི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདུལ་བ་ལས་གསུངས་པ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱ་སྟེ། འདི་ནི་མཆོད་རྟེན་གྱི་ཁྱམས་ཀྱི་ཕྲེང་གི་རབ་ཏུ་ ལྡན་པ་ཞེས་བྱའོ། །མཆོད་རྟེན་གྱི་མི་ཟད་པའི་རབ་ཏུ་ལྡན་པ་གང་ཞེ་ན། ཡངས་པའི་གྲོང་ཁྱེར་གྱི་ཚོང་པས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ཞིག་བྱས་ནས་མཆོད་རྟེན་གྱི་ཁྱམས་ཀྱང་བྱས་ཏེ། དགེ་སློང་རྣམས་ལ་མཆོད་རྟེན་གྱི་མི་ཟད་པ་ཕུལ་བ་དང་། དགེ་སློང་རྣམས་ ཐེ་ཚོམ་དུ་གྱུར་ནས་སོ་སོར་མ་བླངས་པ་དང་། དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གིས་ཀུན་དགའ་ར་བ་ན་གནས་པའམ། དགེ་བསྙེན་གྱིས་མཆོད་རྟེན་མི་ཟད་པ་དེ་ལོང་ཤིག ། མཆོད་རྟེན་ལ་རིམ་གྲོར་བྱ་བའི་ཕྱིར་སྤེལ་བར་བྱ་སྟེ། གང་དེའི་རྙེད་པ་སྐྱེས་ནས་དེས་མཆོད་རྟེན་ལ་མཆོད་པར་བྱ། གང་དེ་ལས་ཀྱང་ལྷག་ན་དེས་མཆོད་རྟེན་ལ་ཡོན་དུ་དབུལ་བར་བྱ་སྟེ། འདི་ནི་མཆོད་རྟེན་གྱི་མི་ཟད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་སླར་བཅོས་པའི་ རབ་ཏུ་ལྡན་པ་གང་ཞེ་ན། འཇིམ་པའི་གོང་བུའམ། རྡོ་ཐལ་གྱི་གོང་བུའམ། ས་མར་གྱི་གོང་བུས་མཆོད་རྟེན་སླར་བཅོས་པར་བྱ་སྟེ། འདི་ནི་མཆོད་རྟེན་སླར་བཅོས་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་གྱི་རྒྱན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། མཆོད་རྟེན་ བརྒྱན་པར་བྱ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་དཔྱང་བ་རྣམས་དང་། དྲིལ་བུ་དང་། འཁོར་ལོ་དང་། གཡུང་དྲུང་རིས་དང་། དཔལ་གྱི་གྲུ་གུ་རིས་དང་། དགའ་བ་ཅན་གྱིས་བསྐོར་བ་དང་། ཕྲེང་བ་དང་། སེ་མོ་དོ་དང་། མུ་ཏིག་གི་ ཕྲེང་བ་དང་། དར་དང་། སེང་དར་དང་། ཀོ་ཤོན་དང་། རས་བལ་དང་། སྲིན་བལ་དང་། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། ཨསྨ་གར་བ་དང་། མུ་སར་གལྦ་དང་། མུ་ཏིག་དམར་པོ་དང་། གཡས་སུ་འཁྱིལ་བས་བསྐོར་པ་ཞེས་བྱ་བ་ལ་སོགས་ཏེ། གང་གཞན་ཡང་འཇིག་རྟེན་ན་རྒྱན་དུ་བྱ་བའི་རབ་ཏུ་སྦྱོར་བ་ཐམས་ཅད་ཀྱིས་མཆོད་རྟེན་ལ་བརྒྱན་པར་བྱ་སྟེ། འདི་ནི་མཆོད་རྟེན་གྱི་རྒྱན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་ལ་ མཆོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། མཆོད་རྟེན་ལ་མཆོད་པར་བྱ་བ་ནི་ཕྲེང་བ་དང་། དྲི་དང་། བྱུག་པ་དང་། བདུག་པ་དང་། མེ་ཏོག་དང་། གུར་གུམ་གྱི་ཆག་ཆག་དང་། ལྡོང་རོས་དང་། ཡུངས་མར་གྱི་བྱུག་པ་དང་། མེ་ཏོག་གི་ཕྲེང་བ་དང་། མེ་མར་གྱི་ཕྲེང་བ་དང་། དྲིའི་ཕྲེང་བ་དང་། ཨ་རུ་རའི་ཕྱེ་མ་དང་། ཨ་ག་རུའི་ཕྱེ་མ་དང་། ཙན་དན་གྱི་ཕྱེ་མ་དང་། ཀ་ལ་ནུ་ས་རི་དང་། གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། རིན་པོ་ཆེའི་མེ་ཏོག་དང་། རོལ་མོ་ལ་སོགས་པ་དང་། གང་ཡང་གཞན་ཡང་འཇིག་རྟེན་པའི་མཆོད་པའི་ཡོ་ བྱད་དུ་སྦྱོར་བ་ཐམས་ཅད་ཀྱིས་ཀྱང་མཆོད་རྟེན་ལ་མཆོད་པར་བྱ། ཕྱི་ཕྱིར་ཞིང་ཕྱག་དར་བྱ། ཕྱག་འཚལ་བར་བྱའོ། །མཆོད་རྟེན་ལ་ཕྲེང་བའི་ཆུན་པོ་གདགས་པའམ། མཆོད་རྟེན་གྱི་ཕྱིར་རྣམ་པ་གཞན་དུ་བྱེད་ཅིང་འཇོག་པ་ནི་དགེ་སློང་གི་རུང་བ་སྟེ། འདི་ནི་མཆོད་ རྟེན་ལ་མཆོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཟས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། གཙུག་ལག་ཁང་གང་དུ་ཡང་རུང་སྟེ། དགེ་སློང་གནས་པ་ལ་དེར་ཟས་ཤིག་འཐོབ་པར་བྱེད་པ་འདི་ནི་ཟས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཟས་དང་བཅས་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་ གང་བཟའ་བ་ཞིག་ཆོས་དང་བཅས་པར་རྙེད་ན་དེའི་རྐྱེན་གྱིས་ཕྱིར་འདུས་ཏེ་ཟ་བ་དང་། ཡང་ཡང་ཟ་བ་ཡོད་ན་ཡང་གནས་གཉི་གར་བག་ཡངས་སུ་ཟ་བ་སྟེ། འདི་ནི་ཟས་དང་བཅས་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཐུག་པའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་ སློང་རྣམས་ལ་ཐུག་པ་རྣམ་པ་བཅུ་གསུངས་པ་ནི་འདི་ལྟ་སྟེ། འོ་མའི་ཐུག་པ་དང་། ཞོའི་ཐུག་པ་དང་། དར་བའི་ཐུག་པ་དང་། ཤའི་ཐུག་པ་དང་། མར་གྱི་ཐུག་པ་དང་། འབྲུ་མར་གྱི་ཐུག་པ་དང་། ཏིལ་གྱི་ཐུག་པ་དང་། བལ་སྲན་གྱི་ཐུག་པ་དང་། སེའུའི་ཐུག་པ་དང་། ཆུའི་ཐུག་པ་དང་། ཐུག་པ་འདི་རྣམས་བཅུ་ནི་དགེ་སློང་རྣམས་ཀྱིས་ཤེས་བཞིན་དུ་སྒྲ་ཆུང་བ་དང་། ཧུབ་ཧུབ་མེད་པ་དང་། ན་བའི་འདུ་ཤེས་དང་། རྐྱེན་གྱི་འདུ་ཤེས་ཉེ་བར་བཞག་སྟེ་བཏུང་བར་བྱའོ། །གཞན་ཡང་ཐུག་པ་ལ་ཡོན་ཏན་རྣམ་པ་གཉིས་ཡོད་དེ། བཀྲེས་པ་གཞོམ་པ་ དང་། སྐོམ་པ་གཞོམ་པ་ཞེས་བྱའོ། །བཅའ་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཅའ་བ་རྣམ་པ་དགུ་གསུངས་པ་ནི། འདི་ལྟ་སྟེ། རྩ་བའི་བཅའ་བ་དང་། སྡོང་བུའི་བཅའ་བ་དང་། ལོ་མའི་བཅའ་བ་དང་། མེ་ཏོག་གི་བཅའ་བ་དང་། འབྲས་བུའི་བཅའ་བ་དང་། ཁ་རའི་བཅའ་བ་དང་། ཏིལ་གྱི་བཅའ་བ་དང་། འབྲས་ཁུར་གྱི་བཅའ་བ་དང་། བུ་རམ་གྱི་བཅའ་བ་དང་། བཅའ་བ་འདི་རྣམས་དགུ་ནི་དགེ་སློང་རྣམས་ཀྱིས་ཤེས་བཞིན་པས་སྒྲ་ཆུང་ངུ་དང་། བལྕག་སྒྲ་མེད་པར་ན་བའི་འདུ་ཤེས་དང་། སྨན་གྱི་འདུ་ཤེས་དང་། ཕྱིར་ཕན་པའི་འདུ་ཤེས་དང་། རྐྱེན་གྱི་འདུ་ཤེས་ཉེ་བར་བཞག་སྟེ་བཅའ་བར་བྱའོ། །འདི་ནི་བཅའ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །མྱང་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མྱང་བ་རྣམ་པ་ལྔ་རྣམས་གསུངས་པ་འདི་ལྟ་སྟེ། མར་དང་། འབྲུ་མར་ དང་། སྦྲང་རྩི་དང་། བུ་རམ་དང་། མར་སར་དང་། མྱང་བ་འདི་ལྔ་རྣམས་ནི་དགེ་སློང་རྣམས་ཀྱིས་ཤེས་བཞིན་དུ་སྒྲ་ཆུང་བ་དང་། བལྕག་སྒྲ་མེད་པས་ན་བའི་འདུ་ཤེས་དང་། སྨན་གྱི་འདུ་ཤེས་དང་། ཕྱིར་ཕན་པའི་འདུ་ཤེས་དང་། རྐྱེན་གྱི་འདུ་ཤེས་སུ་ཉེ་བར་བཞག་སྟེ་མྱང་བར་བྱའོ། ། འདི་ནི་མྱང་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །བཟའ་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཟའ་བ་རྣམ་པ་ལྔ་གསུངས་པ་འདི་ལྟ་སྟེ། འབྲས་ཆན་དང་། ནས་ཆན་དང་། འབྲས་ཕྱེ་དང་། ཤ་དང་། ཁུར་བ་དང་། བཟའ་བ་འདི་ལྔ་སྟེ། དགེ་ སློང་རྣམས་ཀྱིས་ཤེས་བཞིན་དུ་སྒྲ་ཆུང་བ་དང་། བལྕག་སྒྲ་མེད་པར་ན་བའི་འདུ་ཤེས་དང་། སྨན་གྱི་འདུ་ཤེས་དང་། རྐྱེན་གྱི་འདུ་ཤེས་དང་། ཕྱིར་ཕན་པའི་འདུ་ཤེས་ཉེ་བར་བཞག་སྟེ་བཟའ་བར་བྱའོ། །འདི་ནི་བཟའ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །ལྷུང་བཟེད་ཀྱི་རབ་ཏུ་ལྡན་ པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ལྷུང་བཟེད་རྣམ་པ་གཉིས་གསུངས་ཏེ། ལྕགས་ལས་བྱས་པ་དང་། ཁམ་པ་ལས་བྱས་པའོ། །ལྷུང་བཟེད་རྣམ་པ་བརྒྱད་ནི་མི་གནང་བ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་ བྱས་པ་དང་། ཤིང་ལས་བྱས་པ་དང་། རྡོ་ལས་བྱས་པ་དང་། མཆིང་བུ་ལས་བྱས་པ་དང་། ཁར་བ་ལས་བྱས་པ་སྟེ། འདི་ནི་ལྷུང་བཟེད་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །གོས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གོས་རྣམ་པ་བཅུ་གསུམ་ གསུངས་ཏེ། འདི་ལྟ་སྟེ། སྦྱར་མ་དང་། སྟོད་གཡོགས་དང་། མཐང་གོས་དང་། གདིང་བ་དང་། ཁྲུས་རས་དང་། གཡན་པ་གཡོགས་པ་དང་། སྟོད་ཆགས་དང་། སྟོད་ཆགས་ཀྱི་འཐེབ་དང་། སྨད་གཡོགས་དང་། སྨད་གཡོགས་ཀྱི་འཐེབ་དང་། ལུས་ཕྱི་བ་དང་། སྐྲ་བཟེད་པ་དང་། དབྱར་གྱི་རས་ཆེན་དང་། ཡོ་བྱད་ཀྱི་གོས་བཅུ་གསུམ་སྟེ། ཆོས་གོས་བཅུ་གསུམ་པོ་འདི་རྣམས་དགེ་སློང་རྣམས་ཀྱིས་མཚོན་གྱིས་གཅད་ཅིང་ཁ་དོག་བསྒྱུར་ཏེ་རུང་བར་བྱ་མི་དགོས་པར་བྱིན་གྱིས་བརླབས་པའི་དབང་གིས་ཡོངས་སུ་སྤྱད་པར་ བྱའོ། །འདི་ནི་གོས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །སྟེང་གཡོགས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མལ་སྟན་དགབ་པའི་ཕྱིར་སྟེང་གཡོགས་གཉིས་སུ་གསུངས་ཏེ། སྟུག་ན་ནི་ཆིག་རིམ། སྲབ་ན་ནི་སྦྱར་མའོ། །འདི་ནི་ སྟེང་གཡོགས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཁབ་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གོས་འཚེམ་པའི་ཕྱིར་ལྕགས་དང་། ཁར་བ་དང་། ཟངས་དང་། ར་གན་གྱི་ཁབ་གནང་སྟེ། འདི་ནི་ཁབ་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཁབ་རལ་ གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁབ་སྦ་བའི་ཕྱིར་ཁབ་རལ་གནང་སྟེ། འདི་ནི་ཁབ་རལ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ལྔ་བཅུ་པ། གནས་འཆའ་བའི་རབ་ཏུ་ལྡན་པ་གང་ཞེ་ན། སངས་ རྒྱས་བཅོམ་ལྡན་འདས་ཀྱིས་གློ་བུར་དུ་ལྷགས་པའི་དགེ་སློང་གིས་གནས་བཅའ་བའི་དོན་གྱི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་དུ་འོངས་མ་ཐག་ཏུ་གནས་མ་བཅས་ཀྱི་བར་དུ་རྐང་པའི་རྡུལ་མ་ཕྱི་ཤིག །ཆུ་སྣོད་མ་ལེན་ཅིག་ཅེས་གསུངས་པ་དང་། དགེ་སློང་གཞན་ཞིག་གློ་བུར་དུ་ འོངས་པས་གནས་བཅའ་བའི་དོན་གྱི་ཕྱིར་གཙུག་ལག་ཁང་དུ་འོངས་ན་དེས་བཅོམ་ལྡན་འདས་ཀྱིས་དགེ་སློང་གློ་བུར་དུ་འོངས་པས་གནས་བཅའ་བའི་དོན་གྱི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་དུ་འོངས་ན་གནས་མ་བཅས་ཀྱི་བར་དུ་རྐང་པའི་རྡུལ་མ་འཕྱི་ཤིག །ཆུ་སྣོད་ཀྱང་མ་ལེན་ཅིག་ ཅེས་བསླབ་པའི་གནས་བཅས་སོ་ཞེས་པ་ཐོས་ནས་དེས་གནས་བཅའ་བའི་ཕྱིར་ལུས་ངལ། ལུས་ཚེགས་ཆེ། ལུས་དུབ་བཞིན་དུ་ཕན་ཚུན་དུ་བརྒྱུགས་པ་ལས་བརྒྱལ་ཏེ་ས་ལ་འགྱེལ་ནས་དུས་འདས་སོ། །དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་དང་ཆོས་གོས་ཞོག་ལ་རྐང་པའི་རྡུལ་ཕྱིས་ཆུ་སྣོད་ལོང་ལ་གདོད་གནས་ཆོས་ཤིག །དགེ་སློང་དེ་དག་སུ་ལས་ཀྱང་རུང་གནས་བབ་བབ་ཏུ་བཅའ་བ་དང་། དགེ་བའི་ཆོས་ཡལ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཆའ་བའི་དགེ་སློང་གིས་གནས་འཆའ་བར་འདོད་ན་རིང་ཐབས་བབ་བབ་ཏུ་གནས་མ་འཆའ་བར་ཞག་གསུམ་གྱི་བར་དུ་བསམ་པ་ཤིན་ཏུ་སོམས། བརྟག་པ་ཤིན་ཏུ་རྟོགས། དཔྱད་པ་ཤིན་ཏུ་དཔྱད་ནས་ གདོད་གནས་བཅའ་བར་བྱའོ། །གང་ལས་གནས་འཆའ་བར་འདོད་པ་དགེ་སློང་དེའི་སྤྱོད་པ་ཅི་འདྲ་བ་དང་། འཁོར་ཅི་འདྲ་བ་དང་། དེའི་གཉིས་པོ་ཕྱི་བཞིན་འབྲང་བའི་གྲོགས་རྣམས་ཅི་འདྲ་བ་དང་། ལུང་བསྒོའམ་མི་བསྒོ་བ་དང་། རྗེས་སུ་སྟོན་ནམ་མི་སྟོན་པ་དྲིས་ཤིག ། བདག་དགེ་སློང་དེ་ལ་འཇིགས་པ་དང་རིམ་གྲོ་བཀུར་སྟི་བྱེད་པར་འགྱུར་རམ་མི་འགྱུར། དགེ་བའི་ཆོས་རྣམས་སྐྱེའམ། དེ་སྟེ་འགྲིབ་པར་འགྱུར་ཞེས་བསམ་པ་ཤིན་ཏུ་སོམས། བརྟག་པ་ཤིན་ཏུ་རྟོགས། དཔྱད་པ་ཤིན་ཏུ་དཔྱོད་ལ། གདོད་གནས་ཆོས་ཤིག །གནས་སྦྱིན་ པའི་དགེ་སློང་གིས་ཀྱང་གནས་སྦྱིན་པར་འདོད་ན། གང་ལའང་རུང་རིངས་པར་བབ་བབ་ཏུ་མ་སྦྱིན་པར་ཞག་གསུམ་གྱི་བར་དུ་ཤིན་ཏུ་སོམས། བརྟག་པ་ཤིན་ཏུ་རྟོགས། དཔྱད་པ་ཤིན་ཏུ་དཔྱོད་ལ་གདོད་གནས་བྱིན་ཅིག །གང་ལ་གནས་སྦྱིན་པར་འདོད་པའི་དགེ་སློང་དེའི་སྤྱོད་པ་ཅི་ འདྲ་བ་དང་། དེའི་སྤྱོད་ལམ་ཅི་འདྲ་བ་དང་། ཀུན་ཏུ་སྤྱོད་པ་ཅི་འདྲ་བ་དྲིས་ཤིག །དགེ་སློང་དེ་བདག་ལ་འཇིགས་པ་དང་། རིམ་གྲོ་བཀུར་སྟི་བྱེད་པ་དང་། དགེ་བའི་ཆོས་སྐྱེ་བར་འགྱུར་རམ། དེ་སྟེ་འགྲིབ་པར་འགྱུར། དགེ་སློང་དེ་བདག་ལ་འཇིགས་པར་འགྱུར་རམ་ མི་འགྱུར། མོས་ཤིང་བཀུར་སྟི་དང་དགེ་བའི་ཆོས་འཕེལ་ལམ་མི་འཕེལ་ཤིན་ཏུ་བསམས་པ་བསམས། བརྟག་པ་ཤིན་ཏུ་བརྟགས། དཔྱད་པ་ཤིན་ཏུ་དཔྱོད་ལ་དེ་སྟེ་སེམས་མགུ་བར་བྱེད་ན་གདོད་དེ་ལ་གནས་བྱིན་ཅིག །དེ་ནི་གནས་འཆའ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། ། གནས་འཆའ་བ་བླང་བའི་རབ་ཏུ་ལྡན་པ་གང་ཞེ་ན། གནས་འཆའ་བ་ལེན་པར་འདོད་པའི་དགེ་སློང་གིས་གནས་བཅའ་བ་བླང་བར་འདོད་ན་འདི་བཞིན་དུ་གནས་ལོང་ཤིག །སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱོས། ལག་པ་གཉིས་ཀྱིས་རྐང་པ་ གཉིས་ལས་བཟུང་སྟེ་ལན་གཉིས་སུ་ཚིར་ལ་ཚིག་འདི་སྐད་དུ་སྨྲོས་ཤིག་དགོངས་ཤིག་བཙུན་པ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བཙུན་པ་ལས་གནས་འཆའ་བར་གསོལ་ན། བཙུན་པས་བདག་ལ་གནས་བཅའ་བ་སྩོལ་ཅིག །བདག་བཙུན་པ་ལ་གནས་འཆའ་ཞིང་ མཆིས་སོ་ཞེས་དེ་བཞིན་ལན་གཉིས་ལན་གསུམ་དུ་སྨྲོས་ཤིག །དེས་ཀྱང་རིགས་སོ་ཞེས་སྨྲོས་ཤིག །དེས་ཡང་སླར་ལེགས་སོ་ཞེས་སམ་ཤིན་ཏུ་ལེགས་སོ་ཞེས་བྱའོ། །སླར་ཡང་བག་ཡོད་པར་སྒྲུབས་ཤིག །ཅེས་པ་འདི་ནི་གནས་འཆའ་བ་བླང་བའི་རབ་ཏུ་ལྡན་པ་ ཞེས་བྱའོ། །གནས་འཆའ་བ་སྦྱིན་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་ལོ་བཅུ་མ་ལོན་པས་གནས་འཆའ་བ་མི་སྦྱིན་ནོ། །ལོ་བཅུ་ལོན་དུ་ཟིན་ཀྱང་མི་ཤེས་པ་གླེན་པ། མི་གསལ་བ། མི་མཁས་པར་གྲགས་ན་དེས་ཀྱང་གནས་འཆའ་བ་མ་སྦྱིན་ཅིག །ཆོས་ལྔ་དང་ལྡན་ པའི་དགེ་སློང་གིས་གནས་འཆའ་བ་སྦྱིན་པར་བྱ་སྟེ། ཉེས་པ་ཤེས་པ་དང་། ཉེས་པ་མེད་པ་ཤེས་པ་དང་། ལྕི་བ་ཤེས་པ་དང་། ཡང་བ་ཤེས་པ་དང་། སོ་སོར་ཐར་པའི་མདོ་དང་རྒྱས་པ་ཤེས་པར་གྱུར་པ་སྟེ། དེ་ནི་གནས་འཆའ་བ་སྦྱིན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །གནས་ བཅའ་བ་སོ་སོར་བཏང་བའི་རབ་ཏུ་ལྡན་པ་གང་ཞེ་ན། ཆོས་ལྔ་དང་ལྡན་ན་གནས་བཅའ་བ་བཏང་བར་གྱུར་ཏེ། ལྔ་གང་ཞེ་ན། དད་པ་མེད་པ་ཡིན། ལེ་ལོ་ཅན་དང་། བཀུར་སྟི་མེད་པ་དང་། ཚིག་ངན་དུ་སྨྲ་བ་དང་། སྡིག་པའི་གྲོགས་པོ་ཅན་ཡིན་ནོ། །གཞན་ཡང་རྒྱུ་ལྔ་དང་ རྐྱེན་ལྔས་ན་གནས་འཆའ་བ་བཏང་བར་འགྱུར་ཏེ། སྤྱོ་བ་དང་། སོང་བ་དང་། ཕྱོགས་ལས་གཞན་གྱི་ཕྱོགས་སུ་སོང་བ་དང་། མཁན་པོ་མཐོང་མ་ཐག་ཏུ་གནས་འཆའ་བ་བཏང་བར་འགྱུར་བ་དང་། གཉིས་ཀས་ཀྱང་བཏང་བ་དེ་ནི་གནས་འཆའ་བ་བཏང་བའི་རབ་ཏུ་ལྡན་པ་ཞེས་བྱའོ། ། མཁན་པོའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་དེ་དག་མཁན་པོ་མེད་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་པས་ན་མ་དུལ་བར་གྱུར། ངན་པར་དུལ་བ་དང་། ཚུལ་དང་མི་ལྡན་པ། སྨད་གཡོགས་མི་སྡུག་པར་གྱོན། བླ་གོས་མི་སྡུག་པར་གྱོན། སྤྱོད་པ་ཉམས་ཤིང་ མི་སྡུག་པར་སྤྱོད་པ་ལ་ཞུགས་པ་དང་། ཆ་ལུགས་ངན། ཆ་ལུགས་མི་སྡུག་པ་ལ་ཞུགས་ནས་དེ་ལ་སུ་ཡང་ནད་གཡོག་མི་བྱེད་པར་གྱུར་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཁན་པོ་ ཡོད་པ་དང་། དེས་དེ་དག་འདུལ་བར་བྱེད། ལུང་བསྒོ་བར་བྱེད། རྗེས་སུ་ཡང་སྟོན་པར་བྱེད། འཆོས་པར་བྱེད་ན་ཡང་བསྙེན་བཀུར་དང་ནད་གཡོག་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་བྱོས་ཤིག་ཅེས་གསུངས་པ་འདི་ནི་མཁན་པོའི་ རབ་ཏུ་ལྡན་པ་ཞེས་བྱའོ། །ལྷན་ཅིག་སྤྱོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། དེ་དགེ་སློང་གི་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ན་མཁན་པོ་ལ་རིམ་གྲོ་མི་བྱེད་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་ཅིག་སྤྱོད་པས་ནི་མཁན་པོ་ལ་རིམ་གྲོ་བྱོས་ཤིག །གཞར་བར་བྱོས་ཤིག །བལྟ་བར་བྱོས་ཤིག །མགུ་བར་བྱོས་ཤིག །རྗེས་བཞིན་དུ་འབྲང་བར་བྱོས་ཤིག །བསྙེན་བཀུར་བྱོས་ཤིག །བྱ་བ་ཐམས་ཅད་ཀྱང་མཁན་པོ་ལ་མ་ད