Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 013_འདུལ་བ།_པ
Văn bản gốc(Tây Tạng)
Trang 7 / 19 (50.000 ký tự/trang)
་སྐྱེས་སམ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དགེ་སློང་དག་རིགས་གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། ཡང་དག་པར་བདེ་བར་སྐྱོང་བར་བྱེད་པའི་རིགས་དེ་ནི་ཚངས་པ་དང་བཅས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཕ་མ་ལ་ཆོས་ བཞིན་བྱེད། ཚུལ་བཞིན་བྱེད་པ་ནི་ཚངས་པ་ཞེས་བྱའོ། །དགེ་སློང་དག་རིགས་གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། ཡང་དག་པར་བདེ་བར་བསྙེན་བཀུར་བྱེད་པ་དེ་ནི་སློབ་དཔོན་དང་བཅས་པའོ། །དེ་ཅིའི་ཕྱིར་ ཞེ་ན། རིགས་ཀྱི་བུས་ཕ་མ་ལ་ཆོས་བཞིན་བྱས་ན་སློབ་དཔོན་ལྟ་བུར་འགྱུར་རོ། །དགེ་སློང་དག་རིགས་གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། ཡང་དག་པར་བདེ་བར་བསྙེན་བཀུར་བྱེད་པའི་རིགས་དེ་ནི་སྦྱིན་པར་རིགས་ པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུས་ཕ་མ་ལ་ཆོས་བཞིན་དུ་བྱས་ན་སྦྱིན་པར་རིགས་པའོ། །དགེ་སློང་དག་རིགས་གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། ཡང་དག་པར་བདེ་བར་བསྙེན་བཀུར་བྱེད་ན་རིགས་ དེ་ནི་མ་དང་བཅས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུས་ཕ་མ་ལ་ཆོས་བཞིན་དུ་བྱས་ན་མེ་ལྟ་བུའོ། །དགེ་སློང་དག་རིགས་གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། ཡང་དག་པར་བདེ་བར་བསྙེན་བཀུར་བྱེད་ན་ རིགས་དེ་ནི་ལྷ་དང་བཅས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུས་ཕ་མ་ལ་ཆོས་བཞིན་དུ་བྱས་ན་ལྷ་ལྟ་བུར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་ཡང་གསུངས་པ། ཕ་དང་མ་ གཉིས་ཚངས་པ་སྟེ། །སློབ་དཔོན་ལྷ་ཡང་དེ་བཞིན་ནོ། །ཇི་ལྟར་མེ་ཡི་ལྷ་བྲན་བཞིན། །བུ་ཡི་སྦྱིན་པའི་གནས་ཡིན་ནོ། །དེ་བས་དེ་གཉིས་ཕྱག་བྱ་ཞིང་། །ཕྱི་བར་བྱ་ཞིང་བཀྲུ་བ་དང་། །རྐང་པ་གཉིས་ཀྱང་བཀྲུ་བར་བྱ། །དེ་བཞིན་མཁས་པས་བསྙེན་བཀུར་བྱ། །ཡང་ན་ བཟའ་བ་བཏུང་བ་དང་། །བགོ་བ་མལ་སྟན་དེ་བཞིན་ཏེ། །དེ་གཉིས་ཕ་དང་མ་གཉིས་ལ། །མཁས་པས་བསྙེན་བཀུར་བཅས་བྱེད་ན། །འདིར་ནི་མནར་བར་མི་འགྱུར་ཏེ། །སོང་ནས་མཐོ་རིས་དགའ་བར་འགྱུར། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གསུངས་པ་ དེའི་ཚེ་ན་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཕ་དང་མ་དང་། བླ་མ་ལ་ནི་རིམ་གྲོ་བགྱིད་པའི་ཡོན་ཏན་བརྗོད་པ་ནི་ངོ་མཚར་ཆེའོ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དགེ་སློང་དག་འདི་ལ་ཅི་ཞིག་ངོ་མཚར་ཆེར་ཡོད། ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་མེད། ཞེ་སྡང་མེད། གཏི་མུག་མེད། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་ བ་དང་། ཡིད་མི་དགའ་བ་དང་། འཁྲུག་པ་རྣམས་མེད་བཞིན་དུ་ཕ་མ་ལ་རིམ་གྲོ་བྱ་བའི་ཡོན་ཏན་བརྗོད་པ་པས་སྔོན་འདས་པའི་དུས་ན་ང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་དགའ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བ་ན་ཡང་མ་ལ་གནོད་པ་ཅུང་ཟད་ཞིག་བྱས་ནས་སྡུག་བསྔལ་ཆེན་པོ་རྗེས་སུ་མྱོང་ངོ་། །ཕན་པ་ཅུང་ཟད་ཞིག་བྱས་ནས་ཀྱང་བདེ་བ་ཆེན་པོ་རྗེས་ སུ་མྱོང་བར་གྱུར་ཏེ། དེ་དག་ལེགས་པར་ཤིན་ཏུ་ཡིད་ལ་བྱོས་ཤིག་དང་བཤད་པར་བྱའོ། །སྔོན་བྱུང་བ་ནི་དགེ་སློང་དག་སྔོན་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དེད་དཔོན་མཛའ་བོ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། གནས་རྒྱ་ཆེ་ཞིང་ཡངས་པ་ཞིག་སྟེ། ངལ་བསོ་པོའི་ནོར་དང་འདྲ་བ། ངལ་བསོ་པོའི་ནོར་ལ་འགྲན་པ་ཞིག་ཡོད་དེ། དེས་རིགས་མཉམ་པའི་ཆུང་མ་ཞིག་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱད་པ་ལས་བུ་ཕོ་རྣམས་བྱུང་ཡང་ཤི་ནས་དེ་བུ་མེད་དེ་བུ་ འདོད་པས་ལྷ་གུ་ལང་དང་། བ་རུ་ཎ་དང་། ངལ་བསོ་པོ་དང་། བ་ས་བ་ལ་སོགས་པ་ལྷ་སྟོང་ལ་གསོལ་ཀྱང་དེའི་བུ་གསོན་པར་མ་གྱུར་ཏེ། དེ་ལ་གཞན་ཞིག་གིས་དེ་སྟེ་ཁྱོད་ལ་བུ་ཕོ་ཞིག་བཙས་ན་བུ་མོའི་མིང་དུ་ཐོགས་ཤིག་དང་ཡུན་རིང་དུ་འཚོ་བར་ འགྱུར་རོ་ཞེས་བསྒོའོ། །དེ་དུས་ཕྱི་ཞིག་ན་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱད་དོ། །དེས་རྩེ་དགའ་ཡོངས་སུ་སྤྱད་པས་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས། ཟླ་བ་བརྒྱད་དམ་དགུ་ལོན་ནས་ཁྱེའུ་ཞིག་བཙས་ཏེ། དེ་གཟུགས་ལེགས་ཤིང་བལྟ་ན་ སྡུག་པ། མཛེས་པ། མདོག་གསེར་གྱི་ཁ་དོག་ལྟ་བུ། མགོ་གདུགས་འདྲ་བ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ་དང་། ཀོས་ཀོ་རིང་བ། སྨིན་མ་སྙོམས་པ། སྣ་མཐོ་ཞིང་ཡན་ལག་དང་ཉིང་ལག་ཐམས་ཅད་དུ་ལྡན་པ་ཞིག་བཙས་ཏེ། དེ་བཙས་ པའི་བཙས་སྟོན་ཆེན་པོ་བྱས་ནས་མིང་གདགས་པར་བརྩམས་ཏེ། མཛའ་བོའི་བུ་དེ་བུ་མོའི་མིང་དུ་བཏགས་པས་ན་ཁྱེའུ་འདིའི་མིང་བུ་མོ་མཛའ་མོར་གདགས་སོ། །ཅི་ཙམ་ན་ཁྱེའུ་བུ་མོ་མཛའ་མོ་ཞེས་བྱ་བ་དེ་ཆེར་གྱུར་པ་དང་། དེའི་ཕ་ཡང་རྒྱ་མཚོ་ཆེན་པོའི་ནང་དུ་ ཞུགས་ཏེ། དེ་དེ་ཉིད་དུ་ཤི་བར་གྱུར་ཏོ། །དེ་ནས་བུ་མོ་མཛའ་མོས། མ་ལ་བདག་གི་ཕ་སྔོན་གྱི་ལས་འབྲས་བུ་གང་གིས་འཚོ། བདག་ཀྱང་ཕྱིས་དེ་བཞིན་དུ་བསྒྲུབ་བོ་ཞེས་སྨྲས་པ་དང་། མས་བསམས་པ། སྔོན་རྒྱ་མཚོ་ཆེན་པོའི་ནང་དུ་འཇུག་པའི་ཚོང་པ་ཡིན་ ནོ་ཞེས་འདི་ལ་སྨྲས་ན་ནི་འདི་ཉིད་ཀྱང་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ཏེ་དེ་ཉིད་དུ་ཤི་བར་འགྱུར་རོ་སྙམ་དུ་བསམས་ནས། དེས་བུ་ཁྱོད་ཀྱི་ཕ་ནི་སྔོན་འབྲུ་འཚོང་བ་བྱེད་བྱེད་དེ། ཁྱོད་ཀྱང་དགའ་ན་འབྲུ་འཚོང་བ་གྱིས་ཤིག་ཅེས་སྨྲས་པ་དང་། དེས་འབྲུའི་ཚོང་ཁང་བརྩིགས་ ཏེ། ཐོག་མའི་ཉིན་པར་ཀཱར་ཥཱ་པ་ཎ་བཞི་རྙེད་དེ། དེས་དེ་དག་མ་ལ་བྱིན་ནོ། །དེ་ནས་དུས་ཕྱི་ཞིག་ན་གཞན་ཞིག་གིས་དེ་ལ་ཁྱོད་ཀྱི་ཕ་ནི་སྔོན་དྲི་འཚོང་བའོ་ཞེས་སྨྲས་པ་དང་། དེས་འབྲུ་འཚོང་བ་བཏང་སྟེ། དྲི་འཚོང་བའི་ཚོང་ཁང་བརྩིགས་སོ། །དེ་ནས་ཉི་མ་ དང་པོའི་ཚེ་ཀཱར་ཥཱ་པ་ཎ་བརྒྱད་རྙེད་ནས་དེས་ཡང་དེ་དག་མ་ལ་བྱིན་ནོ། །དེ་ནས་དུས་ཕྱི་ཞིག་ན་གཞན་ཞིག་གིས་དེ་ལ་ཁྱོད་ཀྱི་ཕ་ནི་གསེར་འཚོང་བ་ཡིན་ནོ་ཞེས་སྨྲས་པ་དང་། དེས་ཡང་དྲི་འཚོང་བ་བཏང་སྟེ། གསེར་འཚོང་བ་ལ་ཞུགས་པ་དང་། དེའི་ཉི་མ་དང་པོ་ ལ་ཀཱར་ཥཱ་པ་ཎ་བཅུ་དྲུག་རྙེད་པ་དང་། དེས་ཡང་དེ་དག་མ་ལ་བྱིན་ནོ། །ཕྱི་དེ་ཉིན་མོ་དེས་ཀཱར་ཥཱ་པ་ཎ་སུམ་བཅུ་རྩ་གཉིས་རྙེད་པ་དང་། དེས་དེ་དག་མ་ལ་བྱིན་ནོ། །དེ་ནས་གསེར་འཚོང་བ་ཕྲག་དོག་ཅན་དག་གིས་གྲོང་ཁྱེར་ཐམས་ཅད་ཀྱི་གསེར་འདིས་བསྡུས་སོ་སྙམ་ དུ་བསམས་ནས། བུ་མོ་མཛའ་མོ་ལ་ཁྱོད་འདི་ལྟ་བུ་བྱེད་ཅིང་འཚོ་སྟེ་ཅི་རུང་། ཁྱོད་ཀྱི་ཕ་ནི་སྔོན་རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་ཡིན་ན་ཁྱོད་སུས་འདི་འདྲ་བ་ངན་པས་འཚོ་བ་ལ་འཇུག་ཏུ་བཅུག་ཅེས་སྨྲས་པ་དང་། དེ་གསེར་འཚོང་བ་དག་གི་ཚིག་དེས་ བསྐུལ་བས་དེ་མའི་ཐད་དུ་སོང་སྟེ། མ་བདག་གི་ཕ་ནི་འདི་ལྟར་སྔོན་རྒྱ་མཚོ་ཆེན་པོའི་ཚོང་པའོ་ཞེས་ཐོས་ན་རྗེས་སུ་གནོང་ཤིག་དང་། བདག་ཀྱང་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ལ་མཆིའོ་ཞེས་སྨྲས་པ་དང་། མས་དེ་ལ་བུ་དེ་ནི་བདེན་མོད་ཀྱི་ཁྱོད་ནི་གཞོན་ལ་བུ་གཅིག་པུ་སྟེ། ཁོ་མོ་བོར་ལ་རྒྱ་མཚོ་ཆེན་པོར་མ་འགྲོ་ཤིག་ཅེས་སྨྲས་པ་དང་། དེ་ནས་བུ་མོ་མཛའ་མོས་མའི་ཚིག་མ་མཉན་ཏེ། བདག་གིས་གྲོང་ཁྱེར་དུ་གང་རྒྱ་མཚོ་ཆེན་པོར་ཞུགས་ཤིང་འདོང་དུ་དད་པ་རྣམས་འདོང་ངོ་ཞེས་དེས་བདག་ཉིད་དེད་དཔོན་དུ་བསྒྲགས་སོ། །དེ་ནས་ཚོང་པ་ལྔ་བརྒྱས་ བསྐོར་ཏེ་དོང་བ་དང་། དེ་མའི་སྙིང་དུ་སྡུག་པས་དཀྲུགས་ཏེ། མ་མཆི་མས་བརྣངས་བཞིན་རྐང་པ་གཉིས་ལ་བཟུང་སྟེ། བུ་ཁོ་མོ་བོར་ཏེ་རྒྱ་མཚོ་ཆེན་པོར་ཞུགས་ལ་མ་འགྲོ་ཤིག་ཅེས་བྱས་པ་དང་། དེ་འདི་ལྟར་སྙིང་རྗེ་ཞིང་མི་དགའ་སྟེ། དལ་གྱིས་སྨྲས་པ་ལ་ཁྲོས་ནས་ མའི་མགོ་བོ་རྐང་པས་ཕུལ་ཏེ། དེ་འགྲོན་པ་མང་པོ་དང་འགྲོགས་ཏེ་སོང་ངོ་། །མས་བུ་ཁྱོད་ལ་ལས་འདི་རྣམ་པར་སྨིན་པར་མ་གྱུར་ཅིག་ཅེས་སྨྲས་པ་དང་། དེ་ནས་དེ་གྲོང་དང་། གྲོང་ཁྱེར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ལྟ་ཞིང་རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ པ་དང་། དེས་དོང་ཚེ་རྙིང་པ་ལྔ་བརྒྱས་གྲུ་བོ་ཆེ་ཉོས་ཏེ། གྲུའི་ནང་དུ་འཇུག་པ་དང་། འབྱིན་པ་དང་། མཉན་པ་དང་། ཉག་ཐག་འཛིན་པ་དང་། ཕྱོགས་རྟོག་པའི་མི་དག་ལ་གླ་བྱས་ནས་དེས་དྲིལ་ཆེན་པོ་ལན་གསུམ་དུ་བསྒྲགས་ནས་རྒྱ་མཚོ་ཆེན་པོའི་ནང་དུ་ ཞུགས་ཏེ་སོང་བ་དང་། ཇི་ཙམ་ཞིག་ན་ཆུ་སྲིན་ཉའི་རིགས་ཀྱིས་གྲུ་མ་རུང་བར་བྱས་ནས། བུ་མོ་མཛའ་མོ་གྲུ་ཚལ་ཞིག་ལ་འཇུས་ནས་མཐར་ཕྱིན་ཏོ། །དེ་ནས་སྐམ་ལ་སོང་བ་དང་། དགའ་བ་ཞེས་བྱ་བའི་གྲོང་ཁྱེར་དེ་མཐོང་སྟེ། དེ་དེར་སོང་ནས་དེ་ན་ལྷའི་བུ་མོ་གཟུགས་ལེགས་ ཤིང་བལྟ་ན་སྡུག་པ་བཞི་བྱུང་སྟེ། དེར་འོངས་ནས་བུ་མོ་མཛའ་མོ་བདེ་བར་འོངས་སམ། འདི་ནི་བདག་ཅག་གི་ཟས་ཀྱི་ཁང་པ་དང་། བཏུང་བའི་ཁང་པ་དང་། གོས་ཀྱི་ཁང་པ་དང་། ཉལ་བའི་ཁང་པ་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། ཤེལ་ དང་། བྱི་རུ་དང་། གསེར་དང་། དངུལ་གྱིས་གང་བ་ཡིན་གྱིས་དེ་བཞེས་ཤིག །ཚུར་སྤྱོན་བདག་ཅག་དང་ལྷན་ཅིག་བཞུགས་སོ་ཞེས་སྨྲས་ནས། དེ་དང་ལྷན་ཅིག་ལོ་དུ་མ། ལོ་བརྒྱ་དུ་མ། ལོ་སྟོང་དུ་མ། ལོ་བརྒྱ་སྟོང་དུ་མར་ཇི་ལྟར་སེམས་ཅན་བསོད་ནམས་བྱས་ པ། དགེ་བ་བྱས་པ། རྫུ་འཕྲུལ་ཆེན་པོ། མཐུ་ཆེན་པོས་རང་གི་བསོད་ནམས་ལ་མྱོང་བར་གྱུར་པ་བཞིན་མྱོང་བར་གྱུར་ཏོ། །དེ་དག་གིས་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཤིག་ཅེས་བསྒོ་བ་དང་། དེ་ལྷོ་ཕྱོགས་ཀྱི་ལམ་དུ་མ་བཏང་ཡང་དེར་འགྲོ་བར་འཐེན་ཏེ། དེ་ཕྱི་ཞིག་ན་ ལྷོ་ཕྱོགས་སུ་སོང་བ་དང་། དེས་རྟག་ཏུ་ར་རོ་བ་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེའི་སྒོར་ཕྱིན་པ་དང་། དེ་ནས་ཀྱང་ལྷའི་བུ་མོ་དེ་བས་ཀྱང་གཟུགས་ལེགས་པ། དེ་བས་ཀྱང་བལྟ་ན་སྡུག་པ། དེ་བས་ཀྱང་མཛེས་པ་བརྒྱད་བྱུང་སྟེ། དེ་དག་གིས་བུ་མོ་མཛའ་མོ་ཚུར་སྤྱོན་ བདེ་བར་བྱོན་ཏམ། བདག་ཅག་གི་ཟས་ཀྱི་ཁང་པ་འདི་དང་། སྐོམ་གྱི་ཁང་པ་དང་། གོས་ཀྱི་ཁང་པ་དང་། ཉལ་བའི་ཁང་པ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དག་གིས་གང་བར་ཡོད་ཀྱིས་ཚུར་ སྤྱོན་ལྷན་ཅིག་བཞུགས་སོ་ཞེས་སྨྲས་ནས། དེ་དག་དང་ལྷན་ཅིག་ལོ་དུ་མ། ལོ་བརྒྱ་དུ་མ། ལོ་སྟོང་དུ་མ། ལོ་བརྒྱ་སྟོང་དུ་མར་ཇི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བ་བྱས་པ། རྫུ་འཕྲུལ་ཆེན་པོ་མཐུ་ཆེན་པོས་མྱོང་བ་བཞིན་མྱོང་བར་གྱུར་ཏོ། །དེ་དག་གིས་ཀྱང་ དེ་ལ་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཤིག་ཅེས་བསྒོའོ། །དེ་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཤིག་ཅེས་བསྒོ་ན་ཇེ་ཐུར་འཐེན་ཏེ་འགྲོ་འདོད་ནས་ཇི་ཙམ་ཞིག་ནས་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་དང་། དགའ་བ་ཅན་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེའི་སྒོར་ཕྱིན་པ་དང་། དེ་ནས་ཡང་ ལྷའི་བུ་མོ་དེ་བས་ཀྱང་གཟུགས་ལེགས་པ། དེ་བས་ཀྱང་བལྟ་ན་སྡུག་པ། དེ་བས་ཀྱང་མཛེས་པ་བཅུ་དྲུག་བྱུང་སྟེ། དེ་དག་གིས་བུ་མོ་མཛའ་མོ་བདེ་བར་བྱོན་ཏམ། བུ་མོ་མཛའ་མོ་ཚུར་སྤྱོན། བདག་ཅག་གི་ཟས་ཀྱི་ཁང་པ་འདི་དང་། སྐོམ་གྱི་ཁང་པ་དང་། གོས་ ཀྱི་ཁང་པ་དང་། ཉལ་བའི་ཁང་པ་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། ཤེལ་དང་། བྱི་རུ་དང་། གསེར་དང་དངུལ་དག་གིས་གང་བ་ཡོད་ཀྱིས་ཚུར་སྤྱོན་ལྷན་ཅིག་བཞུགས་སོ་ཞེས་སྨྲས་ནས། དེ་དག་དང་ལྷན་ཅིག་ལོ་དུ་མ། ལོ་བརྒྱ་དུ་མ། ལོ་སྟོང་དུ་ མ། ལོ་བརྒྱ་སྟོང་དུ་མར་ཇི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བ་བྱས་པ། རྫུ་འཕྲུལ་ཆེན་པོ། མཐུ་ཆེན་པོས་མྱོང་བར་གྱུར་པ་བཞིན་མྱོང་བར་གྱུར་ཏོ། །དེ་དག་གིས་ཀྱང་དེ་ལ་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཤིག་ཅེས་བསྒོའོ། །དེ་ལ་ལྷོ་ཕྱོགས་ཀྱི་ལམ་དུ་མ་ འགྲོ་ཤིག་བསྒོ་ཡང་ཇེ་ཐུར་འཐེན་ཅིང་འགྲོ་བར་འདོད་ནས་དེ་ཇི་ཙམ་ཞིག་ན་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་དང་། བླ་མའི་ཚངས་པ་ཞེས་བྱ་བའི་ཁང་པ་བཟང་པོ་ཞིག་མཐོང་ནས་དེའི་སྒོར་འོངས་པ་དང་། དེའི་ནང་ནས་ལྷའི་བུ་མོ་དེ་བས་ཀྱང་གཟུགས་ལེགས་པ། དེ་བས་ཀྱང་བལྟ་ ན་སྡུག་པ། ཤིན་ཏུ་བཟང་མོ་སུམ་བཅུ་རྩ་གཉིས་ཤིག་བྱུང་ནས་དེ་དག་གིས་བུ་མོ་མཛའ་མོ་ཚུར་སྤྱོན། མཛའ་མོ་བདེ་བར་བྱོན་ཏམ། བདག་ཅག་གི་ཟས་ཀྱི་ཁང་པ་འདི་དང་། སྐོམ་གྱི་ཁང་པ་དང་། གོས་ཀྱི་ཁང་པ་དང་། ཉལ་བའི་ཁང་པ་དང་། ནོར་བུ་དང་། མུ་ཏིག་ དང་། བཻཌཱུརྱ་དང་། དུང་དང་། ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ཡོད་ཀྱིས་ཚུར་སྤྱོན་ལྷན་ཅིག་ཏུ་བཞུགས་སོ་ཞེས་སྨྲས་ནས། དེ་དག་དང་ལྷན་ཅིག་ལོ་དུ་མ། ལོ་བརྒྱ་དུ་མ། ལོ་སྟོང་དུ་ མ། ལོ་བརྒྱ་སྟོང་དུ་མར་ཇི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བ་བྱས་པ། མཐུ་ཆེན་པོ། རྫུ་འཕྲུལ་ཆེན་པོས་མྱོང་བ་བཞིན་མྱོང་བར་གྱུར་ཏོ། །དེ་དག་གིས་ཀྱང་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཤིག་ཅེས་བསྒོའོ། །དེ་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཤིག་ཅེས་བསྒོ་ཡང་ ཇེ་ཐུར་འཐེན་ཅིང་འགྲོ་བར་འདོད་ནས་ཇི་ཙམ་ཞིག་ན་ལྷོ་ཕྱོགས་ཀྱི་ལམ་དུ་སོང་ནས་དེ་ཕྱི་ཕྱིར་ཞིང་དད་པ་སྐྱེས་ཏེ། དེ་རིམ་གྱིས་ལྷོ་ཕྱོགས་སུ་སོང་བ་དང་། ལྕགས་ལས་བྱས་པའི་གྲོང་ཁྱེར་ཞིག་མཐོང་སྟེ་དེ་དེར་ཞུགས་སོ། །ཞུགས་མ་ཐག་ཏུ་དེའི་སྒོ་ཡང་སླར་བཅད་པར་གྱུར་ ཏོ། །དེ་ནས་ཡང་ནང་དུ་སོང་བ་དང་སྒོ་ཡང་དེ་བཞིན་དུ་བཅད་དོ། །དེ་ནས་ཡང་ནང་དུ་སོང་བ་དང་སྒོ་ཡང་བཅད་པར་གྱུར་ཏེ། ཇི་ཙམ་ན་སྐྱེས་བུ་རབ་ཏུ་ལུས་ཆེ་བ་ཞིག་དེ་ནས་བྱུང་སྟེ། དེའི་སྤྱི་བོ་ལ་ལྕགས་ཀྱི་འཁོར་ལོ་འབར་བ། རབ་ཏུ་འབར་བ། ཤིན་ཏུ་འབར་བ། མེ་ལྕེ་གཅིག་ ཏུ་གྱུར་པ་ཞིག་འཁོར་ཞིང་འདུག་སྟེ། དེའི་མགོ་ལས་རྣག་ཁྲག་བྱུང་བ་ནི་ཟས་སུ་ཟ་བར་མཐོང་ངོ་། །དེ་ནས་བུ་མོ་མཛའ་མོས་སྐྱེས་བུ་དེ་ལ་ཁྱོད་ཅིའི་ཕྱིར་དེ་ལྟར་གྱུར་ཅེས་དྲིས་པ་དང་། དེས་ངས་ནི་མ་ལ་གནོད་པ་བྱས་པའི་ཕྱིར་རོ། །ཞེས་སྐྱེས་བུ་དེས་དེ་སྐད་དུ་སྨྲས་ མ་ཐག་ཏུ་བུ་མོ་མཛའ་མོ་དེའི་ལས་ཀྱང་མངོན་དུ་སྨིན་པར་གྱུར་ཏེ། བདག་གིས་ཀྱང་མ་ལ་གནོད་པ་བྱས་ནས་དེའི་ལས་ཀྱིས་འདིར་ཁྲིད་དེ་འོངས་སོ་སྙམ་དུ་བསམས་པ་དང་། དེ་མ་ཐག་ཏུ་ནམ་མཁའ་ལས་སྒྲ་འདི་སྐད་དུ་གང་བཅིངས་པ་དེ་ནི་ཐར། གང་མ་བཅིངས་པ་ དེ་ནི་བཅིངས་པའོ་ཞེས་སྒྲ་དེ་བྱུང་མ་ཐག་ཏུ་སྐྱེས་བུ་དེའི་སྤྱི་བོ་ན་འཁོར་ལོ་ཡོད་པ་དེ་ནི་མེད་པར་གྱུར། བུ་མོ་མཛའ་མོའི་སྤྱི་བོར་འཁོར་ལོ་བྱུང་ངོ་། །དེ་ནས་བུ་མོ་མཛའ་མོ་རབ་ཏུ་སྡུག་བསྔལ་བར་སྐྱེས་བུ་དེས་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། རྟག་ཏུ་དགའ་ དང་དྲེགས་བྱེད་ཅིང་། །སྐྱིད་པ་བྱེད་པ་བོར་བྱས་ཏེ། །ཚངས་པ་བླ་མའི་ཁང་པ་ནས། །ཅི་ཡི་ཕྱིར་ནི་ཁྱོད་འདིར་འོངས། །བུ་མོ་མཛའ་མོས་སྨྲས་པ། རྟག་ཏུ་དགའ་དང་དྲེགས་བྱེད་ཅིང་། །སྐྱིད་པ་བྱེད་པ་བོར་བྱས་ཏེ། །ཚངས་པ་བླ་མའི་ཁང་པ་ནས། ། འདིར་ནི་འོང་བར་འདོད་གྱུར་པ། །ཡུན་རིང་པོ་ཡི་ལས་ཀྱིས་གཉེར། །ལས་ཀྱིས་རིང་ནས་གཉེར་ནས་ཀྱང་། །གང་དུ་ལས་ཀྱིས་གཉེར་བ་དེར། །ལས་ཀྱང་རྣམ་པར་སྨིན་པར་གྱུར། །ལས་གང་རྣམ་པར་སྨིན་པས་ན། །འཁོར་ལོ་འབར་དང་རབ་འབར་བ། ། བདག་གི་སྲོག་ལ་གནོད་གྱུར་ཏེ། །ཀླད་ལ་འཁོར་ལོ་འབར་བར་གྱུར། །མི་དེས་སྨྲས་པ། ཁྱོད་ཀྱིས་ངན་པའི་སེམས་བསྐྱེད་དེ། །དཀའ་བ་བྱེད་པའི་མ་ཡི་མགོར། །ཁྱོད་ཀྱིས་རྡོག་པ་བརྒྱབ་པས་ན། །དེ་ཡི་ལས་ཀྱི་འབྲས་བུ་ཡིན། །བུ་མོ་མཛའ་ མོས་སྨྲས་པ། འཁོར་ལོ་འབར་བ་རབ་འབར་བ། །བདག་གི་སྲོག་ལ་གནོད་བྱེད་པ། །ལོ་གྲངས་སྟོང་ཕྲག་ཇི་སྲིད་དུ། །ང་ཡི་ཀླད་ན་འཁོར་བར་འགྱུར། །མི་དེས་སྨྲས་པ། ལོ་གྲངས་སྟོང་ཕྲག་དྲུག་བཅུ་དང་། །ལོ་གྲངས་བརྒྱ་ཡི་བར་དུ་ནི། །འབར་ བའི་ལྕགས་ཀྱི་འཁོར་ལོས་ཀྱང་། །ཁྱོད་ཀྱི་མགོ་ལ་འཇོག་པར་བྱེད། །དེ་ནས་བུ་མོ་མཛའ་མོ་དེས་མི་དེ་ལ་ཀྱེ་སྐྱེས་བུ་གཞན་དག་ཀྱང་འདིར་འོང་བ་ལྟ་ཡོད་དམ་ཞེས་སྨྲས་པ་དང་། མི་དེས་སྨྲས་པ། གང་གིས་ལས་འདི་ལྟ་བུ་བྱས་པ་དག་ནི་འདིར་འོང་བར་འགྱུར་ རོ། །དེ་ནས་བུ་མོ་མཛའ་མོ་སྡུག་བསྔལ་གྱིས་མངོན་དུ་གཟིར་བ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་བ་བསྐྱེད་ནས་མི་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ངས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་འཁོར་ལོ་འདི་མགོ་ལ་བཟོད་པར་བྱས། གཞན་གང་གིས་འདི་འདྲ་བའི་ལས་ བྱས་པ་དེ་དག་འདིར་མ་འོང་ཤིག་ཅེས་སྨྲས་མ་ཐག་ཏུ་བུ་མོ་མཛའ་མོ་བྱང་ཆུབ་སེམས་དཔའ་དེའི་མགོ་ལས་འཁོར་ལོ་དེ་ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་འདུག་པ་དང་། དེ་ཡང་དུས་འདས་ཏེ་དགའ་ལྡན་གནམ་གྱི་ལྷའི་ཁམས་སུ་སྐྱེས་སོ་ཞེས་བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་དུས་ན་བུ་མོ་མཛའ་མོ་ཞེས་བྱ་བ་དེ་ནི་ང་ཉིད་ཡིན་ཏེ། དེའི་ཚེ་ངས་ཚོང་བྱས་ཏེ། ཀཱར་ཥཱ་པ་ཎ་མ་ལ་བྱིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ནི་གྲོང་ཁྱེར་ཆེན་པོ་རྣམ་པ་བཞིར་རབ་ཏུ་བདེ་བ་ མྱོང་བར་གྱུར་ཏོ། །དེ་ནས་ངས་མ་ལ་གནོད་པ་ཅུང་ཟད་ཅིག་བྱས་པ་དེའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་ནི་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ཏོ། །དེ་ལྟ་བས་ན་དགེ་སློང་དག་དེ་བཞིན་དུ་བསླབ་པར་གྱིས་ཤིག །ཕ་དང་མ་ལ་ཕན་གདགས་པར་བྱའི། གནོད་པ་མ་བྱེད་ཅིག་དང་དེ་ལྟ་བུའི་གནོད་པ་མི་མྱོང་བར་འགྱུར་བ་ནི་ཇི་ལྟར་བུ་མོ་མཛའ་མོ་སོ་སོའི་སྐྱེ་བོའི་ཚེ་ན་མྱོང་བ་བཞིན་ཏེ། ཡོན་ཏན་མང་པོར་ཡང་འགྱུར་ཞིང་ད་ཡང་དེ་བཞིན་གཤེགས་པ་ཡིན་ཏེ། དགེ་སློང་དག་དེ་བཞིན་དུ་བསླབ་པར་བྱོས་ཤིག །དགེ་སློང་དག་དེ་ བས་ན་ཚུལ་ཁྲིམས་རབ་ཏུ་ཉམས་པར་གྱུར་ཀྱང་རྣམ་པ་ལྔ་ལ་ཉེ་གཡོག་བྱ་བར་གནང་སྟེ། ལྔ་གང་ཞེ་ན། ཕ་དང་། མ་དང་། མཁན་པོ་དང་། སློབ་དཔོན་དང་། ནད་པ་རྣམས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་ སྩལ་པ། དགེ་སློང་དག་ཉི་མ་ནི་ཤར། བྱ་རོག་ནི་ཟེར། ཞིང་པ་ནི་རྨོ་རྐོ་བྱེད། མ་ལུས་པར་རྐུ་བ་རྣམས་ནི་དུའོ། །དགེ་སློང་དག་དེ་ནི་དཔེར་བྱས་ཏེ། དོན་དེ་མི་ཤེས་པའི་ཕྱིར་དོན་དེ་ཡང་བསྟན་པར་བྱ་སྟེ། དགེ་སློང་དག་ཉི་མ་ཤར་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དགས་སོ། །བྱ་རོག་ཟེར་རོ་ཞེས་བྱ་བ་ནི་ཆོས་ཀྱི་སྣོད་གང་ཟག་རྣམས་ཀྱི་ཚིག་བླ་དགས་སོ། །ཞིང་པ་ཞིང་རྨེད་ཅེས་བྱ་བ་ནི་སྦྱིན་པར་བྱེད་པ་དང་། སྦྱིན་བདག་རྣམས་ཀྱི་ཚིག་བླ་དགས་སོ། །མ་ལུས་པར་རྐུ་བ་རྣམས་ནི་དུའོ་ཞེས་བྱ་བ་ནི་ བདུད་ཀྱི་འཁོར་གྱི་ཚིག་བླ་དགས་སོ། །དེ་ལྟ་བས་ན་དགེ་སློང་དག་སྟོན་པ་ནི་ཉན་ཐོས་དག་ལ་ཐུགས་བརྩེ་བས་ཐུགས་རྗེའི་དོན་སྟོན་པ། ཕན་པར་དགོངས་པ། ཐུགས་རྗེ་བཞིན་པས་ན་ཁྱོད་ལ་དོན་བྱས་ཀྱིས་ཁྱོད་ཀྱིས་ད་བྱ་བའི་རིགས་སོ། །དེ་འདི་ལྟར་དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དང་། རི་དང་། གྲོག་པོ་དང་། རི་ཕུག་དང་། སོག་མའི་ཕུང་པོ་དང་། བླ་གབ་མེད་པ་དང་། དུར་ཁྲོད་དང་། ནགས་ཚལ་གྱི་ཕྱོགས་དང་། བས་མཐར་གནས་པར་བྱ་སྟེ། དགེ་སློང་དག་བག་མེད་པར་མ་བྱེད་ཅིག །ཕྱིས་འགྱོད་པར་ གྱུར་ཏ་རེ། ངས་བསྟན་པ་འདི་ནི་ངས་རྗེས་སུ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་དགོན་པར་གནས་པར་གསུངས་པས་ན། ཕྱིས་འགྱོད་པར་གྱུར་ཏ་རེ། འདི་ནི་ངས་བསྟན་པའོ་ཞེས་གསུངས་པའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་དག་དགོན་པ་དང་། ནགས་ ཚལ་གྱི་ཕྱོགས་དང་། བས་མཐའ་ལ་གནས་ཤིང་བསམ་གཏན་བྱེད་པ་ལ་ཞུགས་སོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་དགོན་པ་ལ་གནས་པའི་དགེ་སློང་དག་གི་ཕྱིར་དགོན་པར་ཁྱིམ་བརྩིགས་ཏེ། ཇི་ཙམ་ཞིག་ན་བསོད་སྙོམས་པ་གཞན་ཞིག་གཞོངས་ སྤྱད་པ་སྤྱོད་ཅིང་མཉན་དུ་ཡོད་པར་ཕྱིན་ནས་དེ་ཡང་སླར་ཁྱིམ་དུ་འོངས་ཏེ་འདུག་པ་དང་། དེ་དུས་ཕྱི་ཞིག་ན་དེའི་སྐྲ་དང་ཁ་སྤུ་རིང་པོར་གྱུར་ནས་སྔ་དྲོའི་དུས་ན་ཤམ་ཐབས་བགོས་ཏེ། ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་སོང་བ་དང་། དེ་ལ་ཁྱིམ་བདག་དེས་འཕགས་པ་སྐྲ་ དང་ཁ་སྤུ་རིང་ངོ་ཞེས་སྨྲས་པ་དང་། དེས་བཞིན་བཟངས་འབྲེག་མཁན་མེད་དོ་ཞེས་སྨྲས་ནས། ཁྱིམ་བདག་གིས་འཕགས་པ་དེ་ལྟར་ན་བཞུད་ཅིག་དང་། བདག་གིས་འབྲེག་མཁན་གཏང་ངོ་ཞེས་སྨྲས་པ་དང་། དེས་བསོད་སྙོམས་བསླངས་ནས་སླར་སོང་བ་དང་། དེས་འབྲེག་མཁན་ཡང་བཏང་ངོ་། །བསོད་སྙོམས་པ་དེ་རབ་ཏུ་ལེ་ལོ་ཅན་ཞིག་སྟེ། དེ་གདིང་བའི་སྟེང་དུ་འདུག་བཞིན་སྐྲ་བྲེགས་པ་དང་། སྐྲ་ཡང་གདིང་བའི་སྟེང་དུ་ལྷུང་བས་ཟད་པར་འདོར་མ་ནུས་སོ། །ཁྱིམ་བདག་དེས་བསམས་པ། འབྲེག་མཁན་ཁྱོད་སོང་ལ་དགེ་སློང་ དེའི་སྐྲ་དང་ཁ་སྤུ་དག་བྲེགས་སམ་མ་བྲེགས་ལྟོས་ཤིག་ཅེས་སྨྲས་པ་དང་། དེ་དེར་སོང་ངོ་། །སོང་ནས་གདིང་བའི་སྟེང་དུ་འདུག་པ་དང་། དེའི་གོས་ལ་སྐྲ་དག་ཆགས་ནས་ཁྱིམ་བདག་དེས་བསོད་སྙོམས་པ་དེ་ལ་མགུ་བ་དག་བྱས་ནས་སླར་ཁྱིམ་དུ་སོང་བ་དང་། དེའི་ ཆུང་མས་ཇོ་བོའི་སྲས་ཅི་ཁྱོད་འབྲེག་མཁན་གྱི་ཁྱིམ་ན་འདུག་འདུག་གམ། དེས་གོས་ལ་བལྟས་ན་སྐྲ་ཆགས་ཤིང་འདུག་པ་མཐོང་ནས་དེས་བསམས་པ། བསོད་སྙོམས་པ་དེ་གདིང་བའི་སྟེང་དུ་འདུག་བཞིན་དུ་སྐྲ་མ་བྲེགས་གྲང་ཞེས་དེ་བལྟར་་འགྲོའོ་ སྙམ་བསམས་ནས། དེར་སོང་སྟེ་བལྟས་པ་དང་། དེའི་གདིང་བ་སྐྲ་དག་གིས་གང་ཞིང་འདུག་པ་མཐོང་ནས། འཕགས་པ་གདིང་བའི་སྟེང་དུ་སྐྲ་མི་འབྲེག་པ་ཙམ་ཡང་མི་ཤེས་སམ་ཞེས་ཉེས་པ་ངོར་བརྗོད་པ་དང་། བསོད་སྙོམས་པ་དེ་གནོང་ནས་སྤ་གོང་སྟེ་ངོ་ཚ་ནས་ཅང་མི་ ཟེར་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་དེ་དག་འཕྱ་བ་ནི་ཡུས་ཏེ། དེ་བས་ན་དགེ་སློང་གདིང་བའི་སྟེང་ན་འདུག་ཅིང་སྐྲ་མ་འབྲེག་ཤིག ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གདིང་བའི་སྟེང་ན་འདུག་ཅིང་སྐྲ་མ་འབྲེག་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་གནས་ཁང་དང་། བཀད་ས་དང་། སྒོ་ཁང་དུ་སྐྲ་བྲེགས་ནས་དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། གང་དགེ་འདུན་གྱི་ཕྱག་དར་བྱེད་པའི་གནས་དེར་སྐྲ་མ་འབྲེག་ཤིག །བྲེགས་ན་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གང་དགེ་འདུན་གྱི་ཕྱག་དར་བྱ་བའི་གནས་དེར་སྐྲ་མ་འབྲེག་ཤིག་ཅེས་གསུངས་པ་དང་། དགེ་ སློང་ཁ་ཅིག་རྒས་ཤིང་འཁོགས་ལ་རིད་པར་གྱུར། ཁ་ཅིག་ནི་ན་བར་གྱུར་ཏེ། ཕྱི་རོལ་དུ་འགྲོ་མི་ནུས། མི་ན་བ་དག་ཀྱང་ཚ་ཞིང་ཆར་པ་བབ་པར་གྱུར་པ་དང་། དེ་དག་ཀྱང་ཕྱིར་འབྱུང་མི་ནུས་ནས་གནོད་པར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དགེ་སློང་དག་རྒས་ཤིང་འཁོགས་ལ་རིད་པར་གྱུར་པ་དང་། ན་སྟེ་མི་བདེ་བ་དག་ནི་སྔ་གང་དུ་སྐྲ་བྲེག་པར་གྱིས་ཤིག །མི་ན་བ་དག་ཚ་ཞིང་ཆར་པ་བབ་པར་གྱུར་ཏེ། ཕྱི་རོལ་དུ་འབྱུང་དུ་མི་ བདེ་ན་དེ་ཡང་སྔ་གང་དུ་སྐྲ་བྲེག་པར་གྱིས་ཤིག །སའི་དངོས་པོ་ཐམས་ཅད་དུ་ཡང་ས་གཞི་བྱི་བདར་བྱ། ཡང་ན་ནི་བྱེད་དུ་ཆུག་ཤིག །སྐྲ་ནི་བསྡུས་ལ་ཕྱག་དར་ཁྲོད་དུ་བོར་ཅིག །སེན་མོ་གཅོད་པ་ཡང་གོ་རིམས་འདི་བཞིན་ནོ། །གང་མི་བདེ་བར་གྱུར་པ་དེ་ ལ་རྗེས་སུ་བཅས་ཀྱི་མི་བདེ་བ་མེད་པ་དེ་དག་ནི་དེ་ལྟར་མ་བྱེད་ཅིག །བྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་དགེ་སློང་ཞིག་ན་བར་གྱུར་ནས་དེས་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། འབྲས་བུ་རྣམས་ ཀྱི་སྨན་གྱིས་གསོས་ཀྱང་དེའི་ནད་སོས་པར་མ་གྱུར་ནས། ཇི་ཙམ་ཞིག་ན་སྨན་པ་གཙུག་ལག་ཁང་དུ་འོངས་པ་དང་། དེ་ལ་དགེ་སློང་དག་གིས་བཞིན་བཟངས་དགེ་སློང་འདི་འདྲ་བར་ན་བར་གྱུར་ན་སྨན་དཔྱད་ཀྱི་ཐབས་སྟོན་ཅེས་སྨྲས་པ་དང་། དེས་འཕགས་པ་ཕྱི་དྲོ་ ཕྱེ་ཟོ་ཤིག་དང་སོས་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་དག་གིས་བཞིན་བཟངས་ཕྱི་དྲོ་ཕྱེ་བཟའ་བར་བཅོམ་ལྡན་འདས་ཀྱིས་མ་གནང་ན་ངེད་ཅག་གིས་ཇི་ལྟར་ཕྱི་དྲོ་ཕྱེ་བཟའ་བར་བྱ་ཞེས་སྨྲས་པ་དང་། དེས་འཕགས་པ་ཁྱེད་ཅག་གི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་གྱིས་ གནང་བར་འགྱུར་རོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བ་ལང་རྒན་པོ་སོ་མེད་པ་དག་གིས་ནས་ཇི་ལྟར་ཟོས་པ་དེ་བཞིན་དུ་འབྱུང་བ་ཡོད་དེ། དེ་ལྟ་ བས་ན་རྗེས་སུ་གནང་བ་ནི་བ་ལང་རྒན་པོས་ཟོས་པའི་ནས་ལས་ཕྱེར་ཐོགས་ཏེ་བྱིན་ཅིག །དེ་ལ་ཐེ་ཚོམ་མ་བྱེད་ཅིག །དེ་ལ་ཕྱེ་དེ་བྱིན་ཀྱང་སོས་པར་མ་གྱུར་ནས། དགེ་སློང་དག་གིས་སྨན་པ་ལ་ཞིབ་ཏུ་སྨྲས་པ་དང་། དེས་འཕགས་པ་དག་དེ་ནི་རོ་ཡལ་བས་མི་ཕན་ ཏེ། ནས་གཞན་ལས་ཕྱེ་བྱོས་ལ་བྱིན་ཅིག་ཅེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གཞན་གྱིས་མ་ཟོས་པའི་ནས་ལས་ཕྱེར་བྱོས་ཏེ་ཚགས་ཀྱིས་ཚོགས་ལ་བྱིན་ ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་དེ་བཞིན་དུ་བྱིན་ཡང་སོས་པར་མ་གྱུར་ནས། དགེ་སློང་དག་གིས་སྨན་པ་ལ་ཞིབ་ཏུ་སྨྲས་པ་དང་། དེས་འཕགས་པ་འདེ་གུ་བྱོས་ལ་བྱིན་ཅིག་དང་སོས་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་ལྟར་ གྱུར་པ་དག་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་བསྒོ་ན་ཕྱེ་ལ་འདེ་གུ་བྱོས་ལ་བྱིན་ཅིག །དེ་བཞིན་དུ་ཕྱེ་ལས་ཟན་དུ་བྱས་པ་དང་། དེ་ཉིད་ཀྱང་རུང་སྟེ་ཐམས་ཅད་བྱིན་ཅིག །དེ་ལ་ ཐེ་ཚོམ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་མཉན་དུ་ཡོད་པ་ན་དགེ་སློང་གཞན་ཞིག་ན་བར་གྱུར་ནས། དེས་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་འབྲས་བུའི་སྨན་རྣམས་ཀྱིས་གསོས་ཀྱང་སོས་པར་མ་གྱུར་ནས་ཕྱི་ཞིག་ན་སྨན་པ་གཙུག་ལག་ ཁང་དུ་འོངས་པ་དང་། དགེ་སློང་དག་གིས་དྲིས་པ། བཞིན་བཟངས་དགེ་སློང་འདི་ན་བའི་ཐབས་འདི་ལྟ་བུ་ཞིག་ན་སྨན་དཔྱད་སྟོན་ཅིག་ཅེས་སྨྲས་པ་དང་། དེས་འཕགས་པ་དག་ཕྱི་དྲོ་ཁུ་ཤ་བྱིན་ཅིག་དང་སོས་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་དག་གིས་ བཞིན་བཟངས་ཕྱི་དྲོ་ཟ་བར་བཅོམ་ལྡན་འདས་ཀྱིས་མ་གནང་ན་དེ་ལ་ཕྱི་དྲོ་ཁུ་ཤ་ཇི་ལྟར་བཟའ་ཞེས་སྨྲས་པ་དང་། དེས་འཕགས་པ་དག་ཁྱེད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་གྱིས་གནང་བར་འགྱུར་རོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དྲེད་མོ་ཞེས་བྱ་བའི་སྲོག་ཆགས་ཞིག་ཡོད་དེ། དེས་ཤ་ཇི་ལྟར་ཟོས་པ་དེ་བཞིན་དུ་འབྱུང་གིས་དེ་ལྟ་བས་ན་རྗེས་སུ་གནང་བ་ནི་དྲེད་མོས་ཟོས་པའི་ཤ་ལས་ཁུ་ཤར་བྱོས་ཏེ་བྱིན་ཅིག ། དེ་ལ་ཐེ་ཚོམ་མ་བྱེད་ཅིག །དེ་དག་གིས་དྲེད་མོས་ཟོས་པའི་ཤ་ལས་ཁུ་ཤར་བྱས་ཏེ་བྱིན་ཡང་སོས་པར་མ་གྱུར་ནས། དགེ་སློང་དག་གིས་སྨན་པ་ལ་ཞིབ་ཏུ་སྨྲས་པ་དང་། དེས་འཕགས་པ་དག་དེ་ནི་རོ་ཡལ་ཟིན་པས་ཤ་སར་པ་ལས་བྱས་པ་བྱིན་ཅིག་དང་སོས་ པར་འགྱུར་རོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་ཤ་སར་པ་ལས་ཁུ་ཤར་བྱོས་ལ་བྱིན་ཅིག་ཅེས་བསྒོ་ན་ནི་དེ་ལྟ་བས་ན་རྗེས་སུ་གནང་བ་ནི་ཤ་སར་པ་ལས་ ཁུ་ཤར་གྱིས་ལ་དར་གྱིས་ཚོགས་ཏེ་བྱིན་ཅིག །དགེ་སློང་དག་གིས་དེ་བཞིན་དུ་བྱིན་ཡང་སོས་པར་མ་གྱུར་ནས། དགེ་སློང་དག་གིས་སྨན་པ་ལ་ཞིབ་ཏུ་སྨྲས་པ་དང་། དེས་འཕགས་པ་དག་སྣག་ཚོགས་བྱོས་ལ་བྱིན་ཅིག་ཅེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་ སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་སྣག་ཚོགས་བྱིན་ཅིག་ཅེས་བསྒོ་ན་ནི་བྱིན་ཅིག །དེ་ལ་སོགས་ཏེ་གཏུབས་པ་དང་། སྐམ་པོ་ཐམས་ཅད་ཀྱང་བྱིན་ཅིག །དེ་ལ་ཐེ་ཚོམ་མ་བྱེད་ ཅིག །གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། དུད་པ་བཏུང་དང་སེང་རས་དང་། །སྣར་བླུགས་པ་དང་ཕོར་བུ་དང་། །ཁབ་རལ་དང་ནི་མིག་བྱུག་པ། །དྲང་སྲོང་ཆེན་པོས་གནང་བའོ། །སངས་རྒྱས་བཅོམ་ལྡན་ འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དུད་པ་བཏུང་བའི་སྦུབ་བུ་ཆོངས་ཤིག་ཅེས་གསུངས་ན། ཇི་ལྟ་བུ་ བཅང་བར་བགྱི། ཨུ་པཱ་ལི་རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སེང་རས་ཆོངས་ཤིག་ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། བལ་ལས་བྱས་པ་དང་། ཟར་མ་ལས་བྱས་པ་དང་། རས་ལས་བྱས་པའོ། །བཙུན་པ་བཅོམ་ ལྡན་འདས་ཀྱིས་སྣའི་ནང་དུ་བླུགས་པ་ཆོངས་ཤིག་ཅེས་གསུངས་ན་ཇི་ལྟ་བུ་བཅང་བར་བགྱི། ཨུ་པཱ་ལི་རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་རྗེས་བཞིན་བཏུང་བའི་ཕོར་བུ་ཆོངས་ཤིག་ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པཱ་ལི་དེ་ནི་རིན་པོ་ཆེ་མ་གཏོགས་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཁབ་རལ་ཆོངས་ཤིག་ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པཱ་ལི་དེ་ནི་རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་མིག་བྱུག་ པའི་སྨན་གྱི་སྣོད་ཆོངས་ཤིག་ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པཱ་ལི་དེ་ནི་རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། ཕོར་བུ་དང་ཡང་སྐུད་རིས་དང་། ། རྐང་གནས་པ་དང་རྐང་རྟེན་དང་། །བཀྲུ་སྨན་དག་དང་རྔན་པ་དང་། །ཤི་བར་གྱུར་པའི་ཆོས་གོས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་སྨན་གྱི་ཕོར་བུ་ཆོངས་ཤིག་ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པཱ་ལི་དེ་ནི་རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སྐུད་རིས་ཆོངས་ཤིག་ཅེས་ གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པཱ་ལི་སྐུད་པ་བདུན་ལས་བྱས་པ་སྟེ། བལ་དང་། ལྡུམ་བུ་ཤ་ན་ཀ་དང་། རས་བལ་དང་། གསོ་མ་དང་། རྩྭ་དུ་གུ་ལ་དང་། ལྡུམ་བུ་ཀོ་ཏམ་པ་དང་། སྲིན་བལ་གྱི་སྐུད་པ་ལས་བྱས་པའོ། །བཙུན་པ་བཅོམ་ལྡན་ འདས་ཀྱིས་རྐང་རྟེན་ཆོངས་ཤིག་ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པཱ་ལི་དེ་ནི་རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཁྲི་དང་རྐང་རྟེན་ཆོངས་ཤིག་ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པཱ་ལི་དེ་ནི་རིན་པོ་ ཆེ་ལས་བྱས་པ་མ་གཏོགས་པའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་ན་བར་གྱུར་ནས་དེས་སྨན་པ་ལ་དྲིས་པ་བཞིན་བཟངས་བདག་ནད་འདི་འདྲ་བ་ཞིག་གིས་བཏབ་ན་སྨན་དཔྱད་ཀྱི་ཐབས་སྟོན་ཅིག་ཅེས་སྨྲས་པ་དང་། དེས་ ཁྱིམ་བདག་སྣུམ་བག་སྔར་ཟོ་ཤིག་དང་ཕྱིས་བཀྲུ་སྨན་གཏང་ངོ་ཞེས་སྨྲས་པ་དང་། དེ་སྣུམ་བག་ཟ་བ་ལ་ཞུགས་སོ། །ཇི་ཙམ་ཞིག་ན་དེའི་གྲོང་དུ་ཉེ་བར་འགྲོ་བའི་དགེ་སློང་དེར་འོངས་ནས་དེས་ཁྱིམ་བདག་ཅི་བྱེད་ཅིང་འདུག་ཅེས་སྨྲས་པ་དང་། དེས་ཇི་ལྟར་གྱུར་པ་ཞིབ་ ཏུ་སྨྲས་སོ། །དེས་ཁྱིམ་བདག་ཁོ་བོ་བཀྲུ་སྨན་གཏོང་བ་རབ་ཏུ་མཁས་ཀྱིས་སྨན་པ་ལ་སྦྱིན་པ་དེ་ཁོ་བོ་ལ་བྱིན་ཅིག་དང་། ངས་ཁྱོད་ལ་བཀྲུ་སྨན་བཏང་ངོ་ཞེས་སྨྲས་པ་དང་། ཁྱིམ་བདག་དེས་ལེགས་ཀྱིས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས་དེས་དེ་བཀྲུ་ སྨན་བཏང་ནས་གཙུག་ལག་ཁང་དུ་ལངས་ཏེ་སོང་ངོ་། །ཁྱིམ་བདག་དེའི་བཀྲུ་སྨན་མཆོད་ནས་དེའི་ཉེ་དུ་དག་སོང་སྟེ་སྨན་པ་ལ་དྲིས་པ། ཁྱིམ་བདག་དེ་བཀྲུ་སྨན་མཆོད་ན་ཐབས་ཇི་ལྟ་བུར་བགྱི་ཞེས་སྨྲས་པ་དང་། དེ་ལ་བཀྲུ་སྨན་སུས་བླུད། དེ་དག་གིས་ འཕགས་པ་འདི་ཞེས་བྱ་བས་བླུད་དོ་ཞེས་སྨྲས་པ་དང་། དེ་ཁྲོས་ནས་དེ་ཉིད་ཀྱི་གན་དུ་སོང་ལ་དྲིས་ཤིག་ཅེས་སྨྲས་སོ། །དེ་དག་གིས་དེ་དེའུ་ཤི་བ་ལས་སོས་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་གིས་རྔན་པ་ལེན་ཅིང་སྨན་མ་གཏོང་ཤིག །དེ་སྟེ་བཀྲུ་སྨན་བཏང་ན་ཡང་གུད་དུ་མ་འགྲོ་ཤིག །དེ་འདྲ་བའི་རྐྱེན་ཅིག་བྱུང་ན་ཡང་སྨན་དཔྱད་སྟོན་ལ་སོང་ཤིག །དེ་བཞིན་དུ་མ་བྱས་པར་སོང་ན་ཡང་འདས་པ་དང་ བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ནོར་བདག་གིས་ནོར་ཆགས་པ་བཟུང་སྟེ། དེས་དེ་ལ་དུས་འདི་ཙམ་ཞིག་ན་བྱིན་ཅིག་ཅེས་དུས་བཏབ་ནས་བཏང་ངོ་། །དེས་བསམས་པ། དེ་ལྟར་དུས་བཏབ་ཏུ་ཟིན་ཀྱང་ངས་དུས་བཞིན་དུ་གཞལ་བར་ མི་ནུས་ཀྱིས་ཇི་ནས་དུས་ལ་བབ་ན་བྲོས་ཏེ་འགྲོའོ་སྙམ་དུ་བསམས་སོ། །ཕྱིས་ཡང་བསམས་པ། ཡུལ་དང་བྲལ་ཏེ་འགྲོ་བ་ཡང་རབ་ཏུ་སྡུག་བསྔལ་གྱིས་ཇི་ནས་ནོར་བདག་དེ་གསད་དོ་སྙམ་བསམས་ནས་དེ་ཛེ་ཏའི་ཚལ་དུ་འགྲོ་བའི་ལམ་དུ་དེས་དེ་བསད་དོ། །ཇི་ཙམ་ ཞིག་ན་དྲུག་སྡེ་དག་གིས་དེ་མཐོང་ནས་དེ་དག་གིས་བསམས་པ། བདག་ཅག་གིས་ཕྱག་དར་ཁྲོད་ཀྱི་གོས་རྙེད་དོ་སྙམ་བསམས་ནས། དེས་བཤུ་བར་བརྩམས་པ་དང་། དེའི་གཉེན་དག་གནས་དེར་འོངས་ནས་དེ་དག་གིས་དེ་མཐོང་སྟེ་ངུ་བ་ལ་ ཞུགས་ནས་ཁྱེད་ཅག་གིས་བསད་དོ་ཞེས་སྨྲས་པ་དང་། དེ་དག་གིས་ངེད་ཀྱིས་ནི་མ་བསད་ཀྱི་གདོན་མི་ཟ་བར་དགྲས་བསད་དོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེའི་གཉེན་རྣམས་དོགས་པ་སྐྱེས་པ་ནི་ཡུས་ཏེ། དེ་བས་ན་དགེ་སློང་དག་གིས་དེ་འདྲ་བའི་ཕྱག་དར་ཁྲོད་ནི་མ་ལེན་ཅིག །གང་གི་ཚེ་ན་སྐྱེ་བོ་མང་པོ་དག་གིས་རྟོགས་པར་གྱུར་པ་དེའི་ཚེ་ན་བླང་བར་བྱ་སྟེ། དེ་ལྟར་མ་བྱས་ན་འདས་པ་དང་བཅས་པར་འགྱུར་ རོ། །གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་རྩ་ལྔ་པ། མདོར་ན། ལྕགས་ཀྱི་གོང་བུ་གཟར་བུ་དང་། །རྒྱབ་ཁུར་རྐེད་པ་མགོ་བོ་དང་། །ཕ་དང་མ་ལ་གོས་དང་ ཟས། །སྤུ་ཅན་ཆོས་གོས་གསུམ་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་ འདས་ཀྱིས་ལྕགས་ཀྱི་གོང་བུ་ལྕགས་ཐག་གིས་ཐོགས་ཤིག་ཅེས་གསུངས་ན། ལྕགས་ཐག་ཇི་ལྟ་བུར་གདགས་པར་བགྱི། ཨུ་པཱ་ལི་དེ་ནི་རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སྨན་གྱི་གཟར་བུ་ཆོངས་ཤིག་ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པཱ་ལི་དེ་ནི་རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་རྒྱབ་དང་རྐེད་པ་དང་མགོ་ལ་ཁུར་མ་ཁྱེར་ཅིག་ཅེས་གསུངས་ན། བཙུན་པ་དགེ་སློང་མ་དག་གིས་ཀྱང་རྒྱབ་དང་རྐེད་པ་དང་མགོ་ལ་ཁུར་མི་བཀུར་བར་ བགྱིའམ། ཨུ་པཱ་ལི་དགེ་སློང་མ་དག་གིས་ཀྱང་རྒྱབ་དང་རྐེད་པ་དང་མགོ་ལ་ཁུར་མ་ཁྱེར་ཅིག །དེ་སྟེ་ཁྱར་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་རིགས་མཉམ་པ་ལས་ཆུང་ མ་ཞིག་བླངས་ཏེ། དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱད་ནས་དུས་ཕྱི་ཞིག་ན་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་། དེ་ལ་བུ་གཟུགས་ལེགས་པ་བལྟ་ན་སྡུག་པ། བཟང་བ། ཡན་ལག་ཐམས་ཅད་དང་ལྡན་པའི་ཁྱེའུ་ཞིག་བཙས་ཏེ། དེ་དག་གིས་སྐྱེས་པའི་སྐྱེས་སྟོན་ཆེན་པོ་བྱས་ནས་མིང་བཏགས་སོ། །དེ་བསྲིངས་བསྐྱེད་དེ་ཆེར་གྱུར་པ་དང་། ཇི་ཙམ་དུས་ཕྱི་ཞིག་ན་ཕ་མ་ལ་མ་གསོལ་བར་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ རབ་ཏུ་བྱུང་ངོ་། །དེ་སྔ་དྲོ་ཤམ་ཐབས་བགོས་ནས་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་པ་དང་། དེའི་ཕ་རྒན་པོས་མཐོང་ནས་བུ་ཁྱོད་རབ་ཏུ་བྱུང་ན་ངེད་ཅག་སུས་གསོ་བར་འགྱུར་ཞེས་སྨྲས་པ་དང་། དེ་སྤ་གོང་ནས་ཅང་མི་སྨྲ་ བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཕ་དང་མ་ནི་བུའི་དཀའ་བ་བྱེད་པ་ཡིན་ཏེ། དེ་ལྟ་བས་ན་བུ་རབ་ཏུ་བྱུང་ཡང་ཕ་མ་གཉིས་ཀྱི་བཟའ་བ་དང་བགོ་བ་དག་ སྦྱོར་བར་རྗེས་སུ་གནང་ངོ་། །བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་ཡང་ཕ་མ་གཉིས་ཀྱི་བཟའ་བ་དང་བགོ་བ་དག་སྦྱོར་ཅིག་ཅེས་གསུངས་པ་དང་། དགེ་སློང་དག་གིས་ཇི་ལྟར་སྦྱར་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལྷུང་བཟེད་དང་ཆོས་ གོས་ལྷག་པར་གྱུར་པ་དེས་སྦྱར་བར་བྱོས་ཤིག །དེ་སྟེ་མེད་ན་སྦྱིན་བདག་ལས་སློངས་ཏེ་སྦྱོར་ཅིག །དེ་སྟེ་དགེ་འདུན་དུ་གཏོགས་ལ་དགེ་འདུན་གྱི་རྙེད་པ་དབང་བར་གྱུར་ན་དེའི་ཕྱེད་བྱིན་ཅིག །དེ་སྟེ་བསོད་སྙོམས་པ་ཞིག་ན་བསོད་སྙོམས་ཀྱི་ཕྱེད་སྦྱིན་པར་གྱིས་ ཤིག །དེ་ལྟར་མ་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ནས་མི་རིང་བ་ཞིག་ན་རི་བྲགས་ཀྱི་གྲོང་ཞིག་ཡོད་དེ། རི་བྲགས་ཀྱི་གྲོང་དེ་ན་གཙུག་ལག་ཁང་ཞིག་ཡོད་པ་དེའི་ནང་ན་རྒན་ ཞུགས་གཞན་ཞིག་གནས་ཏེ། དེ་ནས་དུས་ཕྱི་ཞིག་ན་མཆོད་རྟེན་ལ་ཕྱག་འཚལ་བའི་ཕྱིར་མཉན་དུ་ཡོད་པར་སོང་ངོ་། །དྲུག་སྡེ་རྣམས་ནི་ཆོས་ཀྱིས་ཀྱང་དྲུག་སྡེའི་ནང་ན་གཅིག་གིས་ནི་ཛེ་ཏའི་ཚལ་གྱི་སྒོ་སྲུང་བས་ན་ཚེ་དང་ལྡན་པ་ཉེ་དགའ་བོ་སྒོ་ན་འདུག་པ་དེས་མགོ་ དཀར་ལ་སྨིན་མ་རིང་བ་ཞིག་རྒྱང་རིང་པོ་ནས་འོང་བ་མཐོང་ནས་དེས་བསམས་པ། དགེ་སློང་གནས་བརྟན་གང་ཞིག་འདིར་འོང་བསུར་འགྲོའམ་སྙམ་བསམས་ཏེ། དེ་སྔར་སོང་བ་དང་། དེས་གནས་བརྟན་བདེ་བར་འོངས་སམ་ཞེས་སྨྲས་སོ། །དེས་སློབ་དཔོན་ཕྱག་ འཚལ་ལོ། །ཕྱག་འཚལ་ལོ་ཞེས་སྨྲས་པ་དང་། ཚེ་དང་ལྡན་པ་ཉེ་དགའ་བོས་བསམས་པ། རྒན་ཞུགས་འདིས་སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་པར་རིག་ནས་དེས་རྒན་ཞུགས་ཚུར་ཤོག །གཙུག་ལག་ཁང་དུ་འདོང་ངོ་ཞེས་སྨྲས་སོ། །དེས་ གཙུག་ལག་ཁང་དུ་ཁྲིད་ནས་ངལ་བསོར་བཅུག་པ་དང་། དེ་ཅུང་ཟད་ཅིག་འདུག་ནས་སློབ་དཔོན་བདག་ནི་མཆོད་རྟེན་ལ་ཕྱག་འཚལ་དུ་མཆིའོ་ཞེས་སྨྲས་པ་དང་། ཉེ་དགའ་བོས་སྡོད་ཅིག་དང་འདུ་བའི་དུས་ལ་བབ་པ་དང་བྱའོ་ཞེས་སྨྲས་པ་དང་། དེས་སློབ་དཔོན་ བདག་གིས་ཆོས་གོས་གསུམ་ག་ཡང་ཁྱེར་ཏེ་མ་འོངས་པས་འགྲོའོ་ཞེས་སྨྲས་པ་དང་། ཉེ་དགའ་བོས་རྒན་ཞུགས་སྡོད་ཅིག་དང་། འདིར་ཆོས་གོས་གསུམ་བྱིན་གྱིས་བརླབ་པར་བྱའོ་ཞེས་སྨྲས་ནས། ཇི་ཙམ་ན་འདུས་པར་གྱུར་པ་དང་། དེས་དེ་ལ་པར་ཐང་ནི་མཐང་ གོས་སུ་བྱིན་གྱིས་བརླབས། ལ་བ་ནི་སྟོད་གཡོགས་སུ་བྱིན་གྱིས་བརླབས། བེའུ་རས་ནི་སྦྱར་མར་བྱིན་གྱིས་བརླབས་ཏེ། དེ་ནས་ལ་བ་དང་བེའུ་རས་གཉིས་ཕྲག་པ་ལ་བཞག་ནས་པར་ཐང་གིས་དཀྲིས་པའི་སྟེང་དུ་ཐེ་གུས་དཀྲིས་ཏེ་དམ་དུ་བཅིངས་ནས་དེ་ནས་འདུས་པའི་ ནང་དུ་བཏང་བ་དང་། དགེ་སློང་དག་གིས་མཐོང་ནས། དགེ་སློང་ཀུན་ཏུ་བཅིངས་པ་ཁ་ཅིག་ནི་ཉེས་པ་ངོར་བརྗོད་དོ། །ཁ་ཅིག་གིས་ནི་རྒན་ཞུགས་ཕ་བི་ཅིའི་ཕྱིར་སྨྱོན་ཐབས་བྱེད་ཅེས་སྨྲས་པ་དང་། དེས་ཚེ་དང་ལྡན་པ་དག་འདི་ནི་ཁོ་བོའི་ཆོས་གོས་གསུམ་ཡིན་ ཏེ། ཁོ་བོ་ནི་གློ་བུར་དུ་འོངས་ན་གང་དུ་གཞག་ཅེས་སྨྲས་པ་དང་། དེ་དག་གིས་ཆོས་གོས་གསུམ་དེ་འདྲ་བ་ཡིན་ནམ་ཞེས་སྨྲས་པ་དང་། དེས་གང་ལ་མེད་པ་དེ་ཅི་འདྲ་བར་འགྱུར་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་ དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཉེས་པའི་དམིགས་སུ་གྱུར་པ་དེ་ནི་དགེ་སློང་དག་གིས་སྤུ་རིང་པོ་ལས་ཆོས་གོས་གསུམ་དུ་བྱིན་གྱིས་བརླབས་པ་སྟེ། དེ་ལྟ་བས་ན་དགེ་སློང་དག་གིས་སྤུ་རིང་པོ་ལས་ཆོས་གོས་གསུམ་དུ་བྱིན་གྱིས་བརླབ་པར་མི་ གནང་བར་དགོངས་ནས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་རྣམས་ཉེས་པ་ངོར་བརྗོད་པ་ནི་ཡུས་ཏེ། ཉེས་པའི་དམིགས་སུ་གྱུར་པ་དེ་ནི་སྤུ་རིང་པོ་ལས་ཆོས་གོས་གསུམ་དུ་བྱིན་གྱིས་བརླབས་པ་སྟེ། དེ་ལྟ་བས་ན་དགེ་སློང་དག་སྤུ་རིང་པོ་ལས་ཆོས་གོས་གསུམ་ བྱིན་གྱིས་མ་བརླབ་ཤིག །དེ་སྟེ་བྱིན་གྱིས་བརླབས་ན་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྤུ་རིང་པོ་ལས་ཆོས་གོས་གསུམ་དུ་བྱིན་གྱིས་མ་བརླབ་ཤིག་ཅེས་གསུངས་པ་དང་། དད་པའི་བྲམ་ཟེ་དང་ཁྱིམ་བདག་གིས་ལ་བ་དང་ཕྲུག་ སྟན་དང་བེའུ་རས་དག་ཕུལ་བ་དང་། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་མ་བླངས་པ་དང་། དེས་འཕགས་པ་དག་ནམ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་ན་ནི་མུ་སྟེགས་ཅན་དག་ཡོན་གནས་ལགས་ན། ད་ནི་སངས་རྒྱས་བཅོམ་ལྡན་འདས་འཇིག་ རྟེན་དུ་བྱུང་བས་ཁྱེད་ཅག་ཡོན་གནས་ཡིན་ཏེ། ད་ཁྱེད་ཀྱིས་མ་བླངས་ན་བདག་ཅག་གི་དགེ་བའི་ཟོང་མེད་བཞིན་དུ་འཇིག་རྟེན་ཕ་རོལ་དུ་ཇི་ལྟར་འགྲོ་ཞེས་སྨྲས་པ་དང་། དེ་དག་ཅང་མི་ཟེར་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དད་པའི་བྲམ་ཟེ་དང་ཁྱིམ་བདག་ཟེར་བ་ནི་བདེན་ཏེ། དེ་ལྟ་བས་ན་ངས་རྗེས་སུ་གནང་གིས་ལོང་ལ་སྤུ་ཐུང་རྣམས་ནི་ལྷག་པའི་གོས་སུ་བྱིན་གྱིས་རློབས་ཤིག །སྤུ་རིང་པོ་ རྣམས་ནི་ཡོན་བདག་གིར་བྱིན་གྱིས་རློབས་ལ་བཅང་བར་གྱིས་ཤིག །གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོར་ན། དབུ་དང་སེན་མོའི་མཆོད་རྟེན་དང་། །ཁ་དོག་དཀར་པོ་མར་མེ་དང་། །ཁྱིམ་དང་མར་མེ་སྣོད་དག་དང་། ། བལ་གླང་བཙུན་མོ་རྟ་བབས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་ཆོས་ཀྱིས་ནང་པར་སྔར་ལངས་ནས། བཅོམ་ལྡན་འདས་དང་དགེ་སློང་གི་ དགེ་འདུན་གྱི་ཞབས་ལ་ཕྱག་འཚལ་དུ་འགྲོའོ། །ཇི་ཙམ་དུས་ཕྱི་ཞིག་ན་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་བསོད་ནམས་ཀྱི་དོན་བསྟན་པའི་ཕྱིར་འབྲེག་མཁན་བཀུག་ནས་སྐྲ་དང་ཁ་སྤུ་ཡང་བྲེགས་པ་དང་། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཛེ་ཏའི་ཚལ་དུ་ སོང་ནས། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་བདག་གིས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིག་པར་བགྱི་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྱིམ་བདག་ངས་ རྗེས་སུ་གནང་གིས་རྩིགས་ཤིག །དེས་གཞི་ཡངས་པའི་གནས་ཞིག་ཏུ་མཛའ་བོ་དང་། ཕུ་ནུ་དང་། གཉེན་དག་དང་ལྷན་ཅིག་ཏུ་རིམ་གྲོ་ཆེར་བྱས་ནས། བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཡང་སྐྱེ་བོ་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་ ཞིག་བརྩིགས་ན་རྡོ་ཐལ་གྱིས་མ་བྱུགས་པས་མི་མཛེས་པར་གྱུར་ནས། དེ་ཡང་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་ མཆོད་རྟེན་སྐྱེ་བོ་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་ཞིག་བརྩིགས་ན་རྡོ་ཐལ་གྱིས་མ་བྱུགས་ཀྱི་བར་དུ་མི་མཛེས་པར་གྱུར་ན། དེ་ལ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་མཛོད་ཅིག་དང་། བདག་གིས་རྡོ་ཐལ་གྱིས་བྱུག་པར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྱིམ་བདག་ངས་རྗེས་སུ་གནང་གིས་རྡོ་ཐལ་གྱིས་སྐུས་ཤིག །དེས་རྡོ་ཐལ་གྱིས་བསྐུས་ནས་དྲི་དང་། བདུག་པ་དང་། མེ་ཏོག་གིས་མཆོད་པ་བྱས་སོ། །མཚན་མོ་མར་མེ་མེད་པས་མི་མཛེས་པར་གྱུར་ནས། དེ་ ཡང་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་རྡོ་ཐལ་གྱིས་བསྐུས་ནས་ དྲི་དང་། བྱུག་པ་དང་། མེ་ཏོག་དག་གིས་མཆོད་པ་བགྱིས་ན། མཚན་མོ་ཞུགས་མར་མ་མཆིས་ཏེ་མི་མཛེས་པར་གྱུར་ན། དེ་ལ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན། བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་མཆོད་པ་བགྱིས་ལ་ མཚན་མོ་ཞུགས་མར་གྱི་ཕྲེང་བ་བུད་དོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྱིམ་བདག་ངས་རྗེས་སུ་གནང་གིས་དེ་ལ་མཆོད་པ་གྱིས་ཏེ། ནུབ་མོ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་གྱི་སྟེང་དུ་མར་མེའི་ཕྲེང་བ་བུས་ཤིག །དེ་ ནས་མར་ཟགས་ནས་མཆོད་རྟེན་གྱི་ཁ་དོག་དཀར་པོ་ཡང་མ་རུང་བར་གྱུར་ཏེ། དེས་བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མར་མེའི་ཕྲེང་བ་འོག་ཏུ་ཞོག་ཤིག །དེས་མར་མེའི་ཕྲེང་བ་འོག་ཏུ་བཞག་པ་དང་། ཁྱིས་མར་ མེ་འཐུངས་ནས་སྣོད་ཀྱང་ཁྱེར་རོ། །དེ་ཡང་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་གྱི་འོག་ཏུ་ཞུགས་མར་གྱི་ཕྲེང་བ་བཞག་ན། ཁྱི་དག་གིས་ མར་འཚལ་ནས་ཞུགས་མར་གྱི་སྣོད་ཀྱང་འཚལ་ཏེ་མཆིས་ན། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་མཛོད་ཅིག་དང་། བདག་གིས་ཞུགས་མར་གྱི་ཁང་བུ་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ན་ ཁྱིམ་བདག་ངས་རྗེས་སུ་གནང་གིས་དེ་ལྟར་བྱོས་ཤིག །དེས་མར་མེའི་ཁང་བུ་དག་ཀྱང་བྱས་སོ། །དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་བ་ལང་དག་གིས་བསྙོགས་པ་དང་། དེ་ཡང་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཞབས་ལ་ཕྱག་བྱས་ཏེ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིགས་པ་ལ་བ་ལང་དག་གིས་བསྙོགས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་དེ་ལ་རྗེས་སུ་གནང་བར་མཛོད་ཅིག་དང་། བདག་གིས་སྟེགས་བུས་ བསྐོར་བར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྱིམ་བདག་ངས་རྗེས་སུ་གནང་གིས་བསྐོར་བར་བྱོས་ཤིག །དེས་སྟེགས་བུས་བསྐོར་ན་རྟ་བབས་མེད་པ་དང་། མི་མཛེས་པར་གྱུར་ཏེ། དེ་ཡང་བཅོམ་ལྡན་ འདས་གང་ན་བ་དེར་སོང་ནས་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་གྱི་ཐ་མ་སྟེགས་བུས་བསྐོར་ན་སྟེགས་བུ་དེའི་རྟ་བབས་མ་མཆིས་ཏེ་མི་མཛེས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ རྗེས་སུ་གནང་བར་མཛོད་ཅིག་དང་། བདག་གིས་སྟེགས་བུའི་རྟ་བབས་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྱིམ་བདག་ངས་རྗེས་སུ་གནང་གིས་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། དེས་རྟ་བབས་བྱས་ཏེ་ཡོ་ བྱད་ཐམས་ཅད་བསོགས་ནས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མཛའ་བོ་དང་ཕུ་ནུ་དང་གཉེན་དག་བསོགས་ནས་མཆོད་པ་ཆེན་པོ་བྱས་སོ། །སྐྱེ་བོ་མང་པོ་དག་དེ་ལྟ་བུ་མཐོང་ནས་རབ་ཏུ་མོས་ཏེ། དེ་དག་དད་པ་སྐྱེས་ནས་དེ་དག་གིས་ཀྱང་རྣམ་པ་ དེ་ལྟ་བུར་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་གནས་གནས་སུ་བརྩིགས་སོ། །དེ་ནས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཇི་སྲིད་དགྱེས་པའི་བར་དུ་བཞུགས་ནས་རྒྱལ་པོའི་ཁབ་གང་ན་བ་དེར་གཞོངས་སྤྱད་པ་སྤྱོད་ཅིང་རྒྱལ་པོའི་ཁབ་ཏུ་བྱོན་ཏོ། ། རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་དབུས་འགྱུར་འཆང་ནས་གཞོངས་སྤྱད་པ་སྤྱོད་ཅིང་རྒྱལ་པོའི་ཁབ་ཏུ་བྱོན་ཏོ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་ བཞུགས་པར་ཐོས་ཏེ་ཐོས་ནས་རྒྱལ་པོའི་མཐུ་ཆེན་པོ་དང་། ཡོ་ལང་ཆེན་པོས་ནང་གི་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། ནང་གི་སྐྱེ་བོ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་མཁྱེན་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བའི་ཆོས་དེ་ལྟ་བུ་བཤད་དེ། དེ་ཐོས་པ་དང་རྒྱལ་པོ་གཟུགས་ཅན་ སྙིང་པོས་ལྷ་སྟོང་ཕྲག་བརྒྱད་བཅུ་དང་ལྷན་ཅིག་ཏུ་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེས་བདེན་པ་མཐོང་ནས་ལྷ་སྟོང་ཕྲག་བརྒྱད་བཅུ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་དུས་གསུམ་དུ་ ལྟར་འདོང་ངོ་། །དེས་དུས་ཕྱི་ཞིག་ན་དཔྱིད་ཀྱི་དུས་ལ་བབ་པས་ཤིང་རྩི་དག་ཀྱང་མེ་ཏོག་རྒྱས། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། སྐེ་ག་དང་། ཀོ་ཀི་ལ་དང་། ཛི་བ་ཛི་བ་ཀ་ལ་སོགས་པ་ཡང་སྐད་འབྱིན་པར་བྱེད་པའི་ནགས་སྟུག་པོ་དེ་ན་ནང་གི་ བཙུན་མོ་དག་གིས་བསྐོར་ཅིང་འདུག་འདུག་པ་ལས། དེ་ལ་ནང་གི་བཙུན་མོ་དག་གིས་གསོལ་པ། ལྷ་བདག་ཅག་གིས་ཉིན་རེ་རེ་ཞིང་བཅོམ་ལྡན་འདས་ཀྱི་ཞལ་ལྟ་ཞིང་མཆི་བར་མི་ནུས་ན་ལྷ་ནང་གི་བཙུན་མོ་དག་གི་དབུས་སུ་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་ མཆོད་རྟེན་ཞིག་བརྩིག་པར་མཛོད་ཅིག་དང་། དེ་ལ་བདག་ཅག་གིས་རིམ་གྲོ་བསྐྱེད་དེ་མེ་ཏོག་དང་། དྲི་དང་། བྱུག་པ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཆོད་པར་བགྱིའོ་ཞེས་གསོལ་པ་དང་། དེས་བཅོམ་ ལྡན་འདས་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོ་སྩོལ་ཅིག་དང་། བདག་ཅག་གིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ནང་གི་བཙུན་མོ་དག་གི་དབུས་སུ་བརྩིག་གོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ ཀྱིས་དབུ་སྐྲ་དང་སེན་མོ་སྩལ་ནས་དེས་བསྟི་སྟང་དང་རིམ་གྲོ་ཆེར་བྱས་ཏེ། ནང་གི་བཙུན་མོ་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ནང་གི་བཙུན་མོའི་དབུས་སུ་བརྩིགས་ནས། དེ་ལ་ནང་གི་བཙུན་མོ་དག་གིས་མར་མེ་དང་། སྤོས་དང་། མེ་ཏོག་དང་། དྲི་དང་། བྱུག་པ་དག་གིས་རབ་ཏུ་མཆོད་པ་བྱས་སོ། །གང་གི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལ་མི་དགེ་བའི་བཤེས་གཉན་ལྷ་སྦྱིན་གྱིས་སྦད་ནས་ཕ་ཆོས་ཅན་ཆོས་བཞིན་དུ་རྒྱལ་པོ་བྱེད་པ་འཚོ་བ་དང་ཡོངས་སུ་ཕྲལ་ནས་བདག་ཉིད་རྒྱལ་པོར་ཞུགས་སོ། ། དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཆོས་ཀྱི་སྦྱིན་པ་ཐམས་ཅད་གཅད་པར་ཁྲིམས་བཅས་པས་སུས་ཀྱང་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་བྱ་བ་མི་བྱེད་དོ། །གང་གི་ཚེ་བཅོ་ལྔའི་སྐབས་འབྱེད་པའི་དུས་ལ་བབ་པ་དེའི་ཚེ་ན་ཡང་དབུ་སྐྲ་ དང་སེན་མོའི་མཆོད་རྟེན་ལ་སུ་ཡང་ཕྱག་དར་དང་། མར་མེ་དང་། མེ་ཏོག་དག་གིས་མཆོད་པ་མི་བྱེད་དོ། །དེ་ནས་བཙུན་མོ་དག་གིས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་རྣམ་པ་དེ་ལྟ་བུ་མཐོང་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་དྲན་ཏེ་དེ་དག་མི་དགའ་སྟེ། མྱ་ངན་ བྱེད་ཅིང་ཀྱི་ཧུད་ཆོས་ཀྱི་རྒྱལ་པོ་དང་བྲལ་བར་གྱུར་ནས་བདག་ཅག་གི་བསོད་ནམས་ཀྱང་ཟད་པར་གྱུར་ཏོ་ཞེས་ཟེར་ཞིང་ངུ་བར་གྱུར་ཏོ། །དེའི་ནང་ནས་བཙུན་མོ་དཔལ་གྱི་བློ་གྲོས་མ་ཞེས་བྱ་བ་ཞིག་གིས་འཚོ་བ་ལ་མ་བལྟས་པར་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དབུ་སྐྲ་དང་ སེན་མོའི་མཆོད་རྟེན་གྱི་ཕྱག་དར་བྱས་ཏེ་མར་མེའི་ཕྲེང་བ་དག་ཕུལ་ལོ། །ཇི་ཙམ་ན་མ་སྐྱེས་དགྲ་ཁང་སྟེང་དུ་བྱུང་སྟེ་བལྟས་པ་དང་སྣང་བ་ཆེན་པོ་བྱུང་བ་མཐོང་ནས་མ་བི་ཅི་ཞིག་ཅེས་དྲིས་པ་དང་། གཞན་ཞིག་གིས་དཔལ་གྱི་བློ་གྲོས་མས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ ལ་ཞུགས་མར་གྱི་ཕྲེང་བ་ཕུལ་ལོ་ཞེས་སྨྲས་པ་དང་། དཔལ་གྱི་བློ་གྲོས་མ་བོས་ནས་ཅིའི་ཕྱིར་རྒྱལ་པོའི་ཁྲིམས་ལས་འགལ་བར་བྱ་ཞེས་སྨྲས་པ་དང་། བཙུན་མོས་ཁོ་མོས་རྒྱལ་པོའི་ཁྲིམས་དང་འགལ་མོད་ཀྱི། འོན་ཀྱང་ཁོ་མོས་ཆོས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཁྲིམས་ ལས་མ་འགལ་ལོ་ཞེས་སྨྲས་པ་དང་། དེ་ཁྲོས་ཏེ་འཁོར་ལོ་འཕངས་ནས་དེ་འཚོ་བ་དང་ཕྲལ་བ་དང་། དེ་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་བཞིན་དུ་དུས་ལས་འདས་པ་དང་། སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་བཟང་པོར་སྐྱེས་སོ། །དེའི་ཚེ་ན་ལྷ་རྣམས་ འདུན་སར་འདུས་སོ། །དེ་ནས་ལྷའི་བུ་མོ་དཔལ་གྱི་བློ་གྲོས་མ་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་སྣང་བའི་འོད་ཀྱིས་ལུས་བསྐོར་ནས་ལྷའི་འདུན་སར་སོང་ངོ་། །དེ་ནས་བརྒྱ་བྱིན་ལྷའི་དབང་པོས་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་རྒྱ་ཆེར་སྣང་བའི་འོད་མཐོང་ནས་དྲིས་པ། གསེར་ གྱིས་ལུས་ལ་སུ་ཡིས་བསྐུས། །པད་མོ་ཨུཏྤལ་བཞིན་འདྲ་བ། །དཔལ་ལྡན་མི་མཚུངས་ཅི་ལས་བྱུང་། །ཁྱོད་ལས་འདིར་ནི་འོད་བྱུང་བ། །ཅི་ཕྱིར་ཁྱོད་གདོང་པད་མོ་ཁ་འབུས་འདྲ། །ཁྱོད་ནི་གསེར་གྱི་འོད་འདྲ་བ། །ཅི་ཡི་འབྲས་བུ་ལྷ་མོ་བདག་ལ་སྨྲོས། །གང་ གི་ལས་ལ་བྱུང་བ་སྤྱོད། །ལྷ་མོས་སྨྲས་པ། འཇིག་རྟེན་གསུམ་གྱི་མགོན་པོ་ནི། །སྐྱེ་བོ་རྣམས་ཀྱི་མར་མེ་སྟེ། །སངས་རྒྱས་མཆོག་གི་མཚན་མཐོང་བས། །མུན་སེལ་དེ་ལ་མར་མེ་ཕུལ། །ཉོན་མོངས་མུན་པ་སེལ་ལ་ཕུལ། །ཟླ་བའི་འོད་ཟེར་འདྲ་བའི་འོད་ མཐོང་ནས། །ཐུབ་པ་གསལ་བའི་དངོས་པོ་སྟེ། །སྟོན་པའི་འོད་མཐུ་མཐོང་བས་ན། །གསུང་བ་མཆོག་ལ་ཕྱག་བྱས་པས། །དེ་ཡི་ལས་ཀྱིས་འདིར་སྐྱེས་ཏེ། །བདག་ལ་རབ་ཏུ་གསལ་ཞིང་མཛེས། །བདག་གདོང་བལྟ་ན་སྡུག་པ་ནི། །པད་མོ་ཟླ་བཞིན་རྣམ་ པར་དག །བརྒྱ་བྱིན་གྱིས་སྨྲས་པ། ཨེ་མའོ་ཞིང་འདི་ཡོན་ཏན་ཅན། །ཉེས་པ་ཐམས་ཅད་རྣམ་སྤངས་ལ། །མཐོ་རིས་གང་དུ་སྐྱེ་བ་ཡི། །ཁྱོད་ཀྱིས་ས་བོན་དེར་བཏབ་བོ། །གསེར་བཞིན་སྤུངས་ལ་དཀར་བ་ཡི། །རྣམ་པ་མཆོག་ལ་སུས་མི་ མཆོད། །སངས་རྒྱས་པད་མོ་ཁ་འབྱེས་བཞིན། །གང་དུ་ལྷག་པས་བསྐྱེད་པ་པད་མོ་སྤྱན། །ཡན་ལག་མཆོག་རྣམས་འབར་བ་སྟེ། །སྤྱན་ནི་མེ་ཏོག་ཀ་མ་ལ་དང་འདྲ། །ཆོས་ཉིད་ཀྱིས་ལྷའི་བུ་ཕོའམ་ལྷའི་བུ་མོ་ཡང་རུང་སྟེ། སུམ་བཅུ་རྩ་གསུམ་དུ་སྐྱེས་ནས་རིང་ པོ་མ་ལོན་པར་གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་ཡིན་པས་སྐྱེས་པ་སྟེ། སེམས་འདི་གསུམ་སྐྱེ་བར་འགྱུར་རོ། །ལྷའི་བུ་མོ་དཔལ་གྱི་བློ་གྲོས་མས་བདག་གང་ནས་ཤི་འཕོས་ཞེས་བལྟས་ན་མི་ལས་སོ། །གང་དུ་སྙམ་པ་དང་། སུམ་ བཅུ་རྩ་གསུམ་གྱི་ལྷའི་ཁམས་བཟང་པོར་སྐྱེས་པར་མཐོང་ངོ་། །ལས་གང་ཡིན་ཞེ་ན། བཅོམ་ལྡན་འདས་ལ་སེམས་རབ་ཏུ་དད་པའོ་སྙམ་དུ་སེམས་ནས། དེ་ནས་དཔལ་གྱི་བློ་གྲོས་མས་འདི་སྙམ་དུ་བདག་གིས་ཞག་ལོན་ལ་བཅོམ་ལྡན་འདས་ཀྱི་ཞལ་བལྟ་བར་མི་ རིགས་ཀྱི་ཅི་ནས་བདག་གིས་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་བསམས་ནས། དེ་ནས་ལྷའི་བུ་མོ་དཔལ་གྱི་བློ་གྲོས་མས་དྲི་མ་མེད་པའི་འཚེར་བའི་རྣ་ཆ་ནི་ཐོགས། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་ཏེ། ལྷའི་མེ་ཏོག་ཨུཏྤལ་དང་། པད་མོ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་དང་། མན་དཱ་ར་བ་ལ་སོགས་པའི་མེ་ཏོག་དག་གིས་པང་པ་བཀང་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་རྒྱ་ཆེན་པོས་ཐམས་ཅད་འོད་ཀྱིས་སྣང་བར་བྱས་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་གིས་མངོན་པར་གཏོར་ནས་ཆོས་ཉན་ པའི་ཕྱིར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་མཁྱེན་ནས་ཇི་ལྟར་འཕགས་པའི་བདེན་པ་བཞི་རབ་ཏུ་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་དེ་ཐོས་ནས། ལྷའི་བུ་མོ་དཔལ་གྱི་བློ་གྲོས་མས་ འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེས་བདེན་པ་མཐོང་ནས་བརྗོད་པར་བྱ་བ་རྣམ་གསུམ་བརྗོད་དོ། །བཙུན་པ་བདག་ལ་འདི་ལྟར་ནི་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷས་ཀྱང་མ་བགྱིས། སྡུག་པས་ཀྱང་མ་བགྱིས། ཕུ་ནུ་དང་གཉེན་གྱིས་ཀྱང་མ་བགྱིས། ཚེ་སྔ་མ་ལ་མ་བགྱིས། བྲམ་ཟེ་དང་དགེ་སྦྱོང་གིས་ཀྱང་མ་བགྱིས་ཏེ། བཅོམ་ལྡན་འདས་ཀྱིས་བདག་གི་མཆི་མ་དང་ཁྲག་གི་རྒྱ་མཚོ་ནི་བསྐམས། རུས་པའི་རི་ལས་ནི་བསྒྲལ། ངན་སོང་གི་སྒོ་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་ནི་ཕྱེ་སྟེ་བདག་ནི་ལྷ་དང་མིའི་གནས་སུ་གཞག་གོ་ཞེས་གསོལ་ཏོ། །སྨྲས་པ། ཁྱོད་ཀྱི་མཐུས་ནི་རབ་གསལ་བ། །ངན་སོང་ལམ་སྟེ་ཉེས་མང་པོ། །མཐོ་རིས་བསོད་ནམས་ སྒོ་ཡང་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །ཁྱོད་ལ་བརྟེན་ནས་ཉེས་པ་རྣམས་ཀྱང་སྤངས། །བདག་གིས་རྟག་ཏུ་རྣམ་དག་མིག་ཀྱང་ཐོབ། །འཕགས་པ་དགའ་ཞིང་ཞི་བའི་ལམ་ཡང་ཐོབ། །སྡུག་བསྔལ་མཚོ་ལས་ཕ་རོལ་བདག་ རྒལ་ནས། །འགྲོ་བ་ན་ཡང་ལྷ་མི་རྣམས་ཀྱིས་མཆོད། །སྐྱེ་རྒ་འཆི་བའི་ཉེས་པ་དང་བྲལ་བ། །སྲིད་པ་སྟོང་དུའང་རབ་ཏུ་མཐོང་བར་དཀའ། །དེ་རིང་ཐུབ་པའི་ཞལ་མཐོང་འབྲས་བུ་ཐོབ། །བཏུད་ནས་སེ་མོ་དོ་ཡང་རབ་ཏུ་འཕྱང་། །ཞབས་གཉིས་ལ་ཡང་ ཕྱག་བྱས་དགའ་བ་སྐྱེས། །རྒྱལ་ལ་གཡས་ཀྱི་ཕྱོགས་ནས་བསྐོར་བྱས་ནས། །ལྷ་ཡི་འཇིག་རྟེན་ཁམས་སུ་མངོན་དུ་སོང་། །དེ་ནས་ལྷའི་བུ་མོ་དཔལ་གྱི་བློ་གྲོས་མ་ཚོང་པ་ཁེ་རྙེད་པ་བཞིན། ཞིང་པ་ལོ་ལེགས་པ་བཞིན། དཔའ་བོ་གཡུལ་ལས་རྒྱལ་བ་ བཞིན། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན། ལོངས་སྤྱོད་གང་དང་ལྡན་པས་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་པའི་ལོངས་སྤྱོད་དེ་ཉིད་དང་བདག་གི་གནས་སུ་སོང་ངོ་། །དགེ་སློང་དག་སྲོད་དང་ཐོ་རངས་མི་ཉལ་ཞིང་ཐུབ་པ་ལ་བརྩོན་ཞིང་འཁོད་པ་དང་། བཅོམ་ལྡན་འདས་ཀྱི་དེར་འོད་རྒྱ་ཆེར་སྣང་བ་མཐོང་ངོ་། །མཐོང་ནས་བཅོམ་ལྡན་འདས་ལ་ཞུས་པ། ཅི་བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་ཞལ་ལྟ་བའི་ཕྱིར་ཚངས་པ་འཁོར་གྱི་བདག་པོའམ། བརྒྱ་བྱིན་ལྷའི་དབང་པོའམ། འཇིག་རྟེན་སྐྱོང་བ་ བཞིའམ། གང་ཞིག་གིས་བཅོམ་ལྡན་འདས་ཀྱི་ཞལ་ལྟར་མཆིས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཚངས་པ་འཁོར་གྱི་བདག་པོ་ཡང་མ་ཡིན། བརྒྱ་བྱིན་ལྷའི་དབང་པོ་ཡང་མ་ཡིན། འཇིག་རྟེན་སྐྱོང་བ་བཞི་ལ་ སོགས་པ་ལྷགས་པའང་མ་ཡིན་མོད་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཆུང་མ་དཔལ་གྱི་བློ་གྲོས་མ་ཞེས་བྱ་བ་ཞིག་གིས་བདག་གི་འཚོ་བ་ལ་མ་བལྟས་ཏེ། དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མར་མེའི་ཕྲེང་བ་ཕུལ་བ་དང་། དེ་ནས་རྒྱལ་ པོ་མ་སྐྱེས་དགྲས་འཁོར་ལོ་འཕངས་ཏེ་འཚོ་བ་དང་ཕྲལ་ལོ། །དེ་ང་ལ་སེམས་མངོན་པར་དད་བཞིན་དུ་དུས་འདས་ནས་སུམ་བཅུ་རྩ་གསུམ་དུ་གནས་བཟང་པོའི་ལྷར་སྐྱེས་སོ། །དེ་ནུབ་མོ་ངའི་དྲུང་དུ་འོངས་ཏེ་དེ་ལ་ངས་ཆོས་བཤད་ནས་དེས་བདེན་པ་མཐོང་སྟེ་ བདག་གི་གནས་སུ་སོང་ངོ་། །དེ་ལྟ་བས་ན་དགེ་སློང་དག་བསོད་ནམས་ལ་འཇིགས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བདེ་བའི་ཚིག་བླ་དགས་སོ། །མོས་པ་དང་། སྡུག་པ་དང་། ཤིན་ཏུ་སྡུག་པ་དང་། ཡིད་དུ་འོང་བར་གྱུར་པ་ནི་འདི་ལྟ་སྟེ། བསོད་ནམས་སོ། །དགེ་སློང་དག་ཁྱེད་ཅག་གིས་བསོད་ནམས་མ་ཡིན་པ་ལ་འཇིགས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྡུག་བསྔལ་གྱི་ཚིག་བླ་དགས་སོ། །མ་མོས་པ་དང་། མི་སྡུག་པ་དང་། ཤིན་ཏུ་མི་སྡུག་པ་དང་། ཡིད་དུ་མི་འོང་བ་ནི་འདི་ ལྟ་སྟེ། བསོད་ནམས་མ་ཡིན་པའོ། །དགེ་སློང་དག་ངས་ཡུན་རིང་པོ་ནས་ཀྱང་མངོན་པར་མཐོང་སྟེ། ཡུན་རིང་པོ་ནས་བསོད་ནམས་བྱས་པ། རྣམ་པར་སྨིན་པ་ལ་མོས་པ་དང་། སྡུག་པ་དང་། ཤིན་ཏུ་སྡུག་པ་དང་། ཡིད་དུ་འོང་བ་དག་མྱོང་བར་འགྱུར་ རོ། །དགེ་སློང་དག་ངས་ལོ་བདུན་གྱི་བར་དུ་བྱམས་པའི་སེམས་བསྒོམས་པས་བསྐལ་པ་འཇིག་པ་དང་རྟས་པ་བདུན་གྱི་བར་དུ་འཇིག་རྟེན་འདིར་མ་འོངས་སོ། །འཇིག་རྟེན་འཇིག་པའི་ཚེ་ཀུན་སྣང་བའི་ལྷའི་རིས་སུ་སྐྱེས་སོ། །རྟས་པའི་ཚེ་ཚངས་པའི་གཞལ་ མེད་ཁང་སྟོང་པར་སྐྱེས་ནས་དེར་ཡང་ངས་ཚངས་པ་དང་ཚངས་ཆེན་གྱི་བདག་པོར་གྱུར་ནས་ངས་ཟིལ་གྱིས་གནོན་གྱི་གཞན་གྱིས་མ་ཡིན་ནོ། །སེམས་ཅན་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་ཏེ། སེམས་ཅན་གྱི་ནང་ན་མཆོག་ཏུ་བསྔགས་སོ། །སྟོང་ཕྲག་སུམ་བཅུ་རྩ་ དྲུག་གི་བར་དུ་བརྒྱ་བྱིན་ལྷའི་དབང་པོར་གྱུར་ཏོ། །བརྒྱ་ཕྲག་གྲངས་མེད་པའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། མཐའ་བཞི་བཏུལ་ནས་རིན་པོ་ཆེ་བདུན་དང་ལྡན་ནོ། །རིན་པོ་ཆེ་སྣ་བདུན་ནི་རྣམ་པ་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་ དང་། བལ་གླང་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། ཆུང་མ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། དམག་མི་རིན་པོ་ཆེ་དང་བདུན་ནོ། །ང་ལ་བུ་ཡང་སྟོང་ཚང་ནས་དེ་དག་ཀྱང་དཔའ་བ་དང་། ནུས་པ་དང་། གཟུགས་སུ་ལྡན་པ། ཕ་ རོལ་གྱི་སྡེ་ཚར་གཅོད་པ་སྟེ། དེ་ཡང་ངས་འདི་ལྟར་རྒྱ་མཚོའི་མཐའ་ཚུན་ཆད་ས་ཆེན་པོ་འདི་ཆོས་ཀྱིས་བཏུལ་གྱི། དབྱུག་པ་དང་མཚོན་གྱིས་གནོན་ཅིང་མི་བདེ་བ་མེད་པར་གནས་སོ། །དེའི་ཚེ་ཡང་ང་འདི་སྙམ་དུ་ལས་གང་གི་འབྲས་བུ་རྣམ་པར་སྨིན་པས་བདག་འདིར་ མཐུ་ཆེ་རྫུ་འཕྲུལ་ཆེ་བར་གྱུར་སྙམ་བསམས་ནས། ཡང་འདི་སྙམ་དུ་ལས་འདིའི་འབྲས་བུ་གསུམ་དང་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་གསུམ་གྱིས་བདག་འདི་ལྟར་མཐུ་ཆེ་རྫུ་འཕྲུལ་ཆེ་བར་གྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་། གདུལ་བ་ དང་། དུལ་བའོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ནས་ཡང་སྟོན་པས་འདི་སྐད་གསུངས་སོ། །དགེ་ཞིང་བདེ་བར་འདོད་པ་ཡི། །བསོད་ནམས་རྣམ་པར་སྨིན་ལ་ལྟོས། །ལོ་བདུན་བར་དུ་དགེ་སློང་དག །བྱམས་པར་བྱེད་པའི་སེམས་ བསྒོམས་པས། །བསྐལ་པ་འཇིག་ཅིང་རྟས་འགྱུར་བ། །བདུན་དུ་འཇིག་རྟེན་འདིར་མ་འོངས། །འཇིག་པའི་ཚེ་ན་བདག་ཉིད་ནི། །འཇིག་རྟེན་ཀུན་སྣང་དང་བར་གནས། །རྟས་ནས་ཚངས་པའི་འཇིག་རྟེན་ན། །ཚངས་ཆེན་དབང་སྒྱུར་གནས་སུ་ ཡང་། །ལན་བདུན་གྱི་ནི་བར་དུ་གནས། །སུམ་བཅུ་རྩ་དྲུག་བར་དུ་ནི། །ལྷ་ཡི་རྒྱལ་པོ་བྱས་པར་གྱུར། །བརྒྱ་ཕྲག་གྲངས་མེད་པར་དུ་ཡང་། །རྒྱལ་པོ་རབ་ཏུ་འཇིགས་གྲགས་བྱས། །རྒྱལ་རིགས་རྒྱལ་ཐབས་སྤྱི་བོར་བླུགས། །འཛམ་བུ་གནས་ཀྱི་ དབང་པོར་གྱུར། །དབྱུག་དང་མཚོན་གྱིས་མ་ཡིན་པར། །འཇིག་རྟེན་འདི་ཡང་ཐུལ་བར་བྱས། །ཆོས་ཉིད་ཀྱིས་ནི་རྐྱེན་མེད་པར། །ཡང་དག་རྗེས་སུ་སློབ་པར་གྱུར། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །ས་ཡི་དཀྱིལ་འཁོར་འདི་དག་ཏུ། །ཕྱུག་ཅིང་ ལོངས་སྤྱོད་ཆེ་བ་དེར། །དེ་འདྲའི་རིགས་སུ་ང་ཡང་སྐྱེས། །ནོར་རྫས་ཐམས་ཅད་ཕུན་སུམ་ཚོགས། །རིན་ཆེན་སྣ་བདུན་དེ་བཞིན་ཏེ། །ནོར་དང་ཡོ་བྱད་མང་པོར་ལྡན། །རྒྱལ་པོ་གྲགས་ཤིང་འཇིགས་པར་གྱུར། །མཐུ་ཆེན་དེ་ཡི་རྒྱུ་ཡིས་ནི། །གང་དུ་སྐྱེས་ པའི་མཆོག་ཏུ་གྱུར། །སངས་རྒྱས་འཇིག་རྟེན་ཕན་པ་ཅན། །དེ་ཡིས་འདི་ལྟར་བཤད་པའོ། །ངོ་མཚར་ཆེ་བ་འདི་ཤེས་པ། །དེ་ཡང་རྫུ་འཕྲུལ་ཆུང་མ་ཡིན། །མཁས་པ་གང་གིས་དད་མི་འགྱུར། །དེ་སྟེ་རིགས་ནི་དམའ་གྱུར་ཀྱང་། །དེ་ལ་ཕན་པར་འདོད་པ་དང་། །མཐུ་ རྣམས་ཆེན་པོར་མངོན་འདོད་པ། །དམ་པའི་ཆོས་ལ་བླ་མར་བྱོས། །སངས་རྒྱས་བསྟན་ལ་དྲན་པར་གྱིས། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དང་། དགེ་སློང་དག་ཡིད་མགུ་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །གླེང་གཞིའི་ནང་ནས་ སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། ཁྱིམ་རྨང་རྟ་བབས་བཅས་པ་དང་། །བག་མ་སྟེགས་བུ་བཅས་པ་སྟེ། །ཀ་བ་མཚལ་གྱིས་བྱུགས་པ་དང་། །རྩིག་པ་རྒྱ་སྐྱེགས་རི་མོ་བྲི། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་པ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་དུ་དེ་སྟེ་བཅོམ་ལྡན་འདས་ཀྱིས་ རྗེས་སུ་གནང་ན་བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མཐའ་མ་དྲི་གཙང་ཁང་གིས་བསྐོར་ལ་རྟ་བབས་ཀྱང་གཟུགས་པར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྱིམ་བདག་རྗེས་སུ་གནང་ གིས་བྱོས་ཤིག །ཡང་བཅོམ་ལྡན་འདས་དེ་སྟེ་རྗེས་སུ་གནང་ན་བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་བ་གམ་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་ངས་རྗེས་སུ་གནང་ གིས་བྱོས་ཤིག །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་སྟེ་རྗེས་སུ་གནང་བ་ན་བདག་གིས་བ་གམ་གྱིས་བསྐོར་བ་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྱིམ་བདག་ངས་རྗེས་སུ་གནང་གིས་བྱོས་ཤིག །ཡང་བཅོམ་ ལྡན་འདས་ཀྱིས་དེ་སྟེ་རྗེས་སུ་གནང་ན་བདག་གིས་ཀ་བ་དག་མཚལ་གྱིས་བྱུག་གོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་རྗེས་སུ་གནང་གིས་བྱོས་ཤིག །ཡང་བཅོམ་ལྡན་འདས་ཀྱིས་དེ་སྟེ་རྗེས་སུ་གནང་ན་བདག་ གིས་རྩིག་ངོས་རྒྱ་སྐྱེགས་ཀྱིས་བྲི་བར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་རྗེས་སུ་གནང་གིས་བྲིས་ཤིག །གླེང་གཞིའི་ནང་ནས་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། བ་ ལང་སོ་དང་ཐ་གུ་དང་། །ཕྲེང་བ་རིན་ཆེན་ཕྲེང་བ་ཅན། །གཡོག་མ་དང་ནི་སྙིང་པོ་དང་། །སྙིང་པོ་ཡི་ནི་སྒོ་ཡང་ངོ་། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང་ སེན་མོའི་མཆོད་རྟེན་ལ་མཆོད་པ་དང་། བཀུར་སྟི་བྱོས་ཤིག་ཅེས་གསུངས་ན། དགེ་སློང་དག་གིས་མཆོད་རྟེན་ལ་མཆོད་པ་བྱེད་པ་ན་ཕུར་བུ་བཏབ་ནས་མེ་ཏོག་གི་ཕྲེང་བ་བཏགས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་དག་གིས་མཐོང་ནས་ཅིའི་ཕྱིར་འདི་ལྟར་ དགེ་སློང་དག་གིས་སྟོན་པའི་མཆོད་རྟེན་ཕུར་བུ་མེད་པ་ལ་ཕུར་བུ་བཏབ་ཅེས་ཕྱས་འདོགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་དང་ཁྱིམ་བདག་འཕྱ་བ་ནི་ཡུས་ཏེ། དེ་ལྟ་བས་ ན་མཆོད་རྟེན་ལ་ཕུར་བུས་མ་བཏབ་པར་བ་ལང་གི་སོ་ལྟ་བུ་ཆུང་ངུས་ཐོབ་ཤིག །བཅོམ་ལྡན་འདས་ཀྱིས་བ་ལང་གི་སོ་ལྟ་བུ་ཆུང་ངུས་ཐོབ་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་མཆོད་རྟེན་ལ་ཁུང་བུ་བརྐོས་ཏེ་བ་ལང་གི་སོ་ལྟ་བུ་འཛུགས་པ་ལ་ཞུགས་པ་ དང་། བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ལ་ཁུང་བུ་བརྐོས་ཏེ་བ་ལང་གི་སོ་ལྟ་བུ་མ་གཟུགས་པར་མཆོད་རྟེན་རྩིག་པའི་ཚེ་ན་ཚུགས་ཤིག་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་མཆོད་པ་བྱེད་པ་ན་མཆོད་རྟེན་ལ་འཛེགས་ནས་མེ་ཏོག་གི་ཕྲེང་བ་རྣམས་མགུར་ཆུའི་བྲེ་ལ་ འདོགས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་ཅིའི་ཕྱིར་འདི་ལྟར་དགེ་སློང་དག་གིས་འདི་ལྟར་སྟོན་པའི་མཆོད་རྟེན་ལ་རྡོག་པས་རྫི་ཞིང་འདོང་ཞིང་འདོང་ཞེས་འཕྱས་འདོགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཡུས་ཏེ། དེ་ལྟ་བས་ན་དགེ་སློང་དག་གིས་སྟོན་པའི་མཆོད་རྟེན་ལ་རྡོག་པས་རྫི་ཞིང་མ་འདོང་ཤིག །དེ་སྟེ་མཆོད་པའི་ཕྱིར་ན་ནི་ཁྱིམ་པས་འཛེགས་ཤིག །དེ་མེད་ན་དགེ་ཚུལ་པས་རྐང་པ་གཉིས་ ཁྲུས་ལ་དྲིས་བྱུག་གམ་གོས་ཀྱིས་དཀྲིས་ཏེ་འཛེགས་ཤིག །དེ་དག་ཀྱང་མེད་ན་དགེ་སློང་གིས་སྟོན་པར་འདུ་ཤེས་ཞོག་ལ་དུས་ལ་བབ་པར་སོམས་ཏེ་དེ་ལྟར་དེ་བཞིན་དུ་འཛེགས་ལ་དྲིའི་རི་མོ་བྱོས་ཤིག །མཆོད་རྟེན་ཆེ་སྟེ་འཛེག་མི་ནུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཐག་པས་ཐོགས་ཏེ་འཛེགས་ཤིག །དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མེ་ཏོག་གི་ཕྲེང་བ་དབུལ་བ་ཕུལ་བ་དང་། དེ་དག་རྙིས་ཏེ་མི་མཛེས་པར་གྱུར་ནས། ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མེ་ ཏོག་གི་ཕྲེང་བ་ཕུལ་བ་དང་དེ་དག་རྙིས་ཏེ་མི་མཛེས་ནས། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་ནི་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་རིན་པོ་ཆེའི་ཕྲེང་བ་དབུལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྱིམ་བདག་གནང་ གིས་ཕུལ་ཅིག །དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་བྱ་རོག་ལ་སོགས་པ་བྱ་རྣམས་འཁོད་དེ་དེ་དག་གི་རྟུག་པས་མཆོད་རྟེན་མ་རུང་བར་གྱུར་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་བྱ་རོག་ལ་སོགས་པ་བྱ་རྣམས་ མཆིས་ཤིང་རྟུག་པས་མཆོད་རྟེན་མ་རུང་བར་བགྱིས་ན། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་གཡོག་པའི་སྙིང་པོས་གཡོག་གོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལྟ་བས་ན་གནང་ གིས་གཡོག་པའི་སྙིང་པོས་གཡོགས་ཤིག་ཅེས་བཀའ་སྩལ་པ་དང་། དེས་གཡོག་པའི་སྙིང་པོས་གཡོགས་སོ། །གཡོགས་པ་དེ་དབྱར་འདྲུལ་ཞིང་མུན་པས་མི་སྣང་བར་གྱུར་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་བདག་གིས་དབུ་ སྐྲ་དང་སེན་མོའི་མཆོད་རྟེན་ལ་གཡོག་པའི་སྙིང་པོ