Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 013_འདུལ་བ།_པ

Văn bản gốc(Tây Tạng)

Trang 15 / 19 (50.000 ký tự/trang)
་མ་རྫོགས་པ་ཞེས་བྱ་ཞེ་ན། མཚུངས་པར་བསླབ་པ་མ་ཐོབ་པ་སྟེ། དེའི་ཕྱིར་བསྙེན་པར་མ་རྫོགས་པ་ཞེས་བྱའོ། །གང་ཟག་བཅུ་གསུམ་པོ་འདི་མ་གཏོགས་པ་རྣམས་ནི་བསྙེན་པར་རྫོགས་པར་བྱའོ། །དེ་སྟེ་བསྙེན་པར་རྫོགས་པར་བྱས་ན་བསྙེན་
པར་རྫོགས་པ་ཞེས་ཀྱང་མི་བྱ་ལ། བསྙེན་པར་རྫོགས་པར་བྱེད་པའང་འདས་པ་དང་བཅས་པར་འགྱུར་སྟེ། དེ་ལྟ་བས་ན་ངས་བསྙེན་པར་མ་རྫོགས་པ་ཞེས་གསུངས་སོ། །ལས་གང་ཞེ་ན། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་སོ། །
ཅིའི་ཕྱིར་ན་ལས་ཞེས་བྱ་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ལས་ཞེས་བྱ་སྟེ། ཆད་པས་གཅད་པའི་ལས་དང་སྨ་དབབ་པའི་ལས་དང་། ཆོས་དཀར་པོ་ལ་ཡི་དམ་འཆའ་བའི་ལས་སོ། །ཆད་པའི་ལས་དང་སྨ་དབབ་པའི་ལས་གང་ཞེ་ན། འདི་ལྟ་སྟེ། བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་།

སླར་བསྡུམ་པ་དང་། སྤངས་པའི་ལས་དང་། ཆད་པ་དང་། གཞི་ནས་སློང་བ་དང་། ཡིད་མགུ་བར་བྱེད་པ་དང་། གཞི་ནས་ཡིད་མགུ་བར་བྱེད་པའོ། །གཞན་ཡང་ཆད་པའི་ལས་སྨ་དབབ་པའི་ལས་སུ་བྱེད་པའོ། །ཆོས་དཀར་པོ་ལ་ཡི་དམ་འཆའ་བའི་ལས་གང་ཞེ་ན།
འདི་ལྟ་སྟེ། གསོ་སྦྱིན་དང་། སྐབས་འབྱེད་པ་དང་། བསྙེན་པར་རྫོགས་པ་དང་། དབྱུང་བ་དང་། རྩྭ་བཏིང་བ་དང་། གཞན་གང་ཡང་རུང་ཆོས་དཀར་པོ་ལ་ཡི་དམ་འཆའ་བའི་ལས་བྱེད་པ་དེ་དག་ནི་ལས་སུ་བྱེད་པ་སྟེ། དེ་ལྟ་བས་ན་ལས་ཞེས་གསུངས་སོ། །ལས་ཀྱི་དངོས་
པོ་གང་ཞེ་ན། རྒྱུ་གང་རྐྱེན་གང་གིས་དངོས་པོ་གང་ལ་ལས་བྱེད་པ་སྟེ། རྒྱུ་དེ་དང་རྐྱེན་དེས་དངོས་པོ་དེ་ལ་ལས་བྱེད་པ་ནི་ལས་ཀྱི་དངོས་པོ་ཞེས་བྱའོ། །གཞག་པར་རིགས་པའི་ལས་གང་ཞེ་ན། ལས་གང་གསོལ་བ་ཉམས་པ། བསྒྲགས་པ་ཉམས་པ། ཆོས་བཞིན་མ་ཡིན་པ། དགེ་
འདུན་མ་འདུས་པར་བྱས་པ་སྟེ། བསྐྱོས་པ་དེ་ནི་གཞག་པར་རིགས་པའི་ལས་ཞེས་བྱའོ། །གཞག་པར་མི་རིགས་པའི་ལས་གང་ཞེ་ན། ལས་གང་གསོལ་བར་ལྡན་པ། བསྒྲགས་པ་དང་ལྡན་པ། ཆོས་བཞིན་དུ་དགེ་འདུན་འདུས་པར་བྱས་པ་སྟེ། མ་བསྐྱོས་པ་འདི་ནི་གཞག་
པར་མི་རིགས་པའི་ལས་ཞེས་བྱའོ། །དབྱུང་བའི་ལས་གང་ཞེ་ན། དབྱུང་ཞེས་བྱ་བ་ནི་སྤངས་པ་ཡིན་ཏེ། སྤངས་པ་དང་དགེ་སློང་དག་ཏུ་ལྷན་ཅིག་ལས་མི་བྱ་སྟེ། གསོ་སྦྱིན་ཡང་མ་ཡིན། སྐབས་དབྱེ་བ་མ་ཡིན། གནས་མ་ཡིན། ལྷན་ཅིག་སྤྱད་པ་མ་ཡིན། ལྷན་ཅིག་ཏུ་གཏམ་
བྱ་བ་མ་ཡིན། མཐུན་པ་མ་ཡིན་པ་དེ་ནི་དབྱུང་བའི་ལས་ཞེས་བྱའོ། །ཅིའི་ཕྱིར་དབྱུང་བའི་ལས་ཞེས་བྱ་ཞེ་ན། དགེ་འདུན་གྱིས་ཕྱུང་བས་ན་དེའི་ཕྱིར་ཕྱུང་བའི་ལས་ཞེས་བྱའོ། །བཟོད་པ་གསོལ་བའི་ལས་གང་ཞེ་ན། ལས་གང་བྱས་པ་ལས་སླར་ཡང་དགེ་འདུན་དང་ལྷན་ཅིག་ཏུ་
གནས་པ་དང་། སྤྱོད་པ་གཅིག་པ་དང་། འཐམ་པ་གཅིག་པ་དང་། འདུག་པ་གཅིག་པར་འགྱུར་བ་དེ་ནི་བཟོད་པ་གསོལ་བའི་ལས་ཞེས་བྱའོ། །བསྡིགས་པའི་དངོས་པོ་གང་ཞེ་ན། དགེ་སློང་གང་འཐབ་པར་བྱེད་པ་དང་། མཚང་འདྲུ་བར་བྱེད་པ་དང་། འཁྲུག་པར་བྱེད་པ་དང་།

ཁོན་པར་བྱེད་པ་དང་། རྩོད་པར་བྱེད་པ་འདི་ནི་བསྡིགས་པའི་དངོས་པོ་ཞེས་བྱའོ། །གླེང་བའི་དངོས་པོ་གང་ཞེ་ན། གླེང་བའི་དངོས་པོ་གསུམ་སྟེ། མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། བྱུང་བར་གྱུར། ཉེས་པ་ཡིན་ལ། དེ་ཡང་བདེན་པ་སྟེ། བརྫུན་པས་
མ་ཡིན། དུས་སུ་ཡིན་གྱིས་དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི་དོན་དང་མི་ལྡན་པར་མ་ཡིན། འཇམ་པར་ཡིན་གྱི་རྩུབ་པ་མ་ཡིན། བྱམས་པར་ཡིན་གྱི་ཞེ་སྡང་དུ་མ་ཡིན་པ་འདི་ནི་གླེང་བའི་དངོས་པོ་ཞེས་བྱའོ། །འདུལ་བའི་དངོས་པོ་གང་ཞེ་ན། ནན་ཏན་གྱི་ལས་ལྔ་སྟེ།
བསྡིགས་པའི་ལས་དང་། སྨད་པའི་ལས་ནས་ཡིད་མགུ་བར་བྱ་བའི་བར་དུ་སྔ་མ་བཞིན་དུ་འདི་ནི་འདུལ་བའི་དངོས་པོ་ཞེས་བྱའོ། །ཞི་བར་བྱ་བའི་དངོས་པོ་གང་ཞེ་ན། རྒྱུ་གང་དང་རྐྱེན་གང་གིས་རྩོད་པ་བྱུང་བ་རྣམས་འདུལ་བར་འགྱུར་བ་སྟེ། ཞི་བ་དང་རྣམ་པར་ཞི་བའི་ཕྱིར་རོ། །འདི་
ལྟ་སྟེ། སྤུ་སྙལ་བ་དང་། འབྱུང་བར་བྱེད་པ་དང་། བཏུད་པས་སྟོན་པ་དང་། ཕྱག་འཚལ་བས་སྟོན་པ་འདི་ནི་ཞི་བར་བྱ་བའི་དངོས་པོ་ཞེས་བྱའོ། །རྒྱུའི་དངོས་པོ་གང་ཞེ་ན། རྒྱུ་གང་དང་རྐྱེན་གང་གིས་རྒྱུ་གང་ལ་བརྟེན་ནས་ལས་བྱེད་པ་སྟེ། ཇི་ལྟར་མདོ་སྡེ་བྷ་དཱ་ལ་ལས་
འབྱུང་བ་བཞིན་བྱེད་པ་སྟེ། འདིའི་འོག་ཏུ་དགེ་འདུན་གྱིས་སྤྱད་པར་བྱ་བ་ཇི་ལྟར་མདོ་སྡེ་བྷ་དཱ་ལ་ལས་འབྱུང་བ་བཞིན་རྒྱས་པར་བརྗོད་དེ། འདི་ནི་རྒྱུའི་དངོས་པོ་ཞེས་བྱའོ། །བསླབ་པ་གང་ཞེ་ན། བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་སུ་བསླབ་པ་དང་། ལྷག་
པའི་སེམས་དང་། ལྷག་པའི་ཤེས་རབ་ཏུ་བསླབ་པའོ། །གཞན་ཡང་བསླབ་པ་གསུམ་སྟེ། ལྷག་པར་སྤྱོད་པར་བསླབ་པ་དང་། ལྷག་པར་འདུལ་བ་དང་། ལྷག་པར་སོ་སོར་ཐར་པ་ལ་བསླབ་པའོ། །ཇི་ཙམ་གྱིས་ན་བསླབ་པ་མ་ཕུལ་བ་ཞེས་བགྱི། སྨྱོན་པའི་
དྲུང་དུ་བསླབ་པ་ཕུལ་བ་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ། །སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བའི་དྲུང་དུ་བསླབ་པ་ཕུལ་བ་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ། །གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པ་དང་

ར་རོ་བ་དང་། རབ་ཏུ་ར་རོ་བ་དང་། ཁྲོས་པའམ། རྒོད་པ་ལ་ཞུགས་པ་དང་། མི་ཤེས་པ་དང་། འགྲོ་བ་གཞན་དུ་གནས་པའི་དྲུང་དུ་བསླབ་པ་ཕུལ་བ་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ། །ཕྲིན་གྱིས་བསླབ་པ་འབུལ་ན་ཡང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །སྤྲིང་
ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། བརྡ་དང་། མཚན་མས་བསླབ་པ་འབུལ་ན་ཡང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །འཕགས་པས་འཕགས་པའི་སྐད་ཀྱིས་མཐའ་འཁོབ་པའི་དྲུང་དུ་བསླབ་པ་ཕུལ་ན་མཐའ་འཁོབ་པ་དེས་ཀྱང་འཕགས་
པའི་སྐད་མི་ཤེས་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །འཕགས་པས་མཐའ་འཁོབ་པའི་སྐད་ཀྱིས་འཕགས་པའི་དྲུང་དུ་བསླབ་པ་འབུལ་ན་འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མི་ཤེས་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མཐའ་འཁོབ་པས་
འཕགས་པའི་སྐད་ཀྱིས་མཐའ་འཁོབ་པའི་དྲུང་དུ་བསླབ་པ་འབུལ་ན་མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མི་ཤེས་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་ཀྱིས་འཕགས་པའི་དྲུང་དུ་བསླབ་པ་འབུལ་ན་འཕགས་
པ་དེས་ཀྱང་མཐའ་འཁོབ་པའི་སྐད་མི་ཤེས་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་ཤིང་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །དབེན་པ་ལ་དབེན་པར་འདུ་ཤེས་ཤིང་བསླབ་པ་ཕུལ་ནའང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །
དབེན་པ་ལ་མི་དབེན་པར་འདུ་ཤེས་ཤིང་བསླབ་པ་ཕུལ་ན་ཡང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་ཤིང་བསླབ་པ་ཕུལ་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །ཅ་ཅོ་ཅན་གྱི་ནང་དུ་བསླབ་པ་ཕུལ་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །
འཇིག་རྟེན་ཚུལ་བཞིན་གནས་པ་མ་ཡིན་པ་ལ་བསླབ་པ་འབུལ་བར་སྨྲས་ཀྱང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མདོའམ་རྒྱས་པར་ཀྱང་རུང་སྟེ། བཟོད་པ་གསོལ་བའི་སེམས་ཀྱང་མི་བྱེད་ལ། དགེ་སློང་གི་དངོས་པོ་ལ་ནི་དགོས་པར་བྱེད། ཁྱིམ་པའི་དངོས་

པོ་ལ་ནི་མི་དགོས་པར་བྱེད་ལ་རང་བཞིན་དུ་གནས་པ་མ་ཡིན་པ་ལ་ཚིག་ཏུ་སྨྲས་ཀྱང་བསླབ་པ་ཕུལ་བ་མ་ཡིན་ཏེ་འདི་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ། །བསླབ་པ་ཕུལ་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་དེ་ཆགས་པར་གྱུར་ལ་མི་དགའ་བའམ།
འདོད་དམ། དགེ་སྦྱོང་གི་ལ་མི་དགོས་པར་གྱུར་ཏམ། དགེ་སློང་གི་གཏོང་བར་བྱེད་དམ། སྨོད་དམ། ངོ་ཚ་བའམ། ཁྲེལ་ལམ། འགྱོད་ཀྱང་རུང་སྟེ། དེ་དགེ་སློང་གི་དྲུང་དུ་སོང་ནས་བསླབ་པ་འབུལ་ལོ་ཞེས་སྨྲས་ན་བསླབ་པ་ཕུལ་བ་ཞེས་བྱའོ། །སངས་
རྒྱས་དང་། ཆོས་དང་། དགེ་འདུན་དང་། མདོ་སྡེ་དང་། འདུལ་བ་དང་། མ་ལྟ་བུ་དང་། མཁན་པོ་དང་། སློབ་དཔོན་རྣམས་དང་། བདག་ལ་ཁྱིམ་པར་ཟུང་ཤིག །དགེ་ཚུལ་དང་། མ་ནིང་དང་། ཟ་མ་དང་། དགེ་སློང་མ་སུན་ཕྱུང་བ་དང་།
ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བགྱིས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། སོ་སོར་གནས་པ་དང་།
མི་གནས་པར་ཟུང་ཤིག་ཅེས་ཟེར་རམ། ཆུང་ངུ་ནི་འདི་སྐད་དུ་ཁྱོད་ཅག་དང་ཆོས་མཚུངས་པ་དང་། ཚངས་པ་མཚུངས་པར་སྤྱད་པས་ཆོག་གོ་ཞེས་སྨྲས་ན་ཡང་བསླབ་པ་ཕུལ་བ་ཞེས་བྱ་སྟེ། གང་དེ་ལྟར་ཆགས་ཤིང་མི་དགའ་འམ་འབབ་པར་འདོད་ཀྱང་རུང་སྟེ།
དེས་ངག་དང་། ཚིག་དང་། བརྗོད་པ་དང་། སྐད་དང་། དབྱངས་དང་། ངེས་པའི་ཚིག་དང་། ངག་གི་ལམ་དང་། ངག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་དམིགས་པས་བརྗོད་པ་འདི་ནི་བསླབ་པ་ཕུལ་བ་ཞེས་བྱའོ། །ཚུལ་ཁྲིམས་ཉམས་པར་བརྗོད་པ་གང་ཞེ་ན།
འདི་ལྟ་སྟེ་དགེ་སློང་དེ་ཆགས་པར་གྱུར་པ་ནས། འགྱོད་པའི་བར་དུ་སྔ་མ་བཞིན་ཏེ། དེ་དགེ་སློང་གི་དྲུང་དུ་སོང་ནས་འདི་སྐད་ཅེས་ཚངས་པར་སྤྱོད་པ་ནི་སྤྱད་དཀའོ། །རབ་ཏུ་དབེན་པ་ནི་ཤིན་ཏུ་དཀའོ། །གཅིག་པུ་མངོན་པར་དགའ་བའང་དཀའོ། །ནགས་དང་ཚལ་ན་

གནས་པ་དང་། བས་མཐར་གནས་ཤིང་མངོན་དུ་ཆུད་པ་ཡང་དཀའོ། །ནམ་འཚོའི་བར་དུ་བདག་གཅིག་པུ་དགོན་པ་ན་གནས་ཤིང་གཅན་གཟན་ཁྲོ་བོ་དང་། ལྷན་ཅིག་ཏུ་གནས་པར་བྱ་བ་དང་། རྩྭ་བཏིང་བའམ་ལོ་མ་བཏིང་བ་ལ་མལ་སྟན་དུ་སྦྱར་བའང་དཀའོ། །ནམ་
འཚོའི་བར་དུ་བདག་དང་གཞན་ལ་འཚོ་བ་ལྟོས་པའང་དཀའ། ནམ་འཚོའི་བར་དུ་གོས་དང་། ཟས་དང་། མལ་སྟན་དང་། ན་བའི་རྐྱེན་གྱི་སྨན་དང་ཡོ་བྱད་རྣམས་གཞན་ལས་བཙལ་བར་བྱ་བའང་སྡུག་བསྔལ་ལོ། །མ་དྲན་ནོ། །ཕ་དང་། ཕུ་ནུ་དང་། སྲིང་མོ་རྣམས་
ཀྱང་དྲན་ནོ་ཞེས་ཟེར་བ་དང་། བདག་ནི་བཟོ་སློབ་ཏུ་ཆུག་ཤིག །ལས་རྣམས་ལ་ཆུག་ཤིག །རིགས་པའི་ཕྱོགས་སུ་བདག་ཞོག་ཤིག །དགེ་བའི་རིགས་ལ་བདག་ཆོར་ཅིག །གང་དེ་ལྟར་ཆགས་པ་ནས་སྔ་མ་བཞིན་དུ་ངག་གིས་བརྗོད་པའི་བར་དུ་སྟེ། འདི་ནི་
བསླབ་པ་ཉམས་པར་བརྗོད་པ་ཞེས་བྱའོ། །བསླབ་པ་ཕུལ་བ་དང་། བསླབ་པ་ཉམས་པར་བརྗོད་པ་ལ་ཁྱད་པར་ཅི་མཆིས། ཡི་གེ་ལ་ཡང་ཁྱད་པར་མེད། སྡོམ་པ་སྤོང་བ་ལ་ཡང་ཁྱད་པར་མེད་དེ། གཅིག་གིས་ཀྱང་སྡོམ་པ་བཏང་བར་གྱུར། གཉིས་ཀྱིས་ཀྱང་དེ་བཞིན་
ནོ། །རྩོད་པ་གང་ཞེ་ན། རྩོད་པ་རྣམ་པ་བཞི་སྟེ། འཁྲུག་པས་རྩོད་པ་དང་། ལུང་མི་བསྒོ་བའི་རྩོད་པ་དང་། ཉེས་པས་རྩོད་པ་དང་། བྱ་བའི་རྩོད་པ་སྟེ། འདི་ནི་རྩོད་པ་ཞེས་བྱའོ། །ཅིའི་ཕྱིར་རྩོད་པ་ཞེས་བགྱི། དེ་དག་གི་མཐུས་འཐབ་པ་འབྱུང་སྟེ། དེའི་ཕྱིར་རྩོད་པ་ཞེས་
བྱའོ། །རྩོད་པར་བསྡུ་བ་གང་ཞེ་ན། རྒྱུ་གང་དང་རྐྱེན་གང་གིས་རྒྱུའི་དབང་དུ་བྱས་ཏེ་རྩོད་པ་བྱུང་བ་དེ་ནི་རྩོད་པ་སྡུད་པ་ཞེས་བྱའོ། །རྩོད་པ་ཞི་བ་གང་ཞེ་ན། རྩོད་པ་ཞི་བའི་ཆོས་བདུན་ཏེ། མངོན་སུམ་གྱིས་འདུལ་བ་དང་། དྲན་པས་འདུལ་བ་དང་། མི་གཡེངས་པས་འདུལ་བ་དང་།
དེའི་རང་བཞིན་རྩོད་པ་དང་། གང་མང་དུ་བྱ་བ་དང་། ཡི་དམ་འཆར་གཞུག་པ་དང་། རྩྭ་བཏིང་བ་ལྟ་བུ་དེ་ནི་རྩོད་པ་ཞི་བར་བྱེད་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ན་རྩོད་པ་ཞི་བ་ཞེས་བགྱི། རྩོད་པ་བཞི་པོ་དེ་དག་ནི་ཆོས་བདུན་གྱིས་འདུལ་བར་འགྱུར་བ་དང་། ཞི་བ་དང་། རྣམ་

པར་ཞི་བ་དང་། འདུལ་བ་དང་། སྤོང་བ་དང་། འགོག་པའི་ཕྱིར་ཏེ། དེ་ལྟར་ན་རྩོད་པ་ཞི་བའི་ཆོས་ཞེས་བྱའོ། །རྩོད་པ་རབ་ཏུ་མ་ཞི་བ་གང་ཞེ་ན། ཆོས་ལྔ་དང་ལྡན་ན་རྩོད་པ་ལེགས་པར་ཞི་བར་མི་འགྱུར་ཏེ། ལྔ་གང་ཞེ་ན། དགེ་འདུན་
ལ་མ་གསོལ་བ་ཡིན། རྒྱལ་བའི་གསུང་དང་མི་མཐུན་པ་ཡིན། ཕྱོགས་དང་མཐུན་པའི་ཕྱོགས་ཀྱིས་དགེ་སློང་རྣམས་ལ་མ་བསྒོ་བ་ཡིན། ཆོས་མཐུན་པར་རྒོལ་བ་དང་། ལན་ལོན་པའི་དགེ་སློང་རྣམས་གུས་པར་མ་བཟློག་པ་ཡིན། ཉེས་པ་བྱུང་བའི་དགེ་སློང་
གིས་ཉེས་པ་མ་སྦྱངས་པའང་ཡིན་ཏེ། ཆོས་འདི་ལྔ་དང་ལྡན་ན་རྩོད་པ་ལེགས་པར་ཞི་བ་མ་ཡིན་ནོ། །ཆོས་ལྔ་དང་ལྡན་ན་རྩོད་པ་ལེགས་པར་ཞི་བ་ཡིན་ཏེ། ལྔ་གང་ཞེ་ན། དགེ་འདུན་ལ་གསོལ་བ་བྱས་པ་ཡིན། རྒྱལ་བའི་གསུང་དང་མཐུན་པ་ཡིན། ཕྱོགས་དང་
ཕྱོགས་མི་མཐུན་པའི་དགེ་སློང་རྣམས་ལ་བསྒོ་བ་ཡིན། ཆོས་མཐུན་པར་རྒོལ་བ་དང་ལན་ལྡོན་པའི་དགེ་སློང་རྣམས་གུས་པར་བཟློག་པ་ཡིན། ཉེས་པ་བྱུང་བའི་དགེ་སློང་གི་ལྟུང་བ་སྦྱངས་པ་ཡིན་ཏེ། ཆོས་དེ་ལྔ་དང་ལྡན་ན་རྩོད་པ་ལེགས་པར་ཞི་བ་ཡིན་ཏེ་དེ་ནི་རྩོད་པ་རབ་ཏུ་ཞི་བ་
ཞེས་བྱའོ། །ཀློག་པ་གང་ཞེ་ན། གང་བཞི་པའམ་བཅུ་གསུམ་པའང་སྟེ། རྒྱས་པར་ཀློག་པ་དེ་ནི་ཀློག་པའོ་ཞེས་བྱའོ། །མི་ཀློག་པ་གང་ཞེ་ན། གནས་གང་ན་སོ་སོར་ཐར་པའི་མདོ་ཀློག་པའི་དགེ་སློང་གིས་སོ་སོར་ཐར་པའི་མདོ་མི་ཀློག་ན་དེའི་རྗེས་ནས་ཀློག་པ་གཞན་གྱིས་
ཀློག་པར་བྱའོ། །དེས་ཀྱང་མ་བཀླགས་ལ་མི་སྤོབས་ན། དེའི་ཡང་རྗེས་ནས་ཟློས་པ་གཞན་གྱིས་ལྷོགས་ཤིག །དེས་ཀྱང་མི་ནུས་ལ་མ་སྤོབས་ཏེ། དེ་བཞིན་དུ་རྗེས་ནས་ཟློས་པའི་མཐར་ཕྱིན་གྱི་བར་དུ་གང་གིས་ཀྱང་སྤོབས་པ་མེད་ན་དེ་མ་བཀླགས་པ་ཞེས་བྱའོ། །བྱིན་གྱིས་
བརླབ་པ་གང་ཞེ་ན། དགེ་སློང་གང་གནས་ན་གཅིག་པུ་འདུག་ན་དེས་བཅོ་ལྔའི་གསོ་སྦྱིན་དེ་ཉིད་དུ་སྔར་ལངས་ཏེ་མཆོད་རྟེན་དང་ཁང་པར་ཕྱག་དར་བྱ། ཁྱམས་ཀྱང་ཕྱག་དར་བྱ། གསོ་སྦྱིན་གྱི་གནས་ཀྱང་ཕྱག་དར་བྱས་ལ་ཤིན་ཏུ་གསར་པའི་བ་ལང་གི་ལྕི་བས་འཇམ་

པོར་བྱུགས་ཏེ། དུས་སུ་རིམ་བཞིན་དུ་སྟན་རྣམས་བཏིང་ལ། ཆུ་གཙང་མའི་རིལ་བ་རྣམས་དང་། བཤང་སའི་རིལ་བའང་ཆུས་དགང་བར་བྱ། མེ་ཡང་ཉེ་བར་གཞག་པར་བྱ། མེ་མར་དང་། མེ་མར་གྱི་ཀོང་བུ་དང་། མེ་མར་གྱི་སྡོང་བུ་དང་། ལག་གི་
ཚུལ་ཤིང་ཡང་ཉེ་བར་གཞག་པར་བྱ་སྟེ། གལ་ཏེ་གསོ་སྦྱིན་མ་བྱས་པའི་དགེ་སློང་དག་འོངས་ན་དེ་དང་ལྷན་ཅིག་ཏུ་གསོ་སྦྱིན་བྱ་ཞིང་སོ་སོར་ཐར་པའི་མདོ་བཀླགས་པའང་བསྒྲག་པར་བྱའོ། །གལ་ཏེ་མ་འོངས་ནས་ཕྱོགས་མཐོ་བ་དེར་འཛེགས་ཏེ། དེར་འགྲེངས་
ནས་ཕྱོགས་བཞི་ཀུན་ཏུ་བལྟས་ལ་དེ་སྟེ་འགའ་ཞིག་འོངས་ན། དེས་ཚེ་དང་ལྡན་པ་མྱུར་དུ་ཤོག་ཤིག །གསོ་སྦྱིན་བྱའོ་ཞེས་བོད་དེ། དེ་སྟེ་སུའང་མི་འོང་ན་དེས་དེ་ནས་བབས་ཏེ་དུས་ཀྱི་མཐར་གྱུར་གྱི་བར་དུ་སྡོད་ལ་འདུག་སྟེ། རྐྱང་པ་གསུམ་པ་བརྗོད་པར་བྱ། སྦྱིན་པའི་
ཡོན་ཏན་བཀླག་པར་བྱ་སེམས་བསྐྱེད་པར་བྱ། ཁ་ནས་ཀྱང་དེང་ནི་དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་ཡང་དེང་བཅོ་ལྔའི་གསོ་སྦྱིན་ཏེ། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གིས་ལྷ་རྣམས་ཀྱིས་ཀྱང་བདག་དགེ་སློང་མིང་འདི་
ཞེས་བགྱི་བ་ཡོངས་སུ་དག་པར་ཟུང་ཤིག །འདིར་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་བསྐང་བའི་ཕྱིར་གསོ་སྦྱིན་བྱིན་གྱིས་བརླབ་པར་བྱ་སྟེ། ནམ་དགེ་འདུན་མཐུན་པར་ཚོགས་པ་དེ་ནི་གསོ་སྦྱིན་རྒྱས་པར་མྱོང་བ་དང་སོ་སོར་ཐར་པའི་མདོ་ཡང་མྱང་བར་བྱའོ་ཞེས་དེ་ལྟར་ལན་
གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །ཇི་ལྟར་དགེ་སློང་གཅིག་ལ་དེ་བཞིན་དུ་དགེ་སློང་གཉིས་སམ། གསུམ་གནས་ཀྱང་རུང་སྟེ། དེ་བཞིན་དུ་མངོན་དུ་སྦྱང་བར་བྱ། སེམས་བསྐྱེད་པར་བྱའོ། །གཅིག་ལ་གཅིག་བརྗོད་པར་བྱ། དེ་ལྟར་བྱས་ན་གསོ་སྦྱིན་བྱས་པ་ཡིན་ཏེ།
འདི་ནི་བྱིན་གྱིས་བརླབ་པ་ཞེས་བྱའོ། །སྨྱོས་པའི་སྡོམ་པ་གང་ཞེ་ན། དགེ་སློང་གང་མྱོས་པར་གྱུར་ལ་སེམས་འཁྲུགས་ཤིང་ནད་ཀྱིས་གཟིར་བ་དེ་ལ་སྨྱོས་པའི་སྡོམ་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སྦྱིན་པར་བྱ་བ་ནི་ཇི་ལྟར་ཚེ་དང་ལྡན་པ་བྱེ་མ་ཅན་བཞིན་རྒྱས་པར་སྦྱར་ཏེ།

ཇི་ལྟར་འདུལ་བ་དེ་ནི་སྨྱོས་པའི་སྡོམ་པ་ཞེས་བྱའོ། །མ་སྨྱོས་པའི་སྡོམ་པ་གང་ཞེ་ན། སྨྱོས་པའི་སྡོམ་པ་དེ་དག་མ་གཏོགས་པར་དེ་ལས་གཞན་པའི་སྡོམ་པ་དེ་ནི་མ་སྨྱོས་པའི་སྡོམ་པ་ཞེས་བྱའོ། །དད་པས་བྱིན་པ་མ་རུང་བར་བྱེད་པ་གང་ཞེ་ན། ཚུལ་
ཁྲིམས་ཉམས་པ་ལ་བྱིན་ན་དད་པས་བྱིན་པ་མ་རུང་བ་ཞེས་བྱའོ། །ཡང་དག་པར་བྱིན་པ་ལ་ཞུགས་པ་ལས་ལོག་པར་ཞུགས་པ་ལ་བྱིན་ན་ཁམ་གཅིག་ཀྱང་རུང་དད་པས་བྱིན་པ་མ་རུང་བར་བྱས་པ་ཞེས་བྱ་སྟེ། དེ་ན་དད་པས་བྱིན་པ་མ་རུང་བར་བྱེད་པ་ཞེས་བྱའོ། །ལས་
རྣམས་གང་ཞེ་ན། ལས་མངོན་སུམ་དུ་མ་གྱུར་ནས་བྱ་བའི་ལས་བཅུའོ། །དེ་འདི་ལྟ་སྟེ། ལྷུང་བཟེད་ཁས་ཕུབ་པ་དང་། ལྷུང་བཟེད་བཀན་པ་དང་། བསླབ་པ་ལ་སྡོམ་པ་དང་། བསླབ་པའི་སྡོམ་པ་བཀྲོལ་བ་དང་། གཙུག་ལག་ཁང་གི་སྡོམ་པ་དང་། དགེ་ཚུལ་གྱི་
སྡོམ་པ་དང་། སྨྱོན་པའི་སྡོམ་པ་དང་། མི་སྨྲ་བའི་སྡོམ་པ་དང་། ཕྱག་མི་བྱ་བར་རིགས་པའི་སྡོམ་པ་དང་། སྤྱོད་པ་མི་གཅིག་པའི་སྡོམ་པ་སྟེ། འདི་དག་ནི་ལས་རྣམས་ཞེས་བྱའོ། །ལས་མ་ཡིན་པ་གང་ཞེ་ན། བཞི་འདུས་ཏེ་ལས་སུ་བྱ་བ་ལ་བཞི་མ་འདུས་པར་བྱེད་ན་དེ་ལས་མ་
ཡིན་ཏེ། དེ་ལྟར་ནི་མི་བྱའོ། །ཁྱིམ་པས་བཞིར་བསྐངས་ཏེ་བྱིན་ན་ལས་མ་ཡིན་ཏེ། དེ་ལྟར་ཡང་མི་བྱའོ། །དགེ་ཚུལ་ཕ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་།
དགེ་འདུན་ཕྱེ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། སྔར་ཉམས་པ་དང་། སྔར་འཁྲུགས་པ་དང་། རྒྱུད་གཞན་དུ་གནས་པ་དང་། མི་གནས་
པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བྱ་བ་དང་། བསླབ་པ་བྱིན་པ་དང་། ཆད་པ་བྱེད་པ་དང་། ཆད་པ་མ་བྱས་པ་དང་། ཡིད་མགུ་བར་མ་བྱས་པ་དང་། ཡིད་མགུ་བར་མི་བྱེད་པ་དང་། བསླབ་པ་བྱིན་པ་རྣམས་ཀྱིས་བྱེད་པ་ནི་ལས་མ་ཡིན་ཏེ།

དེ་ལྟར་ཡང་མི་བྱའོ། །ཇི་ལྟར་བཞི་འདུས་ནས་ལས་སུ་བྱ་བ་དེ་བཞིན་དུ་ལྔ་འདུས་ནས་བྱ་བ་དང་། བཅུ་འདུས་ནས་བྱ་བ་དང་། ཉི་ཤུ་འདུས་ནས་ལས་སུ་བྱ་བ་ནི་རྒྱས་པར་སྦྱར་ཏེ། འདི་ནི་ལས་མ་ཡིན་པ་རྣམས་ཞེས་བྱའོ། །འདུལ་བ་ཞེས་བྱ་བ་གང་
ཞེ་ན། འདི་ལྟར་འདུལ་བ་ལས་བྱུང་བ་བཞིན་ཏེ། འདུལ་བ་རྒྱས་པར་བྱ་བ་དེ་ནི་འདུལ་བ་ཞེས་བྱའོ། །ལྟ་བ་བརྗོད་པ་གང་ཞེ་ན། ལྟ་བ་བརྗོད་པ་ཆོས་བཞིན་མ་ཡིན་པ་ལྔ་དང་། ཆོས་བཞིན་པ་ལྔའོ། །ལྟ་བ་བརྗོད་པ་ཆོས་བཞིན་མ་ཡིན་པ་གང་ཞེ་ན། མི་གནས་
པའི་དྲུང་དུ་ལྟ་བ་བརྗོད་པ་དང་། སོ་སོར་གནས་པའི་དྲུང་དུ་ལྟ་བ་བརྗོད་པ་དང་། ཉེ་བར་ཕྱོགས་པའི་དྲུང་དུ་ལྟ་བ་བརྗོད་པ་དང་། བསྙེན་པར་མ་རྫོགས་པའི་དྲུང་དུ་ལྟ་བ་བརྗོད་པ་དང་། ལྷག་མ་མ་ལུས་པའི་དྲུང་དུ་ལྟ་བ་བརྗོད་པ་དེ་ནི་ཆོས་བཞིན་མ་ཡིན་པར་ལྟ་བ་
བརྗོད་པ་ལྔའོ། །ཆོས་བཞིན་དུ་ལྟ་བ་བརྗོད་པ་ལྔ་པོ་གང་ཞེ་ན། མི་གནས་པའི་དྲུང་དུ་ལྟ་བ་མ་བརྗོད་པ་དང་། སོ་སོར་གནས་པའི་དྲུང་དུ་ལྟ་བ་མ་བརྗོད་པ་དང་། ཉེ་བར་ཕྱོགས་པའི་དྲུང་དུ་ལྟ་བ་མ་བརྗོད་པ་དང་། བསྙེན་པར་མ་རྫོགས་པའི་དྲུང་དུ་ལྟ་བ་མ་བརྗོད་པ་
དང་། དངོས་པོའི་ལྷག་མ་མ་ལུས་པའི་དྲུང་དུ་ལྟ་བ་མ་བརྗོད་པ་འདི་ནི་ཆོས་བཞིན་དུ་ལྟ་བ་བརྗོད་པ་དང་ལྔའོ། །གསོལ་བ་གང་ཞེ་ན། གསོལ་བ་ཞེས་བྱ་བ་ནི་གོ་བར་བྱ་བའི་ཚིག་གི་ལས་ཏེ། ཇི་ལྟར་བྱེད་པའི་ཚེ་གོ་བར་བྱ་བ་ཡིན། ཇི་ལྟར་གང་ལ་དེའི་དོན་ཚིག་གིས་
བརྗོད་པ་ནི་གསོལ་བ་ཞེས་བྱའོ། །གསོལ་བའི་ལས་གང་ཞེ་ན། གསོལ་བ་དང་ལས་ཀྱིས་དགེ་འདུན་ལ་བསྒོ་བ་སྟེ། ཇི་ལྟར་སྐབས་དབྱེ་བ་དང་། དབྱུང་བ་དང་། ལྷུང་བཟེད་བྲིམ་པ་དང་། རྩྭ་བཏིང་བའམ། གཞན་ཡང་གསོལ་བའི་ལས་ཀྱིས་བྱ་བ་དེ་ལྟ་བུ་
ཐམས་ཅད་ནི་གསོལ་བའི་ལས་སུ་བལྟ་སྟེ། དེ་ནི་གསོལ་བའི་ལས་ཞེས་བྱའོ། །གསོལ་བ་དང་གཉིས་ཀྱི་ལས་གང་ཞེ་ན། གསོལ་བ་བྱས་ན་རྗེས་སུ་བསྒྲགས་པ་གཅིག་པུ་བྱེད་པ་ནི་གསོལ་བ་དང་གཉིས་པ་ཡིན་ཏེ། འདི་ནི་གསོལ་བ་དང་གཉིས་ཀྱི་ལས་ཞེས་བྱའོ། །

གསོལ་བ་དང་བཞིའི་ལས་གང་ཞེ་ན། གསོལ་བ་བྱས་ལ་རྗེས་སུ་བསྒྲགས་པ་གསུམ་བརྗོད་པ་དེ་ནི་གསོལ་བ་དང་བཞི་པ་ཡིན་ཏེ། དེ་ནི་གསོལ་བ་དང་བཞིའི་ལས་ཞེས་བྱའོ། །གསོལ་བར་བྱ་བའི་ལས་ལ་གསོལ་བ་མ་བྱས་པར་བྱེད་ན་ཉེས་པའོ། །གསོལ་བ་མ་བྱས་
པར་རྗེས་སུ་བསྒྲགས་པ་བྱེད་ན་ཉེས་པའོ། །གསོལ་བ་དང་གཉིས་ཀྱི་ལས་ལ་གསོལ་བ་མ་བྱས་པར་རྗེས་སུ་བསྒྲགས་པ་བྱེད་ན་ཉེས་པའོ། །གསོལ་བ་བྱས་ལ་རྗེས་སུ་མ་བསྒྲགས་ན་ཉེས་བྱས་སོ། །རྗེས་སུ་བསྒྲགས་པ་བྱས་ལ་གསོལ་བ་མ་བྱས་ནའང་ཉེས་པའོ། །གསོལ་བ་དང་བཞིའི་
ལས་ལ་གསོལ་བ་མ་བྱས་པར་རྗེས་སུ་བསྒྲགས་པ་བྱས་ན་ཉེས་པའོ། །གསོལ་བ་བྱས་ལ་རྗེས་སུ་བསྒྲགས་པ་མ་བྱས་ན་ཉེས་པའོ། །རྗེས་སུ་བསྒྲགས་པར་བྱས་ལ་གསོལ་བ་མ་བྱས་ན་ཉེས་པའོ། །གསོལ་བའི་ལས་ལ་གསོལ་བ་བྱས་ན་ཉེས་པ་མེད་དོ། །གསོལ་བ་བྱས་ལ་རྗེས་
སུ་བསྒྲགས་པ་བྱས་ན་ཉེས་པ་མེད་དོ། །གསོལ་བ་དང་གཉིས་ཀྱི་ལས་ལ་གསོལ་བ་བྱས་ན་རྗེས་སུ་བསྒྲགས་པ་གཅིག་བྱས་ན་ཉེས་པ་མེད་དོ། །གསོལ་བ་བྱས་ནས་རྗེས་སུ་བསྒྲགས་པ་མང་པོ་བྱས་ན་ཉེས་པ་མེད་དོ། །གསོལ་བ་དང་བཞིའི་ལས་ལ་གསོལ་བ་བྱས་ནས་རྗེས་སུ་
བསྒྲགས་པ་མང་པོ་བྱེད་ན་ཉེས་པ་མེད་དོ། །དེ་དག་དེ་ལྟ་བུའི་ཚུལ་དུ་སྦྱར་རོ། །དེ་ལྟར་ལས་མང་པོ་བྱས་ཀྱང་ཉེས་པ་མེད་དོ། །ཕྱུང་བར་བྱས་པ་ཞེས་བྱའོ། །དེ་སྟེ་གསོལ་བ་བྱས་ནས་རྗེས་སུ་བསྒྲགས་པ་སྒྲོགས་པའི་ཚེ་དགེ་འདུན་དག་རྣམ་གྲངས་གཞན་ཞིག་གི་ཕྱིར་སྟན་ལས་ལངས་ཏེ་
འདོད་ན་མ་ལངས་པ་ཕྱི་མའི་འཁོར་རྣམས་ལ་དེ་བཞིན་གསོལ་བ་བྱོས་ཤིག །དེ་སྟེ་གསོལ་བ་གཞན་དུ་བྱ་འདོད་པར་གྱུར་ན་རྗེས་སུ་བསྒྲགས་པ་ཉེས་པ་མེད་པར་བྱོས་ཤིག །ཚིག་གིས་ཀྱང་དགེ་འདུན་ལ་བཙུན་པ་རྣམས་གསོལ་བ་སླར་བགྱིད་དོ། །རྗེས་སུ་བསྒྲགས་པ་ཡང་བགྱིད་
དོ་ཞེས་གསོལ་བ་བྱོས་ཤིག །དེ་སྟེ་དེས་གསོལ་བ་རྫོགས་པར་མ་གྱུར་ན་སུ་ལ་བསྡིགས་པའི་ལས་བགྱི། དགེ་སློང་དག་ཐབ་མོ་བྱེད་པ་དང་རྩེད་མོ་བྱེད་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་མི་བསྐྱོ་མི་གཞག་པར་རིགས་པས་བྱ་སྟེ། འདི་ནི་བསྡིགས་པའི་ལས་ཞེས་བྱའོ། །སྨད་པའི་ལས་གང་

ཞེ་ན། དགེ་སློང་གང་ལྟུང་བ་ཕྱི་ཕྱིར་བྱུང་བར་གྱུར་པ་དེ་ལ་སྨད་པའི་ལས་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང་། གཞག་པ་མེད་པར་བྱས་ཏེ། འདི་ནི་སྨད་པའི་ལས་ཞེས་བྱའོ། །བསྐྲད་པའི་ལས་གང་ཞེ་ན། དགེ་སློང་གང་རིགས་སུན་པར་གྱུར་པ་དེ་ལ་བསྐྲད་
པའི་ལས་གསོལ་བ་དང་བཞིའི་ལས་བསྐྱོ་བ་མེད་པ་དང་། གཞག་པ་མེད་པར་བྱ་སྟེ། དེ་ནི་བསྐྲད་པའི་ལས་ཞེས་བྱའོ། །སླར་བསྡུམ་པའི་ལས་གང་ཞེ་ན། དགེ་སློང་གང་ཁྱིམ་པ་ལ་སྨོད་པར་གྱུར་པ་དེ་ལ་བསྡུམ་པའི་ལས་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང་
གཞག་པ་མེད་པར་བྱ་སྟེ། འདི་ནི་བསྡུམ་པའི་ལས་ཞེས་བྱའོ། །མ་མཐོང་བའི་ཕྱིར་སྤང་བའི་ལས་གང་ཞེ་ན། དགེ་སློང་གང་ལྟུང་བ་བྱུང་བ་ལས་ལྟུང་བ་བྱུང་བ་མ་མཐོང་ངོ་ཞེས་ཟེར་བ་དེ་ལ་མ་མཐོང་བའི་ཕྱིར་སྤང་བའི་ལས་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང་།
གཞག་པ་མེད་པར་བྱས་ཏེ། དེ་ནི་མ་མཐོང་བའི་ཕྱིར་སྤང་བའི་ལས་ཞེས་བྱའོ། །སླར་ལས་མི་བྱེད་པའི་ཕྱིར་སྤང་བའི་ལས་གང་ཞེ་ན། གང་ལྟུང་བ་བྱུང་བ་ལས་ཆོས་བཞིན་དུ་སླར་ལས་མི་བྱེད་པ་སྤང་བའི་ཕྱིར་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང་། གཞག་པ་མེད་པར་
བྱ་བ་དེ་ནི་སླར་ལས་མི་བྱེད་པའི་ཕྱིར་སྤང་བའི་ལས་ཞེས་བྱའོ། །སྡིག་པར་ལྟ་བ་སླར་མ་བཏང་བའི་ཕྱིར་སྤང་བའི་ལས་གང་ཞེ་ན། དགེ་སློང་གང་སྡིག་པར་ལྟ་བ་བྱུང་བར་གྱུར་པ་བཟུང་ནས་རབ་ཏུ་འཛིན་པ་སྤྱོད་དེ་སླར་མི་གཏོང་བ་དེ་ལ་སྡིག་པར་ལྟ་བ་དེ་སླར་མ་བཏང་བའི་ཕྱིར་སྤང་བའི་
ལས་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང་། གཞག་པ་མེད་པར་བྱེད་པ་དེ་ནི་སྡིག་པར་ལྟ་བ་སླར་མ་བཏང་བའི་ཕྱིར་སྤང་བའི་ལས་ཞེས་བྱའོ། །ཆད་པས་གཅད་པ་གང་ཞེ་ན། མུ་སྟེགས་ཅན་གང་གཞན་ཞིག་ཐོག་མ་མུ་སྟེགས་ཅན་ལས་དགེ་བར་གསུངས་པའི་ཆོས་
འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་གི་དངོས་པོར་འདོད་པ་དེ་ལ་མཁན་པོས་སྔར་གོས་སྦྱོར་ཞིང་ཟླ་བ་བཞིའི་བར་དུ་ཆད་པས་བཅད་ལ། གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང་གཞག་པ་མེད་པར་བྱའོ། །ཆད་པས་གཅད་པ་ཡང་འདི་བྱ་

སྟེ། དགེ་སློང་གང་དངོས་པོ་བཅུ་གསུམ་ལས་གང་ཡང་རུང་དངོས་པོ་གཅིག་བྱས་ཏེ། བཅབས་ན། དེས་ཇི་སྲིད་དུ་བཅབས་པར་ཤེས་པ་དེ་སྲིད་དུ་མ་དད་བཞིན་ཆད་པས་གཅད་པ་དེ་ལ་ཡང་ཆད་པས་གཅད་པ་ཡང་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང་།
གཞག་པ་མེད་པར་སྦྱིན་པར་བྱ་བ་ནི་ཆད་པས་གཅད་པ་ཞེས་བྱའོ། །གཞི་ནས་བསླང་བས་གཅད་པ་གང་ཞེ་ན། དགེ་སློང་གང་ཆད་པ་བྱེད་དེ། ཆད་པ་བྱེད་བཞིན་པའི་སྐབས་སུ་ཉེས་པ་དེས་གཞི་ནས་བསླང་བའི་ལས་བྱ་བར་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་ཡང་། གཞག་པ་
མེད་པར་གཅད་པས་དགེ་སློང་དེས་སླར་ཡང་ཆད་པ་བྱ་སྟེ། སྔ་མ་མ་བྱས་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་ཆད་པ་བྱས་ཀྱང་རུང་། མ་བྱས་ཀྱང་རུང་ལས་དེ་ཉིད་གཞི་ནས་ཟློས་སུ་གཞུག་པ་ཡོད་དེ། དེ་ནི་གཞི་ནས་ཟློས་པས་གཅད་པ་ཞེས་བྱའོ། །ཡིད་མགུ་བར་བྱེད་པས་གཅད་པ་
གང་ཞེ་ན། དགེ་སློང་གང་དགེ་འདུན་གྱི་ལྷག་མའི་ཆོས་བཅུ་གསུམ་ལས་གང་ཡང་རུང་བྱས་པ་ལས་མ་བཅབས་སམ། ཆད་པ་བྱས་པར་གྱུར་ཀྱང་རུང་དེ་ལ་ཞག་དྲུག་ཏུ་ཡིད་མགུ་བར་བྱེད་པ་གསོལ་བ་དང་། བཞིའི་ལས་ཀྱིས་བསྐྱོ་བ་མེད་ཅིང་། གནས་པ་མེད་པས་གཅད་པ་སྟེ། དགེ་
སློང་དེས་ཀྱང་དགེ་སློང་ཐམས་ཅད་ལ་ཡིད་མགུ་བར་བྱེད་པ་དེ་ནི་ཡིད་མགུ་བས་གཅད་པ་ཞེས་བྱའོ། །དབྱུང་བ་གང་ཞེ་ན། དགེ་སློང་གང་ཆད་པ་ཁོར་ནས་ཞག་དྲུག་ཏུ་ཡིད་མགུ་བ་བྱ་བའང་སྤྱད་པར་གྱུར་ན། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་ཅིང་གཞག་པ་མེད་པར་བྱ་སྟེ།
དེ་ནི་དབྱུང་བ་ཞེས་བྱའོ། །ཅིའི་ཕྱིར་ན། དབྱུང་བ་ཞེས་བྱ་ཞེ་ན། མི་དགེ་བའི་གནས་ནས་ཕྱུང་སྟེ། དགེ་བའི་གནས་སུ་རབ་ཏུ་བཞག་པ་སྟེ། དེ་ལྟ་བུའི་ཕྱིར་ན་དབྱུང་བ་ཞེས་བྱའོ། །དྲི་ཞེས་བྱ་བ་ནི་ཆོས་རྣམས་ལའོ། །ཆད་པ་བགྱིད་པ་ལ་ཡོན་ཏན་ཅི་མཆིས། ཅིའི་སླད་དུ་གཞི་ནས་
བཟླས་པར་བགྱི། ཡིད་མགུ་བར་བགྱི་བ་ལ་ཡོན་ཏན་ཅི་མཆིས། ཅིའི་སླད་དུ་ན་དབྱུང་། ཆོས་རྣམས་བཅབས་པ་ལ་ཆད་པ་བྱེད་པ་ནི་ཡོན་ཏན་ནོ། །ཆད་པ་བྱས་པ་ལ་ཡིད་མགུ་བར་བྱེད་པ་ནི་ཡོན་ཏན་ནོ། །ཅིའི་ཕྱིར་ན་གཞི་ནས་བཟླས་ཞེས་བྱ་བ་ནི་ནན་ཏུར་དུ་བྱ་བའི་ཕྱིར་གཞི་ནས་

ཟློས་པའོ། །ཡིད་མགུ་བར་བྱ་བའི་ཕྱིར་ཡོན་ཏན་ནི་དབྱུང་བར་བྱ་བའོ། །ཅིའི་ཕྱིར་ན་དབྱུང་ཞེས་བྱ་ཞེ་ན། དབྱུང་བ་ནི་རྣམ་པར་དག་པའི་ཕྱིར་རོ། །ཅིའི་སླད་དུ་ན་ཆད་པ་བགྱིས་པས་ཡིད་མགུ་བ་བྱ་བའི་ཡོན་ཏན་དུ་འགྱུར། ཆད་པ་བྱས་པའི་དགེ་སློང་ཚེགས་མི་ཆེ་བར་དགེ་
སློང་རྣམས་ལ་ཡིད་མགུ་བར་བྱེད་དོ། །ཡིད་མགུ་བར་བྱས་ན་དགེ་སློང་རྣམས་དེ་ལ་ཡིད་མགུ་བར་བྱས་སོ་བར་སེམས་ཏེ། དེ་ལྟ་བུའི་ཕྱིར་ན་ཆད་པས་བྱས་པ་ནི་ཡིད་མགུ་བའི་ཡོན་ཏན་ནོ། །ཅིའི་སླད་དུ་ན་གཞི་ནས་བཟླས་པས་ནན་ཏུར་དུ་འགྱུར། གཞི་ནས་བཟླས་ན་གང་ཟག་ལ་
ནན་ཏུར་བྱས་པ་ཡིན་ཏེ། འཇིགས་པས་ཕྱིན་ཆད་དེ་ལྟ་བུ་མི་བྱེད་པ་དང་། དགེ་སློང་རྣམས་ཀྱིས་ཀྱང་ཤེས་པར་འགྱུར་ཏེ། དེ་ལྟར་ན་ཉོན་མོངས་པ་ཆེ་བ་ཚེ་དང་ལྡན་པ་ངོ་ཚ་བའི་ཕྱིར་ཕྱིས་མི་བྱེད་པར་འགྱུར་ཏེ། དེ་ལྟ་བུའི་ཕྱིར་ན་གཞི་ནས་བཟླས་པ་ནི་ནན་ཏུར་བྱས་པར་འགྱུར་རོ། །
ཅིའི་སླད་དུ་ན་ཡིད་མགུ་བས་དབྱུང་བའི་ཡོན་ཏན་དུ་འགྱུར། དགེ་སློང་ཡིད་མགུ་བ་སྤྱོད་པའི་ཚེ་ཚེགས་མི་ཆེ་བར་དགེ་སློང་རྣམས་ལ་ཡིད་མགུ་བར་བྱེད་དེ། ཡིད་མགུ་བར་བྱས་པས་དགེ་སློང་རྣམས་དེ་ལ་དབྱུང་བར་སེམས་ཏེ། ཚེ་དང་ལྡན་པ་འདི་ནི་ཕྱིན་པར་འདོད་ཀྱིས་ཚེ་དང་ལྡན་པ་
འདི་ནི་ཉོན་མོངས་པ་མི་འདོད་དོ་ཞེས་ནས་ཚེ་དང་ལྡན་པ་འདི་ནི་དགེའོ་ཞེས་སྩོལ་ཏེ། ཚེ་དང་ལྡན་པ་འདི་ནི་དབྱུང་བར་བྱའོ་ཞེས་བྱ་བའོ་ཞེས་བྱ་བའི་ཕྱིར་ཏེ། དེ་ལྟ་བུ་ན་ཡིད་མགུ་བར་བྱ་བ་ནི་དབྱུང་བའི་ཡོན་ཏན་ནོ། །ཅིའི་སླད་དུ་ན་དབྱུང་བར་བགྱི། རྣམ་པར་དག་པའི་ཕྱིར་དབྱུང་བར་བྱ་
སྟེ། ཕྱུང་ན་དགེ་སློང་དེ་རྣམ་པར་དག་པར་འགྱུར་ཞིང་ལྟུང་བ་མེད་དོ། །ཇི་ལྟར་གང་ཟག་འདི་གཉིས་ནི་རྣམ་པར་དག་པ་དང་། ཉོན་མི་མོངས་པ་ཡིན་ནོ་ཞེས་གསུངས་ཏེ། གང་ལ་ལྟུང་བ་མི་འབྱུང་བ་དང་། གང་ལ་བྱུང་ནའང་ཇི་ལྟར་ཆོས་བཞིན་སླར་བྱེད་པ་ཡིན་ཏེ། ཕྱུང་བ་ཡང་དེ་ལ་
དག་པར་འགྱུར་ཏེ། དེའི་ཕྱིར་ན་དབྱུང་བ་ཡང་རྣམ་པར་དག་པའི་ཕྱིར་རོ། །དེའི་ངོ་བོ་ཉིད་ཚོལ་བའི་ཕྱིར་སྦྱིན་པ་གང་ཞེ་ན། དགེ་སློང་གང་ཉེས་པ་ལས་བསྙོན། བསྙོན་པ་ལས་ཁས་བླངས། ཁས་བླངས་པ་ལས་ཡང་བསྙོན། ཡང་བསྙོན་པ་དེ་ལ་ནི་ངོ་བོ་ཉིད་ཚོལ་བའི་ཕྱིར་གསོལ་བ་

དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་ཅིང་གཞག་པ་མེད་པར་བྱ་སྟེ། འདི་ངོ་བོ་ཉིད་ཚོལ་བའི་ཕྱིར་ཆད་པས་གཅད་པ་ཞེས་བྱའོ། །ཉེས་པ་གང་ཞེ་ན། ཉེས་པ་སྡེ་ལྔ་པོ་ནི་ཉེས་པའི་ཕུང་པོ་ཞེས་བྱ་སྟེ། ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་།
སོ་སོར་འཆགས་པ་དང་། ཉེས་བྱས་ཏེ། གང་དེ་རྣམས་ལ་སྤྱོད་ཅིང་བྱས་པས་བསྐྱོ་བར་མི་བྱེད་པ་དེ་ནི་ཉེས་པ་ཞེས་བྱའོ། །ཉེས་པ་མེད་པ་གང་ཞེ་ན། ཉེས་པའི་རིགས་ལྔ་པོ་དེ་དག་ཉེས་པ་མེད་པས་ན་ཉེས་པ་མེད་པའི་ཕུང་པོ་ཞེས་བྱ་སྟེ། ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་
མ་དང་། ལྟུང་བ་དང་། སོ་སོར་གནས་པ་དང་། ཉེས་བྱས་དག་ལས་ཀྱང་ལས་མི་བྱེད་དེ། མ་སྤྱད་ཅིང་མ་བྱས་པས་བསྒོ་བ་འདི་ནི་ཉེས་པ་མེད་པ་ཞེས་བྱའོ། །ཉེས་པ་ལྕི་བ་གང་ཞེ་ན། གང་དབྱུང་དུ་མེད་པའོ། །ཉེས་པ་ཡང་བ་གང་ཞེ་ན། གང་དབྱུང་དུ་ཡོད་པའོ། །ལྷག་
མར་བཅས་པའི་ཉེས་པ་གང་ཞེ་ན། ཉེས་པའི་རིགས་འོག་མ་རྣམས་ཏེ། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་སོ་སོར་འཆགས་པ་དང་། ཉེས་བྱས་སོ། །ལྷག་མ་མེད་པའི་ཉེས་པ་གང་ཞེ་ན། ཉེས་པའི་རིས་དང་པོ་ལྟུང་བ་བཞི་པོའོ། །ཉེས་པ་སྦོམ་པོའི་ཉེས་པ་གང་ཞེ་ན། ཕས་
ཕམ་པའི་དང་། དགེ་འདུན་གྱི་ལྷག་མའི་འོ། །ཅིའི་ཕྱིར་ན་ཉེས་པ་སྦོམ་པའི་ཉེས་པ་ཞེས་བྱ་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ན་ཉེས་པ་སྦོམ་པོ་ཞེས་བྱ་སྟེ། ཉེས་པ་སྦོམ་པོ་བས་ན་ཉེས་པ་སྦོམ་པོ་ཞེས་བྱ་བ་དང་། རང་བཞིན་གྱིས་ཉེས་པ་སྦོམ་པོ་བས་ན་ཉེས་པ་སྦོམ་པ་སྟེ། དེ་ནི་ཉེས་པ་སྦོམ་
པོ་ཞེས་བྱའོ། །ཉེས་པ་སྦོམ་པོ་མེད་པའི་ཉེས་པ་གང་ཞེ་ན། ཉེས་པའི་རིས་ལྷག་མ་གསུམ་པོ་སྟེ། ལྟུང་བ་དང་། སླར་འཆགས་པ་དང་། ཉེས་བྱས་ཏེ། འདི་ནི་ཉེས་པ་སྦོམ་པོ་མེད་པའི་ཉེས་པ་ཞེས་བྱའོ། །ལས་དང་བཅས་པའི་ཉེས་པ་གང་ཞེ་ན། བཤགས་པར་བྱ་བ་དང་། བསྡམ་
པར་བྱའོ། །ལས་སུ་མི་བྱ་བའི་ཉེས་པ་གང་ཞེ་ན། ཉེས་པ་དང་པོ་རྣམས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་རྩ་བརྒྱད་པ། ཉེས་པ་སླར་ལས་བྱ་བ་གང་ཞེ་ན། དགེ་སློང་གང་བཞི་པོའམ། ལྔ་པའི་ཆོས་ནང་དུ་དྲན་པ་ཉེ་བར་འཇོག་ཅིང་དད་པས་ཉེས་པ་ཇི་ལྟར་

ཆོས་བཞིན་དུ་སླར་བྱེད་པ་དེ་ནི་ཉེས་པ་སླར་ལས་བྱ་བའོ། །ཉེས་པ་སླར་ལས་མི་བྱ་བ་གང་ཞེ་ན། དགེ་སློང་གང་ཆོས་བཞི་པ་ཡང་མེད། ཆོས་ལྔ་པ་ཡང་མེད་ལ་ནང་དུ་དྲན་པ་ཉེ་བར་བཞག་ཅིང་དད་པས་ཉེས་པ་ཇི་ལྟར་ཆོས་བཞིན་དུ་སླར་མི་བྱེད་པ་དེ་ནི་ཉེས་པ་སླར་ལས་མི་བྱ་བ་ཞེས་བྱའོ། །
ཉེས་པ་བསླང་བ་གང་ཞེ་ན། རྣམ་པ་གཅིག་གིས་ན་ཉེས་པ་ཐམས་ཅད་བསྡུས་པར་འགྱུར་ཏེ་དེ་ནི་སྡོམ་པའོ། །རྣམ་པ་གཅིག་གིས་ན་ཉེས་པ་ཐམས་ཅད་མ་བསྡུས་པར་གྱུར་ཏེ། དེ་ནི་སྡོམ་པ་མེད་པའོ། །དེ་ནི་ཉེས་པ་བསླང་བ་ཞེས་བྱའོ། །གླེང་བ་གང་ཞེ་ན། དེ་འདི་ལྟར་དགེ་སློང་དེ་འདི་
སྐད་དུ་ཚེ་དང་ལྡན་པ་ཁྱོད་ལ་འདི་དང་འདི་ལྟ་བུའི་ཉེས་པ་བྱུང་བ་དེ་སླར་མཐོལ་ཅིག །ཤོགས་ཤིག །ཇི་ལྟར་ཆོས་བཞིན་དུ་སླར་བྱོས་ཤིག་ཅེས་སྨྲ་བ་དེ་ནི་གླེང་བའོ། །དྲན་པར་བྱེད་པ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་དེས་དགེ་སློང་ལ་འདི་སྐད་དུ་ཚེ་དང་ལྡན་པ་འདི་དང་འདི་ལྟ་བུའི་ཉེས་པ་
བྱུང་བ་མི་དྲན་ནམ་ཞེས་སྨྲས་པ་དེ་ནི་དྲན་པར་བྱེད་པའོ། །ཚིག་དང་བཅས་པའི་ལས་གང་ཞེ་ན། གང་ཚིག་དང་བཅས་པའི་ལས་སོ། །དེ་ཡང་གང་ཞེ་ན། དེ་འདི་ལྟར་དགེ་སློང་གིས་དགེ་སློང་ལ་ཚིག་དང་བཅས་པས་ཚེ་དང་ལྡན་པ་ལ་རྨ་བ་ཞིག་ཡོད་ཀྱིས་ཁྱོད་གནས་འདི་ནས་ང་ལ་མ་སྦྲན་
གྱི་བར་དུ་མ་འགྲོ་ཤིག །ཚེ་དང་ལྡན་པ་ཁྱོད་ང་དང་ལྷན་ཅིག་ཏུ་བརྩད་པ་ཞིག་ཡོད་དོ་ཞེས་སྨྲས་པ་ནི་ཚིག་དང་བཅས་པའི་ལས་ཞེས་བྱའོ། །ཚིག་འཇེབས་པའི་ལས་གང་ཞེ་ན། ཚིག་འཇེབས་པའི་ལས་རྣམ་པ་ལྔ་སྟེ། གང་ཟག་གི་སྐབས་ཕྱེ་བ་ལ་འདི་སྐད་ཅེས་ཟེར་ཏེ། ཁྱོད་ཀྱི་
དངོས་པོ་དེ་འདི་ལྟ་བུ་ཞིག་སྨྲས་པའོ་ཞེས་ཚིག་འཇེབས་པར་བྱེད་པ་དང་། ཁྱོད་ཀྱི་དངོས་པོ་དེ་འདི་ལྟ་བུའི་གནས་དེར་སྨྲའོ་ཞེས་ཚིག་འཇེབས་པར་བྱེད་པ་དང་། ཁྱོད་ཀྱི་དངོས་པོ་དེ་གནས་འདིར་སྨྲའོ་ཞེས་ཚིག་འཇེབས་པར་བྱེད་པ་དང་། ཁྱོད་ཀྱི་དངོས་པོ་དང་གང་དུ་དགའ་བ་དེར་སྨྲའོ། །
ཞེས་ཚིག་འཇེབས་པར་བྱེད་པ་དང་། མི་སྨོས་པར་བྱེད། དེ་ལ་ཉེས་པ་སྐྱེད། ཉེས་པ་སྟོན། ཚིག་འཇེབས་པ་དང་། ཚིག་གསོབ་ཏུ་བྱས་ནས་གཏོང་བའོ། །འདི་ལྟ་སྟེ་དཔེར་ན། ཁ་ལོ་སྒྱུར་བས་གང་དེའི་རྟ་མ་རུངས་པ་འདུལ་བའི་གནས་སུ་འགྲོ་བར་མི་བཏུབ་པ་དེ་ལ་ཁ་ལོ་སྒྱུར་བ་དེ་ཉིད་ཀྱིས་

ཐག་པ་དང་བཅས། ཁ་ལྕགས་དང་བཅས་པས་གནོད་པ་དང་བཅས་ནས་བཏགས་ཏེ་བོར་བ་ལྟ་བུ་འདི་ནི་ཚིག་འཇེབས་པའི་ལས་ཞེས་བྱའོ། །ལུང་མི་བསྒོ་བ་གང་ཞེ་ན། གང་ལུང་དུ་མི་བསྒོ་བ་དེ་ནི་ཚིག་ཏུ་མི་བརྗོད་པ་སྟེ། མཐོང་བའམ་ཐོས་པའམ། དོགས་
པའི་ཕྱིར་མི་སྨྲ་བ་སྟེ། དེ་ནི་ལུང་དུ་མི་བསྒོ་བ་ཞེས་བྱའོ། །ལུང་བསྒོ་བ་ལ་འགོག་པ་གང་ཞེ་ན། གང་ལུང་དུ་མི་བསྒོ་བ་དེ་ལ་བརྩོན་པའོ། །ལུང་དུ་བསྒོ་བ་ཡོངས་སུ་རྫོགས་པར་མི་བྱ་བ་གང་ཞེ་ན། གང་དེས་ལུང་དུ་མི་བསྒོ་བ་ལ་ཕྱལ་བར་བོར་བའོ། །སྐབས་འབྱེད་པ་གང་ཞེ་ན།
སྐབས་ཕྱེ་ནས་བཟོད་པར་གླེང་བར་བྱ། དྲན་པར་བྱ་བ་འདི་ནི་སྐབས་འབྱེད་པ་ཞེས་བྱའོ། །སྐབས་དབྱེ་བའི་ལས་གང་ཞེ་ན། སྐབས་དབྱེ་བའི་ལས་ལྔ་སྟེ། འདི་སྐད་དུ་ཁྱོད་ཀྱིས་ང་ལ་སྐབས་ཕྱེ་ཤིག་དང་། ངས་ཁྱོད་ལ་སྨྲའོ། །ཁྱོད་ལ་བརྗོད་དོ། །ཁྱོད་ལ་གླེང་ངོ་། །ཁྱོད་ལ་
དྲན་པར་བྱའོ་ཞེས་ཟེར་བ་འདི་ནི་སྐབས་འབྱེད་པ་ཞེས་བྱའོ། །སྐབས་འབྱེད་པའི་ལས་དང་གསོལ་བ་གང་ཞེ་ན། སྐབས་འབྱེད་པའི་ལས་དེ་དག་གིས་གཞན་ལ་གསོལ་བའོ། །གསོ་སྦྱིན་འགོག་པ་གང་ཞེ་ན། ཆོས་བཞིན་མ་ཡིན་པ་བཅུ་ནི་གསོ་སྦྱིན་འགོག་པའོ། །ཆོས་བཞིན་པ་
ཡང་བཅུའོ། །ཆོས་བཞིན་མ་ཡིན་པས་གསོ་སྦྱིན་འགོག་པ་བཅུ་གང་ཞེ་ན། ཕས་ཕམ་པར་གྱུར་པ་མ་ཡིན། ཕས་ཕམ་པར་གཏམ་དུ་བརྗོད་པ་མ་ཡིན། བསླབ་པ་ཕུལ་བ་མ་ཡིན། བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་མ་ཡིན། དགེ་འདུན་ལ་སྨོད་པ་མ་ཡིན། དགེ་
འདུན་ལ་སྨོད་པར་གཏམ་དུ་བརྗོད་པ་མ་ཡིན། ཚུལ་ཁྲིམས་ཉམས་པ་མ་ཡིན། ལྟ་བ་ཉམས་པ་མ་ཡིན། སྤྱོད་པ་ཉམས་པ་མ་ཡིན། འཚོ་བ་ཉམས་པ་མ་ཡིན་པའོ། །ཇི་ལྟར་ན་ཕས་ཕམ་པར་གྱུར་པ་མ་ཡིན་པ་གང་ཞེ་ན། གང་གི་རྣམ་པ་དང་། གང་གི་མཚན་
མ་དང་། གང་གི་རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པ་བྱེད་པར་འགྱུར་བ་དེ་ལྟ་བུའི་རྣམ་པ་དང་། མཚན་མ་དང་། རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པའི་ཉེས་པར་མ་མཐོང་ན། དེས་དེ་ལ་གསོ་སྦྱིན་འགོག་པ་ནི་ཆོས་བཞིན་མ་ཡིན་པར་འགོག་པ་སྟེ། དེ་ལྟར་ན་ཕས་ཕམ་པའི་མ་ཡིན་

པའོ། །ཇི་ལྟར་ན་ཕས་ཕམ་པར་གཏམ་དུ་བརྗོད་པ་མ་ཡིན་པ་གང་ཞེ་ན། དེ་ལྟར་གཙུག་ལག་ཁང་གི་ནང་ངམ་ཕྱི་རོལ་དུའང་རུང་དགེ་སློང་མང་པོ་ལྷན་ཅིག་འདུས་ཤིང་འཁོད་ནས། དེ་དག་ཀྱང་དེ་ལས་བྱུང་ངམ། དེའི་རང་བཞིན་དུ་དེ་ལས་མཐུན་པའི་གཏམ་དུ་བརྗོད་པ་ཡང་མ་ཡིན་
དད་པ་ལས་ཐོས་པའང་མེད་དེ། རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་མེད་དེ། དེས་ཐོས་པ་མེད་བཞིན་དུ་གསོ་སྦྱིན་འགོག་པ་ནི་ཆོས་བཞིན་མ་ཡིན་པར་གསོ་སྦྱིན་འགོག་པ་སྟེ། དེ་ལྟ་བུ་ནི་ཕས་ཕམ་པར་གཏམ་དུ་བརྗོད་པ་མ་ཡིན་པའོ། །ཇི་ལྟར་ན་བསླབ་པ་ཕུལ་བ་
མ་ཡིན་པ་གང་ཞེ་ན། དགེ་སློང་གིས་གང་གི་རྣམ་པ་དང་། གང་གི་མཚན་མ་དང་། གང་གི་རྟགས་ཀྱིས་བསླབ་པ་ཕུལ་བར་འགྱུར་བ་དེ་ལྟ་བུའི་རྣམ་པ་དང་དེའི་མཚན་མ་དང་། དེའི་རྟགས་སུ་དགེ་སློང་གིས་མཐོང་བ་མེད་བཞིན་དུ་བསླབ་པ་ཕུལ་བ་ཡིན་ནོ་ཞེས་དེས་དེ་མ་མཐོང་བར་
གསོ་སྦྱིན་འགོག་ན་ཆོས་བཞིན་དུ་གསོ་སྦྱིན་འགོག་པ་མ་ཡིན་ཏེ། དེ་ལྟར་ན་བསླབ་པ་ཕུལ་བ་མ་ཡིན་ནོ། །ཇི་ལྟར་ན་བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར་གཙུག་ལག་ཁང་གི་ནང་ངམ་ཕྱི་རོལ་ཏུའང་རུང་། དགེ་སློང་མང་པོ་ལྷན་ཅིག་འདུས་ཤིང་འཁོད་
ནས་དེ་དག་ཀྱང་དེ་ལས་བྱུང་བའམ། དེའི་རང་བཞིན་ནམ། མཐུན་པའི་གཏམ་དུ་བརྗོད་པའང་མ་ཡིན། དད་པ་ལས་ཐོས་པའང་མེད་དེ། རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་མེད་དེ། དེས་དེ་ཐོས་པའང་མེད་དེ། དོགས་པའང་མེད་བཞིན་དུ་གསོ་སྦྱིན་འགོག་པ་ནི་
ཆོས་བཞིན་མ་ཡིན་པར་གསོ་སྦྱིན་འགོག་པ་སྟེ། དེ་ལྟ་བུ་ནི་བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་མ་ཡིན་ནོ། །ཇི་ལྟར་ན་དགེ་འདུན་ལ་སྨོད་པ་མ་ཡིན་ཞེ་ན། དགེ་སློང་གིས་གང་གི་རྣམ་པ་དང་། གང་གི་མཚན་མ་དང་། གང་གི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་བྱེད་པ་
དེ་ལྟ་བུའི་རྣམ་པ་དང་། མཚན་མ་དང་། དེའི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་བྱེད་པ་མ་མཐོང་ན་དེས་དེ་ལ་གསོ་སྦྱིན་འགོག་པ་ནི། ཆོས་བཞིན་མ་ཡིན་པར་གསོ་སྦྱིན་འགོག་པ་སྟེ། དེ་ལྟ་བུ་ནི་དགེ་འདུན་ལ་སྨོད་པ་མ་ཡིན་པ་ཞེས་བྱའོ། །ཇི་ལྟར་ན་དགེ་འདུན་ལ་སྨོད་

པར་གཏམ་དུ་བརྗོད་པ་མ་ཡིན་ཞེ་ན། འདི་ལྟ་སྟེ། དེའི་གཙུག་ལག་ཁང་གི་ནང་ངམ་ཕྱི་རོལ་དུའང་རུང་། དགེ་སློང་མང་པོ་ལྷན་ཅིག་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བའམ། དེའི་རང་བཞིན་ནམ། དེ་ལས་མཐུན་པའི་གཏམ་དུ་བརྗོད་
པའང་མེད། དད་པ་ལས་ཐོས་པའང་མེད། དེ་རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་མེད། ཐོས་པའང་མེད། དོགས་པའང་མེད་བཞིན་དུ་གསོ་སྦྱིན་འགོག་པ་ནི་ཆོས་བཞིན་མ་ཡིན་པར་གསོ་སྦྱིན་འགོག་པ་སྟེ། དེ་ལྟ་བུ་ནི་དགེ་འདུན་ལ་སྨོད་པར་གཏམ་དུ་བརྗོད་པ་
མ་ཡིན་པའོ། །ཇི་ལྟར་ན་ཚུལ་ཁྲིམས་ཉམས་པ་མ་ཡིན་པ་གང་ཞེ་ན། ཕས་ཕམ་པའི་ཆོས་བཞིའི་ནང་ནས་གང་ཡང་རུང་། ཕས་ཕམ་པའི་ཆོས་ལས་འདས་པར་མ་གྱུར་པ་སྟེ། དེ་ལྟ་བུ་ནི་ཚུལ་ཁྲིམས་ཉམས་པ་མ་ཡིན་པའོ། །ཇི་ལྟར་ན་ལྟ་བ་ཉམས་པ་མ་ཡིན་ཞེ་ན།
ལྟ་བ་དྲུག་བཅུ་རྩ་གཉིས་སུ་གཏོགས་པའི་ལྟ་བ་ལས་ལྟ་བ་གང་ལའང་རུང་། དེར་མ་གྱུར་པ་ཡིན་ཏེ། དེ་ལྟ་བུ་ནི་ལྟ་བ་མ་ཉམས་པའོ། །ཇི་ལྟར་ན་སྤྱོད་པ་མ་ཉམས་པ་ཡིན་ཞེ་ན། མི་སྤྱོད་པ་མི་སྤྱོད་ཅིང་དགེ་སློང་གི་བསླབ་པ་ལ་ཡང་སློབ་པ་སྟེ། དེ་ལྟ་བུ་ནི་སྤྱོད་པ་མ་ཉམས་
པ་ཞེས་བྱའོ། །ཇི་ལྟར་ན་འཚོ་བ་མ་ཉམས་པ་ཡིན་ཞེ་ན། འཚོ་བ་ཡོངས་སུ་དག་པ་ཡིན་ཏེ། དེ་ལྟ་བུ་ནི་འཚོ་བ་མ་ཉམས་པ་ཞེས་བྱ་སྟེ། འདི་དག་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱིན་འགོག་པ་བཅུའོ། །ཆོས་བཞིན་གྱིས་གསོ་སྦྱིན་འགོག་པ་བཅུ་གང་ཞེ་ན། ཕས་ཕམ་པར་
གྱུར་པ་དང་། ཕས་ཕམ་པ་གཏམ་དུ་བརྗོད་པར་གྱུར་པ་དང་། བསླབ་པ་ཕུལ་བར་གྱུར་པ་དང་། བསླབ་པ་ཕུལ་བར་གཏམ་དུ་བརྗོད་པར་གྱུར་པ་དང་། དགེ་འདུན་ལ་སྨོད་པར་གྱུར་པ་དང་། དགེ་འདུན་ལ་སྨོད་པ་གཏམ་དུ་བརྗོད་པར་གྱུར་པ་དང་། ཚུལ་ཁྲིམས་ཉམས་
པར་གྱུར་པ་དང་། ལྟ་བ་ཉམས་པར་གྱུར་པ་དང་། སྤྱོད་པ་ཉམས་པར་གྱུར་པ་དང་། འཚོ་བ་ཉམས་པར་གྱུར་པའོ། །ཇི་ལྟར་ན་ཕས་ཕམ་པར་གྱུར་ཅེ་ན། གང་གི་རྣམ་པ་དང་། གང་གི་མཚན་མ་དང་། གང་གི་རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པ་བྱེད་པར་གྱུར་པ་དེ་ལྟ་

བུའི་རྣམ་པ་དང་། མཚན་མ་དང་། རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པའི་ཉེས་པ་བྱེད་པར་མཐོང་ན་དེས་དེ་ལ་གསོ་སྦྱིན་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱིན་འགོག་པ་སྟེ། དེ་ལྟ་བུ་ནི་ཕས་ཕམ་པར་གྱུར་པའོ། །ཇི་ལྟར་ན་ཕས་ཕམ་པར་གཏམ་དུ་བརྗོད་པར་གྱུར་པ་གང་ཞེ་
ན། དེ་འདི་ལྟར་གཙུག་ལག་ཁང་གི་ནང་ངམ་ཕྱི་རོལ་དུའང་རུང་། དགེ་སློང་མང་པོ་དང་ལྷན་ཅིག་འདུས་ཤིང་འཁོད་ནས། དེ་དག་ཀྱང་དེ་ལས་བྱུང་བ་དང་། དེའི་རང་བཞིན་དང་། དེ་དང་མཐུན་པའི་གཏམ་དུའང་བརྗོད། དད་པ་ལས་ཐོས་པ་ཡང་ཡོད་དེ། རང་གི་རྣམ་
པར་རྟོག་པ་ལས་བྱུང་བའང་ཡིན། དེས་ཐོས་པའང་ཡིན། དོགས་པའང་ཡིན། གཞན་དུ་གསོ་སྦྱིན་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱིན་འགོག་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི་ཕས་ཕམ་པར་གཏམ་དུ་བརྗོད་པ་ཞེས་བྱའོ། །ཇི་ལྟར་ན་བསླབ་པ་ཕུལ་བ་ཡིན་ཞེ་ན། དགེ་སློང་གིས་
གང་གི་རྣམ་པ་དང་། གང་གི་མཚན་མ་དང་། གང་གི་རྟགས་ཀྱིས་བསླབ་པ་ཕུལ་བ་དེའི་རྣམ་པ་དང་། དེའི་མཚན་མ་དང་། དེའི་རྟགས་ཀྱིས་དགེ་སློང་དེ་བསླབ་པ་ཕུལ་བ་མཐོང་ན། དེས་དེ་ལ་གསོ་སྦྱིན་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱིན་འགོག་པ་སྟེ། དེ་ལྟ་བུ་ནི་བསླབ་པ་
ཕུལ་བ་ཞེས་བྱའོ། །ཇི་ལྟར་ན་བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་ཡིན་ཞེ་ན། དེ་འདི་ལྟར་གཙུག་ལག་ཁང་གི་ནང་ངམ་ཕྱི་རོལ་དུའང་རུང་། དགེ་སློང་མང་པོ་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བའམ། དེའི་རང་བཞིན་ནམ། དེ་དང་མཐུན་པའི་གཏམ་དུའང་བརྗོད། དད་
པ་ལས་ཐོས་པའང་ཡིན། རང་གི་རྣམ་པ་ལས་རྣམ་པར་རྟོག་པ་ལས་བྱུང་བའང་ཡིན་ཏེ། དེས་ཐོས་པའང་ཡིན། དོགས་པའང་ཡིན་བཞིན་དུ་གསོ་སྦྱིན་འགོག་པ་སྟེ། དེ་ལྟ་བུ་ནི་བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་ཞེས་བྱའོ། །དགེ་འདུན་ལ་སྨོད་པར་གྱུར་པ་གང་ཞེ་ན། དགེ་སློང་
གིས་གང་གི་རྣམ་པ་དང་། གང་གི་མཚན་མ་དང་། གང་གི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་གྱུར་པ་དེ་ལྟ་བུའི་རྣམ་པ་དང་། དེའི་མཚན་མ་དང་། དེའི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་བྱེད་པ་མཐོང་ན་དེས་དེ་ལ་གསོ་སྦྱིན་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱིན་

འགོག་པ་སྟེ། དེ་ལྟ་བུ་ནི་དགེ་འདུན་ལ་སྨོད་པར་གྱུར་པ་ཞེས་བྱའོ། །དགེ་འདུན་ལ་སྨོད་པར་གཏམ་དུ་བརྗོད་པར་གྱུར་པ་གང་ཞེ་ན། དེ་འདི་ལྟར་གཙུག་ལག་ཁང་གི་ནང་ངམ་ཕྱི་རོལ་དུའང་རུང་། དགེ་སློང་མང་པོ་ལྷན་ཅིག་ཏུ་འདུས་ཤིང་འཁོད་ནས་དེ་དག་
ཀྱང་དེ་ལས་བྱུང་བའམ། དེའི་རང་བཞིན་ནམ། དེ་ལས་མཐུན་པའི་ལས་སུ་བརྗོད་པའང་ཡིན། དད་པ་ལས་ཐོས་པའང་ཡིན། རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་ཡིན། དེས་ཐོས་པའང་ཡིན། དོགས་པའང་ཡིན་བཞིན་དུ་གསོ་སྦྱིན་འགོག་པ་སྟེ། དེ་ལྟ་བུ་
ནི་དགེ་འདུན་ལ་སྨོད་པར་གཏམ་དུ་བརྗོད་པར་གྱུར་པ་ཞེས་བྱའོ། །ཚུལ་ཁྲིམས་ཉམས་པར་གྱུར་པ་གང་ཞེ་ན། ཕས་ཕམ་པའི་ཆོས་བཞི་ལས་གང་ཡང་རུང་བའི་ཕས་ཕམ་པའི་ཆོས་ཞིག་བྱུང་བར་གྱུར་པ་དེ་ལྟ་བུ་ནི་ཚུལ་ཁྲིམས་ཉམས་པ་ཞེས་བྱའོ། །ལྟ་བ་ཉམས་པར་གྱུར་པ་གང་
ཞེ་ན། ལྟ་བ་དྲུག་བཅུ་རྩ་གཉིས་སུ་གཏོགས་པའི་ལྟ་བ་ལས་གང་ཡང་རུང་ལྟ་བར་གྱུར་པ་དེ་ལྟ་བུ་ནི་ལྟ་བ་ཉམས་པ་ཞེས་བྱའོ། །སྤྱོད་པ་ཉམས་པ་གང་ཞེ་ན། མི་སྤྱོད་ཅིང་དགེ་སློང་གི་བསླབ་པ་ལ་མི་སློབ་པ་དེ་ལྟ་བུ་ནི་སྤྱོད་པ་ཉམས་པ་ཞེས་བྱའོ། །འཚོ་བ་ཉམས་པ་གང་
ཞེ་ན། འཚོ་བ་ཡོངས་སུ་མ་དག་པ་ཡིན་ཏེ། དེ་ལྟ་བུ་ནི་འཚོ་བ་ཉམས་པ་ཞེས་བྱ་སྟེ། འདི་བཅུ་ནི་ཆོས་བཞིན་དུ་གསོ་སྦྱིན་འགོག་པར་བྱེད་པའོ། །སྐབས་འབྱེད་པ་འགོག་པར་བྱེད་པ་གང་ཞེ་ན། ཆོས་བཞིན་མ་ཡིན་པར་སྐབས་འབྱེད་པ་འགོག་པ་བཞི་
དང་། ཆོས་བཞིན་སྐབས་འབྱེད་པ་འགོག་པ་བཞིའོ། །ཆོས་བཞིན་མ་ཡིན་པར་སྐབས་འབྱེད་པ་ལ་འགོག་པར་བྱེད་པ་བཞི་གང་ཞེ་ན། ཚུལ་ཁྲིམས་ཉམས་པའི་རྩ་བ་མེད་བཞིན་སྐབས་འབྱེད་པ་འགོག་པ་ནི་ཆོས་བཞིན་མ་ཡིན་པར་སྐབས་འབྱེད་པ་འགོག་པའོ། །ལྟ་
བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པའི་རྩ་བ་མེད་པར་སྐབས་འབྱེད་པ་འགོག་པ་ནི་ཆོས་བཞིན་མ་ཡིན་པར་སྐབས་འབྱེད་པ་འགོག་པ་སྟེ། རྣམ་པ་དེ་བཞི་ནི་ཆོས་བཞིན་མ་ཡིན་པར་སྐབས་འབྱེད་པ་ལ་འགོག་པའོ། །ཆོས་བཞིན་སྐབས་འབྱེད་པ་ལ་

འགོག་པར་བྱེད་པ་བཞི་གང་ཞེ་ན། ཚུལ་ཁྲིམས་ཉམས་པའི་རྩ་བ་ཡོད་པས་སྐབས་འབྱེད་པ་འགོག་པ་ནི་ཆོས་བཞིན་སྐབས་འབྱེད་པ་འགོག་པའོ། །ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པའི་རྩ་བ་ཡོད་པ་ལ་སྐབས་འབྱེད་པ་འགོག་
པ་ནི་ཆོས་བཞིན་དུ་སྐབས་འབྱེད་པ་འགོག་པ་སྟེ། འདི་བཞི་ནི་ཆོས་བཞིན་དུ་སྐབས་འབྱེད་པ་འགོག་པའོ། །ནང་དུ་བཞག་པ་གང་ཞེ་ན། ཀུན་དགའི་ནང་དུ་རུང་བའི་སར་མ་བསྐོས་པར་བཞག་པར་གྱུར་པ་དེ་ནི་བསྙེན་པར་རྫོགས་པའི་དགེ་སློང་རྣམས་ཀྱིས་
བཟར་མི་རུང་བའོ། །རུང་བའི་སར་བསྐོས་པ་ནི་བཟར་རུང་བའོ། །ནང་དུ་བཙོས་པའི་བཟའ་བ་དང་བཅའ་བ་གང་ཞེ་ན། གང་ནང་དུ་བཙོས་པའི་བཅའ་བ་དང་བཟའ་བ་རྣམས་བསྙེན་པར་རྫོགས་པའི་དགེ་སློང་གིས་བཟར་མི་རུང་བའོ། །བཟར་མི་རུང་བ་དེ་ནི་
ནང་དུ་བཙོས་པ་ཞེས་བྱའོ། །རང་གིས་བཙོས་པ་གང་ཞེ་ན། ཡངས་པའི་གྲོང་ཁྱེར་དུ་ལོ་ཉེས་པས་དཀོན་ཞིང་རྙེད་དཀའ་བར་གྱུར་པ་ན་བྲམ་ཟེ་དང་ཁྱིམ་བདག་དག་གིས་དགེ་འདུན་གྱི་ཟས་སྦྱར་བར་འདོད་པར་གྱུར་ནས། དེ་དག་འདི་སྙམ་དུ་སེམས་ཏེ། ཇི་སྟེ་ཁྱིམ་
དུ་གཡོས་བྱས་ན་ནི་གཉེན་མང་པོ་དང་། མཛའ་བོ་མང་པོ་དང་། སྐྱེ་བོ་མང་པོ་ལ་སྦྱིན་པར་བྱ་དགོས་པར་འགྱུར་ཏེ། དེ་དག་གིས་དགེ་སློང་རྣམས་ལ་གནོད་པར་མཐོང་ནས། དེ་དག་གིས་དགེ་སློང་རྣམས་ཀྱི་དྲུང་དུ་སོང་ནས། བཙུན་པ་རྣམས་གང་གཙུག་ལག་ཁང་གི་
ནང་དུ་གཡོས་བྱས་ཏེ། འབྲིམ་པར་བྱ་ན་ཉེས་པར་ཅིར་འགྱུར་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གི་ཕྱི་རོལ་དུ་གཡོས་བྱས་ལ་བྲིམ་པར་ནི་གནང་ངོ་། །
བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་གི་ཕྱི་རོལ་དུ་གཡོས་བྱོས་ལ་བྲིམ་པར་བྱོས་ཤིག་ཅེས་གསུངས་པ་དང་། དེར་དུད་པ་ཆེ་ཞིང་མི་དབེན་པར་གྱུར། སྐྱེ་བོ་མང་པོ་དག་འོང་བས་ལང་ལོང་དུ་གྱུར་ནས་དགེ་སློང་དེ་དག་གིས་ཀུན་ལ་བགོས་པ་དང་། དགེ་སློང་དེ་དག་ལ་ཤིན་

དུ་ཉུང་བར་གྱུར་པས་དགེ་སློང་དེ་དག་རྨྱ་བར་གྱུར་ཏོ། །དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གི་ནང་དུ་བརྟགས་པའི་ས་བསྐོས་ཏེ། དེར་
གཡོས་བྱོས་ལ་བྲིམ་པར་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་གི་ནང་དུ་བརྟགས་པའི་ས་བསྐོས་ལ་དེར་གཡོས་བྱོས་ལ་བྲིམས་ཤིག་ཅེས་གསུངས་ནས། དགེ་སློང་དེ་དག་གིས་དེ་བཞིན་དུ་བྱས་པ་དང་། དེར་གཙུག་ལག་ཁང་གི་མི་དང་། དགེ་ཚུལ་
ཕ་རྣམས་ཀྱིས་སྔར་རང་གི་དོན་དུ་དེ་བླངས་ནས་དེའི་འོག་ཏུ་གཡོས་བྱ་བའི་དགེ་སློང་རྣམས་ལ་ཅི་ཐོབ་ཐོབ་ཏུ་བྱིན་པ་དང་། དགེ་སློང་དེ་དག་གི་ཉུང་བར་གྱུར་ནས་དགེ་སློང་དེ་དག་རྨྱ་བར་གྱུར་ཏེ། དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུའི་ལོ་ཉེས་པ་ལ་དཀོན་ཞིང་རྙེད་དཀའ་བའི་ཚེ་རང་གི་གཡོས་བྱ་ཞིང་བཟའ་བར་རྗེས་སུ་གནང་ངོ་། །དེ་ཡང་བརྟགས་པའི་སར་བསྐོས་ན་དེར་ནི་ནང་དུ་འཇོག་པ་དང་། ནང་དུ་འཚོ་བའི་གནས་གཉིས་སུ་བདེ་བར་འགྱུར་རོ། །དེ་ལྟ་
བུའི་ལོ་ཉེས་པས་དཀོན་པའི་རྙེད་དཀའ་བར་གྱུར་པ་མ་གཏོགས་པར་གང་རུང་བའི་སར་བསྐོས་པ་དང་མ་བསྐོས་པར་ཡང་རུང་སྟེ། རང་གིས་བཙོས་པ་ནི་བཟའ་མི་རུང་སྟེ། དེ་ནི་རང་གིས་བཙོས་པ་ཞེས་བྱའོ། །དགེ་སློང་གིས་འཚེད་པ་གང་ཞེ་ན། དགེ་སློང་ལ་ལ་ནི་མང་དུ་ཟ་བར་གྱུར།
ལ་ལ་ནི་ཉུང་ངུ་ཟ་བ་སྟེ། དེ་ལ་གང་མང་དུ་ཟ་བ་དེ་དག་ལ་ནི་མི་འགྲངས་གང་ཉུང་ངུ་ཟ་བ་དེ་དག་ནི་ལྷག་ནས་དེ་གཞན་དག་ལ་བྱིན་ན། དེ་དག་བཅོམ་ལྡན་འདས་ཀྱིས་ཟར་མ་གནང་བས་ན་མི་ཟའོ། །དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུའི་ལོ་ཉེས་ཤིང་དཀོན་ལ་དཀའ་ན་ནི་དགེ་སློང་གིས་བཙོས་པ་ཟར་གནང་ངོ་། །དེ་ཡང་གང་ཞེ་ན། གང་བསྙེན་པར་རྫོགས་པའི་དགེ་སློང་གིས་བཙོས་པ་སྟེ། འདི་ནི་དགེ་སློང་གིས་བཙོས་པ་ཞེས་བྱའོ། །བླངས་པ་གང་ཞེ་ན། གང་ངོ་

ཚ་བའི་དགེ་སློང་གིས་ཤེས་བཞིན་དུ་བླངས་པར་གྱུར་པ་སྟེ་འདི་ནི་བླངས་པ་ཞེས་བྱའོ། །བྱིན་ལེན་མ་བྱས་པ་གང་ཞེ་ན། གང་བུད་མེད་དམ། སྐྱེས་པའམ། མ་ནིང་ངམ། ཟ་མའམ། མཚན་གཉིས་སུ་ཡང་རུང་སྟེ། བྱིན་ལེན་མ་བྱས་པ་འདི་ནི་བྱིན་ལེན་མ་བྱས་པ་ཞེས་
བྱའོ། །བླངས་པ་སླར་ལེན་པ་གང་ཞེ་ན། གང་བདག་གིས་སླར་བླངས་པ་ལས་ཕྱིས་གཞན་ལས་བྱིན་ལེན་བྱེད་པ་ནི་བླངས་པ་ལས་སླར་ལེན་པ་ཞེས་བྱའོ། །སྔ་དྲོའི་བྱིན་ལེན་གང་ཞེ་ན། གང་མ་ཟོས་པར་བྱིན་ལེན་བྱེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཡངས་པའི་གྲོང་
ཁྱེར་དེ་ཉིད་དུ་གནང་བ་ནི་དེ་ལྟ་བུའི་ལོ་ཉེས་ཤིང་དཀོན་པ་རྙེད་དཀའ་བའི་ཚེ་དགེ་སློང་གིས་ཆོག་གོ་བར་བྱས་པ་ལས་སྔ་དྲོའི་བྱིན་ལེན་བྱས་པའི་འོག་ཏུ་ལྷག་མར་མ་བྱས་ཀྱང་བླས་ཟོ་ཞིག །འདི་ནི་སྔ་དྲོའི་དུས་སུ་བྱིན་ལེན་བྱས་པ་ཞེས་བྱའོ། །དེ་ནས་སླར་ཁྱེར་བ་གང་ཞེ་ན། དགེ་
སློང་གང་དེར་ཟོས་ནས་ཀྱང་ཟས་ཁྱེར་ཞིང་འགྲོ་བ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཡངས་པའི་གྲོང་ཁྱེར་དེ་ཉིད་ན་གནང་བ་ནི་དེ་ལྟ་བུའི་ལོ་ཉེས་ཤིང་དཀོན་པ་རྙེད་དཀའ་བར་གྱུར་པའི་ཚེ་ན་ནི་དགེ་སློང་གིས་སླར་ཁྱེར་ལ་ལྷག་མར་མ་བྱས་ཀྱང་ཟོ་ཞིག་ཅེས་གསུངས་པ་དེ་ནི་སླར་ཁྱེར་བ་
ཞེས་བྱའོ། །ནགས་ཀྱི་ཚིག་གུ་ཅན་གང་ཞེ་ན། ནགས་ཀྱི་ཚིག་གུ་ཅན་ཞེས་བྱ་བ་ནི་སྟ་རྒ་དང་། ཨོ་རུ་མ་ན་དང་། བྷ་ཏམ་ལ་སོགས་པ་གང་གཞན་ཡང་ནགས་ཀྱི་ཚིག་གུ་ཅན་གྱི་བཟའ་ཤིང་གི་འབྲས་བུ་རྣམས་ཏེ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ཡངས་པའི་གྲོང་ཁྱེར་ན་
གནང་བར་གསུངས་ཏེ། དེ་འདྲ་བའི་ལོ་ཉེས་པའི་དཀོན་པ་རྙེད་དཀའ་བའི་ཚེ་ན་དགེ་སློང་གིས་ཆོག་པར་བྱས་ཀྱང་ནགས་ཀྱི་ཚིག་གུ་དེ་ལྷག་མར་མ་བྱས་པར་ཡང་ཟོ་ཞིག་ཅེས་གསུངས་པ་ནི་ནགས་ཀྱི་ཚིག་གུ་ཅན་ཞེས་བྱའོ། །རྫིང་བུ་གང་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་མཁྲིས་
པ་དམར་པོའི་ནད་ཀྱིས་གཟིར་བ་ལ་སྨན་པས་པད་མོའི་རྩ་བའི་བཟའ་བའི་ཕྱིར་རུང་བར་ཐབས་བསྟན་ནས། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་པད་མོ་ཅན་གྱི་རྫིང་བུ་ནས་པད་མོའི་རྩ་བ་བླངས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བྱིན་པ་དང་། དེས་ཀྱང་ཅུང་ཟད་ཅིག་ཟོས་ནས་ཕལ་

ཆེར་མ་འདོད་དེ། དགེ་སློང་རྣམས་ལ་བྱིན་པ་དང་། དགེ་སློང་རྣམས་ཀྱིས་ཀྱང་བདག་ཅག་ཆོག་པར་བྱས་ཟིན་གྱིས་མི་ཟའོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
འདི་ལྟར་ལོ་ཉེས་ཤིང་དཀོན་པ་རྙེད་དཀའ་བའི་ཚེ་ནི་དགེ་སློང་གིས་ཆོག་པར་བྱས་ཀྱང་རྫིང་བུའི་ལྷག་མར་མ་བྱས་ཀྱང་ཟོ་ཞིག །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། རི་ཤི་གྷ་ཏི་ཀ་དང་། ཁར་ཀ་ཏི་ཀ་དང་། ཀར་ཤིང་ག་ཀ་ཏ་ལ་སོགས་ཏེ། གང་གཞན་ཡང་ཆུའི་ནང་གི་
འབྲས་བུ་རྣམས་སོ་ཞེས་བྱ་བ་འདི་ནི་རྫིང་བུ་ནས་སྐྱེས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟར་ལོ་ཉེས་ཤིང་དཀོན་པ་རྙེད་དཀའ་བའི་ཚེ་ཡངས་པ་ཅན་ན་ཇི་སྲིད་དགྱེས་ཀྱི་བར་དུ་བཞུགས་ནས་མཉན་དུ་ཡོད་པ་གང་ན་བ་དེར་སྤྱོད་ཅིང་གཤེགས་སོ། །རིམ་གྱིས་
སྤྱོད་པ་སྤྱད་ནས་མཉན་དུ་ཡོད་པར་བྱོན་པ་དང་། མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ངས་གང་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་ལོ་ཉེས་
ཤིང་དཀོན་ལ་རྙེད་དཀའ་བའི་ཚེ་དགེ་སློང་རྣམས་ལ་དངོས་པོ་བརྒྱད་གནང་བ་ནི་འདི་ལྟ་སྟེ། ནང་དུ་བཞག་པ་དང་། ནང་དུ་བཙོས་པ་དང་། རང་གིས་བཙོས་པ་དང་། དགེ་སློང་གིས་བཙོས་པ་དང་། སྔ་དྲོའི་དུས་སུ་བྱིན་ལེན་བྱས་པ་དང་། དེ་ནས་སླར་ཁྱེར་བ་དང་།
ནགས་ཀྱི་ཚིག་གུ་ཅན་དང་། རྫིང་བུའི་རྣམས་གནང་ན་དངོས་པོ་དེ་དག་ཅི་ད་དུང་ཡང་དེར་རུང་བ་བཞིན་དུ་ཟའམ། བཙུན་པ་ཁ་ཅིག་ནི་འཚལ། ཁ་ཅིག་ནི་མི་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གླེང་གཞི་དེ་ཉིད་ཀྱི་ཕྱིར་དགེ་སློང་གི་དགེ་འདུན་བསྡུས་ནས་དགེ་སློང་རྣམས་
ལ་བཀའ་སྩལ་པ། དགེ་སློང་རྣམས་གང་ཡངས་པའི་གྲོང་ཁྱེར་དུ་དེ་ལྟར་ལོ་ཉེས་ཤིང་དཀོན་པ་རྙེད་དཀའ་བའི་ཚེ་དངོས་པོ་བརྒྱད་པོ་འདི་དག་བརྩེ་བའི་ཕྱིར་དགེ་སློང་རྣམས་ཀྱིས་ཆོག་པར་བྱས་ཀྱང་རྗེས་སུ་གནང་བ་དག་ནི་ལོ་ཉེས་པའི་ཚེ་ནི་ཟོ་ཞིག །ལོ་ལེགས་པའི་ཚེ་ནི་བཟའ་བར་མི་

བྱའོ། །གང་གིས་ཟོས་པ་དེ་ནི་འདས་པ་དང་བཅས་པར་འགྱུར་རོ། །བཏིང་བ་གང་ཞེ་ན། སེམས་བསྐྱེད་པ་དགུས་ན་གཏན་པ་བཏིང་བར་འགྱུར་རོ། །དེ་ཡང་གང་ཞེ་ན། གཏན་པ་བཏིང་བའི་དགེ་སློང་གིས་ཐོག་མ་ནས་དེ་ལྟར་གཏན་པ་ལེན་པ་དང་། བཀྲུ་བ་
དང་། འཚེད་པ་དང་། བརྒྱད་པ་དང་། འདྲ་བ་དང་། འཚེམ་པ་ན་སེམས་རྣམ་པ་གསུམ་བསྐྱེད་དེ། དགེ་སློང་བདག་མིང་འདི་ཞེས་བགྱི་བས་གོས་འདི་དགེ་འདུན་གྱི་གཏན་པ་བཏིང་བར་འགྱུར་རོ། །གདིང་བར་བྱའོ། །བདག་གིས་བཏིང་ངོ་། །བར་དུ་ཡང་
སེམས་གསུམ་བསྐྱེད་པར་བྱ་སྟེ། བདག་དགེ་སློང་མིང་འདི་ཞེས་བྱ་བས་གོས་འདི་དགེ་འདུན་གྱི་གཏན་པ་བཏིང་བར་འགྱུར་རོ། །གདིང་བར་བྱའོ། །བདག་གིས་བཏིང་ངོ་། །ཟིན་པའི་མཇུག་གི་ཁབ་སོའི་ཚེ་ཡང་སེམས་རྣམ་པ་གསུམ་བསྐྱེད་པར་བྱ་སྟེ། བདག་དགེ་
སློང་མིང་འདི་ཞེས་བྱ་བས་གོས་འདི་དགེ་འདུན་གྱི་གཏན་པ་བཏིང་བར་འགྱུར་རོ། །གདིང་བར་བྱའོ། །བདག་གིས་གདིང་ངོ་། །འདི་ལྟར་ཡང་གནས་གང་ན་དགེ་འདུན་འཁོད་པས་ཐོག་མར་གཏན་པ་བཏིང་བའི་ཚེ། མཚམས་དེའི་ནང་ནས་དགེ་སློང་ཇི་སྙེད་མཚུངས་པར་གནས་
པ་རྒྱུད་ཤིན་དུ་ཡོངས་སུ་དག་པའི་རྣམས་ཀྱིས་ཀྱང་དགེ་འདུན་གྱིས་གཏན་པ་བཏིང་ངོ་ཞེས་ཐོས་པ་ལས་ཀྱང་རྗེས་སུ་ཡི་རངས་ན། དེ་དག་ཐམས་ཅད་ཀྱིས་ཀྱང་གཏན་པ་བཏིང་བ་ཞེས་བྱ་སྟེ། དེ་ལྟར་ན་བཏིང་བ་ཞེས་བྱའོ། །མ་བཏིང་བ་གང་ཞེ་ན། དེ་ལས་བཟློག་པ་ནི་མ་བཏིང་བ་
སྟེ། འདི་ལྟར་ཡང་ཟླ་བ་གསུམ་མ་ཚང་བར་དགེ་འདུན་རྣམས་ཀྱིས་གཏན་པ་བཏིང་ན་གཏན་པ་མ་བཏིང་བ་ཞེས་བྱ་སྟེ། འདི་ནི་གཏན་པ་མ་བཏིང་བ་ཞེས་བྱའོ། །ཕྱུང་བ་གང་ཞེ་ན། མ་ལྟ་བུའི་ཚིག་བརྒྱད་ཀྱིས་ནི་གཏན་པ་ཕྱུང་བར་འགྱུར་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ་ཕྱུང་སྟེ་
སོང་བ་དང་། ཟིན་པ་དང་། ཀུན་ཟིན་པ་དང་། ཉམས་པ་དང་། ཐོས་པ་དང་། མཚམས་ལས་འདས་པ་དང་། བསམ་པ་ཆད་པ་དང་། གསོལ་བའི་ལས་དང་ཚིག་བརྒྱད་དེ། འདི་ནི་ཕྱུང་བ་ཞེས་བྱའོ། །མ་ཕྱུང་བ་གང་ཞེ་ན། འདི་ལས་བཟློག་པ་ནི་མ་ཕྱུང་བ་སྟེ། འོན་ཀྱང་བར་དུ་

གཅོད་པ་བརྒྱད་ཀྱི་ནང་ནས་གང་ཡང་རུང་བ་བྱུང་བ་སྟེ། དགེ་སློང་བཏིང་བའི་གནས་ནས་དམིགས་བཞིན་དུ་བྱུང་སྟེ་སོང་ན་ཡང་གཏན་པ་མ་ཕྱུང་བ་ཞེས་བྱ་སྟེ། དེ་ལྟར་ན་གཏན་པ་མ་ཕྱུང་བ་ཞེས་བྱའོ། །ལྕི་བའི་ཡོ་བྱད་གང་ཞེ་ན། གང་བགོ་བར་མི་རིགས་པའོ། །
ཡང་བའི་ཡོ་བྱད་གང་ཞེ་ན། གང་བགོ་བར་རིགས་པའོ། །བགོ་བར་རིགས་པའི་ཡོ་བྱད་གང་ཞེ་ན། གང་དགེ་སློང་ཤི་བའི་རྫས་རྣམས་བགོ་བར་བྱ་སྟེ། དེ་ཡང་གང་ཞེ་ན། གང་ཤི་བའི་ཆོས་གོས་མ་གཏོགས་པར་གང་དེ་ལས་གཞན་པ་ཡང་བའི་ཡོ་བྱད་རྣམས་ཏེ། འདི་ནི་བགོ་བར་
རིགས་པའི་ཡོ་བྱད་ཅེས་བྱའོ། །བགོ་བར་མི་རིགས་པའི་ཡོ་བྱད་གང་ཞེ་ན། གང་དགེ་སློང་ཤི་བའི་རྫས་མི་བགོ་བར་བྱ་བ་རྣམས་ཏེ། དེ་ཡང་གང་ཞེ་ན། ཤི་བའི་ཆོས་གོས་མ་གཏོགས་པར་གང་དེ་ལས་གཞན་པའི་ལྕི་བ་རྣམས་ཏེ། འདི་ནི་བགོ་བར་མི་རིགས་པའི་ཡོ་བྱད་ཅེས་
བྱའོ། །དེ་ལས་ཆོས་གོས་ཀྱི་སྨོད་པས་ལྕི་བའི་ཡོ་བྱད་དུ་གཞག་པ་ནི་ནད་གཡོག་གི་ཆོས་གོས་ཏེ། གང་དེ་ལས་གཞན་པའི་ཡོ་བྱད་ཡང་བ་ལྕགས་ལས་བྱས་པའི་སྣོད་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། ལྷུང་བཟེད་མ་ཡིན་པ་རྣམས་ཀྱང་བགོ་བར་རིགས་པའི་ཡོ་བྱད་དོ། །ཁར་
བ་ལས་བྱས་པ་དང་། ཆོལ་ཟངས་དང་། ལྡེ་མིག་དང་། གྲི་ཁབ་དང་། སེན་མོ་གཅད་པ་དང་། ནལ་ཟེ་དང་། ཞུགས་ལིང་དང་། སྟ་རེ་དང་། ཐལ་ཕྱགས་དང་། ཆུ་ཚགས་དང་འདི་རྣམས་ནི་བགོ་བར་རིགས་པའི་ཡོ་བྱད་དོ། །གང་ཡང་དེ་བས་ཡང་བའི་ཡོ་བྱད་དེ་དག་
ཀྱང་བགོ་བར་རིགས་པའོ། །གང་ཡང་དེ་ལས་གཞན་པའི་ལྕི་བའི་ཡོ་བྱད་དེ་དག་ནི་བགོ་བར་མི་རིགས་པ་སྟེ། དེ་ཐམས་ཅད་ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཞག་པར་བྱའོ། །ཤིང་གི་སྣོད་རྣམས་ལས་ཡང་མིག་དང་། ཆོས་ཀྱི་ཆུ་ཚགས་དང་། ཕོར་བུ་ཆེན་པོ་དང་།
ཁམ་པའི་ཕོར་བུ་དང་། འདི་རྣམས་ཀྱང་བགོ་བར་རིགས་པའི་ཡོ་བྱད་དོ། །གང་དེ་ལས་གཞན་པའི་ཡོ་བྱད་ཡང་བ་རྣམས་དེ་དག་ཀྱང་བགོ་བར་རིགས་པའོ། །གང་དེ་ལས་གཞན་པའི་ཡོ་བྱད་ལྕི་བ་རྣམས་དེ་དག་ནི་བགོ་བར་མི་རིགས་པ་སྟེ། ཐམས་ཅད་ཕྱོགས་བཞིའི་དགེ་འདུན་

གྱི་ཕྱིར་གཞག་པར་བྱའོ། །ཁམ་པའི་སྣོད་དུ་གཏོགས་པ་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། ལྷུང་བཟེད་མ་ཡིན་པ་དང་། རྫ་མ་དང་། བུམ་པ་དང་། བུམ་བུ་དང་། རིལ་བ་སྤྱི་བླུགས་དང་། འདི་རྣམས་ནི་བགོ་བར་རིགས་པའི་ཡོ་བྱད་དོ། །གང་དེ་ལས་གཞན་པའི་ཡོ་བྱད་ཡང་བའི་རྣམས་
དེ་དག་ནི་བགོ་བར་རིགས་པའོ། །གང་ཡང་དེ་ལས་ལྕི་བའི་ཡོ་བྱད་དེ་དག་ཀྱང་བགོ་བར་མི་རིགས་པ་སྟེ། ཐམས་ཅད་ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཞག་པར་བྱའོ། །ཚོན་རྩི་གང་བསྐོལ་བར་གྱུར་པ་ནི་ཕྱོགས་བཞིའི་དགེ་འདུན་གྱི་གོས་བཙོ་བར་བྱའོ། །གང་ཡང་མ་
བསྐོལ་བའི་ཚོན་རྩི་ནི་བགོའོ། །ཚོན་ཆེན་པོ་ལྔ་ནི་མི་བགོ་བའོ། །རིན་པོ་ཆེ་རྣམས་ཀྱི་ཁྲི་ཡིན་ན་བསྒྱུར་ལ་བགོ་བར་བྱའོ། །ཆུང་ངུ་ན་གལ་ཏེ་ལྕགས་ལས་བྱས་པ་ཡིན་ན་ཡོ་བྱད་དུ་རུང་ན་ནི་གཞག་གོ། །དེ་ལས་གཞན་དུ་ལྕི་བའི་ཡོ་བྱད་ཡིན་ན་དེ་ནི་བགོ་བར་མི་རིགས་པའོ། །གཞན་
ཡང་གང་མི་འཚོང་བ་རྣམས་དང་། གང་མི་འཆང་བ་རྣམས་དང་། གང་མི་དགོས་པ་རྣམས་དང་། མི་བགོ་བ་རྣམས་དང་། གང་གཞན་དུ་མི་སྦྱིན་པ་རྣམས་དང་། གང་སུ་ལ་ཡང་སྦྱིན་དུ་མི་རུང་བའི་དངོས་པོ་ལྔ་ཡོད་དེ། དེ་ཡང་གང་ཞེ་ན། གཙུག་ལག་ཁང་གི་དངོས་པོ་དང་།
གནས་ཁང་གི་དངོས་པོ་དང་། ཀུན་དགའི་དྲི་གཙང་ཁང་དང་། མལ་སྟན་དང་། མིའི་ཡོ་བྱད་དོ། །མིའི་ཡོ་བྱད་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་འདུན་གྱིའམ། མཆོད་རྟེན་གྱི་ཡང་རུང་། འདི་ནི་མིའི་ཡོ་བྱད་ཅེས་བྱའོ། །མི་མ་ཡིན་པའི་ཡོ་བྱད་གང་ཞེ་ན། བལ་གླང་དང་། ར་དང་།
ལུག་དང་། མ་ཧེ་སྟེ། དེ་དག་ཀྱང་དགེ་འདུན་གྱི་ཡང་རུང་མཆོད་རྟེན་གྱི་ཡང་རུང་སྟེ། བཅོམ་ལྡན་འདས་ཀྱིས་གནང་བར་གསུངས་པའོ། །འདི་ནི་མི་མ་ཡིན་པའི་ཡོ་བྱད་ཅེས་བྱའོ། །ཡོངས་སུ་ཟིན་པའི་ཡོ་བྱད་གང་ཞེ་ན། གང་གྲོང་ངམ། ནགས་ཚལ་ཏེ། གང་བུད་མེད་དམ། སྐྱེས་བུའམ། མ་ནིང་ངམ།
ཟ་མའམ། མཚན་གཉིས་པ་ཡང་རུང་སྟེ། གཞན་གྱིས་ཟིན་པ་འདི་ནི་ཡོངས་སུ་ཟིན་པའི་ཡོ་བྱད་ཅེས་བྱའོ། །ཡོངས་སུ་མ་ཟིན་པའི་ཡོ་བྱད་གང་ཞེ་ན། གྲོང་ངམ། ནགས་ཚལ་ཏེ། བུད་མེད་དམ། སྐྱེས་བུའམ། མ་ནིང་ངམ། ཟ་མའམ། མཚན་གཉིས་པ་གང་གིས་ཀྱང་ཡོངས་སུ་མ་ཟིན་པར་

གྱུར་པ་འདི་ནི་ཡོངས་སུ་མ་ཟིན་པའི་ཡོ་བྱད་ཅེས་བྱའོ། །བྱིན་ལེན་བྱ་བའི་ཡོ་བྱད་གང་ཞེ་ན། གང་དགེ་སློང་རྣམས་ཀྱིས་གཞན་ལས་བྱིན་ལེན་བྱས་ཤིང་བཟའ་བ་སྟེ། དེ་ཡང་གང་ཞེ་ན། ཆུ་དང་སོ་ཤིང་མ་གཏོགས་པར་གང་དེ་ལས་གཞན་པའི་ཁར་བཟའ་བ་ཐམས་ཅད་
བྱིན་ལེན་བྱ་བའི་ཡོ་བྱད་དེ། འདི་ནི་བྱིན་ལེན་བྱ་བའི་ཡོ་བྱད་ཅེས་བྱའོ། །བྱིན་ལེན་མི་བྱ་བའི་ཡོ་བྱད་གང་ཞེ་ན། གང་དགེ་སློང་རྣམས་ལ་གཞན་གྱིས་མ་བྱིན་ཀྱང་བཟའ་བའི་རྣམས་ཏེ། དེ་ཡང་གང་ཞེ་ན། ཡོངས་སུ་སྤྱད་པའི་ཡོ་བྱད་ཐམས་ཅད་དང་། ཁར་བཟའ་བ་ཆུ་དང་སོ་ཤིང་སྟེ། འདི་
ནི་བྱིན་ལེན་མི་བྱ་བའི་ཡོ་བྱད་ཅེས་བྱའོ། །ཤི་བའི་ཆོས་གོས་གང་ཞེ་ན། གང་སྡེ་ལྔ་རྣམས་ཤི་བའི་ཆོས་གོས་དེ་ནི་བཅོམ་ལྡན་འདས་ཀྱིས་སྡེ་ལྔ་རྣམས་ལ་དབྱར་གྱི་ནང་དུའམ། དབྱར་གྱི་ཕྱི་རོལ་མ་གཏོགས་པར་ཡང་ཤི་བའི་ཆོས་གོས་སོ་ཞེས་དུས་ཐམས་ཅད་དུ་ཡང་བགོ་བར་བྱའོ་ཞེས་
གནང་བར་གསུངས་ཏེ། འདི་ནི་ཤི་བའི་ཆོས་གོས་ཞེས་བྱའོ། །མཚན་མའི་ཆོས་གོས་གང་ཞེ་ན། ལོ་ལྔ་པའི་འམ། ལོ་དྲུག་པའམ། དུས་ཆེན་པོའམ། བརྟད་པ་ན་ཐོབ་པའི་ཆོས་གོས་གང་རྙེད་པ་དེ་ནི་བཅོམ་ལྡན་འདས་ཀྱིས་དབྱར་གྱི་ནང་དུའམ། དབྱར་གྱི་ཕྱི་རོལ་དུ་ཡང་རུང་སྟེ། དུས་
ཐམས་ཅད་དུ་ཡང་བགོ་བར་བྱའོ་ཞེས་གནང་བར་གསུངས་ཏེ། འདི་ནི་མཚན་མའི་ཆོས་གོས་ཞེས་བྱའོ། །ཕྱག་དར་ཁྲོད་པའི་གོས་གང་ཞེ་ན། དགེ་སློང་རྣམས་ཀྱིས་ཕྱག་དར་ཁྲོད་པའི་གོས་ལྔ་འཆང་དུ་གནང་སྟེ། མེས་ཚིག་པ་དང་། བལ་གླང་གིས་ཟོས་པ་དང་། བྱི་བས་ཟོས་པ་དང་།
སླར་འོངས་པའི་གོས་དང་། རུལ་བ་སྟེ། འདི་ནི་ཕྱག་དར་ཁྲོད་པའི་གོས་ཞེས་བྱའོ། །སྣ་ནས་བླུགས་པའི་ལས་གང་ཞེ་ན། སྣ་ནས་བླུགས་པའི་ལས་སུ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གནང་བ་ནི་མིག་ནད་ཀྱིས་ན་བའི་རྣམས་ཏེ། ཇི་ལྟར་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་གནང་བ་བཞིན་
རྒྱས་པར་ཇི་ལྟར་འདུལ་བ་ལས་འབྱུང་བ་བཞིན་ཏེ། དེ་ནི་སྣ་ནས་བླུགས་པའི་ལས་ཞེས་བྱའོ། །བཤང་ལམ་ནས་བླུགས་པའི་ལས་གང་ཞེ་ན། དགེ་སློང་རྣམས་ཀྱིས་བྱ་བའི་ཐབས་གཞན་ཡོད་ཀྱི་བར་དུ་བཤང་ལམ་ནས་བླུགས་པའི་མི་བྱ་སྟེ། བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །བྱ་བའི་ཐབས་

གཞན་མེད་ན་གདོད་བྱ་སྟེ། འདི་ནི་བཤང་ལམ་དུ་བླུགས་པའི་ལས་ཞེས་བྱའོ། །མཚོན་གྱི་ལས་གང་ཞེ་ན། དགེ་སློང་རྣམས་ཀྱིས་བྱ་བའི་ཐབས་གཞན་ཡོད་བཞིན་དུ་གདོང་ལ་མཚོན་གྱི་ལས་བྱ་བར་མི་བྱའོ། །བྱས་ན་ཉེས་བྱས་སུ་འགྱུར་རོ། །བྱ་བའི་ཐབས་གཞན་མེད་ན་བྱ་བར་བྱ་སྟེ།
འདི་ནི་མཚོན་གྱི་ལས་ཞེས་བྱའོ། །འབྲེག་པའི་ལས་གང་ཞེ་ན། དགེ་སློང་རྣམས་ཀྱིས་སྐྲ་དང་ཁ་སྤུ་མ་གཏོགས་པར་དེ་ལས་གཞན་པའི་ཡན་ལག་གི་སྤུ་རྣམས་མི་བྲེག་གོ། །དེ་སྟེ་བྲེགས་ན་ཉེས་བྱས་སུ་འགྱུར་རོ། །འདི་ནི་འབྲེག་པའི་ལས་ཞེས་བྱའོ། །སྐྲ་བྲེག་པའི་ལས་གང་ཞེ་ན།
དགེ་སློང་རྣམས་ཀྱིས་བབ་བབ་ཏུ་སྐྲ་བྲེག་པར་མི་བྱ་སྟེ། ཕྱོགས་གཅིག་ཏུ་སྐྲ་བྲེག་པར་བྱ་ཞིང་རྒན་རིམས་བཞིན་དུ་བྲེག་པར་བྱའོ། །ཡང་ན་སྤུ་གྲིས་གང་གིས་བྲེགས་པར་གྱུར་ན་ཡང་བསླང་བར་མི་བྱའོ། །དེ་སྟེ་བསླངས་ན་ཉེས་བྱས་སུ་འགྱུར་ཏེ། འདི་ནི་སྐྲ་འབྲེག་པའི་ལས་ཞེས་བྱའོ། །
ཆེད་དུ་བྱས་ཏེ་བཟའ་བ་གང་ཞེ་ན། ས་བོན་གྱི་རིགས་ལྔ་རྣམས་ལ་རུང་བའི་ཚད་ལྔས་རུང་བར་བྱས་ཏེ་བཟའ་བར་བྱའོ། །བཏུང་བ་བརྒྱད་ལ་ནི་ཆུས་བླུག་པར་བྱའོ། །གོས་བཅུ་རྣམས་ནི་ཁ་དོག་ངན་པར་བྱ་བ་གསུམ་གྱིས་ཁ་དོག་ངན་པར་བྱས་ཏེ་བཅང་བར་བྱའོ། །དེ་ལྟར་ན་ཆེད་དུ་བྱས་ཏེ་
བགོ་བར་བྱའོ། །འབྲས་བུ་ཟ་བ་གང་ཞེ་ན། ཡངས་པའི་གྲོང་ཁྱེར་ན་འབྲས་བུ་མང་པོ་ཞིག་དགེ་སློང་རྣམས་གང་ཟག་གིར་བཟའ་བར་བྱས་ནས་ཟོས་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་གིར་བཟའ་བར་བྱས་ནས་བཟའ་བར་མི་བྱའི་དགེ་འདུན་ལ་བྲིམ་པར་བྱའོ། །
བཅོམ་ལྡན་འདས་ཀྱིས་དགེ་འདུན་ལ་བྲིམ་པར་བྱོས་ཤིག་ཅེས་གསུངས་པ་དང་། དེ་ནས་གཅིག་གམ་གཉིས་སམ་གསུམ་རྣམས་ཀྱིའང་ལེན་པ་དང་། ཁ་ཅིག་གིས་ནི་མ་ཐོབ། ཁ་ཅིག་ལ་ནི་ལྷག་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ལ་སྙོམས་པར་བྲིམ་པར་བྱའོ། །དེ་དག་ཡང་བདམས་ཤིང་བདམས་ཤིང་བྲིམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་བལྟས་ནས་བདམ་ཞིང་བདམ་ཞིང་བྲིམ་པར་མི་བྱའོ། །དེ་དག་ཡང་སོར་མོས་སྟོན་ཅིང་

ལེན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོས་སྟོན་ཅིང་བླང་བར་མི་བྱའོ། །དེ་དག་གིས་ཐམས་ཅད་ལ་སྙོམས་པར་བྲིམ་མ་ནུས་ནས་འཁྲུགས་པར་གྱུར་པ་དང་། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བ་ཉི་ཚེ་བ་བྱོས་ལ་གང་ཡོངས་སུ་བཟའ་བར་འདོད་པས་རུང་བར་བྱེད་པ་དེས་དགེ་སློང་གི་རུང་བར་བྱེད་པ་ལྔས་རུང་བར་བྱས་ཏེ། བྱིན་ལེན་བྱོས་ལ་བཟའ་བར་བྱའོ། །འདི་ནི་འབྲས་བུའི་ཡོངས་སུ་སྤྱོད་པ་ཞེས་བྱའོ། །མིའི་ལས་ཡོངས་སུ་སྤྱད་པ་
གང་ཞེ་ན། མིའི་སྟན་གསེར་ལས་བྱས་པའམ། དངུལ་ལས་བྱས་པའམ། ཤེལ་ལས་བྱས་པའམ། བཻ་ཌཱུརྱ་ལས་བྱས་པ་ཡང་རུང་། དགེ་སློང་སྟན་ལ་འདུག་ཅིང་སྣོད་དུ་བཟར་མི་རུང་སྟེ། འདི་ནི་མིའི་ལས་ཡོངས་སུ་སྤྱད་པ་ཞེས་བྱའོ། །མི་མ་ཡིན་པའི་ལས་སྤྱད་པ་གང་ཞེ་ན། ལྷའི་ཁང་
པར་རམ། ཀླུའི་ཁང་པར་རམ། གནོད་སྦྱིན་གྱི་ཁང་པར་ཡང་རུང་སྟེ། གསེར་ལས་བྱས་པའམ། དངུལ་ལས་བྱས་པའམ། ཤེལ་ལས་བྱས་པའམ། བཻ་ཌཱུརྱ་ལས་བྱས་པའི་ས་གཞི་ལས་འགྲོ་བ་དང་། སྐས་ལ་འཛེག་པ་དང་། སྟན་ལ་འདུག་པ་དང་། སྣོད་ལ་ཡོངས་སུ་སྤྱོད་པ་
ནི་དགེ་སློང་རྣམས་ཀྱིས་རུང་བ་བྱས་ཏེ། འདི་ནི་མི་མ་ཡིན་པའི་ལས་ཡོངས་སུ་སྤྱོད་པ་ཞེས་བྱའོ། །འདུལ་བ་སྡུད་པ་ལྔ་བརྒྱ་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་རིང་པོར་མ་ལོན་པ་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་དགེ་སློང་ལྔ་བརྒྱ་འདུས་ན་མདོ་སྡེ་ཐམས་
ཅད་དང་། འདུལ་བ་ཐམས་ཅད་དང་། མངོན་པའི་ཆོས་ཐམས་ཅད་བསྡུས་པར་བྱས་པ་འདི་ནི་འདུལ་བ་བསྡུས་པ་ལྔ་བརྒྱ་པ་ཞེས་བྱའོ། །བདུན་བརྒྱས་འདུལ་བ་སྡུད་པ་བདུན་བརྒྱ་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུའི་འོག་ཏུ་གྲོང་
ཁྱེར་ཡངས་པ་ཅན་དུ་ཡངས་པ་ཅན་ན་གནས་པའི་དགེ་སློང་རྣམས་ཀྱིས་མི་རུང་བའི་དངོས་པོ་བཅུ་རྣམས་ཕྱུང་སྟེ་མདོ་སྡེ་ངན་པ་དང་། འདུལ་བ་ངན་པ་དང་། སྟོན་པས་བསྟན་པ་ངན་པ་དང་། མདོ་སྡེ་ལས་འགལ། འདུལ་བ་ལས་མི་འབྱུང་། ཆོས་ཉིད་དང་མི་མཐུན་པ་ཡངས་པའི་དགེ་སློང་

རྣམས་ཀྱིས་འདི་ནི་རུང་བའོ་ཞེས་ཏེ་སྤྱོད་པར་བྱེད། ཤིན་དུ་སྤྱོད་པར་བྱེད། བསྒྲགས་པར་བྱེད་པ་དེ་ཡང་དགེ་སློང་བདུན་བརྒྱ་རྣམས་གཅིག་ཏུ་འདུས་ནས་འདི་ནི་ཆོས་མ་ཡིན་ནོ། །འདི་ནི་འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པས་བསྟན་པ་མ་ཡིན་ནོ་ཞེས་ཏེ། མངོན་དུ་ཞི་བར་བྱས་པ་འདི་ནི་འདུལ་
བ་སྡུད་པ། བདུན་བརྒྱ་པའོ། །འདུལ་བ་བྱུང་བ་གང་ཞེ་ན། སོ་སོར་ཐར་པ་གཉིས་རྣམ་པར་འབྱེད་པ་དང་བཅས་པ་འདུལ་བའི་དངོས་པོ་བཅྭ་བརྒྱད་རྣམས་དང་། འདུལ་བ་གཅིག་གིས་ལྷག་པ་དང་། འདུལ་བའི་མ་ལྟ་བུ་དང་། འདུལ་བ་ལྔ་པ་དང་། འདུལ་བ་བཅུ་དྲུག་པ་དང་། འདུལ་
བ་མ་ཎ་བ་ཀུ་ཞེས་བྱ་བ་དང་། འདུལ་བ་ཕྲན་ཚེགས་དང་། ཉི་ཚེ་བ་དང་། གླེང་གཞི་དང་། གཏམ་གྱི་དངོས་པོ་དང་། ཨུ་པཱ་ལིས་ཞུས་པ་དང་། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་རྣམས་དང་། བསླབ་པའི་གནས་དང་། ལུང་བསྒོ་བ་ལྔ་བརྒྱ་དང་། སྐྱེས་པ་རབས་ཀྱི་སྡེ་ལྔ་བརྒྱ་དང་།
སྔོན་གྱི་སྦྱོར་བ་ལྔ་བརྒྱ་པོ་འདི་རྣམས་ནི་འདུལ་བ་བྱུང་བ་ཞེས་བྱའོ། །ནག་པོར་སྟོན་པ་གང་ཞེ་ན། ནག་པོར་སྟོན་པ་བཞི་སྟེ། བཞི་གང་ཞེ་ན། འདིར་དགེ་སློང་ཞིག་འོངས་པ་ལ་དེ་འདི་སྐད་དུ་ངས་དེ་ཉིད་མངོན་སུམ་དུ་བཅོམ་ལྡན་འདས་ཀྱི་དྲུང་ནས་ཐོས་ཏེ། མངོན་སུམ་དུ་བླངས་པ་ནི་འདི་
ལྟ་སྟེ། ཆོས་འདི་དང་། འདུལ་བ་འདི་སྟེ། འདི་ནི་སྟོན་པས་བསྟན་པའོ་ཞེས་སྨྲས་པ་དང་། དེས་དགའ་བར་ཡང་མི་བྱ། སྨད་པར་ཡང་མི་བྱའོ། །དགའ་བར་ཡང་མི་བྱེད། སྨོད་པར་ཡང་མི་བྱེད་ཅིང་རྣ་བས་མཉན་ལ་ཆོས་ཀྱི་ཚིག་དང་། ཡི་གེ་རྣམས་བླངས་ནས་མདོ་སྡེ་དང་བསྟུན་པར་
བྱ་འདུལ་བ་དང་བསྟུན་པར་བྱ་སྟེ། གལ་ཏེ་མདོ་སྡེ་དང་ཡང་བསྟུན། འདུལ་བ་དང་ཡང་བསྟུན་ན་མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལྟར་ཡང་མི་སྣང་། ཆོས་ཉིད་དང་ཡང་མི་མཐུན་ཏེ། དེ་ལྟ་བུར་གྱུར་ན་ཚིག་འདི་སྐད་ཅེས་སྨྲ་བར་བྱའོ། །ཚེ་དང་ལྡན་པ་དེ་ལྟར་འདི་ལྟ་བུའི་ཆོས་ནི་བཅོམ་
ལྡན་འདས་ཀྱིས་ཀྱང་མ་གསུངས། ཚེ་དང་ལྡན་པས་ཀྱང་འདྲ་བ་ཉིད་ཆོས་ཉིད་དུ་མ་བཟུང་ཤིག །དེ་ལྟ་བུའི་ཆོས་ནི་བདག་གིས་མདོ་སྡེ་དང་བསྟུན་འདུལ་བ་དང་བསྟུན་ན་མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལྟར་ཡང་མ་གྱུར། ཆོས་ཉིད་དང་ཡང་འགལ་ཏེ། འདི་ནི་ཆོས་མ་ཡིན། འདི་

ནི་འདུལ་བ་མ་ཡིན་ནོ། །སྟོན་པས་ཀྱང་དེ་ལྟར་མ་བསྟན་ཏོ་ཞེས་ཤེས་པར་བྱ་སྟེ་དོར་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་པ་ལ་དེས་འདི་སྐད་ཅེས་ཟེར་ཏེ། གནས་འདི་ཞེས་བྱ་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དག་ཅིག་གནས་བརྟན་དང་བཅས།
སོ་སོར་ཐར་པ་དང་བཅས་ཤིང་འཁོད་པའི་དགེ་སློང་གི་དགེ་འདུན་གྱི་དྲུང་ནས་བདག་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་པ་ནི་འདི་ལྟ་སྟེ། ཆོས་ནི་འདིའོ་ཞེས་བྱ་བ་ནས་སྔ་མ་བཞིན་ནོ། །དེ་ལྟ་བུ་དེ་ལ་འདི་སྐད་སྨྲ་བར་བྱ་སྟེ། ཚེ་དང་ལྡན་པ་དེ་ལྟར་འདི་ལྟ་བུའི་ཆོས་དག་ནི་དགེ་
སློང་གི་དགེ་འདུན་དེ་དག་གིས་ཆོས་སུ་འདུ་ཤེས་འདུལ་བར་འདུ་ཤེས་ཏེ། ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པར་སྨྲས་པས། ཚེ་དང་ལྡན་པ་ཁྱོད་ཀྱིས་དེ་ལྟར་ཆོས་མ་ཡིན་པར་བླངས་སོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དོར་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་
པ་ལ་དེ་དག་འདི་སྐད་དུ་ཟེར་ཏེ། གནས་འདི་ཞེས་བྱ་བ་ན་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་ལྟ་བུ་འཛིན་པའི་དགེ་སློང་རབ་ཏུ་མང་བ་ཞིག་འཁོད་པའི་དགེ་སློང་དེ་དག་གི་དྲུང་ནས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་པ་ནི་འདི་ལྟ་སྟེ། འདི་ནི་ཆོས་སོ་
ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྨྲ་བ་ལ་འདི་སྐད་དུ་སྨྲ་བར་བྱ་སྟེ། ཚེ་དང་ལྡན་པ་དེ་ལྟར་འདི་ལྟ་བུའི་ཆོས་དག་ནི་དགེ་སློང་དེ་དག་གིས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ། ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་སྨྲས་པ་ལས་ཚེ་དང་ལྡན་པས་ལོག་པའི་ཆོས་བླངས་སོ་
ཞེས་བྱ་བ་ནས་སྔ་མ་བཞིན་དུ་དོར་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་པ་ལ་དེས་འདི་སྐད་དུ་སྨྲས་ཏེ། གནས་འདི་ཞེས་བྱ་བ་ན་དགེ་སློང་གནས་བརྟན་དང་། གནས་བརྟན་གང་ཡང་རུང་བ་དང་། ཤེས་པ་དང་། ཤེས་པ་གང་ཡང་རུང་བ་དང་། གཙོ་བོ་དང་གཙོ་བོ་
གང་ཡང་རུང་བ་དག་གནས་པའི་དགེ་སློང་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་སོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྟེ། དེས་འདི་སྐད་དུ་སྨྲ་བར་བྱའོ། །ཚེ་དང་ལྡན་པ་དེ་ལྟར་དགེ་སློང་དེས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ།

ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པར་སྨྲས་པ་ལས་ཚེ་དང་ལྡན་པས་དེ་ལྟར་ཆོས་མ་ཡིན་པར་བླངས་སོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དོར་བར་བྱའོ།