Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 012_འདུལ་བ།_ན

Văn bản gốc(Tây Tạng)

Trang 18 / 19 (50.000 ký tự/trang)
ྤྱད་པར་དགེ་འདུན་ལ་ཕུལ་བ་ཡིན་ནོ།། །།མདོར་ན། ཀུན་དགའ་བོ་དང་གང་ཟག་དང་། །དེ་ལྟར་ཕྱག་དང་རུང་བ་དང་། །ཐ་མ་དབྱར་དུ་གནས་པ་དང་། །

སུམ་ཆ་འབྲི་བ་དེ་བཞིན་ཏེ། །ཁྱིམ་པ་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ཁྱོད་ཀྱིས་མལ་སྟན་ལྷག་མའི་རྣམས་གོས་ཤིག་ཅེས་གསུངས་ན། ལྷག་པ་གང་ལགས། གང་གཅིག་དང་གཉིས་པོའི་ཕྱོགས་
ལས་ལྷག་པར་གྱུར་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་འདུན་གྱི་མལ་སྟན་རྔུལ་ཟན་མ་མཆིས་པར་མ་སྤྱད་ཅིག་ཅེས་གསུངས་ན། བཙུན་པ་དགེ་སློང་གིས་གང་ཟག་གི་མལ་སྟན་སྤྱད་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གང་
དགེ་སློང་གློ་བུར་དུ་ལྷགས་པ་དང་། གཞི་བ་རྣམས་ཇི་ལྟར་རྒན་རིམས་བཞིན་ཕྱག་བྱོས་ཤིག་ཅེས་གསུངས་ན། བཙུན་པ་དེ་སྟེ་ཆད་པ་བགྱིད་པའི་དགེ་སློང་རྒན་པ་ལའང་ཕྱག་བགྱིའམ། ཨུ་པཱ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་ཕྱག་བྱ་བའི་མི་རིགས་པ་ཐམས་ཅད་ལ་
ཕྱག་མི་བྱ་སྟེ། ཁོན་ཡོད་པ་ནི་མ་གཏོགས་སོ། །ཨུ་པཱ་ལི་དགེ་འདུན་གྱི་ནང་ན་ཕྱག་བྱ་བའི་མི་རིགས་པའི་གང་ཟག་རྣམས་གང་ཞེ་ན། བསྡིགས་པའི་ལས་བྱས་པ་དང་། སྨད་པའི་ལས་བྱས་པ་དང་། བསྐྲད་པའི་ལས་བྱས་པ་དང་། སླར་སྡུམ་པའི་ལས་བྱས་པ་དང་། མ་མཐོང་
བའི་ཕྱིར་སྤང་བའི་ལས་བྱས་པ་དང་། ལས་སླར་མི་བྱེད་པའི་ཕྱིར་སྤང་བའི་ལས་བྱས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་སྤངས་པའི་ཕྱིར་སྤང་བའི་ལས་བྱས་པ་དང་། ཆད་པ་བྱེད་པ་དང་། གཞི་ནས་བསླང་སྟེ། ཆད་པ་བྱེད་པ་དང་། ཆད་པ་ཁོར་བ་དང་། ཡིད་མགུ་བར་བྱ་བ་སྤྱོད་
པ་དང་། གཞི་ནས་བསླང་སྟེ་ཡིད་མགུ་བར་བྱ་བ་སྤྱོད་པ་དང་། ཁྱིམ་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་
ཅན་དུ་སོང་བ་དང་། རྐུན་གནས་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། སྔར་ཉེས་པ་བྱུང་བ་དང་། སྔོན་འཁྲུགས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་དང་། ཤིན་ཏུ་

གཞོན་པ་རྣམས་ལ་ཕྱག་མ་བྱེད་ཅིག །བཤང་བ་བྱེད་པ་ལ་ཕྱག་མི་བྱའོ། །བཤང་བ་བྱེད་པས་ཕྱག་མི་བྱའོ། །གཅི་བ་བྱེད་པ་ལ་ཕྱག་མི་བྱའོ། །གཅི་བ་བྱེད་པས་ཕྱག་མི་བྱའོ། །སོ་ཤིང་ཟ་བ་ལ་ཕྱག་མི་བྱའོ། །སོ་ཤིང་ཟ་བས་ཕྱག་མི་བྱའོ། །ཟས་ཟ་བ་ལ་ཕྱག་མི་བྱའོ། །
ཟས་ཟ་བས་ཕྱག་མི་བྱའོ། །འཐུང་བ་ལ་ཕྱག་མི་བྱའོ། །འཐུང་བས་ཕྱག་མི་བྱའོ། །སྒྲེན་མོ་ལ་ཕྱག་མི་བྱའོ། །སྒྲེན་མོས་ཕྱག་མི་བྱའོ། །གོས་གཅིག་པ་ལ་ཕྱག་མི་བྱའོ། །གོས་གཅིག་པས་ཕྱག་མི་བྱའོ། །མི་སྣང་བར་འདུག་པ་ལ་ཕྱག་མི་བྱའོ། །མི་སྣང་བར་འདུག་
པས་ཕྱག་མི་བྱའོ། །མི་བདེ་བར་འདུག་པ་ལ་ཕྱག་མི་བྱའོ། །མི་བདེ་བར་འདུག་པས་ཕྱག་མི་བྱའོ། །ལུང་ནོད་པ་ལ་ཞུགས་པའམ། ཡིད་ལ་བྱེད་པ་ལ་ཞུགས་པའམ། ཆོས་ཉན་པར་ཞུགས་པ་ལ་ཕྱག་མི་བྱའོ། །ལུང་ནོད་པ་དང་། ཡིད་ལ་བྱེད་པ་དང་། ཆོས་ཉན་པར་
ཞུགས་པས་ཕྱག་མི་བྱའོ། །ཡེངས་པ་ལ་ཕྱག་མི་བྱའོ། །ཁྱིམ་གྱི་ནང་དུ་ཞུགས་པ་ལ་མི་བྱ་སྟེ། གང་ཟག་འདི་དག་ནི་ཕྱག་བྱ་བར་མི་རིགས་པའོ། །བཙུན་པ་དགེ་སློང་ཞིག་གིས་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ་མཆིས་སམ་ཉལ་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་
པཱ་ལི་ཡོད་དེ། མི་རུང་བ་ལ་འདུག་གམ་ཉལ་བ་སྟེ། གང་དགེ་སློང་རྣམས་སྤྱད་པར་མི་རུང་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ཆད་པ་བགྱིད་པའི་དགེ་སློང་ནི་དགེ་སློང་རྣམས་ཀྱི་ཐ་མར་སྩལ་ཏམ། ཨུ་པཱ་ལི་མ་ཡིན་ཏེ། རིམ་གྱིས་སྦྱིན་ནོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་
གང་དབྱར་མེད་པ་དང་། རང་བཞིན་དུ་གནས་པ་རྣམས་ལ་མལ་སྟན་སྔར་བྱིན་ཅིག །དེའི་འོག་ཏུ་སྤངས་པའི་རྣམས་ལའོ་ཞེས་གསུངས་ན། དེ་སྟེ་མལ་སྟན་ལྷག་པར་གྱུར་ན་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་སྩལ་ཏམ། ཨུ་པཱ་ལི་མི་སྦྱིན་ནོ། །བཙུན་པ་དགེ་སློང་ཞིག་གིས་གནས་
བཞི་ནས་མལ་སྟན་བླངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་དེ་ནི་དགེ་སློང་ཞིག་གིས་གནས་བཞིའི་མཚམས་ཤིང་ངམ། འདམ་བུའམ། རེ་ལྡེས་མནན་ཏེ་དབྱར་ཚུལ་དུ་ཞུགས་པ་ཡིན་ནོ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་ཚུལ་པ་རྣམས་ལ་

ནི་རྙེད་པའི་སུམ་ཆ་བྱིན་ཅིག་གསུངས་ན། བཙུན་པ་ཅི་མལ་སྟན་ཀྱང་སུམ་ཆ་སྩལ་ཏམ། ཨུ་པཱ་ལི་མ་ཡིན་ཏེ། སྐལ་བ་མཉམ་པར་བྱིན་ཅིག །བཙུན་པ་བཅོམ་ལྡན་འདས་ཀྱིས་གང་དགེ་སློང་གསར་བུ་རྣམས་ཀྱིས་རྒན་པོ་རྣམས་ལས་སྔོན་དུ་མལ་སྟན་མ་བླང་ཤིག་
ཅེས་གསུངས་ན། བཙུན་པ་དགེ་སློང་གཞོན་ནུས་རྒན་པ་ལས་སྔར་མལ་སྟན་བླངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། གང་གིས་དགེ་འདུན་ལས་གནས་ཀྱི་གནང་བ་ཐོབ་པ་དང་། ཉེ་གཡོག་གི་གནང་བ་ཐོབ་པ་ཡིན། འཇིགས་པའི་ས་ནས་བྲོས་ཏེ་
འོངས་པ་ཡིན་ནོ། །བཙུན་པ་ཁྱིམ་པ་མལ་སྟན་འགོད་པར་བསྐོའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་ཟ་མ་ནས། བསླབ་པ་སྩལ་བའི་བར་དུ་རྒྱས་པར་མལ་སྟན་འགོད་པར་བསྐོའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་སྨྱོན་པ་མལ་སྟན་འགོད་པར་བསྐོའམ། ཨུ་པཱ་ལི་
མ་ཡིན་ནོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་སོ། །བཙུན་པ་འགྲོ་བ་གཞན་དུ་གནས་པ་དག་མལ་སྟན་འགོད་པར་བསྐོའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་མ་ནིང་ལ་མལ་སྟན་སྩལ་
ཏམ། ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་ལ་མལ་སྟན་སྩལ་ཏམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དགེ་འདུན་གྱི་དབྱེན་བགྱིས་པ་དང་། བསླབ་པ་སྩལ་བ་ལ་མལ་སྟན་སྩལ་ཏམ། ཨུ་པཱ་ལི་བྱིན་ཅིག །བཙུན་པ་
སྨྱོན་པ་ལ་མལ་སྟན་སྩལ་ཏམ། ཨུ་པཱ་ལི་དེ་སྟེ་སྤྱད་པ་བཞིན་དུ་མི་སྤྱད་ན་མ་སྦྱིན་ཅིག །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ལའང་བརྗོད་པར་བྱའོ། །བཙུན་པ་མལ་སྟན་འགོད་པར་དགེ་སློང་བསྐོ་བའི་
ཚེ་མཚན་འཕོས་ན་བསྐོས་པ་ཞེས་བགྱིའམ། ཨུ་པཱ་ལི་བསྐོས་པ་ཞེས་བྱའོ། །དེས་མལ་སྟན་བགོ་བར་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །མལ་སྟན་གྱི་དངོས་པོ་རྫོགས་སྷོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་གཅིག་པ། མདོར་ན། གསུམ་དུ་བྱས་པའི་གཟུ་

བོ་དང་། །རྣམ་པར་ཞི་བའི་མཚན་དེ་བཞིན། །གསོ་སྦྱོང་དག་གི་མངོན་སུམ་དག །འབྱུང་བ་དག་ཀྱང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་གཟུ་བོ་ཆོས་དུ་དང་ལྡན་ན་འདུལ་བ་འཛིན་ཅིང་རྩོད་པ་རྣམས་ཞི་བར་བགྱིད་ནུས་པ་ལགས།
ཨུ་པཱ་ལི་བཅུ་གཅིག་སྟེ། བཅུ་གཅིག་གང་ཞེ་ན། རྩོད་པ་ཤེས། རྩོད་པ་ཅི་ལས་བྱུང་བ་ཤེས། རྩོད་པ་བསྡུ་བ་ཤེས། རྩོད་པ་རྣམ་པར་ཞི་བ་ཤེས། རྩོད་པ་ཤིན་ཏུ་ཞི་བས་ཕྱིས་མི་འབྱུང་བར་ཤེས། འབྱུང་བ་ཤེས། བཅས་པ་ཤེས། རྗེས་སུ་བཅས་པ་ཤེས། དགག་པ་
ཤེས། མངོན་པར་རྗེས་སུ་གནང་བ་ཤེས། ལས་བྱས་པ་དང་མ་བྱས་པ་ཤེས་པ་སྟེ། ཨུ་པཱ་ལི་ཆོས་བཅུ་གཅིག་པོ་འདི་དག་དང་ལྡན་པའི་གཟུ་བོ་ནི་འདུལ་བ་འཛིན་པ་རྩོད་པ་རྣམ་པར་ཞི་བར་བྱེད་ནུས་པ་ཡིན་ནོ། །གཞན་ཡང་ཆོས་བཅུ་གཅིག་སྟེ། བཅུ་གཅིག་པོ་གང་ཞེ་ན། ཉེས་
པ་ཤེས། ཉེས་པ་མེད་པ་ཤེས། ཉེས་པ་ལྕི་བ་ཤེས། ཉེས་པ་ཡང་བ་ཤེས། ཉེས་པ་བྱུང་བ་ཤེས། ཉེས་པ་ལས་འབྱུང་བ་ཤེས། འདོད་པའི་ཕྱིར་མི་འགྲོ་བ། ཞེ་སྡང་དང་། འཇིགས་པ་དང་། གཏི་མུག་གི་ཕྱིར་མི་འགྲོ་བ། ཆད་པའི་ལས་བྱ་བ་དང་མི་བྱ་བ་ཤེས་པ་
སྟེ། ཨུ་པཱ་ལི་བཅུ་གཅིག་པོ་འདི་དག་གིས་རྣམ་པར་ཞི་བར་བྱ་བའི་བར་དུ་རྒྱས་པར་རོ། །གཞན་ཡང་ཆོས་བཅུ་གཅིག་གི་བར་དུ་སྟེ། བཅུ་གཅིག་པོ་གང་ཞེ་ན། མདོ་སྡེ་ལ་མཁས་པ་ཡིན། འདུལ་བ་ལ་མཁས་པ་ཡིན། རྣམ་པར་འབྱེད་པ་ལ་མཁས་པ་ཡིན། ལུང་ལ་
ཞུགས་པ་ཡིན། མདོ་སྡེ་འབྱེད་པ་ཡིན། འཁྲུལ་པ་མི་འཛིན་པ་ཡིན། གསང་བའི་ཚིག་མི་འཛིན་པ་ཡིན། གདོན་མི་ཟ་བར་འཛིན་པ་ཡིན། ཚིག་མང་པོ་མི་འཛིན་པ་ཡིན། དམ་བཅས་པ་འཛིན་པ་ཡིན། ལན་གསུམ་གྱི་བར་དུ་གཞོག་པ་ཡིན་ཏེ། ཨུ་པཱ་ལི་ཆོས་བཅུ་གཅིག་
པོ་འདི་དག་དང་ལྡན་པའི་གཟུ་བོ་ནི་འདུལ་བ་འཛིན་པ་རྩོད་པ་རྣམ་པར་ཞི་བར་བྱེད་ནུས་པ་ཡིན་ནོ། །ཆོས་དུ་དང་ལྡན་པས་རྩོད་པ་ཤིན་ཏུ་ཞི་བ་ལགས། ཨུ་པཱ་ལི་ཉི་ཤུ་རྩ་གཅིག་སྟེ། ཉི་ཤུ་རྩ་གཅིག་པོ་གང་ཞེ་ན། དགེ་འདུན་ལ་བསྒོ་བ་ཡིན། ཆོས་དང་བཅས་པས་རྒྱལ་བའི་བཀའ་དང་

མཐུན་པ་ཡིན། ཕྱོགས་དང་ཕ་རོལ་གྱི་ཕྱོགས་ཀྱི་དགེ་སློང་དག་གོ་བར་བྱེད་པ་ཡིན། རྒོལ་བའི་དང་ཕྱིར་རྒོལ་བའི་དགེ་སློང་ལ་ཆོས་དང་མཐུན་པས་རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་ལ་འདུལ་བ་མ་ཉམས་པར་བྱེད་པ་ཡིན། མི་གཙང་བའི་གང་ཟག་གི་ཉེས་པ་མ་
བཅབས་པ་ཡིན། བྱུང་བ་ཆུད་མ་གསན་པ་ཡིན། བཅས་པ་ཆུད་མ་གསན་པ་ཡིན། རྗེས་སུ་བཅས་པ་ཆུད་མ་གསན་པ་ཡིན། དགག་པ་ཆུད་མ་གསན་པ་ཡིན། མངོན་པར་རྗེས་སུ་གནང་བ་ཆུད་མ་གསན་པ་ཡིན། ཉེས་པ་ཆུད་མ་གསན་པ་ཡིན། རྒོལ་བའི་དགེ་སློང་གི་
ཡི་དམ་ཤིན་ཏུ་བཟུང་བ་ཡིན། ལན་འདེབས་པའི་ཡི་དམ་ཤིན་ཏུ་བཟུང་བ་ཡིན། མདོ་སྡེའི་ཚིག་ཀྱང་བསྟན་པ་ཡིན། འདུལ་བའང་མཐུན་པ་ཡིན། ཆོས་ཀྱི་མིག་རྗེས་སུ་བཟུང་བ་ཡིན། བསྐོས་ནས་རྣམ་པར་ཞི་བར་བྱེད་པ་ཡིན། ཉེས་པ་སྟོན་པ་ཡིན། ཆད་པའི་
ལས་དམིགས་སུ་བབ་པ་ཡིན། རྣམ་པར་དག་པ་སྟོན་པ་ཡིན། ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པས་རྩོད་པ་རྣམ་པར་ཞི་བ་ཡིན་ཏེ། ཨུ་པཱ་ལི་ཆོས་ཉི་ཤུ་རྩ་གཅིག་པོ་འདི་རྣམས་དང་ལྡན་ན་རྩོད་པ་རྣམ་པར་ཞི་བ་ཞེས་བྱའོ། བཙུན་པ་རྒོལ་བའམ་སླར་རྒོལ་བའི་དགེ་སློང་
མཚན་འཕོས་ན་རྩོད་པ་ཞི་བ་ཞེས་བགྱིའམ། ཨུ་པཱ་ལི་ཞི་བ་ཞེས་བྱའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་རྩོད་པ་བྱུང་བ་བྱུང་མ་ཐག་ཏུ་རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་གྱིས་རྣམ་པར་ཞི་བར་བྱའོ་ཞེས་གསུངས་ན། བཙུན་པ་རྩོད་པ་རྣམ་པ་བཞི་ལས་གང་ཡང་རུང་སྟེ། རྩོད་
པ་ཞིག་བྱུང་ན་ཞི་བར་བགྱིད་པའི་ཆོས་བདུན་པོ་ལས་གང་ཡང་རུང་བའི་རྩོད་པ་ཞི་བར་བགྱིད་པའི་ཆོས་ཀྱིས་རྣམ་པར་ཞི་བར་མ་བགྱིས་པར་རྣམ་པར་ཞི་བར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དེ་ནི་མཐུན་པའི་གསོ་སྦྱོང་ངོ་། །བཙུན་པ་རྩོད་པ་བཞི་ལས་གང་ཡང་རུང་སྟེ། རྩོད་པ་
ཞིག་བྱུང་ན་རྒོལ་བ་དང་སླར་རྒོལ་བའི་དགེ་སློང་རྣམས་ལས་གང་གི་ཚིག་གཟུང་བར་བགྱི། རྒན་རིམས་ཀྱི་གཟུང་ངོ་། །བཙུན་པ་དེ་སྟེ་གཉི་གའི་ལོ་གྲངས་མཉམ་ན་གང་གི་ཚིག་གཟུང་བར་བགྱི། གང་མང་དུ་ཐོས་པའི་ཡིན་ནོ། །བཙུན་པ་དེ་སྟེ་གཉི་གའང་གཞུང་ལ་མཚུངས་པར་གྱུར་

ན་གང་གི་ཚིག་གཟུང་བར་བགྱི། གང་བྱང་བ་ཡིན་ནོ། །དེ་སྟེ་གཉི་ག་བྱང་བར་གྱུར་ན་གང་གི་ཚིག་གཟུང་བར་བགྱི། གང་བྱང་བའི་ཤས་ཆེ་བ་ཡིན་ཏེ། དེའི་ཚིག་གིས་རྩོད་པ་རྣམས་རྣམ་པར་ཞི་བར་བྱའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ཚུལ་ཤིང་མང་པོས་རྩོད་པ་ཞི་བར་བྱ་
བ་ལས་གང་གི་ཕྱོགས་སུ་ཚུལ་ཤིང་གཅིག་གིས་ཀྱང་ལྷག་པར་གྱུར་ན། དེའི་ཕྱོགས་དེས་རྣམ་པར་ཞི་བར་བྱའོ། །ཞེས་གསུངས་ན། བཙུན་པ་དེ་སྟེ་ཕྱོགས་གཉི་གའི་ཚུལ་ཤིང་མཉམ་པར་གྱུར་ན་གང་གི་དབང་གིས་རྩོད་པ་རྣམ་པར་ཞི་བར་བགྱིད། ཨུ་པཱ་ལི་ཕྱོགས་གང་གིས་དགེ་སློང་དག་ཕལ་
ཆེར་བྱང་བའི་ཤས་ཆེ་བ་ཡིན་ནོ། །བཙུན་པ་གང་དགེ་སློང་རྣམས་རྩོད་པ་དགེ་སློང་རྣམས་ཀྱིས་རྣམ་པར་ཞི་བར་བགྱིད་མ་ནུས་ན། བཙུན་པ་དགེ་སློང་མས་རྣམ་པར་ཞི་བར་བགྱིར་རུང་ངམ། ཨུ་པཱ་ལི་རུང་ངོ་། དེ་བཞིན་དུ་སྡེ་ལྔའི་རྣམས་ཀྱང་ཕན་ཚུན་གཅིག་ལ་གཅིག་སྦྱར་བར་བྱའོ།། །།
མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་གླེན་ཁྱིམ་པ་དག་ལ་སོགས། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ་ཕྲིན་གྱིས་རྩོད་པ་རྣམ་པར་ཞི་བར་བགྱིས་ན་རྣམ་པར་ཞི་བ་ཞེས་བགྱིའམ།
ཨུ་པཱ་ལི་རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་རྣམ་པར་ཞི་བར་བགྱིས་ན་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པཱ་ལི་རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་
འདུན་ནི་འདས་པ་དང་བཅས་པའོ། །བཙུན་པ་སྨྱོན་པ་ཞིག་གིས་རྩོད་པ་རྣམ་པར་ཞི་བར་བགྱིས་ན་རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པཱ་ལི་རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་
བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱིས་རྣམ་པར་ཞི་བར་བགྱིས་ན་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པཱ་ལི་རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། བཙུན་པ་ཁྱིམ་པ་ཞིག་གིས་རྩོད་པ་རྣམ་པར་ཞི་བར་བགྱིས་ན་རྣམ་པར་ཞི་བ་ཞེས་

བགྱིའམ། ཨུ་པཱ་ལི་རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །བཙུན་པ་དེ་བཞིན་དུ་མ་ནིང་ནས། བསླབ་པ་སྩལ་བ་རྣམས་ཀྱི་བར་དུ་རྒྱས་པར་དེ་དག་གིས་རྩོད་པ་རྣམ་པར་ཞི་བར་བགྱིས་ན་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པཱ་ལི་
རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །བཙུན་པ་རྒོལ་བའམ་སླར་རྒོལ་བ་དུས་བགྱིས་ན་རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པཱ་ལི་རྣམ་པར་ཞི་བ་ཞེས་བྱའོ། །དེ་བཞིན་དུ་ཁྱིམ་པ་ལགས་པར་ཁས་བླངས་པ་ནས། བསླབ་པ་སྩལ་བ་
ལགས་པའི་བར་རྒྱས་པར་ཁས་བླངས་ན་རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པཱ་ལི་རྣམ་པར་ཞི་བ་ཞེས་བྱའོ། བཙུན་པ་རྒོལ་བའམ་སླར་རྒོལ་བའི་དགེ་སློང་མཚན་འཕོས་ན་རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པཱ་ལི་རྣམ་པར་ཞི་བ་ཞེས་བྱའོ། །རྩོད་པའི་དངོས་པོ་
རྫོགས་སྷོ།། །།མདོར་ན། བྱེ་འབྱེད་དགེ་འདུན་ཅ་ཅོ་དང་། །ཐ་དད་པ་དང་ཚུལ་བཞིན་དང་། །བསྐལ་པ་ཁ་ན་མ་ཐོ་ལོག །དགེ་འདུན་དབྱེ་དང་མི་མཁས་པའོ། །བཙུན་པ་དགེ་འདུན་བྱེ་བ་ཞེས་ཀྱང་བགྱི། བཙུན་པ་དགེ་འདུན་འདུས་པ་ཞེས་ཀྱང་བགྱི་ན། བཙུན་
པ་དགེ་འདུན་བྱེ་བ་གང་ལགས། ཨུ་པཱ་ལི་གང་དབྱེན་བྱེད་པས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས། འདུལ་བ་མ་ཡིན་པ་ལ་འདུལ་བ་མ་ཡིན་པར་འདུ་ཤེས་པར་གྱུར་བཞིན་དུ་དེས་འདུ་ཤེས་བཅབས། བཟོད་པ་བཅབས། དད་པ་བཅབས། བློ་གྲོས་དང་།
ལྟ་བ་དང་། རྟོག་པ་རྣམས་བཅབས་ཏེ། འདི་སྐད་དུ་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་སྨྲས་ནས། དེས་དགེ་སློང་དག་ལ་བསྒོ། །ཡང་དག་པར་བསྒོ། སློབ། ལེན་དུ་འཇུག །བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་རྗེས་སུ་བསྒྲུབས་
ཏེ། འདི་ལྟར་ཚེ་དང་ལྡན་པ་ཁྱེད་ཅག་ལས་གང་དད་ཅིང་བཟོད་དེ་མོས་པ་དེ་དག་གིས་ནི་ཚུལ་ཤིང་ལོང་ཤིག །དེ་དག་གིས་བརྟུལ་ཞུགས་ཀྱི་གནས་ལྔ་བསྒྲགས་ཏེ་གསོལ་བ་བྱས། ཚུལ་ཤིང་བྲིམས་ནས་མང་པོ་ཁྲིད་དེ་འགྲོ་བ་འདི་ནི་དགེ་འདུན་བྱེ་བ་ཞེས་བྱའོ། །དགེ་འདུན་

འདུས་པ་གང་ཞེ་ན། དགེ་སློང་མཚམས་ཀྱི་ནང་ན་ཇི་སྙེད་ཅིག་འཁོད་པར་གྱུར་པ་དེ་དག་ལས་བྱེད་པ་ན་དེ་དག་ཐམས་ཅད་འདུས་པར་གྱུར། མངོན་སུམ་དུ་གྱུར། དད་པ་བླང་བར་རིགས་པའི་རྣམས་ལས་དད་པ་བླངས་པར་གྱུར། དགེ་སློང་རྣམས་ཀྱང་འཐབ་པ་མེད། རྩོད་
པ་མེད་ལ། དེ་དག་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཤིང་གསོ་སྦྱོང་གི་ལས་བྱེད་པ་འདི་ནི་དགེ་འདུན་འདུས་པ་ཞེས་བྱའོ། །བཙུན་པ་དགེ་འདུན་འབྱེད་པས་བསྟིར་མེད་པའི་ཁ་ན་མ་ཐོ་བ་སྐྱེས་ལ་མཚམས་མེད་པའི་ལས་སུ་འགྱུར་བ་གང་ལགས། ཨུ་པཱ་ལི་ནམ་དབྱེན་
བྱེད་པས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་ཡིན། བྱེ་བ་ལའང་ཆོས་མ་ཡིན་པར་འདུ་ཤེས་བཞིན་དུ་དེས་འདུ་ཤེས་བཅབས། བཟོད་པ་བཅབས། དད་པ་དང་། བློ་གྲོས་དང་། ལྟ་བ་དང་། རྟོག་པ་རྣམས་བཅབས་ཏེ། འདི་སྐད་དུ་ཆོས་ནི་འདིའོ། །
འདུལ་བ་ནི་འདིའོ། །སྟོན་པས་བསྟན་པ་ནི་འདིའོ་ཞེས་སྨྲས་ནས་དེས་དགེ་སློང་དག་ལ་བསྒོ། ཡང་དག་པར་བསྒོ། སློབ། ལེན་དུ་འཇུག །བརྟུལ་ཞུགས་ཀྱི་གཞི་ལྔ་རྗེས་སུ་བསྒྲགས་ཏེ། གང་དབྱེན་བྱེད་པ་དེས་བརྟུལ་ཞུགས་ཀྱི་གཞི་ལྔ་རྗེས་སུ་བསྒྲགས་ཏེ། གསོལ་
བ་བྱས་ཚུལ་ཤིང་བྲིམས་ནས་མང་པོ་ཁྲིད་དེ་སོང་བ་འདི་ནི་དགེ་འདུན་འབྱེད་པ་ཡིན་ཏེ་བསྟིར་མེད་པའི་ཁ་ན་མ་ཐོ་བའང་བསྐྱེད། ཡང་དག་པ་བསྒོ་བ་བླངས་ཤིང་ལེན་དུ་འཇུག་པས་མཚམས་མེད་པའི་ལས་སུའང་འགྱུར་རོ། །དགེ་འདུན་འབྱེད་པས་བསྟིར་མེད་པའི་ཁ་ན་མ་ཐོ་བ་ནི་སྐྱེ་
ལ་དེ་མཚམས་མེད་པའི་ལས་སུ་མི་འགྱུར་བ་གང་ཞེ་ན། ཨུ་པཱ་ལི་གང་དབྱེན་བྱེད་པས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པར་གྱུར་ལ་བྱེ་བ་ལ་ནི་ཆོས་སུ་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པར་གྱུར་ལ་བྱེ་བ་ལ་ཡང་ཆོས་མ་ཡིན་པར་
འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པར་གྱུར་ལ་བྱེ་བ་ལ་ཐེ་ཚོམ་ཟ་བ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ལ་བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ལ་བྱེ་བ་ལ་ཡང་ཆོས་སུ་འདུ་ཤེས་པ་དང་།

ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ལ་བྱེ་བ་ལ་ཐེ་ཚོམ་དུ་གྱུར་པ་དང་། ཆོས་ལ་ཆོས་སུ་འདུ་ཤེས་ལ་བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ་བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ་
བྱེ་བ་ལ་ཐེ་ཚོམ་དུ་གྱུར་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ་བྱེ་བ་ལའང་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ་བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ་བྱེ་བ་ལ་ཐེ་ཚོམ་དུ་གྱུར་པ་དང་། ཆོས་
དང་ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ལ་བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ལ་བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ལ་བྱེ་བ་ལ་ཡང་ཐེ་ཚོམ་དུ་གྱུར་པ་དང་། ཆོས་ལ་ཐེ་ཚོམ་དུ་གྱུར་ལ་བྱེ་བ་ལ་
ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་ལ་ཐེ་ཚོམ་དུ་གྱུར་ལ་བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་ལ་ཐེ་ཚོམ་དུ་གྱུར་ལ་བྱེ་བ་ལའང་ཐེ་ཚོམ་དུ་གྱུར་པ་སྟེ། དེས་འདུ་ཤེས་བཅབས། བཟོད་པ་བཅབས། དད་པ་བཅབས། བློ་གྲོས་དང་། ལྟ་བ་དང་། རྟོག་
པ་རྣམས་བཅབས་ཏེ། འདི་སྐད་དུ་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་སྨྲས་ནས། དེས་ཡང་དགེ་སློང་རྣམས་ལ་བསྒོ། ཡང་དག་པར་བསྒོ། སློབ། ལེན་དུ་འཇུག །དགེ་འདུན་དབྱེ་བའི་ཕྱིར་བརྩོན་པ་ནི་དགེ་འདུན་འབྱེད་པར་བྱེད་པ་
སྟེ། བསྟིར་མེད་པའི་ཁ་ན་མ་ཐོ་བ་ནི་སྐྱེ་ལ། དེ་མཚམས་མེད་པའི་ལས་སུ་མི་འགྱུར་བ་ཞེས་བྱའོ། །བཙུན་པ་གང་ལ་ལས་དགེ་འདུན་བྱེ་བ་དེ་དག་ཐམས་ཅད་དགེ་འདུན་ཅ་ཅོར་འགྱུར་ལགས་སམ། དགེ་འདུན་བྱེ་ལ་དགེ་འདུན་ཅ་ཅོ་མེད་པ་ཡང་ཡོད་ལ། དགེ་འདུན་ཅ་ཅོར་གྱུར་
ལ་དགེ་འདུན་མི་འབྱེ་བ་ཡང་ཡོད། དགེ་འདུན་ཀྱང་བྱེ་ལ་དགེ་འདུན་ཅ་ཅོར་ཡང་འགྱུར་བ་ཡོད། དགེ་འདུན་ཡང་མི་འབྱེ་ལ་དགེ་འདུན་ཅ་ཅོར་ཡང་མི་འགྱུར་བ་ཡོད་དེ། དེ་ལ་དགེ་འདུན་བྱེ་ལ་དགེ་འདུན་ཅ་ཅོ་མེད་པ་གང་ཞེ་ན། གང་ཆོས་སུ་འདུ་ཤེས་ལ་དགེ་འདུན་འབྱེད་

པའོ། །དགེ་འདུན་ཅ་ཅོར་གྱུར་ལ་དགེ་འདུན་མི་འབྱེ་བ་གང་ཞེ་ན། དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་ལས་གང་ཡང་རུང་སྟེ་དབྱེན་དུ་འགྱུར་བའི་དངོས་པོ་ཞིག་ཤིན་ཏུ་གདོན་མི་ཟ་བར་བཟུང་བར་གྱུར་ལ་དགེ་འདུན་ནི་བྱེ་བར་མ་གྱུར་པའོ། །དགེ་འདུན་ཡང་བྱེ་ལ་དགེ་འདུན་གྱི་ཅ་ཅོར་ཡང་
འགྱུར་ལ་གང་ཞེ་ན། འདི་ལྟར་དགེ་འདུན་དེ་དག་བྱེ་བར་གྱུར་ལ་དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་ལས་གང་ཡང་རུང་སྟེ་དབྱེན་དུ་འགྱུར་བའི་དངོས་པོ་ཞིག་ཤིན་ཏུ་གདོན་མི་ཟ་བར་བཟུང་བར་གྱུར་པའོ། །དགེ་འདུན་ཡང་མི་བྱེ་ལ་དགེ་འདུན་གྱི་ཅ་ཅོར་མི་འགྱུར་བ་གང་ཞེ་ན། རྣམ་
པ་འདི་ལ་བུ་དག་མ་གཏོགས་པའོ། །བཙུན་པ་གང་དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་ཐ་དད་པར་གྱུར་པ་ལགས་སམ། དགེ་འདུན་ཐ་དད་པར་གྱུར་ལ་དགེ་འདུན་མི་འབྱེ་བ་ཡང་ཡོད། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་མི་འགྱུར་བ་ཡོད། དགེ་འདུན་བྱེ་ལ་དགེ་འདུན་
ཐ་དད་པར་འགྱུར་བ་ཡང་ཡོད། དགེ་འདུན་མི་འབྱེ་ལ་དགེ་འདུན་ཐ་དད་པར་མི་འགྱུར་བའང་ཡོད་དེ། དགེ་འདུན་ཐ་དད་པར་གྱུར་ལ་དགེ་འདུན་མི་འབྱེ་བ་ནི་དེ་འདི་ལྟར་དགེ་འདུན་རྣམ་གཉིས་སོ་སོ་ན་གཞི་ལ་གནས་པར་གྱུར། རྙེད་པ་ཡང་ཐ་དད་གནས་ཀྱང་ཐ་དད། མཚམས་
ཀྱང་ཐ་དད་པར་གྱུར་ལ་དགེ་འདུན་ནི་མ་བྱེ་བའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་མི་འགྱུར་བ་ནི་གང་ཆོས་སུ་འདུ་ཤེས་པས་དགེ་འདུན་ཕྱེ་བའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པ་ནི་འདི་ལྟར་དགེ་འདུན་བྱེ་བར་གྱུར་ལ་དགེ་འདུན་རྣམ་གཉིས་སོ་སོ་ན་གནས་པར་གྱུར།
རྙེད་པ་ཐ་དད་པ་དང་། གནས་ཐ་དད་པ་དང་། མཚམས་ཐ་དད་པར་གྱུར་པའོ། །དགེ་འདུན་མ་བྱེ་ལ་དགེ་འདུན་ཐ་དད་པར་ཀྱང་མ་གྱུར་པ་ནི་རྣམ་པ་དེ་ལྟ་བུ་དག་མ་གཏོགས་པའོ། །ཇི་ལྟར་དགེ་འདུན་ཐ་དད་པ་ལ་རྣམ་པ་བཞིར་འགྱུར་བ་བཞིན་དུ་དགེ་འདུན་གྱི་ཚུལ་ལ་ཡང་རྣམ་པ་
བཞིར་བརྗོད་པར་བྱའོ། །བཙུན་པ་གང་ལ་ལས་དགེ་འདུན་གྱི་དབྱེན་བགྱིད་པ་དེ་དག་ཐམས་ཅད་བསྐལ་པར་གནས་སམ། དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་མི་གནས་པའང་ཡོད། བསྐལ་པར་གནས་ལ་དགེ་འདུན་གྱི་དབྱེན་མ་བྱས་པ་ཡང་ཡོད། དགེ་འདུན་གྱི་

དབྱེན་བྱས་ལ་བསྐལ་པར་གནས་པའང་ཡོད། དགེ་འདུན་གྱི་དབྱེན་མ་བྱས་པ་ལ་བསྐལ་པར་མི་གནས་པའང་ཡོད་དོ། །དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་མི་གནས་པ་ནི་གང་གིས་ཆོས་སུ་འདུ་ཤེས་པས་དགེ་འདུན་ཕྱེ་བའོ། །བསྐལ་པར་གནས་ལ་དགེ་
འདུན་གྱི་དབྱེན་མ་བྱས་པ་ནི་གླང་པོའི་རྒྱལ་པོ་ཨེ་ར་བ་ན་དང་། གླང་པོའི་རྒྱལ་པོ་ཤིན་ཏུ་བརྟན་པ་དང་། གླང་པོའི་རྒྱལ་པོ་ཡིད་དུ་འོང་བ་དང་། གླང་པོའི་རྒྱལ་པོ་གཤིན་རྗེ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་སོ། །དགེ་འདུན་ཕྱེ་ལ་བསྐལ་པར་གནས་པ་ནི་ལྷ་སྦྱིན་ནོ། །དགེ་
འདུན་ཀྱང་མ་ཕྱེ་ལ་བསྐལ་པར་ཡང་མི་གནས་པ་ནི་རྣམ་པ་དེ་ལྟ་བུ་དག་མ་གཏོགས་པའོ། །གང་ལ་ལས་དགེ་འདུན་ཕྱེ་ན་དེ་དག་ཐམས་ཅད་བསྐལ་པར་གནས་པའི་ཁ་ན་མ་ཐོ་བ་སྐྱེ་བ་ཡང་རྣམ་པ་བཞིར་བརྗོད་པར་བྱ་སྟེ། དེ་ཡང་དེ་བཞིན་དུ་དབྱེ་བར་བྱའོ། །གང་ལ་ལས་དགེ་
འདུན་འབྱེད་པ་དེ་དག་ཐམས་ཅད་ལོག་པར་ངེས་པ་ལགས་སམ། དགེ་འདུན་འབྱེད་ལ་ལོག་པར་ངེས་པ་མ་ཡིན་པའང་ཡོད། ལོག་པར་ངེས་ལ་དགེ་འདུན་མི་འབྱེད་པའང་ཡོད། དགེ་འདུན་འབྱེད་ལ་ལོག་པར་ངེས་པའང་ཡོད། དགེ་འདུན་འབྱེད་པ་ཡང་མ་ཡིན་ལ་ལོག་
པར་ངེས་པ་མ་ཡིན་པའང་ཡོད་དེ། དགེ་འདུན་འབྱེད་ལ་ལོག་པར་ངེས་པ་མ་ཡིན་པ་ནི་གང་ཆོས་སུ་འདུ་ཤེས་ཤིང་དགེ་འདུན་འབྱེད་པའོ། །ལོག་པར་ངེས་ལ་དགེ་འདུན་འབྱེད་པ་མ་ཡིན་པ་ནི་དེ་མཚམས་མེད་པ་བཞིའོ། །དགེ་འདུན་འབྱེད་ལ་ལོག་པར་ཀྱང་ངེས་པ་ནི་ལྷ་སྦྱིན་ནོ། །
དགེ་འདུན་འབྱེད་པའང་མ་ཡིན་ལ་ལོག་པར་ངེས་པའང་མ་ཡིན་པ་ནི་རྣམ་པ་འདི་ལྟ་བུ་དག་མ་གཏོགས་པའོ། །གང་ལ་ལས་དགེ་འདུན་འབྱེད་པ་དེ་དག་ཐམས་ཅད་མི་མཁས་པ་དང་མ་རིག་པར་གྱུར་པ་ལགས་སམ། དགེ་འདུན་འབྱེད་ལ་མི་མཁས་པ་མ་ཡིན་ཞིང་མ་རིག་པར་གྱུར་
པ་མ་ཡིན་པའང་ཡོད། མི་མཁས་པ་དང་མ་རིག་པ་ཡིན་ལ་དགེ་འདུན་མི་འབྱེད་པའང་ཡོད། དགེ་འདུན་འབྱེད་ལ་མི་མཁས་པ་མ་རིག་པར་གྱུར་པའང་ཡོད། དགེ་འདུན་ཡང་མི་འབྱེད་ལ་མཁས་པའང་ཡིན་མ་རིག་པར་གྱུར་པའང་མ་ཡིན་པའང་ཡོད་དེ། དགེ་འདུན་འབྱེད་ལ་

མི་མཁས་པའང་མ་ཡིན་མ་རིག་པར་གྱུར་པ་མ་ཡིན་པ་ནི་གང་ཆོས་སུ་འདུ་ཤེས་པས་དགེ་འདུན་འབྱེད་པའོ། །མི་མཁས་པ་དང་མ་རིག་པར་གྱུར་ལ་དགེ་འདུན་མི་འབྱེད་པ་ནི་སྟོན་པ་དྲུག་གོ། །དགེ་འདུན་འབྱེད་ལ་མི་མཁས་པ་དང་མ་རིག་པ་ནི་ལྷ་སྦྱིན་ནོ། །དགེ་འདུན་ཡང་མི་འབྱེད་
ལ་མི་མཁས་པའང་མ་ཡིན་མ་རིག་པར་གྱུར་པའང་མ་ཡིན་པ་ནི་རྣམ་པ་འདི་དག་མ་གཏོགས་པའོ།། །།མདོར་ན། ཕྱེ་བ་རྣམ་པ་དྲུག་ཏུ་བྱས། །རྒོལ་བ་རྣམ་བཞི་གསོ་སྦྱོང་དང་། །མཚམས་ལ་རྣམ་བཞི་གསུམ་པ་དང་། །བསྐལ་པ་བརྟན་མིན་དེ་བཞིན་ཏེ། །ཁྱིམ་པ་དག་ལ་
སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ་ཕྱེ་བ་དང་ལྡན་པ་གང་ལགས། ཁ་ན་མ་ཐོ་བ་གང་ལགས། ཨུ་པཱ་ལི་དགེ་འདུན་ནི་ཕྱེ་བ་དང་ལྡན་པའོ། །འབྱེད་པ་ནི་ཁ་ན་མ་ཐོ་བའོ། །བཙུན་པ་དགེ་འདུན་ཕྱེ་ན་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་དགེ་
འདུན་ཕྱེ་ན་ནོངས་པ་གང་བཤགས་པར་བགྱི། ཉེས་པ་སྦོམ་པོའོ། །བཙུན་པ་འདི་ལྟར་དགེ་སློང་དག་གིས་དགེ་སློང་གི་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ལགས། དགེ་སློབ་མས་མ་ལགས། དགེ་ཚུལ་མས་མ་ལགས། དགེ་ཚུལ་ཕས་མ་ལགས་སམ། ཨུ་པཱ་ལི་དེ་བཞིན་
ཏེ། དགེ་སློང་དག་གིས་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་ཚུལ་ཕས་མ་ཡིན་ནོ། །ཨུ་པཱ་ལི་དེ་བཞིན་དུ་དགེ་སློང་མ་དག་གིས་དགེ་སློང་མའི་དགེ་འདུན་འབྱེད་ཀྱི་དགེ་སློང་གིས་མ་ཡིན། དགེ་སློབ་མས་མ་ཡིན།
དགེ་ཚུལ་མས་མ་ཡིན། དགེ་ཚུལ་ཕས་མ་ཡིན་ཏེ། འོན་ཀྱང་དགེ་འདུན་འབྱེད་པའི་ཕྱིར་ནི་རྩོལ་ལོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་རྣམ་པ་གཉིས་ཀྱི་སླད་དུ་དགེ་འདུན་འབྱེ་སྟེ། རྗེས་སུ་བསྒྲགས་པ་དང་། ཚུལ་ཤིང་ལེན་པའོ་ཞེས་གསུངས་ན། བཙུན་པ་གང་རྩེད་མོར་འཚལ་
བའམ། མ་འཚལ་བ་ཞིག་གིས་རྗེས་སུ་བསྒྲགས་ཤིང་ཚུལ་ཤིང་བྲིམས་ན་དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །འོ་ན་ཅིར་འགྱུར། ཉེས་བྱས་སོ། དགེ་འདུན་འབྱེད་པའི་དགེ་སློང་གིས་དགེ་འདུན་འབྱེད་པ་ན་མཚན་འཕོས་ན་དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་

པཱ་ལི་མ་ཡིན་ནོ། །བཙུན་པ་དགེ་སློང་མའི་དགེ་འདུན་བྱེ་ནས་ཕྱོགས་དང་ཕ་རོལ་གྱི་ཕྱོགས་སུ་གནས་ན་དགེ་སློང་མ་ལ་ཟླ་བ་ཕྱེད་ཕྱེད་ཅིང་བསྟན་པའི་ལུང་སྩལ་ཏམ། ཨུ་པཱ་ལི་མ་སྦྱིན་པར་འདི་སྐད་དུ་སྲིང་མོའི་རྣམས་རྗེས་སུ་མཐུན་པར་གྱིས་ཤིག་ཅེས་སྒོ་ཤིག །བཙུན་
པ་དགེ་སློང་གི་དགེ་འདུན་བྱེ་སྟེ་ཕྱོགས་དང་ཕ་རོལ་གྱི་ཕྱོགས་སུ་གནས་ན་དགེ་སློང་མས་ཟླ་བ་ཕྱེད་ཅིང་བསྟན་པའི་ལུང་གསོལ་བར་བགྱིའམ། ཨུ་པཱ་ལི་གསོལ་བར་བྱའོ། གང་ལས་གསོལ། རྗེས་སུ་མ་ཕྱོགས་པ་རྣམས་སོ། བཙུན་པ་དགེ་སློང་གི་དགེ་འདུན་ཕྱེ་སྟེ་ཕྱོགས་དང་ཕ་རོལ་གྱི་
ཕྱོགས་སུ་གནས་ན་དགེ་སློང་མ་ལ་བསྟན་པའི་ལུང་སྩོལ་བར་བགྱིའམ། ཨུ་པཱ་ལི་དགེ་སློང་མ་ཡང་བྱེ་བར་མི་འགྱུར་བའི་ཕྱིར་བས་ན་བྱིན་ཅིག །བཙུན་པ་དགེ་སློང་མའི་དགེ་འདུན་བྱེ་སྟེ་ཕྱོགས་དང་ཕ་རོལ་གྱི་ཕྱོགས་སུ་གནས་པ་ལ་གང་གིས་དགེ་སློང་མ་ལ་ལུང་སྩལ་བར་བགྱི།
རྗེས་སུ་མ་ཕྱོགས་པ་རྣམས་ཀྱིས་སྦྱིན་ནོ། བཙུན་པ་དགེ་སློང་གི་དགེ་འདུན་བྱེ་སྟེ་ཕྱོགས་དང་ཕ་རོལ་གྱི་ཕྱོགས་སུ་གནས་ན་དགེ་སློང་མས་གསོ་སྦྱོང་བགྱིའམ། ཨུ་པཱ་ལི་བྱའོ། །བཙུན་པ་དགེ་སློང་གི་དགེ་འདུན་བྱེ་སྟེ་ཕྱོགས་དང་ཕ་རོལ་གྱི་ཕྱོགས་སུ་གནས་ན་ཉེ་བར་ཕྱོགས་
པའི་དགེ་སློང་རྣམས་ཀྱིས་གསོ་སྦྱོང་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་འདུན་འདུས་པ་ལས་ནི་གསོ་སྦྱོང་བྱའོ། །བཙུན་པ་ཉེ་བར་ཕྱོགས་པས་ཉེ་བར་མ་ཕྱོགས་པ་རྣམས་ཀྱི་མཚམས་བཀྲོལ་ན་མཚམས་བཀྲོལ་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་
ནོ། །བཙུན་པ་ཉེ་བར་མ་ཕྱོགས་པ་རྣམས་ཀྱིས་ཉེ་བར་ཕྱོགས་པ་རྣམས་ཀྱི་མཚམས་བཀྲོལ་ན་མཚམས་བཀྲོལ་བ་ཞེས་བགྱིའམ། ཨུ་པཱ་ལི་བཀྲོལ་བ་ཞེས་བྱའོ། །བཙུན་པ་གང་ལ་ལ་ཞིག་ཉེ་བར་ཕྱོགས་པ་དེ་དག་ཐམས་ཅད་སོ་སོར་གནས་པ་ཞེས་བགྱིའམ། རྣམ་པ་
བཞིར་རྒྱས་པར་བརྗོད་དོ། །བཙུན་པ་གང་ལ་ལ་ཞིག་ཉེ་བར་ཕྱོགས་ནས་དེ་དག་ཐམས་ཅད་མི་གནས་པ་ཞེས་བགྱིའམ། རྣམ་པ་བཞིར་རྒྱས་པར་བརྗོད་དོ། །བཙུན་པ་གང་ལ་ལ་སོ་སོར་གནས་ན་དེ་དག་ཐམས་ཅད་མི་གནས་པ་ཞེས་བགྱིའམ། རྣམ་པ་བཞིར་རྒྱས་པར་

བརྗོད་དོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ལྕགས་རྣམ་པ་བརྒྱར་གྱེས་པའི་དུམ་བུ་ཡང་བཙལ་བར་བྱའོ་ཞེས་གསུངས་ན། ལྕགས་ཀྱི་དུམ་བུ་ཞེས་བགྱི་བ་གང་ལགས། དད་པ་བཙལ་བར་བྱ་བ་དང་། མོས་པ་བཙལ་བར་བྱ་བ་དང་། འདུམ་པ་བཙལ་བར་བྱ་བ་དང་། དགེ་འདུན་
འདུས་པ་བཙལ་བར་བྱ་སྟེ། དགེ་འདུན་དབྱེ་བའི་ཕྱིར་ནི་བཙལ་བར་མི་བྱའོ། །བཙུན་པ་དགེ་འདུན་བྱེ་སྟེ་ཕྱོགས་དང་ཕ་རོལ་གྱི་ཕྱོགས་སུ་གནས་ན་གཏན་པ་གང་གིས་དབྱུང་བར་བགྱི། ཉེ་བར་མ་ཕྱོགས་པ་རྣམས་ཀྱིས་སོ། །བཙུན་པ་མ་ནིང་ཞིག་གིས་དགེ་འདུན་ཕྱེ་ན་ཕྱེ་བ་ཞེས་
བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་ནས། བསླབ་པ་སྩལ་བའི་བར་དུ་རྒྱས་པར་དེ་དག་གིས་དགེ་འདུན་ཕྱེ་ན་དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་སྨྱོན་པ་ཞིག་གིས་དགེ་འདུན་ཕྱེ་ན་དགེ་འདུན་ཕྱེ་བ་ཞེས་བགྱིའམ།
ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱིས་དགེ་འདུན་ཕྱེ་ན་དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་རང་བཞིན་དུ་གནས་པ་མ་ཡིན་པས་ནི་
དགེ་འདུན་དབྱེ་བར་མི་ནུས་སོ། །ཇི་ལྟར་དགེ་འདུན་འབྱེད་པ་དེ་བཞིན་དུ་གྲངས་སུ་མི་འགྱུར་བར་ཡང་བརྗོད་པར་བྱའོ། །དགེ་འདུན་གྱི་དབྱེན་གྱི་དངོས་པོ་རྫོགས་ཏེ། ཨུ་པཱ་ལིས་དྲིས་པ་རྫོགས་སྷོ།། །།མདོར་ན། བཟང་བྱིན་རྡོ་རྗེ་འདུ་ཤེས་དང་། །བལ་གླང་མོ་དང་རྒོད་མ་
དང་། །བ་དང་རྔ་མོ་རི་དགས་མོ། །བོང་ལུག་ཁྱི་ཕག་མོ་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ན་སྤྲེའུ་རྫིང་འགྲམ་གྱི་ཁང་བུ་བརྩེགས་པ་ན་ཞུགས་སོ། །ཀ་ལན་ད་ཀའི་བུ་བཟང་བྱིན་ལ་བསླབ་པའི་གནས་མ་བཅས་པས་ལས་དང་པོ་པ་ལ་ཉེས་པ་མེད་པ་
ན་བདག་གིས་བསླབ་པ་མ་བཅས་པའི་ཚེ་ལན་མང་ཞིག་ཏུ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ན་བདག་གི་ལས་དང་པོ་གང་ཡིན་ཞེས་ཐེ་ཚོམ་དུ་གྱུར་ནས་སེམས་ལ་དོགས་པ་དང་འགྱོད་པ་རྣམས་སྐྱེས་ཏེ། དེས་དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ལ་སྨྲས་ནས། དགེ་སློང་རྣམས་ཀྱིས་

བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བསླབ་པའི་གནས་མ་བཅས་པ་ན་ཀ་ལན་ད་ཀའི་བུ་བཟང་བྱིན་གྱིས་ཤིན་ཏུ་འདས་པར་གྱུར་པ་ནི་ཐམས་ཅད་ཀྱང་ལས་དང་པོ་པ་ཡིན་ཏེ། ལས་དང་པོ་པ་ལ་ནི་ཉེས་
པ་མེད་དོ། །དགེ་སློང་རྡོ་རྗེའི་བུ་ཞེས་བྱ་བས་བསླབ་པ་མ་ཕུལ། བསླབ་པ་ཉམས་པ་མ་བཤགས་པར་ཁྱིམ་པར་གྱུར་ཏེ། དེས་དེ་ན་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ནས་དེ་འདི་སྙམ་དུ་གྱུར་ཏོ། །རེ་ཞིག་དགེ་སློང་རྣམས་ལ་དྲིས་ལ་དེ་སྟེ་བདག་རབ་ཏུ་འབྱུང་ཞིང་བསྙེན་
པར་རྫོགས་པར་རུང་ན་ནི་རབ་ཏུ་འབྱུང་ངོ་། །དེ་སྟེ་མི་རུང་ན་འདི་ཉིད་ན་འདུག་གོ་སྙམ་བསམས་ནས་དེས་དེ་ལྟར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བར་དུ་རྒྱས་པར་བྱས་ཏེ། དགེ་སློང་དག་བསླབ་པ་མ་ཕུལ་བསླབ་པ་ཉམས་པ་མ་བཤགས་པར་ཁྱིམ་པའི་
དངོས་པོར་གྱུར་ཏེ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་ལ་བསྟེན་ན་གང་ཟག་དེ་སླར་ཡང་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་མི་རུང་གིས་དེ་བཞིན་དུ་བསླབ་པའི་གནས་བཤད་པར་བྱའོ། །ཡང་དགེ་སློང་གང་བསླབ་པ་མ་ཕུལ་བསླབ་པ་ཉམས་པ་མ་བཤགས་བཞིན་དུ་མི་ཚངས་
པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ན་དགེ་སློང་དེ་ཡང་ཕས་ཕམ་པ་ཡིན་གྱིས་ལྷན་ཅིག་མ་གནས་ཤིག །དགེ་སློང་གཅིག་པུ་ཞིག་དགོན་པ་ན་འདུག་སྟེ་དེ་ལས་མི་རིང་བ་ཞིག་ན་བལ་གླང་མོ་ཞིག་ལ་བུ་བྱུང་སྟེ། བལ་གླང་མོ་དེ་ལས་བེའུ་མོ་ཞིག་བྱུང་ངོ་། །དེའི་མ་དེ་ནི་ཟས་ལ་སོང་ནས་དགེ་
སློང་དེས་རྩྭ་བླངས་ཏེ་དེ་ལ་རྩྭ་བྱིན་ཆུ་བླུད་པ་དང་། དེས་དེ་འདུག་པ་ལ་མོ་མཚན་བྱེ་བར་མཐོང་སྟེ། དེས་དེ་མཐོང་ནས་ཆགས་པར་གྱུར་ཏེ་དེར་ལོག་པར་ཞུགས་པ་དང་། དེ་ངོ་ཚ་བའི་ཆོས་སུ་གྱུར་ནས། དེས་བདག་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་སྙམ་བསམས་ནས་ཐེ་ཚོམ་སྐྱེས་ཏེ།
དེས་དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་ནས་རྒྱས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེར་རེག་པར་མ་གྱུར་པས་ཕས་ཕམ་པའི་ཉེས་པ་ནི་མེད་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །ནམ་བལ་གླང་གི་ཕྲུ་གུ་དེ་ཆེན་པོར་གྱུར་པ་དང་། དེས་དེའི་

མོ་མཚན་མཐོང་སྟེ། དེས་དེ་མཐོང་ནས་ཆགས་པ་དང་། དེས་དེར་གཞུག་སྙམ་ནས་མོ་མཚན་གྱི་ཁར་བཙུགས་པ་དང་། དེས་དེ་ལ་ཕྲ་བ་ཅིག་བརྒྱབ་ནས་སྐྲག་པར་གྱུར་ཏེ། བདག་ལ་ཕས་ཕམ་པའི་ལྟུང་བ་མ་བྱུང་གྲང་སྙམ་བསམས་ནས། དེས་དེ་ལྟ་བུར་གྱུར་པ་རྒྱས་
པར་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྐྲག་པ་ལ་ནི་ཆགས་པ་མེད་པས་ཕས་ཕམ་པའི་ཉེས་པ་ནི་མེད་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་བལ་གླང་མོ་བཞིན་དུ་རྒོད་མ་དང་། རྔ་མོ་དང་། རི་དགས་མོ་དང་། བོང་མོ་དང་། ལུག་མོ་
དང་། ཁྱི་མོ་དང་། ཕག་མོ་རྣམས་ཀྱང་དེ་བཞིན་ནོ།། །།མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ནད་ཀྱིས་གཟིར་དང་མི་རྣམས་དང་། །ལམ་མིན་ལམ་དུ་འདུ་ཤེས་དང་། །ལམ་གསུམ་རབ་ཏུ་བསྒྲགས་པའོ། །བཙུན་པ་བཅོམ་ལྡན་འདས་
ཀྱིས་སྨྱོན་པ་ལ་ནོངས་པ་མ་མཆིས་སོ་ཞེས་གསུངས་ན། ཇི་ཙམ་གྱིས་ན་སྨྱོན་པ་ཞེས་བགྱི། རྣམ་པ་ལྔས་སྨྱོན་པར་གྱུར་ཏེ། གཉེན་བཤེས་ཟད་པ་དང་། ལོངས་སྤྱོད་ཟད་པ་དང་། ནོར་ཟད་པ་དང་། ཁམས་མ་མཉམ་པ་དང་། མི་མ་ཡིན་པས་བརླམས་པ་དང་། སྔོན་གྱི་ལས་
ཀྱི་རྣམ་པར་སྨིན་པ་སྟེ། རྣམ་པ་འདི་ལྔས་སྨྱོན་པར་འགྱུར་རོ། །དེ་སྟེ་དགེ་སློང་གི་དངོས་པོར་ཤེས་ན་ནི་དངོས་པོ་ཇི་ལྟ་བ་བཞིན་ནོ། །དེ་སྟེ་དགེ་སློང་གི་དངོས་པོར་མི་ཤེས་ན་སྨྱོན་པ་ལ་ཉེས་པ་མེད་དོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སེམས་འཁྲུགས་པ་ལ་ནོངས་པ་མ་
མཆིས་སོ་ཞེས་གསུངས་ན། ཇི་ཙམ་གྱིས་ན་སེམས་འཁྲུགས་པ་ཞེས་བགྱི། རྣམ་པ་ལྔས་ནི་སེམས་འཁྲུགས་པ་ཞེས་བྱ་སྟེ། མི་མ་ཡིན་པས་དེའི་སེམས་འཁྲུགས་པ་དང་། མི་མ་ཡིན་པས་དེ་ལ་བརླམས་པ་དང་། མི་མ་ཡིན་པས་དེའི་མདངས་ཕྲོགས་པ་དང་། ཁམས་
མ་མཉམ་པ་དང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་སྟེ། རྣམ་པ་འདི་ལྔས་ནི་སེམས་འཁྲུགས་པ་ཞེས་བྱ་སྟེ་རྒྱས་པར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ནད་ཀྱིས་གཟིར་བ་ལ་ནོངས་པ་མ་མཆིས་སོ། །ཞེས་གསུངས་ན། ཇི་ཙམ་གྱིས་ན་ནད་ཀྱིས་གཟིར་བ་ཞེས་བགྱི། རྣམ་

པ་ལྔས་ན་ནད་ཀྱིས་གཟིར་བ་ཞེས་བྱ་སྟེ། དེ་ལ་རླུང་གིས་བསྐྱོད་པ་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་དང་། དུས་གྱུར་པ་རྣམས་ཏེ། རྣམ་པ་འདི་ལྔ་ནི་ནད་ཀྱིས་གཟིར་བ་ཞེས་བྱའོ། །དགེ་སློང་གིས་ལམ་ལ་ལམ་མ་ཡིན་པར་འདུ་
ཤེས་ནས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ཏེ། དགེ་སློང་དེ་ལ་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་སྙམ་བསམས་ཏེ་ཐེ་ཚོམ་སྐྱེས་ནས་དེས་དེ་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ལ་ལམ་མ་ཡིན་པར་འདུ་ཤེས་
ན་ཕས་ཕམ་པར་འགྱུར་རོ། །ལམ་ལ་ཐེ་ཚོམ་ཟ་བར་འདུ་ཤེས་ནའང་ཕས་ཕམ་པར་འགྱུར་རོ། །ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལམ་མ་ཡིན་པ་ལ་ཐེ་ཚོམ་ཟ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལམ་གསུམ་ལ་བཤང་བའི་ལམ་
དང་། གཅི་བའི་ལམ་དང་། ཁའི་ལམ་མོ། །དགེ་སློང་གིས་གཅི་བའི་ལམ་དུ་དཀྲིས་ཁ་ཤུན་འདས་ན་ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་བཤང་བའི་ལམ་དུ་དཀྲིས་རྐུབ་ཁ་འདས་ན་ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་ཁའི་ལམ་དུ་དཀྲིས་སོ་འདས་ན་ཕས་
ཕམ་པར་འགྱུར་རོ།། །།མདོར་ན། སྤྲེའུ་མོ་སེང་གེ་ཁྲུང་ཁྲུང་མོ། །རྨ་བྱ་ཁྱིམ་བྱའང་དེ་བཞིན་ཏེ། །མཚན་རིང་དང་ནི་རྒྱབ་གཉེན་དང་། །ནན་དི་ཀ་དང་ཁ་གཉིས་སོ། །ཉེས་པ་སྦོམ་པོ་བཞི་སྟེ། སྤྲེའུ་མོ་དང་། མཚན་རིང་ནི་ཇི་ལྟར་རྣམ་པར་འབྱེད་པ་ལས་འབྱུང་བ་
བཞིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པར་འགྱུར་རོ། །རྒྱབ་གཉེན་ཀྱང་ཕས་ཕམ་པར་འགྱུར་རོ། །ནན་ད་ཀི་ལ་བསླབ་པ་བྱིན་པ་ཇི་ལྟར་འདུལ་བ་བཞིན་ནོ། །དགེ་སློང་ཞིག་བླ་གབ་མེད་པར་འདུག་ནས་སྒྲེན་མོར་ཁྲུས་བྱེད་དེ། དེའི་ཉེ་གཡོག་ནི་མི་
བཞི་ཞིག་བྱེད་དེ་དེའི་ལུས་ལ་རེག་པས་ཕོ་མཚན་ལས་སུ་རུང་བར་གྱུར་ཏེ་འདོད་ཆགས་ཀུན་དུ་གནས་པ་དང་། དགེ་སློང་གཞན་ཞིག་མདུན་ན་འདུག་པར་གྱུར་པ་དེས་དེའི་ཕོ་མཚན་བདག་གི་ཁར་བཅུག་པ་དང་། དེས་ཀྱང་ལུས་བཏུད་དེ་ཁུ་བ་ཕྱུང་ནས་དགེ་སློང་དེ་ཐེ་ཚོམ་སྐྱེས་ནས་བདག་

ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་སྙམ་དུ་བསམས་ཏེ། དེས་དེ་ལྟ་བུར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བར་དུ་རྒྱས་པར་བྱས་ཏེ། དེ་ལ་ཕས་ཕམ་པའི་ཉེས་པ་ནི་མེད་མོད་ཀྱི། བླ་གབ་མེད་པ་ལ་འགྲེང་ངམ་འདུག་ཀྱང་རུང་གཞན་ལས་བྱེད་པ་བདག་གིར་
མ་བྱེད་ཅིག །དགེ་སློང་ཞིག་འདོད་ཆགས་ཀུན་དུ་གནས་པས་གཟིར་བ་དང་། དེ་ལ་དགེ་སློང་མཛའ་བོ་ཞིག་ཡོད་དེ་དེ་དེའི་དྲུང་དུ་སོང་ནས་དེས་ཚེ་དང་ལྡན་པ་འདོད་ཆགས་ཀྱིས་ཀུན་དུ་ཁེབས་ཤིང་གཟིར་ཏོ་ཞེས་སྨྲས་ན། དེ་ན་རེ་སོང་ལ་མི་ཚངས་པར་སྤྱོད་ཅིག་ཅེས་བསྒོ་བ་དང་།
དེ་ཡང་སོང་ནས་མི་ཚངས་པར་སྤྱོད་པ་བྱས་སོ། །དེ་ལ་བསྒོ་བས་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་ཞེས་ཐེ་ཚོམ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི་མེད་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་
འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ཉེས་པ་སྦོམ་པོར་ཇི་ལྟ་བ་མཐོལ་བར་བགྱི། ཨུ་པཱ་ལི་ཉེས་པ་སྦོམ་པོ་ནི་འདི་བཞི་སྟེ། ཕས་ཕམ་པ་ལས་བྱུང་བའི་ལྕི་བ་དང་། ཕས་ཕམ་པ་ལས་བྱུང་བ་ཡང་བ་དང་། དགེ་འདུན་གྱི་ལྷག་མ་ལས་བྱུང་བ་
ལྕི་བ་དང་། དགེ་འདུན་གྱི་ལྷག་མ་ལས་བྱུང་བ་ཡང་བ་རྣམས་ཏེ། དེ་ལ་ཨུ་པཱ་ལི་གང་ཕས་ཕམ་པ་ལས་བྱུང་བའི་ཉེས་པ་སྦོམ་པོ་ལྕི་བ་དེ་ནི་མཚམས་ཀྱི་ནང་དུ་དགེ་འདུན་ཐམས་ཅད་ཀྱི་མདུན་དུ་བཤགས་པར་བྱའོ། །གང་ཕས་ཕམ་པ་ལས་བྱུང་བའི་ཡང་བ་དེ་ནི་
མཚམས་ཀྱི་ཕྱི་རོལ་དུ་དགེ་སློང་བཞིའི་མདུན་དུ་བཤགས་པར་བྱའོ། །གང་དགེ་འདུན་གྱི་ལྷག་མ་ལས་བྱུང་བའི་ཉེས་པ་སྦོམ་པོ་ལྕི་བ་ནི་མཚམས་ཀྱི་ཕྱི་རོལ་དུ་དགེ་སློང་བཞིའི་མདུན་དུ་བཤགས་པར་བྱའོ། །དགེ་འདུན་གྱི་ལྷག་མ་ལས་བྱུང་བའི་ཡང་བ་ནི་མཚམས་ཀྱི་ནང་དུ་
དགེ་སློང་གཅིག་གི་མདུན་དུ་བཤགས་པར་བྱའོ།། །།མདོར་ན། གླལ་དང་ལས་སུ་རུང་བར་གྱུར། །མ་དང་དུར་ཁྲོད་པ་དག་དང་། །འོད་བཟང་དང་ནི་བཟང་སྐྱེས་དང་། །ཤིན་ཏུ་བཟང་བ་སྨྱུགས་པ་དང་། །རབ་ཏུ་བཟང་ཞེས་བྱ་བའོ། །དགེ་སློང་གིས་མ་

བཀག་པར་གླལ་བ་དང་། འདོད་ཆགས་ཀྱིས་ཀུན་དུ་གཟིར་བའི་དགེ་སློང་ཞིག་དེའི་མདུན་ན་འདུག་པས་ཕོ་མཚན་དེའི་ཁར་བཅུག་ནས་དེས་ལུས་བཏུད་དེ་ཁུ་བ་ཕྱུང་ནས་དགེ་སློང་དེ་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་ཞེས་ཐེ་ཚོམ་སྐྱེས་པ་
དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི་མ་བྱུང་མོད་ཀྱི། ད་ཕན་ཆད་དགེ་སློང་གིས་མ་བཀག་པར་གླལ་བར་མ་བྱེད་ཅིག །གླལ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་ཞིག་ཕོ་མཚན་སྒྲེང་བཞིན་ལས་སུ་རུང་བར་གྱུར་ནས་
དེས་བདག་གིས་མོ་མཚན་གྱི་ནང་དུ་བཅུག་ཀྱང་ཉེས་པར་མི་འགྱུར་རོ་སྙམ་དུ་བསམས་ཏེ། དེས་བུད་མེད་ཀྱི་མོ་མཚན་དུ་བཅུག་ནས་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་ཞེས་ཐེ་ཚོམ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུག་མ་ཐག་ཏུ་
ཕས་ཕམ་པར་འགྱུར་རོ། །དགེ་སློང་ཞིག་འདོད་ཆགས་ཀྱིས་ཀུན་དུ་ཁེབས་ཤིང་གཟིར་བ་དང་། དེ་མའི་དྲུང་དུ་སོང་ནས་འདི་སྐད་དུ་མ་འདོད་ཆགས་ཀུན་དུ་གནས་པས་གཟིར་ཏོ་ཞེས་སྨྲས་པ་དང་། མ་ན་རེ་བུ་ཁྱོད་ནི་འདི་ཉིད་ནས་བྱུང་བ་ཡིན་གྱིས་དའང་འདི་ཉིད་དུ་ཆུག་
ཤིག་ཅེས་སྨྲས་པ་དང་། དེས་དེ་ཉིད་དུ་གཞུག་སྙམ་སྟེ་རྨ་ཁར་བཙུགས་ན་དེ་ངོ་ཚ་བའི་ཆོས་སུ་གྱུར་ཏེ། དགེ་སློང་དེ་བདག་ལ་ཕས་ཕམ་པའི་ཆོས་སུ་མ་གྱུར་གྲང་ཞེས་ཐེ་ཚོམ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངོ་ཚ་བ་ནི་ཆགས་པ་མེད་པས་ཕས་ཕམ་
པའི་ཉེས་པ་མེད་མོད་ཀྱི། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་མི་རོ་ལ་བརྟག་པའི་ཕྱིར་དུར་ཁྲོད་དུ་སོང་བ་དང་། དེས་དེ་ན་བུད་མེད་རྒྱན་གྱིས་བརྒྱན་བཞིན་དུ་བོར་བའི་རོ་ཞིག་མཐོང་ངོ་། །དེས་དེ་མཐོང་ནས་ཆགས་པའི་ཆོས་སྐྱེས་ཏེ། དེས་དེའི་ནང་དུ་གཞུག་ཅེས་
རྨ་ཁར་བཙུགས་པ་དང་དེའི་ནང་སྲིན་བུས་གང་ཞིང་འདུག་སྟེ། དགེ་སློང་དེ་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་ཞེས་ཐེ་ཚོམ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཉམས་པ་དེ་ལ་རྣམ་པ་གཉིས་ཏེ། ནང་ཉམས་པ་དང་། ཕྱི་ཉམས་པ་སྟེ།

ཕས་ཕམ་པའི་ཉེས་པ་ནི་མེད་མོད་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །འོད་བཟང་མོ་ཞེས་བྱ་བའི་དགེ་བསྙེན་མ་ཞིག་ནུབ་མོ་དུས་བྱས་ནས་དེ་བརྒྱན་བཞིན་དུ་དུར་ཁྲོད་དུ་བོར་བ་དང་། དགེ་སློང་ཞིག་མི་རོ་ལ་བརྟག་པའི་ཕྱིར་དུར་ཁྲོད་དུ་སོང་བ་དེས་དེ་མཐོང་ནས་དེ་ལ་ཆགས་
པའི་ཆོས་སྐྱེས་ཏེ། དེས་དེའི་ནང་དུ་གཞུག་ཅེས་རྨ་ཁར་བཙུགས་པ་དང་དེ་ཡང་ལངས་ཏེ་འདུག་ནས་དགེ་སློང་དེ་འཇིགས་པར་གྱུར་ཏེ། བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་ཞེས་ཐེ་ཚོམ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་
འཇིགས་པ་ནི་ཆགས་པ་མེད་པས་ཕས་ཕམ་པའི་ཉེས་པ་ནི་མེད་མོད་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་བཟང་སྐྱེས་ཞེས་བྱ་བའི་ཆུང་མ་དེའི་གྲོང་དུ་ཉེ་བར་འགྲོ་བ་དང་། དགེ་སློང་ཞིག་ཡོད་པ་དེ་དེར་སོང་ནས་དེ་ལ་འདི་སྐད་དུ་ཁྱིམ་བདག་གི་ཆུང་མ་འདོད་ཆགས་ཀྱིས་
ཁེབས་ཤིང་གཟིར་ཏོ་ཞེས་སྨྲས་པ་དང་། མོས་སྨྲས་པ། འོག་མར་སྨྱུགས་ལ་སྟེང་མར་ཁུ་བ་ཐོང་ཤིག །སྟེང་མར་སྨྱུགས་ལ་འོག་མར་ཁུ་བ་ཐོང་ཤིག་དང་། དེ་ལ་ཁོ་མོས་མི་ཚངས་པར་སྤྱད་པར་མི་ཤེས་སོ་ཞེས་སྨྲས་པ་དང་། དེས་ཀྱང་འདི་སྙམ་དུ་བསམས་ཏེ།
འདི་ནི་བཟང་ངོ་། །འདི་ནི་ལེགས་སོ། །དེ་ལྟ་བུར་ནི་རུང་ངོ་སྙམ་དུ་བསམས་ནས། འོག་མར་སྨྱུགས་ཏེ་སྟེང་མར་ཁུ་བ་བཏང་བ་དང་། དགེ་སློང་དེ་ཐེ་ཚོམ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུག་མ་ཐག་ཏུ་ཕས་ཕམ་པར་འགྱུར་རོ། །ཤིན་
ཏུ་བཟང་མོའི་གླེང་གཞི་ནི་ཇི་ལྟར་རྣམ་པར་འབྱེད་པ་ལས་འབྱུང་བ་བཞིན་ནོ། །རབ་ཏུ་བཟང་ཞེས་བྱ་བའི་དགེ་སློང་ཞིག་གཅིག་པུ་དགོན་པ་ལ་གནས་ཏེ། དེ་ནས་རྒྱང་མི་རིང་བ་ཞིག་ན་བྲམ་ཟེའི་ཞིང་ཞིག་ཡོད་དེ། བྲམ་ཟེ་དེ་ཞིང་ལ་རྟག་ཏུ་འོང་བ་མཐོང་སྟེ། དེ་མཐོང་
ནས་དད་པ་སྐྱེས་སོ། །དེས་དེ་ཟན་ལ་མགྲོན་དུ་བོས་ནས་དེས་ཀྱང་དེ་ལ་ཁས་བླངས་སོ། །དེས་ནང་པར་སྔར་ཟས་རྣམས་སྦྱར་ཏེ་བུ་མོ་ཆུང་ངུ་སྒྲེན་མོར་སྤྱད་པ་ཞིག་འབོད་དུ་བཏང་བ་དང་། དེས་དེའི་མོ་མཚན་མཐོང་ངོ་། །དེས་མཐོང་ནས་ཆགས་པ་སྐྱེས་ཏེ་བྱས་པ་དང་།

དེའི་མོ་མཚན་རལ་ནས་དེ་ཐེ་ཚོམ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་མི་ཚངས་པར་སྤྱད་པས་དགའ་བ་ཚོར་ན་ནི་ཕས་ཕམ་པར་འགྱུར་རོ། །དེ་སྟེ་མ་ཚོར་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ།། །།མདོར་ན། ལས་སུ་མི་
རུང་གཉིད་ལོག་ལ། །གནོན་པ་དང་ནི་ར་རོ་དང་། །ནད་ཀྱིས་གཟིར་དང་མི་འདོད་བཞིན། །སྐྱེས་པ་དང་ནི་མ་ནིང་ངོ་། །དགེ་སློང་ཞིག་རང་བཞིན་གྱིས་ཕོ་མཚན་ལས་སུ་མི་རུང་སྟེ། གང་ལས་སུ་རུང་བཞིན་དུ་བཅུག་ན་ཕས་ཕམ་པའི་ཉེས་པར་འགྱུར་གྱི་ལས་སུ་
མི་རུང་བཞིན་དུ་བཅུག་ན་ཉེས་པར་མི་འགྱུར་རོ་སྙམ་ནས། དེས་མ་བསྒྲེང་བཞིན་དུ་བཅུག་པ་དང་ཐེ་ཚོམ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི་མེད་མོད་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་བུད་མེད་གཉིད་ལོག་པ་ལ་
བྱས་པ་དང་། དགེ་སློང་དེ་ཐེ་ཚོམ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ལག་པས་ནི་ལག་པར་རྐང་པས་ནི་རྐང་པར། བརླས་ནི་བརླར། འགྲོང་གིས་ནི་འགྲོང་ལ་འབྱར་ན་ཕས་ཕམ་པར་འགྱུར་རོ། །མ་འབྱོར་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །
ཇི་ལྟར་གཉིད་ལོག་པ་དེ་བཞིན་དུ་ར་རོ་བ་དང་། ནད་ཀྱིས་གཟིར་བ་དང་། མི་འདོད་བཞིན་པའོ། །ཇི་ལྟར་བུད་མེད་ལ་རྣམ་པ་བཞིར་བརྗོད་པ་སྐྱེས་པ་དང་། མ་ནིང་ལ་ཡང་དེ་བཞིན་ནོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་གཉིས་པ།
མདོར་ན། རྣམ་པ་བཞི་དང་ལྔ་པ་དང་། །ལས་རྣམས་ཀུན་དང་གཉིད་ལོག་མ། །ལན་གཅིག་གསུམ་པ་བྱས་པ་དང་། །བུད་མེད་སྐྱེས་པ་མ་ནིང་ངོ་། །དགེ་སློང་ཉལ་བ་ལ་བུད་མེད་ཀྱིས་བྱས་ཏེ་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་
སློང་ཁྱོད་ཀྱིས་ཅི་དགའ་བ་ཚོར་རམ། གསོལ་པ། དགའ་བ་ཚོར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་སམ། སྨྲས་པ། འཚལ་བ་ནི་མ་མཆིས་ཏེ། བདག་གཡོས་པ་ཙམ་དུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གཉིད་ཀྱིས་

ལོག་པ་གཡོས་པ་ཙམ་དུ་གྱུར་པ་ལ་ཕས་ཕམ་པའི་ཉེས་པ་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་ཉལ་བ་ན་བུད་མེད་ཀྱིས་བྱས་ཏེ་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་ཅི་དགའ་བར་ཚོར་རམ།
གསོལ་བ། དགའ་བར་མ་ཚོར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བར་མ་ཚོར་ན་ཉེས་པ་མེད་དོ། །དགེ་སློང་ཉལ་ཞིང་འདུག་པ་ན་བུད་མེད་ཀྱིས་བྱས་ཏེ་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་
ཅི་ཁྱོད་ཀྱིས་ཤེས་སམ། གསོལ་པ། མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་པ་མེད་ན་ཉེས་པ་མེད་དོ། །དགེ་སློང་ཉལ་བ་ཞིག་འདུག་པ་ལ་བུད་མེད་ཀྱིས་བྱས་ཏེ་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཅི་དགེ་སློང་ཁྱོད་ཀྱིས་ཤེས་པའམ། དགའ་བ་ཚོར་བ་ཡོད་དམ། གསོལ་པ། འཚལ་བའང་མ་མཆིས་དགའ་བར་ཚོར་བའང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་པ་མེད་པ་དང་། དགའ་བར་ཚོར་བ་མེད་པ་ལ་ཉེས་པ་མེད་དོ། །
དགེ་སློང་ལ་ཇི་ལྟ་བར་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་ལའང་དེ་བཞིན་ནོ། །སྡིག་ཅན་གྱི་དགེ་སྦྱོང་གསུམ་པོས་བུད་མེད་བཟུང་སྟེ་ལམ་ཀུན་དུ་བྱས་ཀྱང་ཉེས་པར་མི་འགྱུར་རོ་ཞེས་སྨྲས་ནས་དེ་དག་གིས་དེའི་ལམ་ཀུན་དུ་བྱས་པ་དང་། དེ་
དག་ཐེ་ཚོམ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུག་མ་ཐག་ཏུ་ཕས་ཕམ་པར་འགྱུར་རོ། །བུད་མེད་ལ་ཇི་ལྟ་བར་སྐྱེས་པ་དང་། མ་ནིང་ཐམས་ཅད་ལའང་དེ་བཞིན་ནོ།། །།མདོར་ན། བུད་མེད་སྐྱེས་པ་མ་ནིང་དང་། །སུན་ཕྱུང་དགའ་བ་མ་
ཚོར་དང་། །དགོན་པ་གསུམ་དང་རབ་བྱུང་ལྔའོ། །དགེ་སློང་ཞིག་ཉལ་བ་ལ་བུད་མེད་ཀྱིས་བྱས་ཏེ། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། དགེ་སློང་ཅི་ཁྱོད་ཀྱིས་ཤེས་སམ། གསོལ་པ། མ་འཚལ་ཏོ། །མི་ཤེས་པ་ལ་ཉེས་པ་

མེད་དོ། །བུད་མེད་ལ་ཇི་ལྟ་བར་སྐྱེས་པ་དང་། མ་ནིང་ལའང་དེ་བཞིན་ནོ། །དགོན་པའི་དགེ་སློང་སྡིག་ཅན་གྱིས་དགེ་སློབ་མ་བྲིད་ནས་ཁྱོད་ནི་བསྙེན་པར་མ་རྫོགས་པས་མི་ཚངས་པར་སྤྱད་ན་བདག་ཅག་གཉི་ག་ལ་ཉེས་པར་མི་འགྱུར་རོ་ཞེས་སྨྲས་པ་
དང་། དེས་ཀྱང་ཁས་བླངས་སོ། །དེས་ཁས་བླངས་ནས་འགྱོད་པ་སྐྱེས་པ་དང་། དེས་དེ་མ་དད་བཞིན་དུ་བྱས་ནས་དགེ་སློབ་མ་དེ་བདག་ནི་དགེ་སློབ་མ་མ་ཡིན་པར་མ་གྱུར་གྲང་སྙམ་དུ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པ་ཉམས་
ཀྱིས་སླར་ཡང་བྱིན་ཅིག་ཉེས་བྱས་སུ་འགྱུར་རོ། །དགོན་པའི་སྡིག་ཅན་མས་དགེ་ཚུལ་ཕ་བྲིད་ནས་ཁྱོད་ནི་བསྙེན་པར་མ་རྫོགས་པས་མི་ཚངས་པར་སྤྱད་ཀྱང་བདག་ཅག་གཉིས་ཀ་ལ་ཉེས་པར་མི་འགྱུར་རོ་ཞེས་སྨྲས་ནས་རྒྱས་པར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགེ་ཚུལ་ཕ་ལ་ཉེས་བྱས་སུ་འགྱུར་ཏེ། དགེ་ཚུལ་མ་ལའང་དེ་བཞིན་ནོ། །དགོན་པའི་སྡིག་ཅན་མས་ལོར་མ་ལོན་པ་ལ་ཁྱོད་བསྙེན་པར་རྫོགས་ནས་རིང་པོར་མ་ལོན་གྱིས་མི་ཚངས་པར་སྤྱད་ཀྱང་བདག་ཅག་ལ་ཉེས་པར་མི་འགྱུར་རོ་ཞེས་སྨྲས་ནས། དེས་ཀྱང་དེ་ལ་ཁས་བླངས་
ཏེ། དེས་ཁས་བླངས་ནས་སླར་འགྱོད་པ་སྐྱེས་པ་དང་། དེས་དེ་ལ་མ་དད་བཞིན་དུ་བྱས་ནས་དགེ་སློང་དེ་འདི་སྙམ་དུ་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་སྙམ་སྟེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བར་མ་ཚོར་བ་ལ་ཕས་ཕམ་
པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་དགེ་སློང་ཞིག་ཉལ་བ་ལ་བྱས་པ་དང་། དགེ་སློང་དེས་ཐོག་མ་དང་། བར་མ་དང་། ཐ་མ་རྣམས་མ་ཤེས་ན་དགེ་སློང་གང་གིས་བྱས་པ་དེ་མ་རུང་བར་བྱོས་ཤིག །རྒྱས་པར་ནི་རྣམ་པར་འབྱེད་
པ་ལས་ཇི་སྐད་འབྱུང་བ་བཞིན་ནོ།། །།མདོར་ན། བཞི་པ་གཟུགས་བརྙན་ཀླུ་མོ་དང་། །གནོད་སྦྱིན་ལྷ་མོ་དྲི་ཟ་མོའོ། །ལྷ་མིན་ཡི་དགས་མི་ཟ་མོ། །ཤ་ཟ་མོ་ཡང་དེ་བཞིན་ནོ། །དགེ་སློང་ཞིག་གིས་ཤིང་གི་གཟུགས་བརྙན་བྱས་པ། གཟུགས་ལེགས་

པ། བལྟ་ན་སྡུག་པ། མཛེས་པ་ཞིག་མཐོང་སྟེ། དེ་མཐོང་བ་དང་འདོད་པའི་ཆོས་སྐྱེས་ནས་དེས་དེ་ཉིད་དུ་གཞུག་སྙམ་སྟེ་རྨ་ཁར་བཙུགས་པ་དང་། དེས་ཀྱང་ཕྱེ་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་
སྟེ་ཡན་ལག་ཐམས་ཅད་དུ་རེག་པར་བྱས་ནས་ཕས་ཕམ་པར་འགྱུར་རོ། །འོན་ཏེ་མོ་མཚན་སྤྲད་པ་ཙམ་གྱིས་ནི་ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་ཤིང་ལས་བྱས་པ་དེ་བཞིན་དུ་ས་ལས་བྱས་པ་དང་། རྡོ་ལས་བྱས་པ་དང་། གོས་ལས་བྱས་པ་རྣམས་ཀྱང་དེ་
བཞིན་ནོ། །ཀླུའི་བུ་མོ་ཞིག་དགེ་སློང་གི་དྲུང་དུ་འོངས་ནས་བཙུན་པ་མི་ཚངས་པར་སྤྱད་ཀྱིས་ཚུར་སྤྱོན་ཞེས་སྨྲས་པ་དང་། དེས་ཁས་བླངས་ནས་དེས་དེར་གཞུག་ཅེས་རྨ་ཁར་བཙུགས་པ་དང་། དེ་ཡང་ལུས་རིང་མོར་གྱུར་ནས་དགེ་སློང་དེ་འཇིགས་པར་གྱུར་ནས་འགྱོད་པ་
སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འཇིགས་པ་ལ་ཆགས་པ་མེད་པས་ན་ཕས་ཕམ་པའི་ཉེས་པ་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་གནོད་སྦྱིན་གྱི་བུ་མོའི་བར་དུ་རྒྱས་པར་བྱས་ཏེ་དེ་ཡང་མི་སྣང་བར་གྱུར་ནས་དགེ་སློང་དེ་འགྱོད་
པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ལྷའི་བུ་མོ་དང་། དྲི་ཟའི་བུ་མོ་དང་། ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་དེ་བཞིན་དུ་རྒྱས་པར་ཏེ། ཇི་ལྟར་ཀླུའི་བུ་མོ་བཞིན་དུ་ལུས་
ཆེར་གྱུར་ནས། དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འཇིགས་པ་ལ་ནི་འདོད་ཆགས་མེད་པས་ཕས་ཕམ་པའི་ཉེས་པ་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ཡི་དགས་ཀྱི་བུ་མོ་དེའི་མོ་མཚན་ཆེར་
གྱུར་པ་དང་། དེས་དེར་རྐང་པ་བཙུགས་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གཅིག་པུ་དགོན་པ་ལ་གནས་པ་དང་། དེར་མི་ཟ་མོ་ཞིག་

འོངས་ཏེ། བཙུན་པ་མི་ཚངས་པར་སྤྱད་ཀྱིས་ཚུར་སྤྱོན་ཞེས་སྨྲས་ན་དགེ་སློང་དེ་ཚུལ་ཁྲིམས་དང་ལྡན་པས་སྤྲོ་བ་མ་སྐྱེས་པ་དང་། དེས་སྨྲས་པ། བཙུན་པ་སྤྲོ་བ་སྐྱེད་ཅིག་ཁྱོད་མ་རུང་བར་བྱས་ས་རེ། དེས་དེ་ལ་ཅི་དགའ་བ་བྱོས་ཤིག །སྤྲོ་བ་མི་
བསྐྱེད་དོ་ཞེས་སྨྲས་པ་དང་། མོས་དགེ་སློང་དེ་ཉལ་བ་ལ་ཕྱར་བས་དཀྲིས་ཏེ། རྒྱལ་པོ་བཙུན་མོ་དང་ལྷན་ཅིག་ཏུ་གཟིམས་པའི་མཆན་དུ་བཅུག་པ་དང་། རྒྱལ་པོ་དེས་དགེ་སློང་དེ་མཐོང་ནས་ཁྱོད་འདིར་ཅི་ལ་འོངས། དེས་སྨྲས་པ། བདག་གཅིག་པུ་དགོན་པ་ན་གནས་
པ་དང་དེར་མི་ཟ་མོ་ཞིག་མཆིས་ནས་བདག་ལ་བཙུན་པ་མི་ཚངས་པར་སྤྱད་ཀྱིས་ཚུར་སྤྱོན་ཅེས་མཆི་ནས་བདག་གིས་སྤྲོ་བ་མ་སྐྱེད་པ་དང་། དེས་བཙུན་པ་སྤྲོ་བ་སྐྱེད་ཅིག་ཁྱོད་མ་རུང་བར་བྱས་ས་རེ་ཞེས་མཆི་ནས། དེ་ལ་བདག་གིས་ཅི་དགའ་བར་བྱོས་ཤིག །སྤྲོ་བ་ནི་མི་
སྐྱེད་དོ་ཞེས་དེ་སྐད་སྨྲས་པ་དང་། བདག་ཉལ་བ་ལ་དེས་ཕྱར་བས་དཀྲིས་ཏེ་འདིར་བཞག་གོ། །རྒྱལ་པོས་བཙུན་པ་གང་དུ་འདི་ལྟ་བུར་འཇིགས་པར་འགྱུར་བ་དེ་ལྟ་བུའི་དགོན་པར་ཅིའི་ཕྱིར་གནས་ཞེས་སྨྲས་ནས་དགེ་སློང་བསྐྲད་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཕྱིན་ཆད་གང་དུ་འདི་ལྟར་འཇིགས་པར་འགྱུར་བ་དེ་ལྟ་བུའི་དགོན་པར་མ་གནས་ཤིག །དེ་བཞིན་དུ་ཤ་ཟ་མོས་ཀྱང་བྱས་ཏེ། དེས་ཀྱང་ཉལ་བ་ལ་ཕྱར་བས་དཀྲིས་ནས་ཆང་འཚོང་བའི་སྤྱིལ་བུར་
བཅུག་གོ། །ཆང་འཚོང་བ་དེས་སྤྱིལ་བུར་བལྟས་པ་དང་། དགེ་སློང་དེ་མཐོང་ནས་རྒྱས་པར་ནི་ཇི་ལྟར་མི་ཟ་མོས་བྱས་པ་བཞིན་ནོ།། །།མདོར་ན། ཨུཏྤལ་ཁ་དོག་དགའ་བོ་དང་། །ཕྲུག་གུ་གཉིས་དང་ཤ་སྣག་དང་། །ཁྱི་མོ་ཝ་མོ་བྱ་རོག་མོ། །མི་མ་ཡིན་དང་ཆུ་
རྒལ་དང་། །ཉ་དང་སྲམ་དང་ཤིང་ཐུན་མོའོ། །བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དགེ་སློང་མ་ཨུ་པཱ་ལིའི་ཁ་དོག་མ་སྔ་དྲོ་ཤམ་ཐབས་བགོས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་པ་ནས། རྒྱས་པར་རྐང་པ་བཀྲུས་ཏེ་ནང་དུ་ཡང་དག་པར་འཇོག་ལ་

འཇུག་པའི་ཕྱིར་གནས་ཁང་དུ་ཞུགས་པ་དང་། སྒོ་ཕྱེ་སྟེ་འཕྲེས་ནས་ཚ་བའི་དུས་ལ་བབ་པས་གཉིད་ལོག་ཅིང་ཉལ་བ་དང་། གཡོན་ཅན་སྲང་ཕྲན་ནས་རྒྱུ་ཞིང་འདོང་བ་རྣམས་ཀྱིས་མཐོང་སྟེ་དེ་དག་གིས་ཉལ་བ་ལ་བྱས་སོ། །དེ་དག་གིས་བྱས་ནས་དོང་བ་དང་དེ་ཡང་སད་ནས་
དགེ་སློང་མ་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཕྱིན་ཆད་དགེ་སློང་མས་སྒོ་མ་བཅད་པར་མ་འཕྲེས་ཤིག་འཕྲེས་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་སྙོམས་པར་ཞུགས་པ་ལ་བྱས་ན་ཡང་ཉེས་པ་མེད་དེ་ཕྱིན་ཆད་དགེ་སློང་མ་
སྒོ་མ་བཅད་པར་སྙོམས་པར་མ་འཇུག་ཤིག །སྙོམས་པར་ཞུགས་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་ཞིག་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་པ་དང་། དེ་ཁྱིམ་བདག་གི་ཁྱིམ་དུ་ཞུགས་པ་ཁྱིམ་བདག་དེའི་ཕག་གི་ཕྲུག་གུ་ཞིག་ཕུར་པ་ལ་བཏགས་པས་དེ་
ཕུར་པ་དེ་ལ་འཁོར་ཞིང་འདུག་པ་དང་། དགེ་སློང་དེས་སྙིང་རྗེ་སྐྱེས་ནས་དེ་ཕུར་པ་ལས་བཀྲོལ་ཏེ་བཏང་བ་དང་། ཁྱིམ་བདག་དེས་དགེ་སློང་དེ་མཐོང་ནས་དེས་བརྒྱུགས་ཏེ། དགེ་སློང་དེའི་གོང་བ་ནས་བཟུང་སྟེ། ཁྱོད་ཀྱིས་ཁོ་བོའི་ཕག་གི་ཕྲུག་གུ་བཏང་བས་ན་ཁྱོད་ནི་རྐུ་
བའོ། །ཁྱོད་ནི་གླེན་པའོ། །ཁྱོད་ནི་དགེ་སྦྱོང་སྡིག་ཅན་ནོ་ཞེས་སྨྲས་པ་དང་། དེ་འདི་སྙམ་དུ་བདག་གིས་ཕག་གི་ཕྲུག་གུ་བཏང་བས་ན་བདག་ནི་རྐུ་བ། བདག་ནི་གླེན་པ། བདག་ནི་དགེ་སྦྱོང་སྡིག་ཅན་དུ་གྱུར་གྱིས་བདག་སོང་ལ་མི་ཚངས་པར་སྤྱད་དོ་སྙམ་དུ་བསམས་ནས་དེ་
སོང་སྟེ་མི་ཚངས་པར་སྤྱད་པ་བྱས་པ་དང་། དེས་འདི་སྙམ་དུ་དགེ་སློང་དག་ལ་དྲིས་ལ་དེ་སྟེ་བདག་རབ་ཏུ་ཕྱུང་ནས་བསྙེན་པར་རྫོགས་པ་འཆགས་ན་ནི་བདག་རབ་ཏུ་འབྱུང་ངོ་། །མི་འཆགས་ན་ནི་འདི་ཉིད་དུ་གནས་སོ་སྙམ་དུ་བསམས་ནས། དེས་དེ་ལྟར་གྱུར་པ་དགེ་སློང་རྣམས་
ལ་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔ་མ་ལ་ཉེས་པ་མེད་དེ། ཕྱི་མ་ནི་ཉེས་པར་གྱུར་ཏོ། །དེ་ལྟར་བྱ་གག་གི་ཕྲུག་གུ་ཡང་དེ་བཞིན་ནོ། །ཁྱིམ་བདག་ཅིག་གིས་ཤ་སྣག་གུ་ཞིག་ཁྱེར་ཏེ་

སོང་བ་བྱ་འོལ་བས་ཕྲོགས་ཏེ་ཁྱེར་ནས་ཤ་སྣག་གུ་དེ་འོལ་བའི་ཁ་ནས་ཤོར་ཏེ། དགེ་སློང་བསོད་སྙོམས་ལ་སྤྱོད་པ་དེའི་ལྷུང་བཟེད་དུ་ལྷུང་ངོ་། །ཁྱིམ་བདག་དེས་ཤ་སྣག་གུ་དེ་དགེ་སློང་དེའི་ལྷུང་བཟེད་ན་འདུག་པ་མཐོང་བ་དང་། དེས་དགེ་སློང་དེའི་གོང་བ་
ནས་བཟུང་སྟེ། ཁོ་བོའི་ཤ་སྣག་གུ་དེ་འོལ་བས་ཁྱེར་བ་ལ་ཁྱོད་ཀྱི་ལྷུང་བཟེད་ནས་ཟིན་པས་ན་ཁྱོད་ནི་རྐུ་བའོ། །ཁྱོད་ནི་གླེན་པའོ། །ཁྱོད་ནི་དགེ་སྦྱོང་སྡིག་ཅན་ནོ་ཞེས་སྨྲས་པ་དང་། དེ་འདི་སྙམ་དུ་འདིའི་ཤ་སྣག་གུ་དེ་བདག་གི་ལྷུང་བཟེད་ནས་ཟིན་པས་ན་བདག་ནི་རྐུ་བའོ། །བདག་ནི་གླེན་
པའོ། །བདག་ནི་དགེ་སྦྱོང་སྡིག་ཅན་དུ་གྱུར་གྱིས་བདག་སོང་ལ་མི་ཚངས་པར་སྤྱད་པར་བྱའོ་སྙམ་དུ་བསམས་སོ། །རྒྱས་པར་ནི་ཇི་ལྟར་ཕག་གི་ཕྲུག་གུ་བཞིན་ནོ། །དགེ་སློང་ཞིག་གིས་ཁྱི་མོའི་མདུན་དུ་གཅི་བ་བྱས་པ་དང་། དེས་དེའི་ཕོ་མཚན་ཁར་བཅུག་ནས་དེས་ཁུ་བ་ཕྱུང་སྟེ་ལུས་
ཀྱང་བཏུད་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཕྱིན་ཆད་དགེ་སློང་གིས་ཁྱི་མོའི་མདུན་དུ་གཅི་བ་མ་བྱེད་ཅིག །ཡང་ན་དེ་སྐྲོད་ཅིག །ཡང་ན་གུད་དུ་སོང་ཤིག །དགེ་སློང་ཞིག་འཆག་པ་ན་ཝ་མོ་ཞིག་སྒྲ་འབྱིན་
ཅིང་ཕྱག་དར་ཁྲོད་ཀྱི་གོས་འདྲལ་ལོ། །དེ་ནས་དེ་འདི་སྙམ་དུ་བདག་གི་ཕྱག་དར་ཁྲོད་ཀྱི་གོས་འདྲལ་བ་དེ་སུ་ཡིན་པ་སོང་སྟེ་བལྟའོ་སྙམ་བསམས་ནས་དེ་ཕྱག་དར་ཁྲོད་ཀྱིས་དཀྲིས་ཏེ་འདུག་པ་དང་། ཝ་མོ་དེ་ཡང་འོངས་ནས་དགེ་སློང་དེ་སྟེང་དུ་ཞོན་པ་དང་། དེས་ཕྱག་དར་ཁྲོད་ཀྱི་གོས་
ཀྱིས་ཝ་དེ་དཀྲིས་ཏེ་བཟུང་ནས་དེ་འདི་སྙམ་དུ་ཝ་འདི་ཕོའམ་མོ་ཡིན་པ་བལྟའོ་ཞེས་བསམས་ནས་དེས་དེའི་མོ་མཚན་མཐོང་ངོ་། །དེས་མཐོང་ནས་འདོད་པའི་ཆོས་སྐྱེས་ཏེ། དེས་དེ་ཉིད་ཀྱི་ནང་དུ་གཞུག་གོ་སྙམ་དུ་བསམས་ནས་རྨ་ཁར་བཙུགས་པ་དང་། མོས་སླར་ལོག་སྟེ་སོས་བཏབ་
ནས་དགེ་སློང་དེ་སྐྲག་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་སྐྲག་པ་ལ་ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གཅིག་པུ་ནགས་སྟུག་པོ་ན་གནས་པ་དང་། དེ་དེ་ནས་མི་འམ་ཅི་མོས་ཁྲིད་ནས་དེ་བྲག་ཕུག་ཏུ་བཅུག་སྟེ།

དེས་ཅི་ནས་ཀྱང་འདུ་ཤེས་གྱུར་པ་དེ་ལྟར་བྱས་སོ། །དེས་དེ་འདུ་ཤེས་བསྒྱུར་ཏེ་སྤྱོད་ཡུལ་གྱི་ཕྱིར་སོང་བ་དང་། དགེ་སློང་དེ་འདུ་ཤེས་ཐོབ་ནས་དེ་གནས་དེ་ནས་ལངས་ཏེ་བྲོས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་
པ་མེད་དེ། ཕྱིན་ཆད་དགེ་སློང་གིས་གང་དུ་འདི་ལྟ་བུར་འཇིགས་པར་འགྱུར་བའི་དགོན་པར་མ་གནས་ཤིག །དགེ་སློང་ཞིག་སྒྲེན་མོར་ཀླུང་རྒལ་བ་ལས་དེའི་ཕོ་མཚན་ཉས་བཟུང་བ་དང་། དེས་ཀྱང་ལུས་བཏུད་དེ་ཁུ་བ་ཕྱུང་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཕྱིན་ཆད་འདི་ལྟར་བུར་འཇིགས་པར་འགྱུར་བའི་ཀླུང་གང་ཡིན་པ་ལ་སྒྲེན་མོར་མ་རྒལ་ཅིག །བུད་མེད་ཅིག་སྒྲེན་མོར་ཤིང་ཐགས་ཀྱི་ནང་ན་ཁུ་ལེ་ལྟ་བུས་ཆུ་ཆུ་ཞིང་འདུག་པ་ལ་དགེ་སློང་ཞིག་གིས་ཤིང་ཐགས་ཀྱི་
བསེབ་ནས་དེའི་མོ་མཚན་མཐོང་ངོ་། །དེས་མཐོང་ནས་ཆགས་པ་དང་། དེའི་མོ་མཚན་ལ་དེའི་ཕོ་མཚན་གྱིས་རེག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་
ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་གིས་བྱ་བ་བྱས་ནས་འཆག་ཅིང་ཉིན་པར་སྤྱོད་པའི་གནས་སུ་སོང་སྟེ། དེས་དེར་སྟན་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་དང་། ཚ་བའི་དུས་ལ་བབ་པས་དེས་དེར་འཕྲེས་ཏེ་ཉལ་བ་དང་གཉིད་
ཀྱིས་ལོག་གོ། །དེ་ཉལ་བ་ན་ཤམ་ཐབས་སྙིལ་ནས་ཕོ་མཚན་ལས་སུ་རུང་བར་གྱུར་ཏེ། བུད་མེད་ཤིང་ཐུན་མ་ཞིག་ཤིང་ཚོལ་ཞིང་གནས་དེར་འོངས་པ་དང་། དགེ་སློང་དེ་མི་སྡུག་པར་ཉལ་བ་མཐོང་ངོ་། །དེས་མཐོང་ནས་ཤིན་ཏུ་ཆགས་ཏེ་དེས་དགེ་སློང་དེ་ལ་ཉལ་པོ་བྱས་སོ། །ཉལ་པོ་བྱས་
ནས་དེ་སོང་བ་དང་། དགེ་སློང་དེ་ཡང་སད་ནས་དེས་འཕགས་པ་བདག་གི་ཁྱིམ་འདི་ཞེས་བགྱི་བ་ན་མཆིས་ཀྱིས་དེ་སྟེ་ཡང་བཞེད་ན་དེར་སྤྱོན་ཅིག་ཅེས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཅི་ཁྱོད་ཀྱིས་ཤེས་སམ། གསོལ་པ་མ་

འཚལ་ཏོ། །མི་ཤེས་ན་ཉེས་པ་མེད་དེ། བླ་གབ་མེད་པར་གཅིག་པུ་འཕྲེས་ཏེ་མ་འདུག་ཤིག །འདུག་ན་ཉེས་བྱས་སུ་འགྱུར་རོ།། །།མདོར་ན། ས་ཀེ་མ་ཡི་རྩྭ་རྔ་དང་། །ཙམ་པ་ཡ་ཡི་རྒྱུ་ལྔ་དང་། །རྒྱལ་པོའི་ཁབ་ན་སྨན་དཔྱད་དང་། །
བྷ་རུ་ཀད་ཙའི་སྨད་འཚོང་མའོ། །བཅོམ་ལྡན་འདས་ཀེ་ཏའི་ཤིང་པ་ལ་ཤའི་ནགས་ན་བཞུགས་སོ། །དེ་ནས་དགེ་སློང་གཞན་ཞིག་ལ་རྩྭ་རྔ་མ་ཞིག་གིས་རྒྱས་པར་ནི་ཇི་ལྟར་ཤིང་ཐུན་མ་བཞིན་ནོ། །གྲོང་ཁྱེར་ཙམ་པར་ནད་གཡན་པས་བཏབ་པ་དང་རྒྱུ་ལྔ་དང་རྐྱེན་ལྔས་ཕོ་
མཚན་ལས་སུ་རུང་བར་འགྱུར་ཏེ། རྣམ་པར་འབྱེད་པ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །དགེ་སློང་ཞིག་ཕོ་མཚན་ནད་ཀྱིས་གཟིར་བ་དང་། འཚོ་བྱེད་ཀྱི་ཕོ་མཚན་ཡང་ནད་ཀྱིས་གཟིར་བར་གྱུར་པ་ན་དེས་བུད་མེད་ཀྱི་ཁར་
བཅུག་པ་དང་དེ་ནས་དེ་ལས་ཐར་ཏོ་ཞེས་དེས་ཐོས་ནས། དེས་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་ནད་པའི་སྨན་དཔྱད་དུ་གནང་གིས་བུད་མེད་ཀྱི་ཁར་གཞུག་གོ་སྙམ་དུ་བསམས་ཏེ། དེས་བུད་མེད་ཀྱི་ཁར་བཅུག་ནས་ནད་དེ་ལས་ཐར་བ་དང་དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། བཅུག་མ་ཐག་ཏུ་ཕས་ཕམ་པར་འགྱུར་རོ། །ཡུལ་བྷ་རུ་ཀད་ཙའི་སྨད་འཚོང་ཞིག་གི་ཁྱིམ་དུ་རྐུན་པོ་གཅིག་ཅིག་གནས་ཏེ། དེ་དེ་ནས་བྱུང་ཞིང་མི་དེ་དག་ལ་གནོད་པ་བྱེད་པ་དང་། དེ་དག་གིས་རྒྱལ་པོ་ལ་གསོལ་ནས་རྒྱལ་པོས་སྨད་འཚོང་མ་བོས་ནས་
ཅི་ཁྱོད་ཀྱི་ཁྱིམ་ན་རྐུན་པོ་གནས་སམ་ཞེས་དྲིས་པ་དང་། ལྷ་སུ་ཡང་མ་མཆིས་སོ། །དེ་སྟེ་བཙལ་ཏེ་རྙེད་ན་ནི་ཁྱོད་ཀྱིས་བཅབས་ཏེ་སྦས་པས་ཆད་པས་གཅད་དོ། །མི་དེ་དག་གིས་རྐུན་པོ་དེ་བཟུང་སྟེ་ཁྲིད་ནས་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོས་བཀའ་སྩལ་པ། ཁྱོད་སོང་ལ་སྨད་
འཚོང་མ་འདི་རྐང་པའི་མཁྲིག་མ་ནས་འབྲིང་པས་ཐོགས་ལ་ལྟག་པར་སྦྲེལ་ཏེ་དུར་ཁྲོད་དུ་འོར་ཅིག །སུ་གང་ཞིག་གིས་འདི་བཏང་ན་དེ་སྟེ་ཆད་པ་འདི་ཉིད་ཀྱིས་བཅད་དོ། །དེ་སྟེ་གསོན་ན་ནི་ཁྱི་རྣམས་ལ་སྦྱིན་ནོ། །དེ་དག་གིས་དེའི་རྐང་པའི་མཁྲིག་མ་ནས་འབྲིང་པས་བཏགས་ནས་ལྟག་

པར་སྦྲེལ་ཏེ་དུར་ཁྲོར་དུ་བོར་བ་དང་། དགེ་སློང་ཞིག་དུར་ཁྲོད་ན་མི་རོ་ལ་རྟོག་ཅིང་འདུག་པ་དེས་མཐོང་སྟེ་འདོད་པའི་ཆོས་སྐྱེས་ནས་དེ་ནས་འདི་ལྟར་དེ་ཉིད་དུ་གཞུག་སྙམ་སྟེ་རྨ་ཁར་བཙུགས་པ་དང་། དེ་ལངས་ཏེ་འདུག་ནས། བཙུན་པ་སྔོན་དུ་ཆུ་ཅིག་སྩོལ་ཅིག་ཅེས་སྨྲས་པ་དང་།
དེས་དེ་ལ་ཆུ་བླུད་ནས། དེས་སྨྲས་པ། བཙུན་པ་ཁོ་མོའི་ལུས་དང་མངལ་མི་གཙང་བ་འདི་ཅིར་དགོས། དེས་དེ་ནས་གནངས་ཀྱི་བར་དུ་བཟུང་བ་དང་དེའི་གཉེན་བཤེས་རྣམས་འོང་བ་དགེ་སློང་དེས་རྒྱང་ནས་མཐོང་སྟེ་ངོ་ཚ་བས་ཕྱོགས་གཅིག་ཏུ་སོང་བ་དང་། དེས་གཉེན་བཤེས་
དེ་དག་ལ་སྨྲས་པ། ཁོ་མོ་འདི་ལྟར་ཅུང་ཟད་འཚོ་བ་དེ་ཐམས་ཅད་དགེ་སློང་འདིའི་མཐུ་ཡིན་གྱིས་དེ་བོས་ཤིག་ཅེས་དེས་སྨྲས་པ་དང་། དེ་དག་གིས་བོས་ནས་དེས་སྨྲས་པ། བཙུན་པ་ཁོ་མོ་ཅུང་ཟད་འཚོ་བ་དེ་ཐམས་ཅད་ནི་ཁྱོད་ཀྱི་དྲིན་ཏེ་འདི་དག་ནི་ཁོ་མོའི་གཉེན་བཤེས་ལགས་
ན་འདི་དག་གིས་གསོས་ཏེ་སོས་དང་དེ་སྟེ་ཁོ་མོ་ལ་བགྱི་བ་མཆིས་ན་ཁྱིམ་འདི་ན་མཆིས་ཀྱིས་དེར་སྤྱོན་ཅིག་ཅེས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ།། །།མདོར་
ན། བལ་གླང་ནང་དང་ཁྲོན་པ་དང་། །རེག་དང་གྲུ་ཡང་ནུབ་པ་དང་། །སྐྱེས་པ་དག་དང་སེར་སྐྱ་དང་། །བུད་མེད་བུ་དང་སེར་སྐྱ་དང་། །བཟང་སྐྱེས་ནོར་ཅན་ཕོ་བྲང་སྐྱོང་། །དགེ་སློང་ཕོ་བྲང་འཁོར་སྐྱོང་བལ་གླང་གི་ནང་དུ་སོང་བ་དང་། དེ་གླང་མི་སྲུན་པས་བརྡུངས་ནས་
བུད་མེད་ཀྱི་སྟེང་དུ་འགྱེལ་བ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཤེས་པར་བྱོས་ལ་བལ་གླང་གི་ནང་དུ་སོང་ཤིག །དགེ་སློང་ཞིག་ཁྲོན་པ་ཞིགས་པ་ཞིག་ཏུ་བལྟས་པ་དང་། དེར་ལྷུང་ནས་དེར་སྔར་ཡང་བུད་མེད་ཅིག་
ལྷུང་བ་དེའི་མགུལ་ནས་འཇུས་སོ། །ཁྱིམ་བདག་དག་གིས་ཐག་པ་བླངས་ཏེ་དགེ་སློང་དེ་ཕྱུང་བ་དང་། དེའི་མགུལ་ནས་བུད་མེད་ཅིག་གིས་འཇུས་པར་མཐོང་ནས་དེ་དག་གིས་བུད་མེད་ཁྱོད་ག་ལས་འོངས་ཞེས་སྨྲས་པ་དང་། དགེ་སློང་གིས་འདི་ནི་སྔར་ལྷུང་བ་ཁོ་བོའི་མགུལ་ནས་

འཇུས་སོ་ཞེས་སྨྲས་ནས། དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་ཁྲོན་པར་ལྟོས་ཤིག །དགེ་སློང་ཞིག་བསོད་སྙོམས་སྤྱོད་པ་ལས་སྒོ་ཁང་དོག་པ་ཞིག་ནས་
བྱུང་བ་དང་བུད་མེད་ཅིག་ཀྱང་ནང་དུ་འཇུག་པ་དེའི་མོ་མཚན་གྱིས་དེའི་ཕོ་མཚན་ལ་རེག་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་གྲོང་དུ་བསོད་སྙོམས་སྤྱོད་ཅིག །དགེ་སློང་ཞིག་
གྲུ་ལས་ཀླུང་རྒལ་བ་ན་གྲུ་དེ་ནུབ་པ་དང་། བུད་མེད་ཅིག་ཀྱང་དེ་ན་ཡོད་དེ། དེས་དེའི་མགུལ་ནས་འཇུས་སོ། །དགེ་སློང་རྒལ་བ་དང་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་ཀླུང་རྒོལ་ཅིག །སྐྱེས་
པ་སེར་སྐྱ་ཞེས་བྱ་བ་ཞིག་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་དུ་འཕགས་མ་བདག་རབ་ཏུ་ཕྱུང་ཤིག་ཅེས་སྨྲས་པ་དང་། དེ་དེ་དག་གིས་མ་བརྟགས་པར་རབ་ཏུ་ཕྱུང་སྟེ། དེས་དགེ་སློང་མ་ལ་རེག་པ་དང་། དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཉེས་པ་མེད་དེ། ཤིན་ཏུ་བརྟགས་ལ་རབ་ཏུ་དབྱུང་བར་བྱོས་ཤིག །སྦོམ་མོ་དགའ་ལྡན་མོ་ཡང་རྒྱས་པར་གཞན་གྱི་བུ་བོར་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མས་བུ་དོར་བར་མ་བྱེད་ཅིག །བོར་ན་ཉེས་པ་སྦོམ་པོར་འགྱུར་རོ། སེར་སྐྱ་བཟང་
མོའི་གླེང་གཞི་རྒྱས་པར་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་མོ་ཇི་ཁྱོད་ཀྱིས་དགའ་བ་ཚོར་རམ། བཙུན་པ་བདག་གིས་དགའ་བ་ལྟ་ག་ལ་ཚོར་གྱི་ཇི་ལྟར་ཐོང་ལྕགས་བསྲེགས་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་
ཀྱི་མོ་མཚན་གྱི་ཕྱོགས་ནི་ལས་རྣམ་པར་སྨིན་པ་ལས་སྐྱེས་ཏེ། ནན་གྱིས་བྱས་པ་ལ་ཉེས་པ་མེད་དོ། །དགེ་སློང་མ་བཟང་མོ་སྐྱེས་ཞེས་བྱ་བ་དེ་གཡོན་ཅན་རྣམས་ཀྱིས་བཟུང་ནས་ཁ་བཀབ་སྟེ་ནགས་སྟུག་པོར་ཁྲིད་ནས་སུན་ཕྱུང་སྟེ་སླར་བཏང་བ་ལས་དགེ་སློང་མ་དག་གིས་གནས་

ནས་བསྐྲད་པ་དང་། དེས་སྨྲས་པ། འཕགས་མ་བདག་གིས་ནི་དགའ་བར་མ་ཚོར་རོ། །ཁྱོད་གཡོན་ཅན་གྱིས་བཟུང་སྟེ་ནགས་སྟུག་པོར་ཁྲིད་ནས་སུན་ཕྱུང་སྟེ་སླར་བཏང་བ་ཡིན་ན་ཅིའི་ཕྱིར་དགའ་བར་མ་ཚོར། དེ་ལྟར་གྱུར་པ་དགེ་སློང་མ་རྣམས་ཀྱིས་དགེ་སློང་
ཕ་རྣམས་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཁྱོད་ཀྱིས་དགའ་བར་ཚོར་རམ། བཙུན་པ་བདག་འགྲེས་ལྡོགས་སུག་པ་གཡབས་ན་དགའ་བར་ལྟ་ག་ལ་ཚོར་ཞེས་གསོལ་བ་དང་། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུད་མེད་ཀྱི་མོ་མཚན་གྱི་ཕྱོགས་ནི་ལས་རྣམ་པར་སྨིན་པ་ལས་སྐྱེས་ཏེ། འགྲོ་བ་དང་། ལྡོག་པ་དང་། ལག་པ་གཡོབ་པ་ལ་ནི་ནན་གྱིས་བཟུང་བ་ཞེས་བྱ་སྟེ། ནན་གྱིས་བཟུང་བ་ལ་ནི་ཉེས་པ་མེད་དོ། །དགེ་སློང་མ་
ནོར་ཅན་མོ་ཞེས་བྱ་བ་ཞིག་མཉན་དུ་ཡོད་པར་བསོད་སྙོམས་སྤྱོད་པ་ན་གཡོན་ཅན་རྣམས་ཀྱིས་བཟུང་སྟེ་ནགས་སྟུག་པོར་ཁྲིད་ནས་སུན་ཕྱུང་སྟེ་བཏང་བ་དང་། དེ་དགེ་སློང་མ་དག་གིས་གནས་ནས་བསྐྲད་ནས་འཕགས་མ་བདག་གིས་དགའ་བར་མ་ཚོར་རོ་ཞེས་སྨྲས་པ་དང་།
ཁྱོད་གཡོན་ཅན་རྣམས་ཀྱིས་བཅིངས་ཏེ་ནགས་སྟུག་པོར་ཁྲིད་ནས་སུན་ཕྱུང་སྟེ་བཏང་བ་ཡིན་ན་ཅིའི་ཕྱིར་དགའ་བར་མ་ཚོར། དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཅི་ཁྱོད་ཀྱིས་དགའ་བར་ཚོར་རམ། བཙུན་པ་བདག་གིས་ངུས་ནས་བོས་བགྲོགས་ཏེ་བདག་ལ་མ་འཛིན་ཅིག་ཅེས་སྨྲས་ན་དགའ་བར་ལྟ་ག་ལ་ཚོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་ཀྱི་མོ་མཚན་གྱི་ཕྱོགས་ནི་ལས་རྣམ་པར་སྨིན་པ་ལས་
སྐྱེས་ཏེ། ངུ་བཞིན་པ་ནི་ནན་གྱིས་བཟུང་བ་ཞེས་བྱ། བོས་བགྲོགས་ནས་བདག་ལ་མ་འཛིན་ཅིག་ཅེས་སྨྲ་བ་ནི་ནན་གྱིས་བཟུང་བ་ཞེས་བྱ་སྟེ། ནན་གྱིས་བཟུང་བ་ལ་ཉེས་པ་མེད་དོ། །དགེ་སློང་མ་ཕོ་བྲང་སྐྱོང་ཞེས་བྱ་བ་ཞིག་མཉན་དུ་ཡོད་པར་བསོད་སྙོམས་སྤྱོད་པ་ན་གཡོན་

ཅན་རྣམས་ཀྱིས་བཟུང་སྟེ་ནགས་སྟུག་པོར་ཁྲིད་ནས་སུན་ཕྱུང་སྟེ་བཏང་བ་ལ་དེ་དགེ་སློང་མ་དག་གིས་གནས་ནས་བསྐྲད་པ་དང་། དེས་སྨྲས་པ། བདག་གིས་དགའ་བར་ནི་མ་ཚོར་རོ། །འོ་ན་ཀུན་དགའ་བོའི་དྲུང་དུ་སོང་ཤིག་ཅེས་སྨྲས་ནས།
དེ་དེའི་དྲུང་དུ་སོང་བ་དང་། གནས་བརྟན་གྱིས་ཀྱང་མཐོང་ནས་དེས་གུས་པའི་ཚིག་ཏུ་མ་སྨྲས་པ་དང་། གནས་བརྟན་གྱིས་ཀྱང་བསྐྲད་ནས་དེ་འདི་སྙམ་དུ་བདག་འདི་འདྲ་བར་འཚོ་ཞིང་འདུག་པ་བས་སོང་ལ་བུམ་པ་བྱེ་མས་བཀང་བ་མགུལ་དུ་བཏགས་ཏེ་ཀླུང་ཨ་ཛི་ར་བ་ཏི་ར་
མཆོང་ངོ་སྙམ་དུ་བསམས་ནས། དེས་བུམ་པ་བྱེ་མས་བཀང་བ་མགུལ་དུ་བཏགས་ཏེ་ཀླུང་ཨ་ཛི་ར་བ་ཏི་ར་མཆོངས་པ་དང་། ཐ་གུ་ངན་པ་ཞིག་པས་ཆད་དེ་བྱིང་ཞིང་ནུབ་པ་གཡོན་ཅན་རྣམས་ཀྱིས་མཐོང་ནས། དེ་དག་གིས་ཕྱུང་སྟེ་བཞག་ནས་ནམ་འདུ་ཤེས་སླར་རྙེད་པ་
དང་། དེ་ལ་སུན་འབྱིན་ཏོ། །དགེ་སློང་མ་དག་ཀྱང་ཚོལ་ཞིང་གནས་དེར་ལྷགས་པ་དང་། དེ་དག་གིས་དེ་ལ་སུན་འབྱིན་པར་མཐོང་ནས། དེས་སྨྲས་པ། འདི་སྔོན་ནི་དགེ་སློང་མ་ཡིན་ན་ད་དུང་ཡང་དགེ་སློང་མ་ཡིན་ནམ་ཞེས་སྨྲས་ནས། དེ་ལྟར་གྱུར་པ་
དགེ་སློང་རྣམས་ལ་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཁྱོད་ཀྱིས་དགའ་བར་ཚོར་རམ། བཙུན་པ་འགྲེས་ལྡོགས་སུག་པ་གཡབས་བདག་ལ་མ་འཛིན་ཅིག་ཅེས་སྨྲས་ན་དགའ་བ་ལྟ་ག་ལ་ཚོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགེ་སློང་དག་བུད་མེད་ཀྱི་མོ་མཚན་གྱི་ཕྱོགས་ནི་ལས་རྣམ་པར་སྨིན་པ་ལས་སྐྱེ