Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 013_འདུལ་བ།_པ

Văn bản gốc(Tây Tạng)

Trang 6 / 19 (50.000 ký tự/trang)
ྟེ། དེ་ཡང་ངེད་ཀྱི་ཆོས་ཀྱི་སྲིང་མོ་ཡིན་ནོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་
དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དེ་སྟེ་དགེ་སློང་མའི་ལྷུང་བཟེད་དང་ཆོས་གོས་ཡིན་ན་དེ་དགེ་སློང་མ་དག་གི་ཡིན་ཏེ། དགེ་སློང་མ་དག་དབང་བས་ན་
དགེ་སློང་དག་མ་འཆང་ཤིག་ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་དགེ་སློང་གཞན་ཞིག་གཞོངས་སྤྱད་པ་སྤྱོད་ཅིང་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་ཕྱིན་ནས། དེ་ཁྱིམ་པའི་ཁྱིམ་ཞིག་ཏུ་དུས་ལས་འདས་ཏེ། དེ་དེས་
དུར་ཁྲོད་དུ་བོར་ནས་ལྷུང་བཟེད་དང་ཆོས་གོས་སྦས་ཏེ་བཞག་གོ། །དུས་ཕྱི་ཞིག་ན་དགེ་སློང་མ་མང་ཞིག་གཞོངས་སྤྱད་པ་སྤྱོད་ཅིང་རི་བྲགས་ཀྱི་གྲོང་དེར་ཕྱིན་པ་དང་། ཁྱིམ་བདག་དེས་དེ་དག་མཐོང་སྟེ། འཕགས་མ་བདག་གི་ཁྱིམ་དུ་དགེ་སློང་ཞིག་དུས་
ལས་འདས་པའི་ལྷུང་བཟེད་དང་ཆོས་གོས་འདི་ལགས་ཀྱིས་སྣོམས་ཤིག་ཅེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ཁྱིམ་བདག་འདི་ནི་བཅོམ་ལྡན་འདས་ཀྱིས་མ་གནང་བས་དགེ་སློང་དབང་ངོ་། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་སོ། །
དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གང་ན་དགེ་སློང་མེད་པ་དེ་དག་ཏུ་ནི་དགེ་སློང་མ་དག་གིས་བླང་བར་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པར་

དགེ་སློང་མ་མང་ཞིག་གཞོངས་སྤྱད་པ་སྤྱོད་ཅིང་དོང་བ་ན་དེ་དག་ལས་དགེ་སློང་མ་ཞིག་ན་བར་གྱུར་ནས། དེ་དལ་བུས་འགྲོ་ཞིང་ཕྱི་ནས་འོང་བ་ལས་དེ་ལམ་སྟོར་ཏེ། རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་ཕྱིན་ནས་དེ་ཁྱིམ་པའི་ཁྱིམ་དུ་དུས་ལས་འདས་སོ། །དེས་
དེ་དུར་ཁྲོད་དུ་བོར་ནས་ལྷུང་བཟེད་དང་ཆོས་གོས་སྦས་ཏེ་བཞག་གོ། །དེ་ནས་དུས་ཕྱི་ཞིག་ན་དགེ་སློང་མང་ཞིག་གཞོངས་སྤྱད་པ་སྤྱོད་ཅིང་རི་བྲགས་ཀྱི་གྲོང་དེར་ཕྱིན་པ་དང་། ཁྱིམ་བདག་དེས་དེ་དག་མཐོང་ནས་འཕགས་པ་དག་བདག་གི་ཁྱིམ་དུ་དགེ་སློང་མ་ཞིག་
དུས་ལས་འདས་ཏེ། དེའི་ལྷུང་བཟེད་དང་ཆོས་གོས་འདི་ལགས་ཀྱིས་སྣོམས་ཤིག་ཅེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་མ་གནང་སྟེ། འདི་དག་ནི་དགེ་སློང་མ་དབང་ངོ་། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གང་ན་དགེ་སློང་མ་མེད་པ་དེར་ནི་དགེ་སློང་རྣམས་ཀྱིས་བླང་བར་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་
ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དགེ་སློང་ཞིག་དུས་ལས་འདས་ཏེ། དེ་དབང་བའི་ལྷུང་བཟེད་དང་ཆོས་གོས་ཁྱིམ་པའི་དེ་ན་མཆིས་ན། དེ་གང་དབང་བཅོམ་ལྡན་འདས་ཀྱིས་གང་དེ་སྔར་འོངས་པ་དབང་ངོ་ཞེས་བཀའ་སྩལ་ཏོ། །གཉིས་མཆིས་ན་གང་དབང་།
གང་སྔར་བསླངས་པའོ། །གཉིས་ཀས་བསླངས་ན་གང་དབང་། གང་གིས་སྔར་ཐོབ་པའོ། །གཉིས་ཀས་ཐོབ་ན་གཉིས་ཀ་དབང་ངོ་། །དེ་སྟེ་གཉིས་ཀས་ཐོབ་ན་གང་ལ་ཁྱིམ་གྱི་བདག་པོ་དད་དེ་བྱིན་པ་དེ་དབང་ངོ་། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་
ཛེ་ཏའི་ཚལ་ན་དགེ་སློང་གཉིས་ཤིག་འཐབ་པར་གྱུར་ཏེ། དགེ་སློང་གཞན་དག་གིས་བསྐོར་ཅིང་འཁོད་དོ། །བྲམ་ཟེ་དང་ཁྱིམ་བདག་གིས་དེ་མཐོང་ནས། དེ་དག་གིས་འཕགས་པ་བདག་ཅག་གིས་ཁྱིམ་པ་འཐབ་པ་དག་མཐོང་བ་ཡང་བདག་ཅག་གིས་གཅུགས་

པར་བྱ་ན་ཁྱེད་ཅག་གིས་ཅི་འདི་མི་གཅུགས་པར་བསྐོར་ཏེ་འཁོད་དམ་ཞེས་སྨྲས་པ་དང་། དེ་ན་གཞན་དག་གིས་སྨྲས་པ། འདི་དག་ཉིད་འཐབ་མོ་བྱེད་པ་ཡིན་ན་ཅིའི་ཕྱིར་གཅུགས་ཞེས་སྨྲས་པ་དང་། དེ་དག་ལན་མེད་ནས་ཅང་མི་ཟེར་བར་འཁོད་དོ། །དེ་ལྟར་གྱུར་
པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བསྐོར་ཅིང་མ་འཁོད་པར་གཅུགས་པར་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། དེ་དག་གཅུགས་ཀྱང་གཏོང་དུ་མ་བཏུབ་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་
ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་སྟེ་གཅུགས་ཀྱང་མ་བཏུབ་ན་སྤང་བའི་ལས་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་སྤང་བའི་ལས་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། དུས་ཕྱི་ཞིག་ན་དགེ་སློང་གཉིས་
ཤིག་ངེས་པའི་གཏམ་བྱེད་དེ། དེ་གཉིས་ན་རེ་འདི་ནི་འཐོབ་པའོ། །འདི་ནི་འཐོབ་པའོ་ཞེས་ངེས་པའི་གཏམ་སྨྲ་བ་ན་གཅིག་ལ་གཅིག་ངག་རྩུབ་པོ་སྨྲས་པ་དང་། དེ་གཉིས་ཀྱང་དགེ་སློང་དག་གིས་སྤང་བའི་ལས་བྱས་ནས། དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་
དག་བདག་ཅག་ནི་ངེས་པའི་གཏམ་སྨྲ་ན་གཅིག་ལ་གཅིག་ངག་རྩུབ་པོ་སྨྲས་སུ་ཟད་ན། ཅིའི་ཕྱིར་ཁྱེད་ཀྱིས་ངེད་གཉིས་ལ་སྤང་བའི་ལས་ཀྱིས་བཅད་ཅེས་སྨྲས་པ་དང་། དེ་དག་གིས་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་འཐབ་པ་རྣམས་ལ་སྤང་བའི་ལས་བྱོས་ཤིག་
ཅེས་གསུངས་པས་ན་ངེད་ཀྱིས་ཁྱེད་གཉིས་ལ་སྤང་བའི་ལས་བྱས་སོ་ཞེས་སྨྲས་པ་དང་། དེ་དག་ཅང་མི་སྨྲ་བར་འཁོད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་གཉིས་ལ་སྤང་བའི་ལས་
མི་བྱ་བར་གཅུགས་པར་བྱོས་ཤིག །དེ་སྟེ་གནས་འཆའ་བ་ཞིག་ན་ནི་དེའི་མཁན་པོ་དང་སློབ་དཔོན་གྱིས་སྒོ་ཤིག །དེ་སྟེ་རྒན་པ་ཞིག་ན་ནི་དེས་དགེ་འདུན་ཐམས་ཅད་འདུས་ལ་རྩོད་པ་ཞི་བར་བྱོས་ཤིག །དེ་སྟེ་དེས་ཀྱང་མ་སློན་ན་སྡོད་དེ་གཉིས་ལ་སྤང་བའི་ལས་བྱོས་ཤིག །

གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་མཚམས་ཀྱི་བར་དུ་དགེ་སློང་ཞིག་དུས་ལས་འདས་ན་གུམ་པ་དེའི་ཡོ་བྱད་རྣམས་སུ་དབང་བར་འགྱུར། ཨུ་པཱ་ལི་དེ་ནི་མགོ་གང་ལོགས་སུ་
བོར་བའོ། །བཙུན་པ་གཉིས་ཀར་མགོ་བོར་ན། གང་དབང་བར་འགྱུར། ཨུ་པཱ་ལི་དེ་ནི་གཉིས་ཀའོ། །གླེང་གཞིའི་སྒོ་གཉིས་པ་སྟེ་ཚིགས་སུ་བཅད་པ་དང་པོའོ།། །།མདོར་ན། བསྒྲག་པར་བྱ་དང་ཤིང་རྟ་དང་། །དེ་ནས་ཕྲེང་བ་གོས་རྣམས་དང་། །དགེ་
འདུན་གོས་ཀྱང་དེ་བཞིན་ཏེ། །ཐེ་ཚོམ་སོ་སོའི་སྐྱེ་བོའོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་ཡ་མཚན་ཅན་དུ་མ་གནས་ཤིང་འཁོད་དོ། །གང་གི་ཚེ་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་
བཞུགས་པ་དེའི་ཚེ་ན་མུ་སྟེགས་ཅན་རྣམས་ཀྱི་མཐུ་ཉམས་ནས་རྙེད་པ་ཆུང་བར་གྱུར་ཏེ། དེ་དག་གིས་ཇི་ཙམ་འདོད་པ་བླངས་ནས་མུ་སྟེགས་སུ་བྱ་བ་བྱ་བར་བརྩམས་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་པ་ཆོས་ཀྱིས་ནང་པར་སྔར་ལངས་ནས་བཅོམ་ལྡན་འདས་ལ་བལྟ་བའི་
ཕྱིར་འགྲོའོ། །ཇི་ཙམ་དུས་ཕྱི་ཞིག་ན་ཁྱིམ་བདག་མགོན་མེད་པ་ལ་ཟས་སྦྱིན་པ་ནང་པར་སྔར་ལངས་ནས་ཛེ་ཏའི་ཚལ་དུ་སོང་བ་དང་། མུ་སྟེགས་ཅན་དག་ཅི་འདོད་པ་བླངས་ཏེ། དེ་དག་གིས་དེ་ཡང་དག་པར་བསྐུལ་ནས་དེས་བསམས་པ་འདི་དག་ནི་ངན་དུ་སྨྲ་བའི་ཆོས་དང་འདུལ་
བའི་མུ་སྟེགས་ཅན་དག་སྟེ། ཅི་འདོད་པ་དག་བསླངས་ཏེ་མུ་སྟེགས་ཅན་གྱི་བྱ་བ་བྱེད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་དེ་དང་དེ་དག་ལས་མ་དད་པ་དག་ནི་དད་པ་ཕུན་སུམ་ཚོགས་པར་ཡང་དག་པར་བསྐུལ་བར་བྱོས་ཤིག །གཞུག་པར་བྱོས་ཤིག །དགོད་པར་
བྱོས་ཤིག་ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་ནི་བདག་གིས་སྐྱེ་བོ་མང་པོ་དག་ཀྱང་དགེ་འདུན་ལ་ཡོན་འབུལ་བ་ལ་རབ་ཏུ་དགོད་དོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་

བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ངན་དུ་སྨྲ་བའི་ཆོས་དང་འདུལ་བའི་མུ་སྟེགས་ཅན་འདི་དག་ཅི་འདོད་པ་བླངས་ནས་མུ་
སྟེགས་སུ་བགྱི་བ་བགྱིད་ན། བཅོམ་ལྡན་འདས་ཀྱིས་གནང་ན་ནི་དེ་དང་དེ་དག་ཏུ་ཞེས་བྱ་བ་ནས་དགེ་འདུན་ལ་ཡོན་འབུལ་བར་དགོད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་ངས་ཁྱིམ་བདག་རྗེས་སུ་གནང་
གིས་ཅི་འདོད་པ་བསླངས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་བྱེད་པར་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་ཅི་འདོད་པ་བླངས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་བྱོས་ཤིག་ཅེས་བཀའ་སྩལ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་
གྱིས་ཡང་དག་པར་བསྐུལ་བར་བརྩམས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དག་གིས་འཕགས་པ་དག་ཀྱང་ཡང་དག་པར་བསྐུལ་ན་ནི་བདག་ཅག་ལ་བསོད་ནམས་དེ་བས་ཀྱང་རབ་ཏུ་མང་བར་འགྱུར་རོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་
སློང་དག་གིས་ཀྱང་གྲོགས་གྱིས་ཤིག །བྲམ་ཟེ་དང་ཁྱིམ་བདག་དག་གིས་དེ་སྟེ་བདག་ཅག་གི་མིང་ནས་བརྗོད་ན་ནི་ལེགས་པར་འགྱུར་རོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་སྦྱིན་བདག་གིས་བྱིན་ན་བརྗོད་པར་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། ཁྱིམ་བདག་
གིས་ཀྱང་བརྗོད་པར་བྱས་ནས་བྲམ་ཟེ་དང་ཁྱིམ་བདག་གིས་དེ་སྟེ་འཕགས་པ་དག་གིས་བརྗོད་ན་ནི་བདག་ཅག་ལ་དེ་བས་ཀྱང་བསོད་ནམས་མང་དུ་འགྱུར་རོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་ཀྱང་བརྗོད་པར་བྱོས་ཤིག །
བྲམ་ཟེ་དང་ཁྱིམ་བདག་དག་གཙུག་ལག་ཁང་དུ་འོངས་ནས་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་དུ་ཡང་བརྗོད་པར་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །རྗོད་པར་བྱེད་པ་དེ་སྐྱེ་བོ་མང་པོ་དག་གིས་བསྐོར་ནས་མི་སྣང་བར་གྱུར་པ་དང་། བཅོམ་ལྡན་འདས་

ཀྱིས་ཤིང་རྟའི་སྟེང་དུ་འཛེགས་ལ་བརྗོད་ཅིག་ཅེས་བཀའ་སྩལ་པ་དང་། ཚ་བ་དང་ཆར་པ་དང་རླུང་རྣམས་བྱུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་ཁང་བུ་རྩེག་མ་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །སྐྱེ་བོ་མང་པོ་དག་གིས་སྒོ་བསྒྲིབས་པས་ན།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་བཞི་ཐོད་ལ་བརྗོད་པ་བཞི་ཞོག་ཤིག །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཅི་འདོད་པ་བླངས་ནས་གོས་ཟུང་མང་པོ་གོས་ཟུང་བརྒྱ་སྟོང་མང་པོ་རྣམས་བསོགས་པ་དང་། དེས་འདི་སྙམ་དུ་གོས་མང་ཞིག་ཚོགས་ཀྱིས་ད་ནི་བདག་
གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་བཤོས་གསོལ་ལ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྒན་རིམས་སུ་ཡོན་དབུལ་ལོ་སྙམ་བསམས་ནས། དེས་ཛེ་ཏའི་ཚལ་གོས་སྣ་ཚོགས་ཀྱིས་བརྒྱན་ཏེ་གོས་ཀྱི་ཕྲེང་བས་སྟེང་ཀུན་ཏུ་སྦྱངས་ནས་
སྲུང་མ་ཡང་བཞག་སྟེ། མཛའ་བོ་དང་གཉེན་དང་ཕུ་ནུ་དག་ཀྱང་མགྲོན་དུ་བོས་སོ། །དེ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྦྱར་ནས་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་དུ་བཅས་ཏེ། ཛེ་ཏའི་ཚལ་དུ་བཤོས་ལ་སྤྱན་དྲངས་སོ། །དེ་ནང་པར་
སྔར་ལངས་ཏེ་གདན་བཏིང་ནས་བུམ་པ་ཆུས་བཀང་སྟེ་བཞག་ནས། བཅོམ་ལྡན་འདས་དང་ཉན་ཐོས་ཀྱི་དགེ་འདུན་དུ་བཅས་ཏེ་བཤོས་གསོལ་ནས། བཅོམ་ལྡན་འདས་ལ་བཙུན་པ་འཇིག་རྟེན་ན་ཡོན་གནས་སུ་མཆིས་ཞེས་ཞུས་པ་དང་། ཁྱིམ་བདག་གཉིས་ཏེ་སློབ་པ་དང་
མི་སློབ་པའོ། །དེ་ལ་ཡང་ཁྱིམ་བདག་སློབ་པ་ལ་རྣམ་པ་བཅྭ་བརྒྱད་ཡོད་དོ། །མི་སློབ་པ་ལ་རྣམ་པ་དགུའོ། །སློབ་པ་རྣམ་པ་བཅྭ་བརྒྱད་པོ་གང་ཞེ་ན། རྒྱུན་དུ་འཇུག་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་
འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། དད་པས་རྗེས་སུ་འབྲང་བ་དང་།

ཆོས་ཀྱི་རྗེས་སུ་འབྲང་བ་དང་། དད་པས་རྣམ་པར་གྲོལ་བ་དང་། ལྟ་བས་ཐོབ་པ་དང་། གོང་ནས་གོང་དུ་འགྲོ་བ་དང་། ཚེ་གཅིག་གིས་ཐོགས་པ་དང་། བར་མ་དོར་མྱ་ངན་ལས་འདའ་བ་དང་། སྐྱེས་མ་ཐག་ཏུ་མྱ་ངན་ལས་འདའ་བ་མངོན་པར་འདུ་བྱེད་པ་དང་བཅས་
པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུས་མ་བྱས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕར་བ་རྣམས་ཏེ་འདི་དག་ནི་སློབ་པ་བཅྭ་བརྒྱད་ཅེས་བྱའོ། །མི་སློབ་པ་དགུ་གང་ཞེ་ན། ཆོས་འགྲིབས་པ་དང་། ཆོས་མ་འགྲིབས་པ་
དང་། གསང་བའི་ཆོས་དང་། རྗེས་སུ་སྲུང་བའི་ཆོས་དང་། མི་གཡོ་བར་འདུག་པ་དང་། སོ་སོར་རྟོགས་ནས་སྐལ་བ་ཅན་དུ་མི་འགྱུར་བ་དང་། མི་བསྐྱོད་པའི་ཆོས་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་འདི་
དག་ནི་མི་སློབ་པ་དགུ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་སོ། །བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་ཡང་གསུངས་པ། ལུས་དང་ངག་ཡིད་དྲང་པོར་གྱུར་པ་ཡི། །སློབ་དང་མི་སློབ་འཇིག་རྟེན་འདི་ན་བཞུགས། །
དེ་དག་སྦྱིན་ཞིང་མཆོད་པར་འོས་པ་སྟེ། །མཆོད་པའི་ཞིང་རབ་དེར་བྱིན་འབྲས་བུ་ཆེ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་རྒན་རིམས་ཀྱི་མདུན་དུ་འདུག་སྟེ། བརྗོད་པ་བསྐོས་ནས་འཕགས་པ་བརྗོད་པའི་ཚེ་འདི་སྐད་དུ་གང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་
ལ་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་རིགས་པ། ཕྱག་བྱ་བར་རིགས་པ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་གང་ཡིན་པ་དེ་དག་ལ་གོས་འདི་དག་འབུལ་གྱིས་ཅི་བདེར་བཞེས་ཤིག་ཅེས་གསུང་
ཤིག །དེ་ནས་དགེ་སློང་རྗོད་པར་བྱེད་པ་དེས་རྒན་རིམས་ཀྱི་མདུན་དུ་འདུག་ལ་འདི་སྐད་དུ་གསོན་ཅིག །བཙུན་པའི་དགེ་འདུན་རྣམས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་རིགས་པ། ཕྱག་བྱ་

བར་རིགས་པ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་། འཇིག་རྟེན་གྱི་ཡོན་གནས་གང་ཡིན་པ་དེ་དག་ལ་གོས་རྙེད་པ་འདི་དག་འབུལ་གྱིས་ཅི་བདེར་བཞེས་ཤིག་ཅེས་བརྗོད་དོ། །དེ་ནས་དགེ་སློང་འདོད་ཆགས་དང་བྲལ་བ་ཞེ་སྡང་དང་བྲལ་བ་གཏི་
མུག་དང་བྲལ་བ་གང་ཡིན་པ་དེ་དག་ནི་འདི་སྙམ་དུ་གྱུར་ཏོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་འདི་སྐད་དུ་བརྗོད་དེ། གང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་རིགས་པ། ཕྱག་བྱ་བར་
རིགས་པ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་འཇིག་རྟེན་གྱི་ཡོན་གནས་དེ་དག་ལ་གོས་རྙེད་པ་རྣམས་འབུལ་གྱིས་ཅི་བདེར་བཞེས་ཤིག་ཅེས་བརྗོད་དེ། བདག་ཅག་ནི་བླ་ན་མེད་པ་ཡིན་པས་ན་བདག་གིས་རྙེད་པ་འདི་དབང་མོད་ཀྱིས། བཅོམ་ལྡན་འདས་ཀྱིས་དགེ་
སློང་དག་ཁྱེད་ཀྱིས་དགེ་བ་རྣམས་ནི་བཅབ་པར་བྱའོ། །སྡིག་པ་རྣམས་ནི་བསྒྲག་པར་བྱའོ་ཞེས་གསུངས་ན། བདག་ཅག་གོས་རྙེད་པའི་ཕྱིར་བདག་ཉིད་བརྗོད་པ་ལྟ་ག་ལ་རུང་། བདག་ཅག་ནི་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་
བའོ་ཞེས་སྨྲས་ནས་ཅང་མི་ཟེར་བར་འཁོད་དོ། །ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་གང་ཡིན་པ་དེ་དག་ཀྱང་འདི་སྙམ་དུ། བླ་ན་མེད་པ་ལ་བསྔོས་པས་ན་བདག་ཅག་ནི་ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་ཡིན་པས་བདག་ཅག་ནི་མི་དབང་ངོ་སྙམ་བསམས་ནས་ཅང་
མི་ཟེར་བར་འཁོད་དོ། །བཅིང་བ་ཐམས་ཅད་ཀྱིས་བཅིངས་པ་གང་ཡིན་པ་དེ་དག་ནི་འདི་སྙམ་དུ། བླ་ན་མེད་པ་ལ་དེ་འབུལ་ལོ་སྙམ་དུ་བསམས་ནས་དེ་དག་ཅང་མི་སྨྲ་བར་འཁོད་དོ། །ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་དག་ཀྱང་ཅང་མི་ཟེར་བར་འཁོད་དོ། །
བདག་ཅག་ནི་བཅིང་བ་ཐམས་ཅད་ཀྱིས་བཅིངས་པས་ན། བདག་ཅག་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མི་དབང་ངོ་སྙམ་དུ་བསམས་ནས་དེ་དག་ཀྱང་ཅང་མི་སྨྲ་བར་འཁོད་དོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གོས་ཕུལ་བ་དེ་དག་དགེ་སློང་གཅིག་

གིས་ཀྱང་མ་བླངས་པ་དང་། དེ་ཡང་འདི་སྙམ་དུ་བདག་འཕགས་པའི་དགེ་འདུན་དག་གིས་ལྷུང་བཟེད་ཁས་ཕུབ་པར་མ་གྱུར་གྲང་སྙམ་དུ་བསམས་ནས། དེའི་ལུས་སྐྱ་བོ་བསེང་བསེང་པོ་རིད་ཅིང་སྐེམ་ལ་རྨྱ་བར་གྱུར་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་དྲུང་དུ་
ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དོན་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། སངས་རྒྱས་ནི་མཁྱེན་བཞིན་དུ་འདྲི་སྟེ།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཀུན་དགའ་བོ་ཁྱིམ་བདག་མགོན་མེད་ཟས་སྦྱིན་པས་དགེ་སློང་དག་ལ་གོས་སྦྱར་ཏེ་བྱིན་ན། ཅིའི་ཕྱིར་མ་བླངས་ཞེས་རྨས་པ་དང་། དེས་བཙུན་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། འདི་
སྐད་དུ་གང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་བགྱི་བ་ནས་དེ་དག་ཅང་མི་མཆི་བར་མཆིས་སོ་ཞེས་བགྱི་བའི་བར་དུ་སྔ་མ་བཞིན་བརྗོད་དེ། དེ་ལྟར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་
གྱིས་སྩལ་བ་དགེ་སློང་གཅིག་གིས་ཀྱང་མ་བླངས་སོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཀུན་དགའ་བོ་སོང་ལ་མཉན་དུ་ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་འདུན་ཁང་དུ་སྡུས་ཤིག །ཅེས་བཀའ་
སྩལ་པ་དང་། བཙུན་པ་དེ་བཞིན་བགྱིའོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ། མཉན་དུ་ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་འདུན་ཁང་དུ་བསོགས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་
པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ་བཅོམ་ལྡན་འདས་ད་དུས་ལ་བབ་པར་དགོངས་ཤིག །མཉན་དུ་

ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་མཆིས་པ་དེ་དག་ཐམས་ཅད་འདུན་ཁང་དུ་འདུས་ཤིང་ཚོགས་སོ་ཞེས་དེ་སྐད་ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་འདུན་ཁང་གང་ན་བ་དེར་གཤེགས་ཏེ་བྱོན་པ་དང་། གདན་བཏིང་བ་ལ་བཞུགས་
སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། དགེ་སློང་ཁྱེད་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གོས་མང་པོ་བསྡུས་ཏེ་བྱིན་ན་ཅིའི་ཕྱིར་མ་བླངས་ཞེས་གསུངས་པ་དང་། དགེ་སློང་རྣམས་ཅང་མི་ཟེར་བར་འཁོད་
དོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་འདྲི་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཡང་ཀུན་དགའ་བོ་དགེ་སློང་རྣམས་ཅིའི་ཕྱིར་མི་སྨྲ་བར་འཁོད་ཅེས་རྨས་པ་དང་། དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཡང་
རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ངའི་དྲུང་དུ་མྱ་ངན་ལས་འདའ་བར་བསམས་ཏེ་རབ་ཏུ་བྱུང་ངམ། བཙུན་པ་དེ་བཞིན་ནོ་ཞེས་གསོལ་ཏོ། །དགེ་སློང་དག་དེ་ལྟ་བས་ན་ངའི་དྲུང་དུ་མྱ་
ངན་ལས་འདའ་བར་བསམས་ཏེ་རབ་ཏུ་བྱུང་བ་དེ་ལ་ནི་བ་ན་ཕྲག་སྟོང་རི་བའི་གོས་དང་། མིག་ལྔ་བརྒྱ་ཡོད་པའི་ཁང་པ་བརྩེགས་པ་དང་། རོ་སྣ་བརྒྱ་དང་ལྡན་པའི་ཟས་རྣམས་རྗེས་སུ་གནང་ངོ་། །དགེ་སློང་དག་ཚུལ་ཁྲིམས་ཉམས་པ་དག་ནི་དགེ་འདུན་གྱི་ཀུན་
དགའ་ར་བ་ལ་རྐང་པའི་རྟིང་པ་གཅིག་ཙམ་ཡང་ཡོངས་སུ་སྤྱད་པ་མི་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཉམས་པའི་གང་ཟག་ལ་ནི་ཉེས་པའི་དམིགས་འདི་བཅུ་ཡོད་དེ། བཅུ་གང་ཞེ་ན། ཚུལ་ཁྲིམས་ཀྱིས་བདག་སྨད་པ་དང་། གཞན་དང་ལྷ་དང་
སྟོན་པས་སྨད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དང་། ཆོས་ཉིད་ཀྱིས་སྨད་པ་དང་། ཕྱོགས་ཕྱོགས་སུ་སྡིག་པ་མི་སྙན་པའི་སྒྲ་དང་ཚིགས་སུ་བཅད་པས་གྲགས་པར་འགྱུར་བ་དང་། མ་རྟོགས་པ་རྣམས་རྟོགས་པར་མི་འགྱུར་བ་དང་། རྟོགས་

པ་རྣམས་ཉམས་པ་དང་། སྔོན་ཐོས་པ་རྣམས་བརྗེད་པར་འགྱུར་བ་དང་། རྣམ་པར་འགྱོད་བཞིན་དུ་དུས་བྱེད་པ་དང་། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་འགྲོ་ངན་སོང་དུ་ལོག་པར་ལྟུང་ནས་སེམས་ཅན་དམྱལ་བར་སྐྱེའོ། །འོན་ཀྱང་དགེ་སློང་དག་གིས་སྤྱད་
པ་ནི་བཞི་སྟེ། བདག་པོ་མེད་ཅིང་ཡོངས་སུ་སྤྱོད་པ་དང་། བྱིན་པས་ཡོངས་སུ་སྤྱོད་པ་དང་། གནང་བས་ཡོངས་སུ་སྤྱོད་པ་དང་། བུ་ལོན་གྱིས་ཡོངས་སུ་སྤྱོད་པའོ། །དེ་ལས་དགེ་སློང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་
བ་དེ་དག་ནི་བདག་པོ་མེད་ཅིང་ཡོངས་སུ་སྤྱོད་པའོ། །ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་དག་ནི་བྱིན་པས་ཡོངས་སུ་སྤྱོད་པའོ། །སོ་སོའི་སྐྱེ་བོ་དགེ་བ་ཅན་བསམ་གཏན་དང་ཀློག་པ་ལ་ཞུགས་པ་རྣམས་ནི་གནང་བས་ཡོངས་སུ་སྤྱོད་པའོ། །ལེ་ལོ་ཅན་དག་
ནི་བུ་ལོན་གྱིས་ཡོངས་སུ་སྤྱོད་པའོ། །ཚུལ་ཁྲིམས་ཉམས་པ་ནི་ཡོངས་སུ་སྤྱོད་པ་ཐམས་ཅད་མི་གནང་ངོ་། །དེ་ལྟ་བས་ན་རྙེད་པ་ཞིག་ཡོད་ན་དགེ་འདུན་གྱིས་མཉམ་པར་བགོ་བར་བྱའོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་གཉིས་
པའོ།། །།མདོར་ན། བཏིང་བ་དང་ནི་མ་བཏིང་བ། །ཕྱུང་བ་དང་ཡང་མ་ཕྱུང་བ། །དེ་བཞིན་མཚམས་ཀྱི་ཕྱི་རོལ་གནས། །ཐོས་པ་ཡི་རང་བསམས་པས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་
ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དགེ་འདུན་གྱིས་གཏན་པ་བཏིང་བ་དགེ་སློང་གིས་ཤིན་ཏུ་མྱོང་བཞིན་དུ་གཏན་པ་བཏིང་བར་མི་འགྱུར་བར་མཆིས་སམ། ཨུ་པཱ་ལི་
ཡོད་དེ་འདི་ལྟ་སྟེ། དགེ་འདུན་གྱི་གཏན་པ་འདིང་བའི་ཚེ་དགེ་སློང་དེས་དད་པ་མ་བྱིན་ལ་གཉིད་ཀྱིས་ལོག་སྟེ། དགེ་འདུན་གྱི་གཏན་པ་བཏིང་བར་འགྱུར་རོ། །ཨུ་པཱ་ལི་དེ་ལྟར་ན་དགེ་སློང་གཏན་པ་ཤིན་ཏུ་མྱོང་བཞིན་གཏན་པ་བཏིང་བར་མི་འགྱུར་རོ། །བཙུན་

པ་དགེ་འདུན་གྱི་གཏན་པ་ཤིན་ཏུ་མ་མྱོང་བཞིན་དུ་གཏན་པ་བཏིང་བར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དགེ་སློང་ཞིག་གིས་དགེ་འདུན་གྱི་གཏན་པ་བཏིང་བའི་ཚེ་དད་པ་བྱིན་ལ་ཉལ་ལ་དགེ་འདུན་གྱིས་གཏན་པ་ཡང་བཏིང་བར་འགྱུར་ཏེ།
དེ་ལྟར་ན་དགེ་འདུན་གྱི་གཏན་པ་བཏིང་བ་ཤིན་ཏུ་མ་མྱོང་བ་ཡང་གཏན་པ་བཏིང་བར་འགྱུར་རོ། །ཨུ་པཱ་ལི་དེ་བཞིན་དུ་དགེ་སློང་གིས་དགེ་འདུན་གྱི་གཏན་པ་འདིང་བའི་ཚེ་དད་པ་བྱིན་པ་ལ་གཉིད་ཀྱིས་ལོག་གམ་སྙོམས་པར་ཞུགས་པ་སྟེ། ཤིན་ཏུ་མ་མྱོང་ཡང་གཏན་
པ་བཏིང་བར་འགྱུར་རོ། །བཙུན་པ་དགེ་སློང་གི་དགེ་འདུན་གྱི་གཏན་པ་འབྱིན་པའི་ཚེ་མྱོང་བར་གྱུར་ཀྱང་གཏན་པ་མ་ཕྱུང་བར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་ལྟ་སྟེ། དགེ་སློང་གིས་དགེ་འདུན་གྱི་གཏན་པ་འདིང་བའི་ཚེ་དད་པ་མ་བྱིན་ལ་གཉིད་
ཀྱིས་ལོག་གམ་སྙོམས་པར་ཞུགས་པ་སྟེ། ཨུ་པཱ་ལི་དེ་ལྟར་ན་དགེ་སློང་གི་དགེ་འདུན་གྱི་གཏན་པ་འབྱིན་པའི་ཚེ་མྱོང་བར་གྱུར་ཀྱང་གཏན་པ་མ་ཕྱུང་བར་འགྱུར་རོ། །བཙུན་པ་དགེ་སློང་ཞིག་གིས་དགེ་འདུན་གྱི་གཏན་པ་འབྱིན་པའི་ཚེ་མྱོང་བར་མ་གྱུར་ཀྱང་གཏན་པ་ཕྱུང་བར་འགྱུར་
བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་ལྟར་དགེ་སློང་གི་དགེ་འདུན་གྱིས་གཏན་པ་འབྱིན་པའི་ཚེ་དད་པ་བྱིན་ལ་གཉིད་ཀྱིས་ལོག་གམ་སྙོམས་པར་ཞུགས་སམ། མཚམས་ཀྱི་ཕྱི་རོལ་ཏུ་སོང་ཡང་རུང་སྟེ། དགེ་འདུན་གྱིས་གཏན་པ་ཕྱུང་ངོ་ཞེས་ཐོས་ཏེ། ཐོས་ནས་
ཀྱང་ལེགས་པར་ཕྱུང་ངོ་། །ཤིན་ཏུ་བྱུང་བའོ་ཞེས་རྗེས་སུ་ཡི་རང་བའོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། བསླབ་པ་བྱིན་དང་ཚུལ་ཤིང་དང་། །གང་ལ་ལས་རྣམས་བྱ་བ་དང་། །བཅུ་གཉིས་རྣམས་ལ་
སླར་འཁྱལ་དང་། །མི་གཙང་བ་དང་མི་བརྩན་པ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་

བསླབ་པ་སྩལ་བས། ཚུལ་ཤིང་བྲིམ་ཞིང་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །མ་ནིང་དང་ཟ་མ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་
སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། སོ་སོར་གནས་པ་དང་། མི་གནས་པས་ཚུལ་ཤིང་བྲིམ་ཞིང་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་བཅོམ་ལྡན་འདས་ཀྱིས་
གང་ལ་ལས་བྱ་བ་དེ་སླར་འཁྱལ་ཡང་མི་བརྩན་ནོ་ཞེས་གསུངས་ན། བཙུན་པ་གང་ལ་ཆོས་བཞིན་མ་ལགས་པར་ལས་བགྱིས་པ་དེ་ལྟར་འཁྱལ་ན་ཡང་མི་བརྩན་པར་འགྱུར་རམ། ཨུ་པཱ་ལི་དེ་ནི་བརྩན་ནོ། །བཙུན་པ་གང་ཟག་གིས་ལས་བཅུ་གཉིས་བསྐོས་པའི་
ཚེ་དེ་དག་འདི་སྐད་དུ་ངེད་ཅག་ལ་མ་བསྐོ་ཤིག་ཅེས་མཆི་ན། ཅི་དེ་དག་དེ་ལྟར་འཁྱལ་བ་ཡང་མི་བརྩན་ནམ། ཨུ་པཱ་ལི་བརྩན་ནོ། །དེ་ནི་ངས་ཆད་པས་གནས་པ་རྣམས་ཀྱི་ཕྱིར་བསམས་ཏེ་གསུངས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་མི་གཙང་བ་རྣམས་
སླར་འཁྱལ་ན་མི་བརྩན་ནོ་ཞེས་གསུངས་ན། བཙུན་པ་ཇི་ཙམ་གྱིས་ན་མི་གཙང་བ་ཞེས་བགྱི། ཨུ་པཱ་ལི་དེ་ནི་གང་ལ་ཕས་ཕམ་པ་བཞིའི་ནང་ནས་གང་ཡང་རུང་བ་ཞིག་བྱུང་བར་གྱུར་པ་སྟེ། དེ་ཙམ་གྱིས་ན་མི་གཙང་བར་འགྱུར་རོ། །གླེང་གཞིའི་སྒོ་གཉིས་པའི་
མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། བསླབ་པ་བྱིན་དང་ལས་བྱེད་དང་། །རྐུན་གནས་ཀྱང་ནི་དེ་བཞིན་ཏེ། །བསྙེན་རྫོགས་མཚམས་ཀྱི་ཕྱི་རོལ་དང་། །མངགས་ཏེ་གཏང་བར་མི་བྱ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་
ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ལས་བགྱིད་པ་བསླབ་པ་སྩལ་བས་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། འོན་ཏེ་མ་བགྱིས་པ་ཞེས་བགྱི།

ཨུ་པཱ་ལི་མ་བྱས་པ་ཞེས་བྱ་སྟེ། སླར་ཡང་བྱ་དགོས་སོ། །དེ་བཞིན་དུ་མ་ནིང་དང་ཟ་མ་དང་མི་གནས་པའི་བར་དུ་སྔ་མ་བཞིན་དུ་བྱའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་ལ་དགེ་སློང་ཞིག་བསྙེན་པར་རྫོགས་པར་འདོད་
ནས་དེས་བསྙེན་པར་རྫོགས་པར་བྱ་བའི་དགེ་སློང་རྣམས་སྦྲན་ཏེ། དེས་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་དེས་དགེ་ཚུལ་ཕ་དེ་ཁྲིད་དེ། དཀྱིལ་འཁོར་དུ་དོང་ནས་དགེ་སློང་དག་དང་ལྷན་ཅིག་ཏུ་དཀྱིལ་འཁོར་དུ་ཕྱིན་ནས། དེ་མཚམས་ཀྱི་ཕྱི་རོལ་དུ་མངགས་
ཏེ་བཏང་བ་དང་། དེ་གཉེན་དག་གིས་ཁྲིད་དེ་སོང་ངོ་། །ཚེ་དང་ལྡན་པ་དེ་དག་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་གི་དངོས་པོར་གྱུར་པའི་བར་ཆད་དུ་གྱུར་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ་
དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་གིས་བསྙེན་པར་རྫོགས་པར་འདོད་པ་དེ་མཚམས་ཀྱི་ཕྱི་རོལ་དུ་མ་མངགས་ཤིག །འདི་ལྟ་སྟེ། དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་རབ་དབང་བསྐུར་བའི་
རིགས་པ་དབང་མ་བསྐུར་ན་རྒྱལ་ཚབ་འཐོབ་པ་དེ་རབ་ཏུ་བསྲུང་བར་བྱ་བ་དང་། རབ་ཏུ་བསྐྱང་བར་བྱ་བ་དེ་བཞིན་དུ་དགེ་སློང་གིས་བསྙེན་པར་རྫོགས་པར་འདོད་པ་དེ་ཡང་རབ་ཏུ་བསྲུང་ཞིང་བསྐྱང་བའི་རིགས་སོ། །དེ་ལྟ་བས་ན་དགེ་སློང་དག་གིས་བསྙེན་པར་
རྫོགས་པར་འདོད་པའི་དགེ་ཚུལ་པ་དེ་རྣམས་མི་ཐོས་པའི་ཉེ་འཁོར་ཙམ་དུ་སྤངས་ལ། མཐོང་བའི་ཉེ་འཁོར་ཙམ་དུ་ཐལ་མོ་སྦྱར་ཏེ་མངོན་དུ་ལྟ་བཞིན་ཞོག་ཤིག །དེ་ལྟར་ན་ཉེས་པའི་དམིགས་སུ་མི་འགྱུར་རོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་
སུ་བཅད་པ་ལྔ་པའོ།། །།མདོར་ན། བཟོད་པ་གསོལ་བར་བྱེད་དང་མཚམས། །སྤུ་བསྙལ་བ་ཡང་དེ་བཞིན་ནོ། །ཐབ་མོ་རྒོད་པ་བསྡིགས་པ་དང་། །སྨད་པར་བྱ་དང་རིགས་སུན་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་

ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་བསྡིགས་པའི་ལས་བགྱིས་པས་བཟོད་པ་གསོལ་ཅིག་ཅེས་གསུངས་ན། གང་དུ་
བཟོད་པ་གསོལ་བར་བགྱི། ཨུ་པཱ་ལི་དེ་ནི་མཚམས་ཀྱི་ནང་དུའོ། །ཇི་ལྟར་བཟོད་པ་གསོལ་བར་བགྱི། སྤུ་ལངས་ཤིང་རབ་ཏུ་ལངས་པ་ལས་དགེ་འདུན་ལ་སྤུ་ཉལ་བར་བྱེད་པ་བྱུང་བར་སྩོལ། ཕྱག་འཚལ་བ་མངོན་དུ་སྟོན་ཅིང་། ཐབ་མོ་རྒོད་པ་དེ་
ཡང་སླར་གཏོང་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཐབ་མོ་རྒོད་པའི་དགེ་སློང་དག་ལ་བསྡིགས་པའི་ལས་བྱོས་ཤིག་ཅེས་གསུངས་ན། དེ་སྟེ་བཙུན་པ་དེ་ལ་བསྡིགས་པའི་ལས་བགྱིད་པའི་ཚེ་མ་རངས་པར་གྱུར་ན། དེ་ལ་ཐབས་ཇི་ལྟར་བགྱི། ཨུ་པཱ་ལི་དེའི་ཡོ་
བྱད་དང་རྫས་ལས་ཁ་ཅིག་གིས་ལྷུང་བཟེད་དང་ཆོས་གོས་ཁྱེར་ཅིག །ཁ་ཅིག་གིས་ནི་བར་བུར་གྱི་སྣོད་དག་ཁྱེར་ལ་ཕྱི་རོལ་དུ་ཕྱུང་སྟེ་བོར་ཅིག །དེ་སྟེ་ཀ་བ་ལ་འཇུས་ན་ཡང་ཀ་བ་ཆོད་ཅིག །དེ་སྟེ་སྒོ་སྐྱེས་ལ་འཇུས་ན་ཡང་སྒོ་སྐྱེས་ཕྱུང་ལ་དེ་ལ་ངོ་ཟློག་མི་ཕོད་པ་
མ་བྱེད་ཅིག །དེ་སླར་སུས་བཅོས་པར་བགྱི། དགེ་འདུན་གྱིས་སོ། །སུ་ལ་བཅོས་པའི་ཡོ་བྱད་དགུག །སྦྱིན་བདག་ལ་སློངས་ལ་དེ་སྟེ་མ་འབྱོར་ན་དགེ་འདུན་ཐམས་ཅད་ཀྱི་ནོར་ལས་བྱོས་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །དེ་སྟེ་བཙུན་པ་དགེ་སློང་
མ་ཞིག་ཐབ་མོ་རྒོད་པར་གྱུར་ན་དེ་ལ་ཡང་བསྡིགས་པའི་ལས་བགྱིའམ། ཨུ་པཱ་ལི་དེ་ལ་ཡང་བསྡིགས་པའི་ལས་བྱའོ། །དེ་སྟེ་མ་རངས་པར་གྱུར་ན་ཞེས་པ་ནས། ཐེ་ཚོམ་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཙུན་པ་དེ་སྟེ་དགེ་སློབ་མ་དང་། དགེ་
ཚུལ་ཕ་དང་། དགེ་ཚུལ་མ་ཞིག་ཐབ་མོ་རྒོད་པར་གྱུར་པ་དང་། དེ་དག་ལ་ཡང་བསྡིགས་པར་བགྱིའམ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་རིགས་སུན་པའི་དགེ་སློང་ལ་བསྐྲད་པའི་ལས་

བྱོས་ཤིག་ཅེས་གསུངས་ན། དེ་སྟེ་བཙུན་པ་དེ་ལ་བསྐྲད་པའི་ལས་བགྱིད་པའི་ཚེ་དེ་མ་རངས་པར་གྱུར་ན་དེ་ལ་ཇི་ལྟར་བགྱི། ཨུ་པཱ་ལི་དེ་ལ་ཡོ་བྱད་རྣམས་ཞེས་བྱ་བ་ནས། ཐེ་ཚོམ་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེ་བཞིན་དུ་དགེ་སློང་
མས་རིགས་སུན་པ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་དག་ལ་ཡང་བསྐྲད་པའི་ལས་བགྱིའམ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།
འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་རྩ་གསུམ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཉམས་པའི་དགེ་སློང་སྐྲོད་ཅིག་ཅེས་གསུངས་ན། སུས་བསྐྲད་པར་བགྱི། དེ་ནི་དགེ་འདུན་གྱིས་བསྐྲད་པར་བྱའོ། །དེའི་ཡོ་བྱད་ལ་ཁ་ཅིག་གིས་ལྷུང་
བཟེད་དང་ཆོས་གོས་ཁྱེར། ཁ་ཅིག་གིས་ནི་བར་བུར་གྱི་སྣོད་དག་ཁྱེར་ཏེ་ཕྱི་རོལ་ཏུ་ཕྱུང་ལ་བོར་ཅིག །དེ་སྟེ་ཀ་བ་ལ་འཇུས་ན་ཀ་བ་ཆོད་ཅིག །སྒོ་སྐྱེས་ལ་འཇུས་ན་སྒོ་སྐྱེས་ཀྱང་ཕྱུང་ལ་དེ་ལ་ངོ་ཟློག་མི་ཕོད་པར་མ་བྱེད་ཅིག །སླར་སུས་བཅོས་པར་བགྱི། དགེ་འདུན་
གྱིས་སོ། །འཆོས་པའི་ཡོ་བྱད་སུ་ལ་དགུག །ཡོན་བདག་ལ་བསྐུལ་ལོ། །དེས་ཀྱང་མ་འབྱོར་ན་དགེ་འདུན་ཐམས་ཅད་ཀྱི་ནོར་གྱིས་སླར་བཅོས་པར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །ཚུལ་ཁྲིམས་ཉམས་པའི་དགེ་སློང་ལ་ཇི་ལྟ་བར་དགེ་སློང་མ་དང་།
དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་དག་ཀྱང་དེ་བཞིན་ནོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཁྱིམ་པ་ལ་སྨོད་པར་བྱེད་པའི་དགེ་སློང་དེ་ལ་སླར་བསྡུམ་པའི་ལས་བྱོས་ཤིག་ཅེས་གསུངས་ན། བཙུན་པ་དེ་སྙེ་དགེ་སློང་མས་ཀྱང་ཁྱིམ་པ་ལ་སྨད་
པར་གྱུར་ན་དེ་ལ་ཡང་སླར་བསྡུམ་པའི་ལས་བགྱིའམ། ཨུ་པཱ་ལི་དེ་ཡང་སླར་བསྡུམ་པའི་ལས་བྱེད་དུ་ཆུག་ཤིག །དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་ལ་ཡང་དེ་བཞིན་ནོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཁྱིམ་པ་ལ་སྨོད་ན་

བསྡུམ་པའི་ལས་བྱེད་དུ་ཆུག་ཤིག་ཅེས་གསུངས་ན། དགེ་སློང་གིས་དགེ་སློང་ལ་སྨོད་ན་དེ་ལ་ཡང་སླར་བསྡུམ་པའི་ལས་བགྱིའམ། ཨུ་པཱ་ལི་དེ་ལ་ཡང་སླར་བསྡུམ་པའི་ལས་བྱའོ། །དགེ་སློང་གིས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་
ཕ་དང་། དགེ་ཚུལ་མ་ཡང་དེ་བཞིན་དུ་བྱའོ། །དགེ་སློབ་མས་དགེ་སློང་མ་དང་། དགེ་སློང་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་ལ་ཡང་དེ་བཞིན་དུ་བྱའོ། །དགེ་སློབ་མས་དགེ་སློབ་མ་དང་། དགེ་སློང་དང་དགེ་སློང་མ་དང་། དགེ་
ཚུལ་ཕ་དང་། དགེ་ཚུལ་མ་ལ་ཡང་དེ་བཞིན་དུ་བྱའོ། །དགེ་ཚུལ་ཕས་དགེ་ཚུལ་ཕ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་ལ་ཡང་དེ་བཞིན་དུ་བྱའོ། །དགེ་ཚུལ་མས་དགེ་ཚུལ་མ་དང་། དགེ་སློང་དང་། དགེ་སློང་མ་དང་།
དགེ་སློབ་མ་དང་། དགེ་ཚུལ་ཕ་ལ་ཡང་དེ་བཞིན་དུ་བྱའོ། །དེ་ལྟར་འཁོར་ལོ་བཞིན་དུ་རྒྱས་པར་བརྗོད་དོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། དགེ་ཚུལ་དག་དང་བསྡིགས་པ་དང་། །ལྔ་ལས་ཉུང་བ་མི་
གནས་དང་། །ཨུ་པཱ་ལིས་ནི་ཇི་ལྟར་དྲིས། །ནུབ་མོ་ལྔ་ཡང་བྱིན་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ།
བཙུན་པ་དགེ་སློང་གིས་བསྡིགས་པའི་ལས་བགྱིས་པའི་དགེ་ཚུལ་ཕ་བསྙེན་པར་རྫོགས་པར་བགྱིས་ན། དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་ནི་རྫོགས་མོད་ཀྱི། བསྙེན་པར་རྫོགས་པར་བྱེད་པ་ནི་འདས་
པ་དང་བཅས་པའོ། །བཟོད་པ་ནི་གསོལ་བ་ཞེས་བྱའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ལོ་ལྔ་ལོན་ལ་ཆོས་རྣམ་པ་ལྔ་དང་ལྡན་ན་གནས་མ་བཅས་ཀྱང་གཞོངས་སྤྱད་པ་སྤྱོད་དུ་གནང་ངོ་ཞེས་གསུངས་ན། བཙུན་པ་ལོ་བཞི་ལོན་ལ་ཆོས་རྣམ་པ་ལྔ་དང་ལྡན་ན། དེ་

ཡང་གནས་མ་བཅས་པར་གཞོངས་སྤྱད་པ་སྤྱོད་དུ་གནང་ངམ། ཨུ་པཱ་ལི་མི་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ལོ་ལྔ་མ་ལོན་པ་མི་རུང་བའི་ཕྱིར་རོ། །དེ་སྟེ་ལོ་དྲུག་གམ་ལོ་དགུ་ལོན་ལ། དེ་ཡང་ཆོས་ལྔ་དང་མི་ལྡན་ན་དེ་གནས་མ་བཅས་པར་གཞོངས་
སྤྱད་པ་སྤྱོད་དུ་གནང་ངམ། ཨུ་པཱ་ལི་མི་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆོས་ལྔ་དང་ལྡན་པར་བྱ་བའི་ཕྱིར་རོ། །བཙུན་པ་དགེ་སློང་བསྙེན་པར་རྫོགས་ནས་ལོ་གསུམ་ལོན་ལ་དེ་ཡང་སྡེ་སྣོད་གསུམ་དང་ལྡན་པ། རིག་པ་གསུམ་དང་ལྡན་པ་དྲི་མ་གསུམ་དང་བྲལ་ན་དེ་
ཡང་གཞན་ལ་གནས་བཅའ་བར་བགྱིའམ། ཨུ་པཱ་ལི་དེ་ཡང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཅས་པའི་ཚུལ་དུ་བྱ་བའི་ཕྱིར་རོ། །ཇི་སྲིད་དུ་གནས་མ་བཅས་པ་ལ་རྙེད་པ་སྩལ་བར་བགྱི། ཨུ་པཱ་ལི་དེ་མང་ན་ཡང་ཞག་ལྔའི་བར་དུ་སྟེ། དེ་ཡང་གནས་བཅའ་བ་
ཚོལ་ཞིང་སྦྱོར་བ་མ་བཏང་བའོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། མཐུན་པ་དག་དང་མི་མཐུན་པ། །ཚད་གཟུང་དུ་ཡང་མེད་པ་དང་། །བཅབས་པ་དང་ནི་མ་བཅབས་པ། །དེ་བཞིན་མིང་དང་རིགས་ཀྱང་ངོ་། །
སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ནོངས་པ་མཐུན་པ་ཞེས་ཀྱང་བགྱི། མི་མཐུན་པ་ཞེས་ཀྱང་བགྱི་ན།
བཙུན་པ་ནོངས་པ་མཐུན་པ་གང་ལགས། མི་མཐུན་པ་གང་ལགས། ཨུ་པཱ་ལི་ཕས་ཕམ་པ་རྣམས་ནི་ཕས་ཕམ་པར་མཐུན་གྱི་གཞན་དང་མི་མཐུན་པའོ། །དགེ་འདུན་གྱི་ལྷག་མ་ནི་དགེ་འདུན་གྱི་ལྷག་མར་མཐུན་ནོ། །ལྟུང་བ་ནི་ལྟུང་བར་མཐུན་ནོ། །སོ་སོར་བཤགས་པ་སོ་སོར་
བཤགས་པར་མཐུན་ནོ། །ཉེས་བྱས་ནི་ཉེས་བྱས་སུ་མཐུན་ནོ། །བཙུན་པ་ནོངས་པ་ཚད་དང་ལྡན་པ་ཞེས་ཀྱང་བགྱི། ནོངས་པ་ཚད་དང་མི་ལྡན་པ་ཞེས་ཀྱང་བགྱི་ན། བཙུན་པ་ཚད་དང་ལྡན་པ་ནི་གང་ལགས། མི་ལྡན་པ་ནི་གང་ལགས། ཨུ་པཱ་ལི་གང་ཞག་གི་

མཐའ་དང་ཉེས་པའི་མཐའ་དྲན་པར་འགྱུར་བ་སྟེ་ཚད་དང་ལྡན་ཞེས་བྱའོ། །གང་ཞག་དང་ཉེས་པའི་མཐའ་མི་དྲན་པར་གྱུར་པ་དེ་ནི་ཚད་དང་མི་ལྡན་ཞེས་བྱའོ། །བཙུན་པ་ནོངས་པ་བཅབས་པ་ཞེས་ཀྱང་བགྱི། མ་བཅབས་པ་ཞེས་ཀྱང་བགྱི་ན། བཙུན་པ་བཅབས་པ་
གང་ལགས། མ་བཅབས་པ་གང་ལགས། ཨུ་པཱ་ལི་དེ་ནི་རྣམ་པ་གཉིས་ཀྱིས་བཅབས་པ་སྟེ། སེམས་ཀྱིས་བཅབས་པ་དང་། ཞག་ཏུ་བཅབས་པའོ། །དེ་ལ་ཞག་ཏུ་བཅབས་པ་གང་ཡིན་པ་དེ་ནི་མ་བཅབས་པའོ། །སེམས་ཀྱིས་བཅབས་པ་གང་
ཡིན་པ་དེ་ནི་བཅབས་པ་ཞེས་བྱའོ། །བཙུན་པ་ནོངས་པ་རྣམས་ཀྱི་མིང་དང་རུས་ཞེས་བགྱི་བ། བཙུན་པ་མིང་གང་ལགས། རུས་གང་ལགས། ཨུ་པཱ་ལི་ཕས་ཕམ་པ་རྣམས་ནི་མིང་ངོ་། །དེ་ལས་བྱུང་བ་ནི་རུས་སོ། །དགེ་འདུན་གྱི་ལྷག་མ་ཞེས་བྱ་བ་ནི་
མིང་ངོ་། །དེ་ལས་བྱུང་བ་ནི་རུས་སོ། །ལྟུང་བ་དང་སོ་སོར་བཤགས་པ་དང་། ཉེས་བྱས་རྣམས་ནི་མིང་ངོ་། །དེ་ལས་བྱུང་བ་ནི་རུས་སོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན། གཅིག་ལ་ཆད་པས་བཅད་པ་
དང་། །བསླབ་པ་བྱིན་ལ་མི་སྤྱད་དེ། །དེ་དག་ལ་ནི་དད་མི་སྦྱིན། །དགེ་སློང་བྱེད་དམ་མི་ལེན་ཏོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་དགེ་འདུན་གྱི་ལྷག་མ་
རྣམས་བྱུང་བར་གྱུར་ནས། དེ་དག་ཆད་པས་བཅད་པ་དང་། དེ་དག་ར་བའི་ནང་དུ་དཀྱིལ་འཁོར་བྱས་ནས་ཆད་པ་བྱེད་དོ། །དེ་དག་ལ་དགེ་སློང་དག་གིས་ཚེ་དང་ལྡན་པ་དག་ཅི་ཞིག་བྱེད་ཅེས་དེ་དག་གིས་སྨྲས་པ་དང་། ཆད་པ་བྱེད་དོ་ཞེས་སྨྲས་པ་དང་། དགེ་
སློང་དག་གིས་འདི་ནི་སླར་བཅབས་པ་ཡིན་གྱིས་ཆད་པ་མ་ཡིན་ནོ་ཞེས་སྨྲས་པ་དང་། དེ་དག་སྤ་གོང་ནས་ཅང་མི་ཟེར་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གང་ན་

དགེ་སློང་གཅིག་པུར་གནས་པ་དེར་ཆད་པའི་ལས་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ། །གང་དགེ་སློང་གཉིས་སམ་གསུམ་གནས་པ་དེར་ཡང་དགེ་སློང་དག་གིས་ཆད་པའི་ལས་མ་བྱེད་ཅིག །གང་ན་དགེ་སློང་བཞིའམ། དེ་ལས་ལྷག་པ་ཡང་
རུང་བ་གནས་པ་དེར་དགེ་སློང་དག་གིས་ཆད་པ་དང་། གཞི་ནས་བསླང་བའི་ཆད་པ་དང་། གཞི་ནས་སླར་བསླང་བ་དང་། ཡིད་མགུ་བར་བྱ་བ་དང་། གཞི་ནས་བསླང་བའི་ཡིད་མགུ་བར་བྱ་བ་དང་། གཞི་ནས་སླར་བསླང་སྟེ་ཡིད་མགུ་བ་དག་བྱོས་ཤིག །
བཅོམ་ལྡན་འདས་ཀྱིས་གང་ན་དགེ་སློང་བཞིའམ་དེ་ལས་ལྷག་པར་གནས་པ་དེ་དག་ཏུ་དགེ་སློང་གིས་ཆད་པ་དང་། གཞི་ནས་བསླང་བའི་ཆད་པ་དང་། གཞི་ནས་སླར་བསླང་བ་དང་། ཡིད་མགུ་བར་བྱ་བ་དང་། གཞི་ནས་བསླང་བའི་ཡིད་མགུ་བར་བྱ་བ་དང་།
གཞི་ནས་སླར་བསླང་སྟེ་ཡིད་མགུ་བ་དག་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་ཕ་དག་གིས་བསླབ་པ་བྱིན་པའི་དགེ་སློང་བཞི་ལ་ཆད་པ་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པ་བྱིན་པའི་དགེ་སློང་བཞི་ལ་ཡང་ཆད་པ་བྱེད་
དུ་མི་གནང་ངོ་། །བཅོམ་ལྡན་འདས་ཀྱིས་བསླབ་པ་བྱིན་པའི་དགེ་སློང་བཞི་ལ་ཆད་པ་བྱེད་དུ་མི་གནང་ངོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་བསླབ་པ་བྱིན་པ་གསུམ་དང་། ཚུལ་བཞིན་གནས་པ་གཅིག་ལ་བྱེད་དོ། །བསླབ་པ་བྱིན་པ་གཉིས་དང་།
ཚུལ་བཞིན་གནས་པ་གཉིས་ལ་བྱེད་དོ། །བསླབ་པ་བྱིན་པ་གཅིག་དང་། ཚུལ་བཞིན་གནས་པ་གསུམ་ལ་ཆད་པ་བྱེད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པ་བྱིན་པ་བཞི་
ལ་ཡང་ཆད་པ་མ་བྱེད་ཅིག །བསླབ་པ་བྱིན་པ་གསུམ་དང་། ཚུལ་བཞིན་གནས་པ་གཅིག་ལ་ཡང་མ་བྱེད་ཅིག །བསླབ་པ་བྱིན་པ་གཉིས་དང་། ཚུལ་བཞིན་གནས་པ་གཉིས་ལ་ཡང་མ་བྱེད་ཅིག །བསླབ་པ་བྱིན་པ་གཅིག་དང་། ཚུལ་བཞིན་གནས་

པ་གསུམ་ལ་ཡང་ཆད་པ་མ་བྱེད་པར་ཡོངས་སུ་དག་པ་བཞིའམ། དེ་ལས་མང་བ་རྣམས་ལ་ཆད་པ་བྱོས་ཤིག །ཆད་པ་གཅད་པ་ལ་ཇི་ལྟ་བ་ཆད་པ་གཞི་ནས་བསླང་བ་དང་། གཞི་ནས་སླར་བསླང་བ་དང་། ཡིད་མགུ་བར་བྱེད་པ་དང་། གཞི་ནས་བསླང་སྟེ་ཡིད་
མགུ་བར་བྱེད་པ་དང་། གཞི་ནས་སླར་བསླང་བའི་ཡིད་མགུ་བར་བྱེད་པ་རྣམས་ཀྱང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཨུ་པཱ་ལིས་ཞུས་པ། བསླབ་པ་སྩལ་བ་ལ་དད་པ་སྩལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །ཆོས་ཉིད་ལ་རེག་ན་ནི་རུང་ངོ་། །
བཙུན་པ་བསླབ་པ་སྩལ་བ་ལས་དད་པ་བླང་དུ་རུང་ངམ། ཨུ་པཱ་ལི་དེ་ལ་དགེ་སློང་དུ་འདུ་ཤེས་བཞག་ན་གདོད་རུང་ངོ་། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བཅུ་པ་རྫོགས་ཏེ་སྒོ་གཉིས་པ་རྫོགས་སྷོ།། །།མདོར་བསྡུས་པ་ནི། དཀྱིལ་འཁོར་
ལྷུང་བཟེད་དུགས་ཁང་དང་། །དུད་པ་བཏུང་དང་ཁར་ཕོར་དང་། །ལྕགས་སྐྲ་ཤིང་རྟའི་ལྟེ་བ་དང་། །གདང་ཤིང་སྒྲོན་མ་མཆོད་རྟེན་ནོ། །མདོར་ན། དཀྱིལ་འཁོར་ལྷ་ཡི་གནས་དང་ནི། །ཕྱེད་དང་གསུམ་དང་གནས་མི་འཆའ། །ལྷུང་བཟེད་མེད་པར་རབ་
ཏུ་བྱུང་། །ལྷུང་བཟེད་ལ་ཡང་མི་བྲི་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་སྐྱབས་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་གིས་གར་བབ་བབ་ཏུ་ལྷུང་བཟེད་བཀྲུས་པ་དང་། ས་ཕྱོགས་དེར་སྦྲང་མ་དག་གིས་
གང་སྟེ་མི་སྡུག་པར་གྱུར་པ་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་ཅི་འཕགས་པ་དག་གིས་ཕྱོགས་འདིར་བཤང་གཅི་བགྱིས་སམ་ཞེས་སྨྲས་པ་དང་། དེ་དག་གིས་བཞིན་བཟངས་འདིར་བཤང་གཅི་དག་ནི་སུས་ཀྱང་མ་བྱས་ཀྱི་ངེད་ཀྱིས་ལྷུང་བཟེད་བཀྲུས་སོ་ཞེས་
སྨྲས་པ་དང་། དེ་དག་གིས་འཕགས་པ་ཁྱེད་ཀྱིས་འདིར་དཀྱིལ་འཁོར་བྱ་བའི་རིགས་སོ་ཞེས་སྨྲས་པ་དང་། དེ་དག་སྤ་གོང་ནས་ཅང་མི་ཟེར་བར་འདུག་གོ། །དེ་དག་འཕྱ་སྟེ། དགེ་སྦྱོང་ཤཱཀྱའི་བུ་དག་ནི་མི་གཙང་བ་སྟེ། གར་བབ་བབ་ཏུ་ལྷུང་བཟེད་འཁྲུའོ་

ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཡུས་ཀྱིས་དེ་བས་ན་གར་བབ་བབ་ཏུ་ལྷུང་བཟེད་
མ་འཁྲུ་བར་དགེ་སློང་དག་གིས་ལྷུང་བཟེད་གང་དུ་བཀྲུས་པའི་གནས་དེར་དཀྱིལ་འཁོར་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་བྱོས་ཤིག་ཅེས་གསུངས་ནས་དགེ་སློང་དག་གིས་ལྷུང་བཟེད་བཀྲུས་པའི་གནས་དེར་དཀྱིལ་འཁོར་
ཟླུམ་པོར་བྱས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དག་གཙུག་ལག་ཁང་དུ་འོངས་ཏེ་གནས་ཀྱི་བར་ན་མར་དཀྱིལ་འཁོར་ཡོད་པ་དག་མཐོང་ནས། ཀྱེ་འདི་ཅི་ཞིག་ཅེས་དྲིས་པ་དང་། ཁ་ཅིག་གིས་ཡང་ཀྱེ་འདི་ལྟ་ལ་ཤེས་པ་བྱར་ཅི་ཡོད། དགེ་སྦྱོང་ཤཱཀྱའི་བུ་དག་
ནི་ཉི་མ་ལ་དད་དོ་ཞེས་སྨྲས་སོ། །གཞན་དག་གིས་ཀྱེ་དེ་བཞིན་ཏེ། དགེ་སྦྱོང་ཤཱཀྱའི་བུ་དག་ནི་ཉི་མ་ལ་དད་པ་བདེན་ནོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དེ་ལྟ་བས་ན་ཉི་མ་འདྲ་བའི་དཀྱིལ་འཁོར་མ་བྱེད་ཅིག །བཅོམ་ལྡན་འདས་ཀྱིས་ཉི་མ་དང་འདྲ་བའི་དཀྱིལ་འཁོར་མ་བྱེད་ཅིག་ཅེས་གསུངས་པ་དང་། དགེ་སློང་དག་གིས་ཟླ་བ་ཁམ་པ་འདྲ་བའི་དཀྱིལ་འཁོར་བྱས་སོ། །དེར་བྲམ་ཟེ་དང་ཁྱིམ་བདག་དག་གིས་
ཡང་གཙུག་ལག་ཁང་དུ་ལྷགས་ནས། ཀྱེ་དགེ་སྦྱོང་ཤཱཀྱའི་བུ་དག་ནི་ཟླ་བ་ལ་དད་དོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཟླ་བ་འདྲ་བའི་དཀྱིལ་
འཁོར་ཀྱང་མ་བྱེད་ཅིག །དགེ་སློང་དག་གྲུ་བཞིར་བྱེད་པ་ལ་ཞུགས་པ་དང་། གཙུག་ལག་ཁང་དེར་བྲམ་ཟེ་དང་ཁྱིམ་བདག་དག་ཡང་ལྷགས་ནས། ཀྱེ་དགེ་སྦྱོང་ཤཱཀྱའི་བུ་དག་ནི་བ་ལང་ལ་དད་དོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་

ལྡན་འདས་ལ་གསོལ་པ་ནས། བཅོམ་ལྡན་འདས་ཀྱིས་དེ་ལྟ་བས་ན་དཀྱིལ་འཁོར་གྲུ་བཞི་དང་། རྣམ་པ་གཉིས་ལྟར་མ་བྱེད་པར་མདུང་རྩེ་དང་རྔ་འདྲ་བར་བྱོས་ཤིག་ཅེས་བཀའ་སྩལ་ནས། དགེ་སློང་རྣམས་དེ་ཅིས་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། བ་ལང་གི་ལྕི་བའམ་སའམ་ཆུས་བྱུག་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་རྣམ་པ་གཉིས་བྱོས་ཤིག །ཅེས་གསུངས་པ་དང་། དགེ་སློང་དག་གིས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དེ་འདྲའི་དཀྱིལ་འཁོར་རྣམ་པ་གཉིས་
བྱས་ཏེ། དེས་མགུ་བར་གྱུར་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀོན་མཆོག་གསུམ་ལ་ནི་ཉི་མའམ། ཟླ་བ་འམ། ཇི་ལྟར་དད་པ་རྣམ་པ་ཐམས་ཅད་དུ་བྱས་ཏེ། དེ་ལ་ཐེ་
ཚོམ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་སྦྱིན་པར་བྱེད་པ་དང་། སྦྱིན་པའི་བདག་པོས་གཏོར་མ་ལེན་པའི་ལྷ་དག་ལ་རྣམ་པ་གསུམ་གྱིས་དུས་དུས་སུ་ཡང་དག་པར་མགུ་
བར་བྱ། ཡང་དག་པར་མཆོད་པར་བྱ། ཡང་དག་པར་བདེ་བར་བྱའོ། །གསུམ་གང་ཞེ་ན། དུས་དུས་སུ་གཙང་མའི་བྱི་བདར་དང་། དུས་དུས་སུ་གཏོར་མའི་ལས་ཀྱང་བྱེད། དུས་དུས་སུ་བྱིན་པའི་ཡོན་ཀྱང་བསྔོའོ། །དགེ་སློང་དག་སྦྱིན་པར་བྱེད་པ་དང་།
སྦྱིན་བདག་གིས་གཏོར་མ་ལེན་པའི་ལྷ་དག་ལ་དུས་དུས་སུ་ཡང་དག་པར་མགུ་བར་བྱ། ཡང་དག་པར་མཆོད་པར་བྱ། ཡང་དག་པར་བདེ་བར་བྱས་ན་སྦྱིན་པར་བྱེད་པ་དང་། སྦྱིན་བདག་རྣམས་ལ་ཡིད་དགེ་བས་སླར་བརྩེ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་
སྐད་ཅེས་བཀའ་སྩལ་པ་དང་། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་ཡང་སྟོན་པས་གསུངས་པ། སྐྱེས་བུ་གང་ཟག་དད་པ་དག །གང་གིས་ལྷ་རྣམས་མཆོད་བྱེད་པ། །སྟོན་པའི་བཀའ་བཞིན་བྱེད་པ་སྟེ། །སངས་རྒྱས་ཀྱིས་ཀྱང་དེ་ལ་བསྔགས། །

ས་ཕྱོགས་གང་ན་ཤེས་རབ་ཅན། །མཁས་པ་ཚུལ་ཁྲིམས་ལྡན་འཁོད་པ། །བཤོས་གསོལ་སྦྱིན་རབས་བསྒྲག་པར་བྱ། །དེ་དག་རྔེད་པས་རྗེད་པར་འགྱུར། །མཆོད་པ་བྱས་པས་མཆོད་པར་འགྱུར། །དེ་ནས་འདི་ལ་སྙིང་བརྩེ་བ། །མ་ཡིས་ཇི་ལྟར་བུ་
ལ་བཞིན། །ལྷས་རྗེས་བརྩེ་བའི་མི་རྣམས་ཀྱིས། །བདེ་ཞིང་བཟང་པོ་མཐོང་བར་འགྱུར། །བཅོམ་ལྡན་འདས་ཀྱིས་སྐྱེས་བུ་གང་ཟག་དད་པས་ལྷ་རྣམས་ལ་མཆོད་ན་སྟོན་པའི་བཀའ་བཞིན་བྱས་པ་ཡིན་ཏེ། སངས་རྒྱས་དག་གིས་ཀྱང་བསྔགས་སོ་ཞེས་གསུངས་པ་
དང་། དྲུག་སྡེ་དག་གིས་ར་བའི་ལྷ་དང་། ནགས་ཀྱི་ལྷ་དང་། བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། འཇིག་རྟེན་གྱི་ལྷ་དག་ལ་སོགས་ཏེ། ཐམས་ཅད་མཆོད་པ་བྱེད་པ་དང་། དད་པའི་བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་འཕགས་པ་འདི་དག་དགེ་བར་གསུངས་
པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ན་འདི་ལྟར་གནོད་པ་ཤ་དང་ཁྲག་དང་། རྐང་དང་། ཚིལ་དག་ཟ་ཞིང་གཞན་གྱི་སྲོག་འཕྲོག་པ་དག་ལ་མཆོད་དེ། བདག་ཅག་དགེ་བསྙེན་གྱིས་ཀྱང་རིང་དུ་སྤངས་ན། འདི་དག་ནི་མཆོད་པ་བྱེད་དོ་ཞེས་ཉེས་པ་ངོར་བརྗོད་དཔྱས་འདོགས་ཤིང་མི་
སྙན་པར་ཟེར་ནས་དེ་དག་དགེ་སློང་དག་གིས་ཟློག་པ་དང་། ཅིའི་ཕྱིར་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་ནི་གང་སྐྱེས་བུ་གང་ཟག་དད་པ་དག་གིས་ལྷ་དག་ལ་མཆོད་པར་བྱས་ན་སྟོན་པའི་བཀའ་བཞིན་དུ་བྱས་པ་ཡིན་ཏེ། སངས་རྒྱས་དག་གིས་ཀྱང་བསྔགས་སོ་ཞེས་མ་
གསུངས་སམ། ཅི་ངེད་ཅག་དད་པ་མ་ཡིན་ནམ། ཅིའི་ཕྱིར་ན་མི་མཆོད་ཅེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་ཁྱིམ་པ་ལ་དགོངས་ཏེ་གསུངས་ཀྱིས་
དགེ་སློང་དག་ལ་མ་ཡིན་གྱིས་དེ་ལྟ་བས་ན་དགེ་སློང་དག་གིས་ལྷ་རྣམས་ལ་མཆོད་པར་མ་བྱེད་ཅིག །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལྷ་རྣམས་ལ་མཆོད་པར་མ་བྱེད་ཅིག་ཅེས་གསུངས་པ་དང་། དྲུག་སྡེ་དག་གིས་དེ་དག་ལ་གནོད་པར་བྱེད་པ་ལ་ཞུགས་པ་དང་། དགེ་

སློང་དེ་དག་གི་རྨི་ལམ་དུ་ངེད་ཀྱི་ཉེས་པ་ཅི་བྱས་ན་ངེད་ལ་གནོད་པར་བྱེད་ཅེས་སྟོན་ཏོ། །བྲམ་ཟེ་དང་ཁྱིམ་བདག་མ་དད་པ་དག་ཀྱང་འཕགས་པ་རྣམས་འདི་དག་གིས་ཁྱེད་ཅག་ལ་གནོད་པ་ཅི་ཞིག་བྱས་ན་འདི་དག་མ་རུང་བར་བྱེད་ཅེས་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་
དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་མཆོད་པར་ཡང་མ་བྱེད་ཅིག །གནོད་པར་ཡང་མ་བྱེད་ཅིག་ཅེས་བཀའ་སྩལ་པ་དང་། དྲུག་སྡེ་དག་ལམ་དུ་ཞུགས་ཏེ། འདོང་བའི་ཚེ་ལྷ་དག་གི་རྟེན་མཐོང་བ་དང་བྱོལ་ཏེ་ལམ་
མཐོན་དམན་དང་ཚེར་མ་ཅན་དུ་དོང་བ་དང་། དེ་ན་དགེ་སློང་ཁ་ཅིག་ནི་འཇག་མས་ནོན། ཁ་ཅིག་ནི་ཚེར་མས་ཟུག །ཁ་ཅིག་ནི་དྲེད་ནས་ལྷུང་ངོ་། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ལམ་འབྱོལ་ཏེ་མ་འདོང་བར་ལམ་དྲང་པོར་དེང་ལ། ལྷ་དག་གི་རྟེན་ལ་སེ་གོལ་གྱི་སྒྲ་ཕྱུང་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་བཀླག་པར་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལྷན་ཅིག་སྤྱོད་པ་དང་། ཉེ་གནས་ཀྱི་དགེ་སློང་གིས་མཁན་པོ་དང་། སློབ་དཔོན་ལ་དུས་གསུམ་དུ་ལྟར་སོང་ཤིག་ཅེས་གསུངས་ལ། མཚམས་ཆེན་པོ་དཔག་ཚད་ཕྱེད་
དང་གསུམ་དུ་ཆོད་ཅིག་ཅེས་ཀྱང་གསུངས་ན། བཙུན་པ་དེ་ལྟ་ན་སློབ་དཔོན་དང་མཁན་པོ་དཔག་ཚད་ཕྱེད་དང་གསུམ་ན་མཆིས་ན་དེ་དག་གིས་ཇི་ཙམ་ན་བལྟ་བར་བགྱི། ཨུ་པཱ་ལི་དེ་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་ལྟར་སོང་ཤིག །དེ་སྟེ་དེ་དག་རྒྱང་གྲགས་ལྡན་གནས་
ན་དེ་དག་གིས་ཞག་བདུན་ནམ་བརྒྱད་ན་ལྟར་སོང་ཤིག །དེ་ཚུན་ཆད་ནི་ཇི་ལྟར་དུས་སུ་ལྟར་སོང་ཤིག །འདོམ་ལྔ་བརྒྱ་ན་གནས་ན་ནི་དེ་དག་གིས་དུས་གསུམ་དུ་ལྟར་སོང་ཤིག །དེ་ལྟར་མ་སོང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་

པ་ན་སྟེ། ཚེ་དང་ལྡན་པ་ཉེ་དགའ་བོ་ལ་རབ་ཏུ་འབྱུང་བར་འདོད་པ་ཞིག་འོངས་ནས་དེས་དེ་ལྷུང་བཟེད་མེད་པར་རབ་ཏུ་ཕྱུང་ངོ་། །དེའི་ཚེ་ན་དགེ་སློང་དག་གིས་ལྷུང་བཟེད་བཀྲུས་ནས་ལྷུང་བཟེད་བཞག་པའི་སར་བཞག་སྟེ། མཆོད་རྟེན་ལ་ཕྱག་བྱས་
ནས་བདག་བདག་གི་ལྷུང་བཟེད་བླངས་ཏེ་ཟས་ཟ་བའི་གནས་སུ་འཁོད་དོ། །གང་གི་ཚེ་དགེ་སློང་དག་ཟས་ཟ་བའི་ཚེ་ལྷུང་བཟེད་དག་བཀྲུས་ནས་མཆོད་རྟེན་ལ་ཕྱག་བྱེད་པ་ལ་ཞུགས་པ་དང་། གསར་དུ་རབ་ཏུ་བྱུང་བ་དེ་ཡང་དེ་དག་དང་ལྷན་ཅིག་ཏུ་ཕྱག་བྱས་
ནས་གང་གི་ཚེ་དགེ་སློང་དག་མཆོད་རྟེན་ལ་ཕྱག་བྱས་ཏེ་ལག་པ་བཀྲུས་པ་དང་། གསར་དུ་རབ་ཏུ་བྱུང་བ་དེས་ཀྱང་གནས་བརྟན་ཀུན་ཤེས་ཀཽཎྜི་ནྱའི་ལྷུང་བཟེད་བླངས་པ་དང་། དེས་སླར་བཟློག་གོ། །དེ་ནས་གང་པོ་དང་། མིང་ཆེན་དང་། མ་འགགས་པ་དང་། ཤཱ་
རིའི་བུ་དང་། མཽད་གལ་གྱི་བུ་དང་། འོད་སྲུང་དང་། ཀུན་དགའ་བོ་དང་། རེ་བ་ཏི་ལ་སོགས་པའི་ལྷུང་བཟེད་བླངས་ཏེ། དེ་དག་གིས་ཀྱང་སླར་བཟློག་པ་དང་། དེ་མཆི་མས་མིག་གང་བཞིན་དུ་ཕྱོགས་གཅིག་ཏུ་འདུག་གོ། །འདོད་ཆགས་དང་མ་བྲལ་བའི་དགེ་སློང་
དག་འདི་ལྟར་ལྷུང་བཟེད་དག་མེད་པར་སུས་རབ་ཏུ་ཕྱུང་ཞེས་ཕྱས་འདོགས་སོ། །ཁ་ཅིག་གིས་ནི་ཉེ་དགའ་བོ་ཡིན་ནོ་ཞེས་སྨྲས་ནས། དེ་དག་གིས་ཉེས་པ་སྦོམ་པོ་ལ་སྤྱོད་པ་དེ་མ་གཏོགས་པར་གཞན་སུ་ཞིག་དེ་ལྟར་བྱེད་ཅེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་
དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་རྣམས་འཕྱ་བ་ནི་ཡུས་ཏེ། དེ་བས་ན་དགེ་སློང་དག་གིས་ལྷུང་བཟེད་མེད་པར་རབ་ཏུ་མ་དབྱུང་བར་དང་པོར་ལྷུང་བཟེད་དག་ཚོལ་ལ་གདོད་རབ་ཏུ་ཕྱུང་ཤིག །དེ་སྟེ་
མི་འབྱོར་ན་བདག་གིས་ལྷུང་བཟེད་ཆུང་ངུ་བྱིན་ཅིག །དགེ་སློང་གིས་ལྷུང་བཟེད་མེད་པར་རབ་ཏུ་ཕྱུང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་མ་འགགས་པ་ལ་ཉེ་གནས་གཞོན་ནུ་ལྷུང་བཟེད་འཛིན་པ་ཞིག་ཡོད་པ་དེས་

དེའི་ལྷུང་བཟེད་དང་། བདག་གི་ལྷུང་བཟེད་གཉི་ག་བཀྲུས་ཏེ། ལྷུང་བཟེད་དེ་གཉིས་ཀྱང་འདྲ་བ་ཞིག་ནས་བདག་གི་གང་ཡིན། སློབ་དཔོན་གྱི་གང་ཡིན་པ་མི་ཤེས་ནས། ཕྱི་ཞིག་ན་དེས་ཚེ་དང་ལྡན་པ་མ་འགགས་པའི་ལྷུང་བཟེད་ལ་སློབ་དཔོན་མ་འགགས་པའི་ལྷུང་
བཟེད་ཅེས་ཡི་གེ་བྲིས་སོ། །དེ་ནས་དུས་ཕྱི་ཞིག་ན་ཁྱིམ་བདག་གཞན་ཞིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ཁྱིམ་དུ་བཤོས་ལ་སྤྱན་དྲངས་ཏེ། ཁྱིམ་བདག་དེ་ལ་སྔོན་ཡོངས་སུ་སྤྱད་པའི་སྨད་འཚོང་མ་ཞིག་ཡོད་དེ། དེས་དེ་ལ་བཟང་མོ་ངས་
སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་བཤོས་ལ་སྤྱན་དྲངས་ཀྱིས་ཁྱོད་ཀྱང་ཚུར་ཤོག་ལ་རང་གི་ལག་གིས་ཀྱང་བྲིམ་པར་བྱོས་ཤིག་ཅེས་སྤྲིངས་པ་དང་། དེ་ཡང་བྲེལ་བའི་རྐྱེན་ཅིག་བྱུང་ནས་དེར་མ་འོངས་སོ། །བཅོམ་ལྡན་འདས་དང་ཉན་ཐོས་ཀྱི་དགེ་འདུན་
དག་བཤོས་གསོལ། སྦྱིན་རབས་གསུངས་ནས་སླར་བཞུད་པ་དང་། ཚེ་དང་ལྡན་པ་མ་འགགས་པའི་ལྷུང་བཟེད་འཛིན་པ་གཞོན་ནུ་དེ་ཁྱིམ་དེ་ཉིད་དུ་ལྷུང་བཟེད་བཀྲུས་ཏེ་འགྲོའོ་སྙམ་དུ་བསམས་ནས་འདུག་པ་དང་། ཁྱིམ་བདག་དེས་འཕགས་པ་ལྷུང་བཟེད་སྐད་ཅིག་
གཡར། མཛའ་བ་ཞིག་ལ་ལྷུང་བཟེད་ཀྱི་ལྷག་མ་ཞིག་བསྐུར་རོ་ཞེས་སྨྲས་པ་དང་། དེས་བདག་གི་ནི་མ་བྱིན་གྱི། ཚེ་དང་ལྡན་པ་མ་འགགས་པའི་ལྷུང་བཟེད་བྱིན་པ་དང་། ཁྱིམ་བདག་དེས་དེའི་ནང་དུ་བཟའ་བ་དང་། བཅའ་བ་གཙང་མས་བཀང་ནས་སྨད་འཚོང་མ་
དེ་ལ་བསྐུར་ཏེ། ཕྲིན་དུ་བཟང་མོ་ངས་ནི་ཁ་ཟས་འདི་ལྟ་བུས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ཚིམ་པར་བྱས་ཀྱིས། ཁྱོད་ཀྱིས་དེ་ལ་རྗེས་སུ་ཡི་རང་སྐྱེད་ཅིག་ཅེས་སྤྲིང་ངོ་། །དེས་ཁ་ཟས་དེ་དག་བྱོ་བ་དང་། ལྷུང་བཟེད་ཀྱི་ཞབས་ལ་ཡི་གེ་
འདུག་པ་མཐོང་ནས། བུད་མེད་ཀྱི་བུ་ནི་རྣམ་པ་བཅྭ་བརྒྱད་ལ་མཁས་ཏེ། དེས་བཀླགས་པ་དང་། ཚེ་དང་ལྡན་པ་མ་འགགས་པའི་མིང་མཐོང་ནས་དེས་འདི་སྙམ་དུ་བདག་གིས་འཕགས་པ་ལྷ་དང་མིས་མཆོད་པའི་ལྷུང་བཟེད་དེ་འདི་བཞིན་དུ་བསྐུར་བའི་མི་

རིགས་སོ་སྙམ་དུ་བསམས་ནས་དེས་ལྷུང་བཟེད་དེ་དྲིས་ཕྱིས་ཏེ། དེ་ནས་མེ་ཏོག་བསུང་ཞིམ་པོས་བཀང་ནས་ཁྲིའུ་ཚོན་གྱིས་བྲིས་པའི་སྟེང་དུ་བཞག་སྟེ། དེའི་དྲུང་དུ་བཏུད་ནས་པོག་པོར་གྱིས་བདུག་ཅིང་འདུག་པ་དང་། དེ་ནས་སྐྱེས་པ་གཞན་ཞིག་
ཀཱར་ཥཱ་པ་ཎ་ལྔ་བརྒྱ་དང་། དྲི་དང་ཕྲེང་བ་དག་ཁྱེར་ཏེ་དེའི་དྲུང་དུ་འོངས་ནས། བཟང་མོ་ཅི་བྱེད་ཀུན་ཏུ་སྤྱོད་ཀྱིས་འདོང་ངོ་ཞེས་སྨྲས་པ་དང་། ལྷུང་བཟེད་ལ་མཆོད་པ་བྱས་སྐད་ཅིག་སྡོད་ཅིག །དེས་ལྷུང་བཟེད་འདི་གང་ནས་འོངས་སུའི་ཡིན་ཞེས་སྨྲས་པ་དང་།
མོས་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་སོ། །དེས་ཁྱོད་ཀྱིས་ཡ་མཚན་ཅན་ཐམས་ཅད་དག་ལ་ཡང་སྦྱིན་པ་གཏོང་སྟེ། རབ་ཏུ་བྱུང་བ་དག་ཀྱང་མ་ཤོར་ཏོ་ཞེས་སྨྲས་པ་དང་། དེ་རྣ་བ་བཀབ་ནས་སྡིག་པ་དེ་ལྟ་བུ་མ་བྱས་ཀྱིས་སེམས་ཅན་དམྱལ་བར་འགྲོ་བའི་རྒྱུར་
གྱུར་ཏ་རེ་ཞེས་སྨྲས་སོ། །མོས་དེ་སྐད་སྨྲས་ཀྱང་དེས་ལོག་པར་བྱེད་པ་དེ་མ་བཏང་ངོ་། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་གང་མི་བྲི་བ་བྲིས་པ་དེ་ནི་ཉེས་པའི་དམིགས་
སུ་འགྱུར་གྱིས་དེ་བས་ན་དགེ་སློང་དག་མི་བྲི་བ་མ་བྲི་ཤིག །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་མི་བྲི་བ་མ་འདྲི་ཤིག་ཅེས་གསུངས་པ་དང་། དགེ་སློང་དག་གིས་གང་མི་བྲི་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བྲི་བ་རྣམ་པ་ལྔ་
སྟེ། སོ་སོར་ཐར་པ་ཐམས་ཅད་དང་། སོ་སོར་ཐར་པ་དང་ལྡན་པ་དང་། འདུལ་བ་ཐམས་ཅད་དང་། འདུལ་བ་ཐམས་ཅད་དུ་ལྡན་པ་དང་། གང་ཟག་སོ་སོའོ། །མཚན་མ་ཅན་དུ་བྱ་བ་ནི་ཉེས་པ་མེད་དོ། །གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་
བཅད་པ་དང་པོའོ།། །།མདོར་ན། དགེ་ཚུལ་གྱིས་ནི་ལྷུང་བཟེད་བཅག །ལྷུང་བཟེད་ཇི་ལྟར་བསྲེག་པར་བྱ། །སྲེག་འགེབས་གནང་བར་བྱ་བ་སྟེ། །དྲང་སྲོང་ཆེན་པོས་རྗེས་སུ་གནང་། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་

སྐྱབས་མེད་པ་ལ་ཟས་སྦྱིན་པའི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་གཞན་ཞིག་གིས་དགེ་ཚུལ་ཕ་ལྷུང་བཟེད་འཛིན་པ་དེ་ལ་དེས་ལྷུང་བཟེད་འཁྲུར་བཅུག་པ་དང་། དགེ་ཚུལ་ཕ་དེ་ཡང་དྲན་པ་ཉེ་བར་གནས་པ་མ་ཡིན་པ་ཞིག་ནས་དེའི་ལག་ནས་ལྷུང་སྟེ་ཆག་གོ། །
དགེ་སློང་དེ་ཕོངས་པར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་དག་གང་ཅུང་ཟད་དགེ་སློང་དག་གིས་དགེ་ཚུལ་ཕ་ལ་ལྷུང་བཟེད་འཁྲུར་བཅུག་ན་ཉེས་པའི་དམིགས་སུ་འགྱུར་
ཏེ། དེ་བས་ན་དགེ་སློང་དག་གིས་དགེ་ཚུལ་ཕ་དག་ལྷུང་བཟེད་འཁྲུར་མ་གཞུག་ཤིག །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལྷུང་བཟེད་དགེ་ཚུལ་འཁྲུར་མ་གཞུག་ཤིག་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་དགེ་ཚུལ་ཕ་ཙུན་ད་ཞེས་བྱ་བ་ལྷུང་བཟེད་
འཛིན་ཏེ། དེས་མཁན་པོ་ལྷུང་བཟེད་ཚུར་སྩོལ་ཅིག་བཀྲུའོ་ཞེས་སྨྲས་པ་དང་། དེས་བུ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གནས་བཅས་ཏེ། དགེ་སློང་གིས་དགེ་ཚུལ་ཕ་དག་ལ་ལྷུང་བཟེད་འཁྲུར་མ་གཞུག་ཤིག་ཅེས་གསུངས་ཀྱིས་ང་ཉིད་འཁྲུས་ཁྱོད་ཕར་སོང་
ཤིག་ཅེས་སྨྲས་པ་དང་། དེས་མཁན་པོ་ཅི་བདག་གིས་ཀྱང་ཉེས་པའི་དམིགས་སུ་འགྱུར་རམ་ཞེས་སྨྲས་པ་དང་། དེས་བུ་སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཀྱི་བདག་པོ་བས་ན་ངས་ཇི་ལྟར་བྱ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་
འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་ཕ་དྲན་པ་ཉེ་བར་གནས་པ་དེ་དག་ལ་ནི་འཁྲུར་གཞུག་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ལྷུང་བཟེད་དུ་ཟན་ཟོས་ནས་དེ་ཡང་མ་
བཅོས་པས་བཙས་ཁྱེར་ནས་རྡོལ་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་བསྲེག་པར་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་སྲེགས་ཤིག་ཅེས་གསུངས་ནས། དགེ་

སློང་དག་གིས་ལྷུང་བཟེད་ཤིང་གིས་བསྲེགས་པ་དང་། ལྷུང་བཟེད་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་ཤིང་གིས་སྲེག་པར་མ་བྱེད་ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་རྩྭ་དང་སོག་མ་དག་གིས་གཡོགས་ཏེ་བསྲེགས་པ་
དང་། དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་རྩྭ་དང་སོག་མས་གཡོགས་ཏེ་སྲེག་པར་མ་བྱེད་ཅིག་ཅེས་བཀའ་སྩལ་ནས། དགེ་སློང་དག་གིས་ཇི་ལྟར་བསྲེག་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་ཀྱི་སྲེག་
འགེབས་སྦྱོར་ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ལྷུང་བཟེད་ཀྱི་སྲེག་འགེབས་ཇི་ལྟར་སྦྱོར་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེག་འགེབས་ལ་རྣམ་པ་གཉིས་ཏེ། སློབ་དཔོན་གྱིས་བྱས་པ་དང་། བདག་གིས་བྱས་
པའོ། །དེ་ལ་སློབ་དཔོན་གྱིས་བྱས་པ་ནི་བུམ་པ་ལྟ་བུའོ། །བདག་གིས་བྱས་པ་ནི་ཕྲུ་བའམ་རྫ་མ་ཡང་རུང་སྟེ། ཐལ་བས་བཀང་ལ་རྫ་མ་ཇི་ཙམ་རན་པ་ཕྲི་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་གྱོ་མོའི་ནང་དུ་དེ་བཞིན་དུ་བསྲེགས་པས་དེ་ཉིད་
ཉེས་པའི་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་རོལ་དུ་ནི་འཇིམ་པ་དང་ཕུབ་མར་བསྲེས་པས་ཡུགས་ལ་ནང་དུ་ཏིལ་གྱི་ཚིགས་མའམ། བ་ལང་གི་ལྕི་བས་ཡུགས་ཏེ་དེ་སྐམས་པ་དང་། ས་གཞི་བྱི་བདར་གྱིས་ལ་འོག་ཏུ་ཕུབ་
མ་དང་། ཏིལ་གྱི་ཚིགས་མ་དང་། གཞན་ཡང་བྱད་བཟང་དུ་འགྱུར་བ་དག་ཐིང་སྟེ། རྩྭ་དང་། ལྕི་བ་དང་། སོག་མ་དག་གིས་གཡོགས་ལ་ཅི་ནས་དུད་པ་མ་ཤོར་བར་བྱོས་ལ་སྲེགས་ཤིག །དེའི་གཡས་གཡོན་ཆག་ཆག་ཐོབ་ལ་སྐྱོང་ནུལ་གྱིས་ཤིག །ཅི་
ནས་སྲོག་ཆགས་དག་བདེ་བར་བྱ་བའི་ཕྱིར་རོ། །བསྲེགས་པ་དེ་གྲངས་པ་དང་། ལྷུང་བཟེད་ཕྱུང་ལ་ཁྲུས་ཏེ། ནམ་ཁ་དོག་ཞེན་པར་གྱུར་གྱི་བར་དུ་བསྲེག་པར་བྱོས་ཤིག །དེ་བས་ན་ལྷུང་བཟེད་སྲེག་འགེབས་དང་ཡོ་བྱད་དག་རྗེས་སུ་གནང་ངོ་། །གླེང་གཞིའི་

སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། གཅིག་ལ་གཅིག་དང་དུགས་ཁང་དང་། །ཁྱིམ་པ་གསུམ་པ་དེ་བཞིན་ཏེ། །གདིང་བ་དང་ནི་དེ་བཞིན་སྐྲ། །ལྕི་བས་བྱས་པ་ཀུན་ཐོས་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་
པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་དགེ་འདུན་གྱི་ཕྱིར་དུགས་ཁང་ཞིག་བྱས་སོ། །དེ་ནས་དྲུག་སྡེ་དག་གིས་གོས་གཅིག་པུས་སྨད་གཡོགས་བྱས་ཏེ། གཅིག་ལ་གཅིག་ལས་
བྱེད་ཅིང་འཁོད་པ་དང་། བྲམ་ཟེ་དང་། ཁྱིམ་བདག་དག་ཕྱོགས་དེར་ལྷགས་པ་དང་། དེ་དག་གིས་དེ་མཐོང་ནས། ཀྱེ་འདི་ལྟ་བུ་དག་ཏུ་བྱེད་པ་སུ་ཞིག་ཅེས་སྨྲས་པ་དང་། དེ་ན་ཁ་ཅིག་གིས་ནི་མུ་སྟེགས་ཅན་དག་ཡིན་ནོ་ཞེས་སྨྲས། ཡང་ཁ་ཅིག་གིས་འདི་དག་ནི་
མུ་སྟེགས་ཅན་མ་ཡིན་གྱི། དགེ་སྦྱོང་ཤཱཀྱའི་བུའོ་ཞེས་སྨྲས་པ་དང་། དེ་དག་འཕྱ་བ་ལ་ཞུགས་ཏེ། ཀྱེ་སྟོན་པ་ནི་ངོ་ཚ་བ་དང་ལྡན་ན། ཅིའི་ཕྱིར་འདི་དག་ངོ་ཚ་བ་དང་ཁྲེལ་མེད་ཅེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཡུས་ཀྱིས། དེ་ལྟ་བས་ན་དགེ་སློང་དག་དུགས་ཁང་དུ་གོས་གཅིག་པུ་གོན་ཏེ་གཅིག་ལ་གཅིག་ལས་མ་བྱེད་ཅིག །དགེ་སློང་དག་གིས་གོས་གཅིག་པུ་གོན་ཏེ་དུགས་ཁང་དུ་
ལས་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་དགེ་འདུན་གྱི་ཕྱིར་དུགས་ཁང་ཞིག་བྱས་པ་དང་། དེར་དགེ་སློང་དག་གིས་འབྲུ་མར་གྱིས་བྱུགས་ཏེ། རྐང་པ་ལ་རེག་ནས་
མགོ་བོ་ལ་རེག །མགོ་བོ་ལ་རེག་ནས་ཁ་ལ་རེག །ཁ་ལ་རེག་ནས་ལག་པ་དང་རྐང་པ་ལ་རེག །ལག་པ་དང་རྐང་པ་ལ་རེག་ནས་སླར་ཡང་ཁ་ལ་རེག་ཅིང་གོས་ངན་པ་ཞིག་གིས་སྨད་གཡོགས་ཏེ་འདུག་པ་དང་། ཇི་ཙམ་ཞིག་ན་ཁྱིམ་པ་མ་དད་པ་ཞིག་ཕྱོགས་དེར་

འོངས་ནས། དེས་དགེ་སློང་དག་མཐོང་བ་དང་། དེས་འཕྱ་བ་ལ་ཞུགས་ཏེ། དགེ་སྦྱོང་ཤཱཀྱའི་བུ་དག་ནི་མི་གཙང་བ་སྟེ། རྐང་པ་ལ་རེག་པ་ཁ་ལ་རེག་པར་བྱས་ནས་གོས་ངན་པས་སྨད་གཡོགས་བྱས་ཏེ། གཅེར་བུར་སྐྱེ་བོ་དག་གི་ནང་
ན་འདུག་གོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཡུས་ཀྱིས། དེ་བས་ན་དུགས་ཁང་དུ་ཁྱིམ་པ་མ་གཞུག་ཤིག་
མ་དད་པ་ཡང་ལས་བྱེད་དུ་མ་གཞུག་ཤིག །དུགས་ཁང་གི་སྒོ་བ་དགེ་སློང་རྣམས་སྐོས་ལ་དེ་དག་གིས་ཁྱིམ་པ་དག་ནང་དུ་མ་གཏང་ཤིག །བཅོམ་ལྡན་འདས་ཀྱིས་དུགས་ཁང་དུ་ཁྱིམ་པ་མ་གཏང་ཤིག །ལས་ཀྱང་བྱེད་དུ་མ་གཞུག་ཤིག་ཅེས་གསུངས་པ་དང་། དེ་
ནས་དུས་ཕྱི་ཞིག་ན་དུགས་ཁང་དུ་ཞུགས་པའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེར་འོངས་པ་དང་། དགེ་སློང་སྒོ་བས་སྨྲས་པ། ཁྱིམ་བདག་ནང་དུ་མ་འགྲོ་བར་འདུག་ཤིག །བཅོམ་ལྡན་འདས་ཀྱིས་ཁྱིམ་པ་དུགས་ཁང་དུ་མ་གཏང་ཤིག་ཅེས་བཀའ་སྩལ་
ཏོ། །དེས་འཕགས་པ་དག་ཅི་ཁོ་བོ་ཡང་གཞན་དུ་འགྱུར་རམ། ཁོ་བོས་ནི་ངེས་པར་འཕགས་པ་དག་གི་ལས་བྱའོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དད་པ་
དག་ནི་དུགས་ཁང་དུ་ཐོང་། ལས་ཀྱང་བྱེད་དུ་ཆུག་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །བཅོམ་ལྡན་འདས་ཀྱིས་དད་པ་དག་ནི་དུགས་ཁང་དུ་ཐོང་ལ་ལས་ཀྱང་བྱེད་དུ་ཆུག་ཤིག་ཅེས་གསུངས་པ་དང་། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནང་དུ་འགྲོ་བ་ན་དེ་དང་ལྷན་
ཅིག་ཏུ་བྲམ་ཟེ་ཞིག་ཀྱང་འོངས་ནས་དེ་མ་བཏང་བ་དང་། དེས་འཕགས་པ་ཅིའི་ཕྱིར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་ནང་དུ་བཏང་ལ་བདག་ནི་མི་གཏོང་ཞེས་སྨྲས་པ་དང་། དགེ་སློང་གིས་དེ་ལ་སྨྲས་པ། བྲམ་ཟེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་དད་པས་ནང་དུ་

བཏང་ངོ་། །དེས་སྨྲས་པ། འོ་ན་བདག་ཀྱང་དད་པར་གྱུར་ན་ནང་དུ་གཏོང་ངམ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དེ་སྟེ་དད་པར་གྱུར་ན་ནང་དུ་ཐོང་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་
དག་གིས་དེ་སྐྱབས་གསུམ་དུ་བཏང་ནས་ནང་དུ་བཏང་ངོ་། །དེས་ཡང་དགེ་སློང་དག་རྐང་པ་ལ་རེག་ནས་ཁ་དང་མགོ་ལ་རེག་ཅིང་གོས་ངན་པས་སྨད་གཡོགས་ནས་སྒྲེན་མོར་འདུག་པ་མཐོང་བ་དང་། དེ་མ་དད་དེ་འཕྱ་བ་ལ་ཞུགས་སོ། །དགེ་སྦྱོང་ཤཱཀྱའི་བུ་ནི་མི་གཙང་
བ་སྟེ། རྐང་པ་ལ་རེག་པ་ཁ་དང་མགོ་བོ་ལ་རེག་ཅིང་གོས་ངན་པས་སྨད་གཡོགས་ནས་སྒྲེན་མོར་འདུག་གོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རབ་ཏུ་
དད་པ་དག་ནི་དུགས་ཁང་གི་ནང་དུ་ཐོང་ཤིག །དད་པ་ཆུང་བ་ནི་མ་གཏང་ཤིག། །།འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་རྩ་བཞི་པ། གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་
གི་དགེ་འདུན་དག་དུགས་ཁང་དུ་སྤྱན་དྲངས་ཏེ། དགེ་སློང་དག་ནང་དུ་ཞུགས་པ་དང་། དེ་ན་དགྲ་བཅོམ་པའི་དགེ་སློང་ཞིག་གིས་ཚུལ་ཁྲིམས་ཉམས་པའི་དགེ་སློང་ཞིག་ལ་ལས་བྱེད་ཅིང་འདུག་པ་དང་། བཅོམ་ལྡན་འདས་ཀྱང་ནང་དུ་གཤེགས་ནས་དེས་ལས་བྱེད་པ་
གཟིགས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་ཁྱེད་ཅག་གིས་དགེ་སློང་འདི་ལ་དགེ་སློང་འདིས་ལས་བྱེད་པ་མཐོང་ངམ། བཙུན་པ་མཐོང་ངོ་ཞེས་གསོལ་པ་དང་། དགེ་སློང་ལས་བྱེད་པ་འདི་ནི་དགྲ་བཅོམ་པ་ཟག་པ་ཟད་པའོ། །
གང་ལ་ལས་བྱ་བ་འདི་ནི་ཚུལ་ཁྲིམས་ཉམས་པ་སྡིག་པའི་ཆོས་ཅན། ཁོང་རུལ་བ། ཟགས་པ། གསོག་ཏུ་གྱུར་པ། དུང་དགྲ་ལྟ་བུར་སྤྱོད་པ། དགེ་སྦྱོང་མ་ཡིན་པ་དགེ་སྦྱོང་དུ་ཡི་དམ་འཛིན་པ། ཚངས་པར་སྤྱོད་པ་མ་ཡིན་པ་ཚངས་པར་སྤྱོད་པར་ཡི་དམ་འཛིན་

པ་སྟེ། དེ་བས་ན་དགེ་སློང་དག་སེང་གེ་ལྟ་བུས་ཝ་འདྲ་བའི་ལས་མ་བྱེད་ཅིག །བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་སེང་གེ་འདྲ་བས་ཝ་ལྟ་བུའི་ལས་མ་བྱེད་ཅིག་ཅེས་བཀའ་སྩལ་པ་དང་། མཉན་དུ་ཡོད་པ་ན་ཁྱིམ་
བདག་གཞན་ཞིག་དེ་དང་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེས་རྩེ་དགའ་ཡོངས་སུ་སྤྱད་པ་ལས་དུས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས། དེ་ལ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་བུ་བཙས་
ནས་བུ་ཕོ་ཞིག་བྱུང་སྟེ། དེ་གཟུགས་ལེགས་པ་བལྟ་ན་སྡུག་ཅིང་མཛེས་པ་ཡན་ལག་ཐམས་ཅད་དང་ལྡན་པ་ཞིག་ནས་དེ་བཙས་པའི་བཙས་སྟོན་ཆེན་པོ་བྱས་ནས་མིང་བཏགས་སོ། །དེ་བསྲིངས་བསྐྱེད་ནས་ཆེར་གྱུར་པ་དང་། དེ་དུས་ཕྱི་ཞིག་ན་ཛེ་ཏའི་ཚལ་དུ་སོང་སྟེ།
ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་དེ་མཛོད་གསུམ་དང་ལྡན་པར་གྱུར་ཏེ། དེས་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བུའི་ཕ་མ་ནི་དཀའ་བར་བྱ་བ་བྱེད་དེ། ཕན་པར་བྱེད་པའོ། །གསོ་བར་བྱེད་པའོ། །སྐྱེད་པར་བྱེད་པའོ། །ནུ་མ་སྣུན་
པར་བྱེད་པའོ། །འཛམ་བུའི་གླིང་སྣ་ཚོགས་པ་སྟོན་པར་བྱེད་པ་ཡིན་ཏེ། བུས་ཕྲག་པ་གཅིག་ལ་ནི་མ། གཉིས་པ་ལ་ནི་ཕ་ཁྱེར་ཏེ་ལོ་བརྒྱ་ཚང་གི་བར་དུ་ཁྱེར་རམ། ཡང་ན་ས་གཞི་ཆེན་པོ་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། ཤེལ་དང་། གསེར་
དང་། དངུལ་དང་། ཨ་སྨ་གར་བ་དང་། སྤུག་དང་། གཡས་ཕྱོགས་སུ་འཁྱིལ་བ་དེ་ལྟ་བུ་དག་གིས་དབང་པོར་བཅུག་གམ་དབང་ཕྱུག་ཏུ་བཅུག་ཀྱང་དེས་ནི་ཕ་དང་མ་ལ་བུས་ཕན་བཏགས་པའམ་ཉེ་བར་ཕན་བཏགས་པར་མི་འགྱུར་གྱི། གང་གིས་ཕ་མ་དད་པ་
མེད་པ་དད་པ་ཕུན་སུམ་ཚོགས་པར་བྱས་སམ། ཡང་དག་པར་བསྐུལ་ཏམ། དུལ་བར་བྱས་སམ། འཇུག་པར་བྱས་སམ། སོ་སོར་བཀོད་དམ། ཚུལ་ཁྲིམས་ངན་པ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར། སེར་སྣ་ཅན་ལས་གཏང་བ་ཕུན་སུམ་ཚོགས་པར།

ཤེས་རབ་འཆལ་བ་ལས་ཤེས་རབ་ཕུན་སུམ་ཚོགས་པར་ཡང་དག་པར་བསྐུལ། དུལ་བར་བྱས། ཞུགས་པར་བྱས། སོ་སོར་བཀོད་ན་དེ་ལྟ་བུ་ནི་བུས་ཕ་དང་མ་ལ་ཕན་བཏགས་པ་དང་། ཉེ་བར་ཕན་བཏགས་པར་འགྱུར་རོ་ཞེས་གསུངས་སོ་སྙམ་དུ་བསམས་ནས།
བདག་གིས་ཀྱང་ཅི་ནས་ཕ་མ་ལ་ཕན་གདགས་པ་ཅུང་ཟད་ཅིག་བྱའོ་སྙམ་ནས་ཇི་སྲིད་དགའ་བའི་བར་དུ་གཞོངས་སྤྱོད་ཅིང་འདུག་ནས་མཉན་དུ་ཡོད་པ་གང་ན་བ་དེ་ལོགས་སུ་གཞོངས་སྤྱོད་ཅིང་སོང་ངོ་། །མཐར་གྱིས་སྤྱད་པ་སྤྱོད་ཅིང་མཉན་དུ་ཡོད་པར་ཕྱིན་ཏོ། །དེས་དེ་གཉིས་
སྐྱབས་སུ་འགྲོ་བ་དང་། བསླབ་པའི་གནས་ལ་རབ་ཏུ་བཀོད་དོ། །དེ་ནས་དུས་ཕྱི་ཞིག་ན་དེས་ཕའི་དྲུང་དུ་ནོར་ལས་བསོད་ནམས་སུ་བྱ་བའི་དངོས་པོ་བདུན་པོའི་ཡོན་ཏན་རྒྱས་པར་བརྗོད་པ་དང་། དེས་འཕགས་པ་བདག་གིས་ཀྱང་ནོར་སྣ་བདུན་ལས་བྱ་བའི་བསོད་
ནམས་ཀྱི་དངོས་པོ་ཅུང་ཟད་ཅིག་བྱའོ་ཞེས་སྨྲས་པ་དང་། དེས་བགྲེས་པོ་དེ་བཞིན་ལེགས་ཀྱིས་གྱིས་ཤིག་ཅེས་སྨྲས་པ་དང་། ཅི་ཞིག་བྱ། དུགས་ཁང་ཞིག་གྱིས་ཤིག །དེས་དུགས་ཁང་བྱས་ཏེ། ཁྱིམ་བདག་དེ་རང་གི་དུགས་ཁང་དུ་རང་གིས་ལས་བྱ་བ་ལ་ཞུགས་
ཏེ། ཤིན་ཏུ་ངལ་བར་གྱུར་ནས་བཀྲུ་བའི་ཡོ་བྱད་དང་། འབྲུ་མར་དང་ཕྱེ་ལ་སོགས་པ་མང་དུ་ལྷག་གོ། །དེ་ནས་དེས་བུ་བདག་རབ་ཏུ་ངལ་བར་གྱུར་གྱིས་ངའི་རྒྱབ་ཅུང་ཞིག་ཉེས་ཤིག་ཅེས་སྨྲས་པ་དང་། དེས་ཡབ་བཅོམ་ལྡན་འདས་ཀྱིས་སེང་གེ་ལྟ་བུས་ཝ་ལྟ་བུ་དག་
ལ་བསྙེན་བཀུར་མ་བྱེད་ཅིག་ཅེས་བཀའ་སྩལ་ཏེ་མ་གནང་ངོ་། །ཞེས་སྨྲས་པ་དང་། དེས་བུ་སེང་གེ་དང་ཝ་གང་ཞེས་སྨྲས་པ་དང་། ཡབ་བདག་ནི་སེང་གེ་དང་འདྲ། ཁྱོད་ནི་ཝ་དང་འདྲའོ། །བུ་དེ་ཅིའི་ཕྱིར་ཞེས་སྨྲས་པ་དང་། ཡབ་བདག་ནི་ཚུལ་ཁྲིམས་དང་
ལྡན་པའོ། །ཁྱོད་ནི་ཚུལ་ཁྲིམས་ངན་པ་དང་ལྡན་པའོ། །བུ་དེ་ལྟར་ཝ་དང་འདྲ་བ་ང་ལྟ་བུ་ལས་སེང་གེ་དང་འདྲ་བ་ཁྱོད་ལྟ་བུ