Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 012_འདུལ་བ།_ན

Văn bản gốc(Tây Tạng)

Trang 8 / 19 (50.000 ký tự/trang)
ུན་ཏུ་སྤྱོད་པས་རྒྱུ་
བ་རྣམས་གནས་པ་དང་། སྤུན་སོ་སོར་བགོས་པ་རྣམས་སུའོ། །བཙུན་པ་དགེ་སློང་གིས་མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་སླད་རོལ་དུ་འདུ་ཤེས་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་སླད་རོལ་དུ་འདུ་ཤེས་ན་ཅིར་
འགྱུར། ཉེས་བྱས་སོ། །མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ན་ཅིར་འགྱུར། ཉེས་པ་མེད་དོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ན་ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་མཚམས་ཀྱི་ནང་དུ་ཆོས་གོས་
བཞག་སྟེ་མཚམས་ཀྱི་སླད་རོལ་དུ་སྐྱ་རེངས་ཤར་བ་དང་། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་མས་མཚམས་ཀྱི་ནང་དུ་ཆོས་གོས་བཞག་ལ་མཚམས་ཀྱི་སླད་རོལ་དུ་སྐྱ་རེངས་ཤར་བ་དང་མཚན་འཕོས་ཏེ་དགེ་
སློང་དུ་གྱུར་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་སུའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། ཨུ་པཱ་ལི་དགེ་སློང་གིས་དགེ་སློང་དང་། དགེ་ཚུལ་ཕའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་ཚུལ་ཕས་ནི་དགེ་སློང་

དང་། དགེ་ཚུལ་ཕའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློང་མས་ནི་དགེ་སློབ་མ་དང་། དགེ་ཚུལ་མའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློབ་མས་ནི་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་རྣམས་ཀྱི་
མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་ཚུལ་མས་ནི་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་རྣམས་ཀྱི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱ་སྟེ། སླར་དབྱུང་བ་དང་བསྔོ་བ་ཡང་དེ་བཞིན་དུ་བྱའོ། །བཙུན་པ་བསླབ་པ་སྩལ་བས་ཆོས་གོས་མ་
མཆིས་པར་མཚམས་ཀྱི་སླད་རོལ་དུ་སྐྱ་རེངས་ཤར་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །དེ་བཞིན་དུ་དགེ་སློང་མ་ལ་ཡང་སྤང་བའི་ལྟུང་བ་རྒྱས་པར་བརྗོད་དོ། །དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ།། །།མདོར་ན། སེམས་
འཁྲུགས་པ་དང་དུས་ལས་འདས། །རུང་བ་དག་ཀྱང་དེ་བཞིན་ཏེ། །མི་རུང་བ་དང་གདིང་བ་ཡང་། །དེ་བཞིན་རྫོགས་པ་བཞི་དང་མཚན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་རིང་ན་ཡང་ཟླ་བ་
གཅིག་ཏུ་གོས་ཞོག་ཤིག་ཅེས་གསུངས་ན། བཙུན་པ་དགེ་སློང་གིས་གོས་རྙེད་མ་ཐག་ཏུ་སེམས་འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་དེའི་ཟླ་བ་བགྲང་བར་བགྱི། ནམ་རང་གི་སེམས་ཕྱིར་རྙེད་པ་ཚུན་ཆད་དོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་དགེ་སློང་གིས་
རིང་ན་ཟླ་བ་གཅིག་ཏུ་གོས་ཆོངས་ཤིག་ཅེས་གསུངས་ན། བཙུན་པ་དགེ་སློང་གིས་ནམ་འཚོའི་བར་དུ་གོས་བཞག་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཟླ་བ་གཅིག་ཚུན་ཆད་དུས་བྱས་ནའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་
རིང་ན་ཡང་ཟླ་བ་གཅིག་ཏུ་གོས་ཞོག་ཤིག་ཅེས་གསུངས་ན། གོས་ཇི་ལྟ་བུ་ལགས། རུང་བ་བདུན་པོ་ལས་གང་ཡང་རུང་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་མ་བཀག་སྟེ་གནང་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་རིང་ན་ཡང་ཟླ་བ་གཅིག་ཏུ་གོས་

ཞོག་ཤིག་ཅེས་གསུངས་ན། དགེ་སློང་གིས་ཟླ་བ་གཅིག་ལས་ལྷག་པར་བཞག་པའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་གོས་དེ་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། གཉི་ག་མི་རུང་བ་སྟེ། མི་རུང་
བ་ནི་རྔ་མོའི་བལ་དང་། བ་ལང་གི་བལ་དང་། རའི་བལ་དང་། རི་དགས་ཀྱི་བལ་དང་། འདྲེས་པ་དང་། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་ནི་ཟླ་བ་གཅིག་ལས་ལྷག་པར་བཞག་ཀྱང་ཉེས་བྱས་སུ་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་རིང་ན་ཡང་དགེ་སློང་གིས་
གོས་ཟླ་བ་གཅིག་ཞོག་ཤིག་ཅེས་གསུངས་ན། བཙུན་པ་དགེ་སློང་གིས་ཟླ་བ་དྲུག་ཏུ་གོས་བཞག་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། གོས་རྙེད་ནས་ཞག་སུམ་བཅུ་ལོན་པ་དང་དགེ་འདུན་གྱི་གཏན་པ་གདིང་བར་གྱུར་པའོ། །བཙུན་པ་བཅོམ་
ལྡན་འདས་ཀྱིས་ཆོས་གོས་གསུམ་དུ་མ་ལངས་པ་ཟླ་བ་གཅིག་ཏུ་ཞོག་ཤིག་ཅེས་གསུངས་ན། བཙུན་པ་དགེ་སློང་གང་ཆོས་གོས་གསུམ་ལངས་པར་ཡང་གྱུར་ལ་དེས་ཆོས་གོས་གསུམ་དུ་མ་ལངས་པ་ཞིག་རྙེད་ན། དེ་ཡང་རིང་ན་ཟླ་བ་གཅིག་ཏུ་བཞག་པར་བགྱིའམ། ཨུ་
པཱ་ལི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གོས་གསུམ་ཚང་ན་གང་གོས་གཞན་རྙེད་པ་དག་ལངས་ཀྱང་རུང་། མ་ལངས་ཀྱང་རུང་སྟེ། དེ་ཐམས་ཅད་ཀྱང་རིང་ན་ཡང་ཞག་བཅུར་ཞོག་ཤིག །ཆོས་གོས་གསུམ་མ་ལངས་པ་ཞིག་ལ་གལ་ཏེ་ཆོས་གོས་སུ་ལངས་པ་
རྙེད་ན་དེའང་རིང་ན་ཞག་བཅུར་ཞོག་ཤིག །འོན་ཏེ་མ་ལངས་པ་ཞིག་རྙེད་ན་རིང་བའང་ཟླ་བ་གཅིག་ཏུ་གཞག་པར་བྱའོ། །དེ་ལས་འདས་པར་བཞག་ན་སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་ཟླ་བ་གཅིག་ལ་ཟླ་བ་གཅིག་ཏུ་འདུ་ཤེས་ཏེ་སྐྱ་རེངས་ཤར་ན་
ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །ཟླ་བ་གཅིག་ལ་ཟླ་བ་གཅིག་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་པ་མེད་དོ། །ཟླ་བ་གཅིག་མ་ཡིན་པ་ལ་ཟླ་བ་གཅིག་ཏུ་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །ཟླ་བ་གཅིག་མ་ལོན་པ་ལ་ཟླ་བ་གཅིག་

མ་ལོན་པར་འདུ་ཤེས་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་གོས་རྙེད་ནས་ཟླ་བ་གཅིག་ཏུ་བཞག་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཟླ་བ་གཅིག་འདས་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་མས་ཆོས་གོས་རྙེད་ན་
ཟླ་བ་གཅིག་ཏུ་བཞག་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་ཟླ་བ་གཅིག་འདས་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ་བསླབ་པ་སྩལ་བས་རིང་ན་ཟླ་བ་གཅིག་ཏུ་གོས་བཞག་པ་ལས་འདས་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ་དགེ་
སློང་མས་རིང་ན་ཟླ་བ་གཅིག་ཏུ་གོས་བཞག་པ་ལས་འདས་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་ཀྱིས་རིང་ན་ཟླ་བ་གཅིག་འདས་པར་གོས་བཅངས་ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན།
ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་གླེན་པ་དང་། །ཁྱིམ་པ་དག་ལ་སོགས་པ་སྟེ། །བསླབ་པ་བྱིན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་
པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་སྩལ་ན། སྤང་བའི་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་ཕྲིན་
གྱིས་གོས་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁྲུར་བཅུག་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་སྨྱོན་མ་ལ་འཁྲུར་སྩལ་
ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་མ་དང་། ལྐུགས་མ་དང་། འོན་མ་རྣམས་ལ་འཁྲུར་བཅུག་ན་ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་མ་ནིང་མ་ལ་འཁྲུར་སྩལ་ན་ཅིར་འགྱུར།

ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། སོ་སོར་གནས་པ་
དང་། མི་གནས་པ་དང་། སྔར་འཁྲུགས་པ་དང་། སྔར་ཉེས་པ་བྱུང་བ་རྣམས་ལ་འཁྲུར་བཅུག་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་འདུན་གྱི་དབྱེན་མ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ལ་འཁྲུར་སྩལ་ན་ཅིར་འགྱུར།
སྤང་བའི་ལྟུང་བར་འགྱུར་རོ།། །།མདོར་ན། ཐུན་མོང་བཀྲུས་དང་དགེ་འདུན་དང་། །མཚན་གཉིས་དང་ནི་མི་རུང་དང་། །སྤངས་དང་གཞན་དང་གྱོན་པ་དང་། །བདུན་པ་བཞི་པ་དེ་བཞིན་ཏེ། །དགེ་སློང་མ་དང་ཐ་མའོ། །བཙུན་པ་དགེ་སློང་གིས་གོས་ཐུན་མོང་
བ་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཀྲུས་པ་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་འདུན་གྱི་གོས་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་སྟེ་གང་ཟག་གིས་སྤྱད་པར་འགྱུར་བ་ཞིག་ཡོངས་སུ་སྤྱད་དེ་དྲི་མ་ཅན་ཡང་
ཉེས་བྱས་སུ་འགྱུར་རོ། །འོན་ཏེ་མལ་སྟན་གྱི་དངོས་པོ་འཁྲུར་བཅུག་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་སྩལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མ་ལ་
གཉེན་མ་ལགས་པའི་དགེ་སློང་གིས་གོས་འཁྲུར་སྩལ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་གོས་འཁྲུར་སྩལ་བ་ན་དགེ་སློང་མ་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་བཀྲུས་ན་
ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ལ་ཡང་བྱའོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་སྩལ་ན་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་གོས་དེ་ཡང་རྒྱུ་རུང་བར་གྱུར་ལ་

སྤུན་མི་རུང་བ་དང་། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བར་གྱུར་པ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི་རྔ་མོའི་བལ་དང་། རའི་བལ་དང་། བ་ལང་གི་བལ་དང་། རི་དགས་ཀྱི་བལ་དང་། འདྲེས་པ་དང་། ཐགས་སུ་མ་བཏགས་པ་དེ་ལྟ་
བུའི་གོས་རྣམས་འཁྲུར་བཅུག་ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་གོས་སྤངས་པ་ཞིག་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་སྟེ་སྤངས་པ་མ་ཡིན་པ་ཞིག་འཁྲུར་བཅུག་ན་སྤང་བའི་ལྟུང་བར་འགྱུར་རོ། །འོན་ཏེ་སྤངས་པ་ཞིག་འཁྲུར་བཅུག་ན་ཉེས་
བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་གཞན་གྱི་གོས་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གོས་རུང་བ་དང་གྲོང་དུ་ཞུགས་པ་ལས་གོས་དེ་ལུས་ལས་མ་བྲལ་བཞིན་དུ་སྤང་བར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་
ཡང་དགེ་སློང་དེས་ཁྱིམ་གྱི་ནང་ཞུགས་པ་དང་། གོས་ལ་བཤང་བ་དང་། གཅི་བའམ། གཞན་ཡང་མི་གཙང་བས་རེག་པར་གྱུར་པ་དང་། དེས་གཉེན་མ་ཡིན་པའི་དགེ་སློང་མ་ལ་འཁྲུར་བཅུག་ན་སྤང་བའི་ལྟུང་བར་འགྱུར་རོ། །བསྙེན་པར་མ་རྫོགས་པར་འཁྲུར་བཅུག་
ནས་བསྙེན་པར་མ་རྫོགས་པར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཁྲུར་སྩལ་ནས་བསྙེན་པར་རྫོགས་ཀར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཁྲུར་སྩལ་ནས་བསྙེན་པར་རྫོགས་ནས་ལགས་ན་ཅིར་འགྱུར།
ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཁྲུར་སྩལ་ནས་བསྙེན་པར་རྫོགས་ཀར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་འཁྲུར་སྩལ་ནས་བསྙེན་པར་རྫོགས་པ་དང་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པས་འཁྲུར་
སྩལ་ནས་བསྙེན་པར་རྫོགས་ནས་ལགས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པས་འཁྲུར་སྩལ་ནས་བསྙེན་པར་མ་རྫོགས་པར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་

ཤེས་ཏེ་གོས་རྙིང་པ་འཁྲུར་སྩལ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་
མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གཉེན་མ་ལགས་པར་འདུ་ཤེས་ཏེ་གོས་རྙིང་པ་འཁྲུར་སྩལ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་གཉེན་
ཡིན་པར་འདུ་ཤེས་ན་ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །གཉེན་ལ་གཉེན་དུ་འདུ་ཤེས་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་སྩལ་ན་ཅིར་འགྱུར། སྤང་
བར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་མ་དང་། ཁྱིམ་པ་མོ་དང་། མུ་སྟེགས་ཅན་གཞན་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་རྣམས་ལ་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་ལ་
འཁྲུར་བཅུག་ནའང་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མས་དགེ་སློང་དང་། དགེ་ཚུལ་དང་། མུ་སྟེགས་ཅན་གཞན་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་རྣམས་དང་། འགྲོ་བ་གཞན་དང་གཞན་དུ་གནས་པ་ལ་འཁྲུར་སྩལ་ན་ཅིར་འགྱུར།
ཉེས་བྱས་སུ་འགྱུར་རོ། །ཁྱིམ་པ་དང་ཁྱིམ་པ་མོ་ལ་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་མ་ལ་ཉེས་བྱས་སོ། །བཙོ་བ་དང་། བརྡུང་བ་རྣམས་ལ་ཡང་དེ་བཞིན་དུ་རྒྱས་པར་བྱའོ།། །།མདོར་ན། སྨྱོན་པར་
གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་གླེན་པ་དང་། །མ་ནིང་མ་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་གཉེན་

མ་ལགས་པའི་དགེ་སློང་མ་ལས་གོས་བསླངས་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་དགེ་སློང་མ་སྨྱོན་མ་ལས་གོས་ཤིག་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་
དང་། ལྐུགས་པ་དང་། གླེན་པ་དང་། འོན་པ་དང་། མ་ནིང་མོ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་
སོང་བ་དང་། རྐུན་གནས་དང་། སྔར་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་མོ་རྣམས་ལས་གོས་བསླངས་ན་ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་དགེ་འདུན་གྱི་དབྱེན་བགྱིད་པ་དང་། སོ་སོར་གནས་པ་དང་། ཉེ་
བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ལས་གོས་ཤིག་བསླངས་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་མར་གྱུར་དང་སེམས་འཁྲུགས་དང་། །
ན་བ་འོན་མ་གླེན་མ་དང་། །གཉིད་ལོག་ར་རོ་མྱོས་མ་དང་། །སྙོམས་ཞུགས་འགྲོ་བ་མ་ནིང་མའོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལས་ཕྲིན་གྱིས་གོས་བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་།
ལག་བརྡ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་ནི་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་སྨྱོན་མ་ལ་གོས་བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་སྨྱོན་མ་ལ་སོགས་
པ་ལས་གོས་བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་དགེ་འདུན་གྱི་དབྱེན་བགྱིས་པ་དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ལས་གོས་བསླངས་ཏེ་གོས་

ཐོབ་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ།། །།མདོར་ན། མི་རུང་བ་དང་བཞི་པ་གཉིས། །བདུན་པ་དང་ཡང་མཚན་དེ་བཞིན། །དགེ་སློང་དགེ་སློང་མ་དེ་བཞིན། །སྡེར་འགྱུར་བ་ནི་བསྡུས་པའོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལས་
གོས་བསླངས་ཀྱང་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་གོས་དེ་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི་བ་ལང་གི་བལ་དང་། རྔ་མོའི་བལ་དང་། རའི་བལ་
དང་། རི་དགས་ཀྱི་བལ་དང་། འདྲེས་པ་དང་། ཐགས་སུ་མ་བཏགས་པའི་གོས་དེ་འདྲ་བ་ཞིག་བསླངས་ན་ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལས་གཉེན་མ་ལགས་པར་འདུ་ཤེས་ཏེ་གོས་བསླངས་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་
རོ། །གཉེན་མ་ཡིན་པ་ལ་གཉེན་མ་ཡིན་པར་འདུ་ཤེས་ན་ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །གཉེན་ལ་གཉེན་དུ་འདུ་ཤེས་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་བསྙེན་པར་རྫོགས་པའི་དགེ་སློང་མ་ལ་བསྙེན་པར་མ་རྫོགས་
པར་འདུ་ཤེས་ཏེ། བསླངས་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བསྙེན་པར་རྫོགས་མ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཉེས་བྱས་སོ། །བསྙེན་པར་མ་རྫོགས་མ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་
བསྙེན་པར་མ་རྫོགས་མར་འདུ་ཤེས་ན་ཉེས་བྱས་སོ། །བཙུན་པ་བསྙེན་པར་མ་རྫོགས་པས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་བསླངས་ནས་བསྙེན་པར་མ་རྫོགས་པར་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པས་བསླངས་ནས་བསྙེན་
པར་རྫོགས་ཀར་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ནས་བསྙེན་པར་རྫོགས་ཏེ་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ནས་བསྙེན་པར་རྫོགས་ཀར་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །

བསྙེན་པར་རྫོགས་ཀར་བསླངས་ནས་བསྙེན་པར་རྫོགས་ཏེ་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་བསླངས་ནས་བསྙེན་པར་རྫོགས་ཏེ་བསླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་ཏེ་བསླངས་ནས་བསྙེན་པར་
མ་རྫོགས་པར་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལས་གོས་ལེན་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་ཕ་ལས་གོས་
ལེན་པ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ནས་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་ཕ་ལས་གོས་ལེན་པ་ན་དགེ་སློང་མ་དེ་ཡང་མཚན་འཕོས་ཏེ་དགེ་སློང་ཕ་ལས་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་
པ་དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་ལས་གོས་ལེན་པ་ན་དགེ་སློང་དེ་ཡང་མཚན་འཕོས་ཏེ་དགེ་སློང་མ་ལས་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་མ་ལས་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་མས་དགེ་
སློང་དང་། དགེ་ཚུལ་ཕ་ལས་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློབ་མ་དང་། དགེ་ཚུལ་མ་ལས་བསླངས་ནའང་ཉེས་བྱས་སུ་འགྱུར་རོ། །དགེ་ཚུལ་ཕས་དགེ་སློང་མ་དང་། དགེ་ཚུལ་མ་དང་། དགེ་སློབ་མ་ལས་བསླངས་ན་ཡང་ཉེས་
བྱས་སུ་འགྱུར་རོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་གླེན་པ་དང་། །གཉིད་ལོག་པ་དང་ར་རོ་བ། །མྱོས་པ་འགྲོ་བ་ཕྱི་རོལ་པའོ། །བཙུན་པ་
བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་གཉེན་མ་ལགས་པའི་ཁྱིམ་བདག་གམ་ཁྱིམ་བདག་གིས་མཆིས་འབྲང་ལས་གོས་བསླངས་ན་སྤང་བར་འགྱུར་རོ་ཞེས་གསུངས་ན། དགེ་སློང་གིས་ཁྱིམ་བདག་གམ་ཁྱིམ་བདག་གི་མཆིས་འབྲང་ལ་གོས་བསླངས་ཀྱང་སྤང་བའི་ལྟུང་

བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་ཕྲིན་གྱིས་བསླངས་ན་ཉེས་བྱས་སུ་འགྱུར་ཏེ། ཐོབ་ན་ཡང་ཉེས་བྱས་སུ་ཟད་དོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་
བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་ཁྱིམ་བདག་སྨྱོན་པ་ལས་བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། འོན་པ་དང་། གླེན་པ་དང་། ལྐུགས་པ་དང་། གཉིད་ལོག་པ་དང་།
ར་རོ་བ་དང་། མྱོས་པ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ལ་བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །འདི་ལས་ཕྱི་རོལ་གྱི་མུ་སྟེགས་ཅན་གཞན་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་རྣམས་ལས་བསླངས་ཏེ་གོས་ཐོབ་
ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན། མི་རུང་བཞི་པ་གཉིས་པ་དང་། །བདུན་པ་མཚན་ཀྱང་དེ་བཞིན་ཏེ། །ཉུང་རུམ་དེ་བཞིན་མ་ནིང་མོ། །མ་ནིང་དགེ་སློང་དེ་བཞིན་ནོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་གི་མཆིས་འབྲང་
ལ་གོས་བསླངས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། གཉི་ག་མི་རུང་བ་སྟེ། མི་རུང་བ་ནི་རྔ་མོའི་བལ་དང་། རའི་བལ་དང་། བ་
ལང་གི་བལ་དང་། རི་དགས་ཀྱི་བལ་དང་། འདྲེས་པ་དང་། ཐགས་སུ་མ་བཏགས་པ་དེ་འདྲ་བའི་གོས་ཤིག་བསླངས་ཏེ་གོས་རྙེད་ན་ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པ་ལ་གཉེན་མ་ལགས་པར་འདུ་ཤེས་ནས་གོས་བསླངས་ཏེ་གོས་ཐོབ་
ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་གཉེན་དུ་འདུ་ཤེས་ན་ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །གཉེན་ལ་གཉེན་དུ་འདུ་ཤེས་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་

མི་ལ་མིར་འདུ་ཤེས་ཏེ་གོས་བསླངས་པ་ལས་གོས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན་ཡང་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་
ཤེས་ན་ཡང་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་མ་རྫོགས་པར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་རྫོགས་ཀར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་
པར་བསླངས་ནས་བསྙེན་པར་རྫོགས་ཏེ་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ཏེ་བསྙེན་པར་རྫོགས་ཀར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ཏེ་བསྙེན་པར་རྫོགས་ནས་ཐོབ་ན་ཅིར་འགྱུར། ཉེས་
བྱས་སོ། །བསྙེན་པར་རྫོགས་ཏེ་བསླངས་ནས་བསྙེན་པར་རྫོགས་ཏེ་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་ནས་བསླངས་ཏེ་བསྙེན་པར་མ་རྫོགས་པར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་
པའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་འབྲང་ལས་གོས་བསླངས་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་མས་གཉེན་མ་ལགས་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་
འབྲང་ལས་གོས་བསླངས་པ་ན་མཚན་འཕོས་ནས་དགེ་སློང་ཕར་གྱུར་ཏེ་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་ཁྱིམ་བདག་ལ་གོས་བསླངས་པ་ལས་ཁྱིམ་བདག་དེ་ཡང་མཚན་འཕོས་ཏེ་བུད་མེད་ལས་བསླངས་ན་ཅིར་འགྱུར། སྤང་བར་འགྱུར་
རོ། །བཙུན་པ་དགེ་སློང་གིས་ཁྱིམ་བདག་གི་མཆིས་འབྲང་ལ་བསླངས་པ་ན་ཁྱིམ་བདག་གི་མཆིས་འབྲང་དེ་ཡང་མཚན་འཕོས་ཏེ་སྐྱེས་པ་ལས་བསླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །དེ་བཞིན་དུ་དགེ་སློང་མ་ལ་ཡང་བརྗོད་པར་བྱའོ། །བཙུན་པ་དགེ་སློང་གིས་

ཉུང་རུམ་ལས་གོས་བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང་། མ་ནིང་མོ་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་
མཆིས་འབྲང་ལས་གོས་བསླངས་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་དགེ་སློང་མ་ལ་བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་སློང་དང་། དགེ་ཚུལ་མ་རྣམས་ལ་
བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་འབྲང་ལ་བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་
དང་། དགེ་ཚུལ་ཕ་རྣམས་ལ་བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློབ་མ་དང་། དགེ་ཚུལ་ཕ་རྣམས་ལའང་ཉེས་བྱས་ཏེ་རྒྱས་པར་བརྗོད་པར་བྱའོ། །བསླངས་པ་ལ་ཇི་ལྟ་བ་བཞིན་དུ་སྟོད་གཡོགས་དང་། མཐང་གོས་ལ་ཐ་དད་ཅི་
ཡོད་ཅེ་ན། སྟོད་གཡོགས་དང་མཐང་གོས་ལ་གཉིས་ཏེ། དགེ་སློང་གི་སྟོད་གཡོགས་དང་། མཐང་གོས་དང་། ཁྱིམ་པའི་སྟོད་གཡོགས་དང་། མཐང་གོས་སོ། །དགེ་སློང་གིས་ཁྱིམ་པའི་སྟོད་གཡོགས་དང་། །མཐང་གོས་ཐོབ་ནས་ཁྱིམ་པའི་མཐང་གོས་
དང་། སྟོད་གཡོགས་བསླངས་པ་ལས་དེ་སྟེ་མཆོག་པར་གྱུར་ན་མ་སློངས་ཤིག །འོན་ཏེ་ལྷག་ནའང་མ་སྦྱིན་ཞིག །དགེ་སློང་གིས་ཁྱིམ་བདག་གི་སྟོད་གཡོགས་དང་། མཐང་གོས་མ་ཆོག་གམ། ལྷག་ནས་བསླངས་ན་དེ་ནི་ཉེས་བྱས་སུ་འགྱུར་རོ། །ཐོབ་ན་སྤང་བའི་
ལྟུང་བའོ། །དགེ་སློང་གིས་དགེ་སློང་གི་སྟོད་གཡོགས་དང་། མཐང་གོས་ཐོབ་ནས་སྟོད་གཡོགས་དང་མཐང་གོས་བསླངས་པ་ལས་དེ་སྟེ་མ་ཆོག་པར་གྱུར་ན་བསླང་བར་བྱའོ། །འོན་ཏེ་ལྷག་པར་གྱུར་ན་ཕྱིར་སྦྱིན་པར་བྱའོ། །དགེ་སློང་གིས་མཐང་གོས་དང་། སྟོད་

གཡོགས་ལྷག་པ་ཕྱིར་མ་བྱིན་ནམ་ལྷག་པར་བསླངས་ན་དེས་བསླངས་པ་ནི་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བའོ། །དེ་ལ་ཁྱིམ་བདག་གི་མཐང་གོས་དང་། སྟོད་གཡོགས་མཆོག་པའམ། ལྷག་པར་བསླངས་སམ། དགེ་སློང་གིས་མཐང་གོས་དང་། སྟོད་གཡོགས་
ལྷག་པ་ཕྱིར་མ་བྱིན་ནམ། ལྷག་པར་བསླངས་ན་སྤང་བར་འགྱུར་རོ། །ལྷག་མ་རྣམས་ནི་ཇི་ལྟར་བསླབ་པའི་གནས་ཀྱི་གཞུང་སྔ་མའི་རིམ་པ་དེ་བཞིན་དུ་བསླབ་པའི་གནས་འདི་ལ་ཡང་བྱའོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་
ནས་གཅིག །སྨྱོན་པ་སེམས་འཁྲུགས་ནད་པ་དང་། །གཉིད་ལོག་ར་རོ་མྱོས་པ་དང་། །སྙོམས་ཞུགས་འགྲོ་བ་ཕྱི་རོལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་གཉེན་མ་ལགས་
པའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་འབྲང་གིས་གོས་ཀྱི་རིན་ཞིག་བཞག་པར་གྱུར་པ་དང་། དེ་ལ་སྔར་མ་སྩལ་བར་དགེ་སློང་དེས་གོས་སྒྲུབ་པའི་ཕྱིར་རྟོག་པ་ཅུང་ཟད་ཅིག་སྐྱེས་ནས་མངོན་པར་གྲུབ་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་
དགེ་སློང་གིས་རྣམ་པར་རྟོག་པ་བསྐྱེད་ནས་ཕྲིན་གྱིས་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་སྨྱོན་པ་
ལ་རྣམ་པར་རྟོག་པ་ལ་བསྐྱེད་ནས་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། གཉིད་ལོག་པ་དང་། ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འདི་
ལས་ཕྱི་རོལ་མུ་སྟེགས་ཅན་གཞན་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་རྣམས་ལ་རྟོག་པ་སྐྱེས་ཏེ་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན། མི་རུང་བ་དང་བཞི་པ་གཉིས། །བདུན་པ་དང་ནི་མཚན་དེ་བཞིན། །ཉུང་རུམ་མ་ནིང་

དེ་བཞིན་ཏེ། །མ་ནིང་དགེ་སློང་དེ་བཞིན་ནོ། །བཙུན་པ་ཁྱིམ་བདག་གམ་ཁྱིམ་བདག་གི་མཆིས་འབྲང་ལ་རྟོག་པ་སྐྱེས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དོ། །ཇི་ལྟར་ཡང་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བར་གྱུར་པ་དང་། རྒྱུ་མི་རུང་བར་གྱུར་ལ་སྤུན་
རུང་བ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི་རྔ་མོའི་བལ་དང་། རའི་བལ་དང་། བ་ལང་གི་བལ་དང་། རི་དགས་ཀྱི་བལ་དང་། འདྲེས་པ་དང་། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་ཀྱི་ཕྱིར་རྟོག་པ་སྐྱེས་ཏེ་གོས་ཐོབ་ན་ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་
མ་ལགས་པ་ལ་གཉེན་མ་ལགས་པར་འདུ་ཤེས་ཏེ་རྟོག་པ་སྐྱེས་ནས་གོས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་གཉེན་དུ་འདུ་ཤེས་ན་ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སོ། །གཉེན་ལ་གཉེན་དུ་འདུ་ཤེས་ན་ཉེས་
པ་མེད་དོ། །བཙུན་པ་དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་རྟོག་པ་སྐྱེས་ཏེ་གོས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་
པ་ལ་མི་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བསྙེན་པར་མ་རྫོགས་པར་རྟོག་པ་སྐྱེས་ཏེ་བསྙེན་པར་མ་རྫོགས་པར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་རྟོག་པ་བསྐྱེད་ནས་བསྙེན་པར་རྫོགས་ཀར་ཐོབ་ན་ཅིར་འགྱུར། ཉེས་བྱས་
སོ། །བསྙེན་པར་མ་རྫོགས་པ་ན་རྟོག་པ་བསྐྱེད་ནས་བསྙེན་པར་རྫོགས་ནས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྣམ་པར་རྟོག་པ་བསྐྱེད་ནས་བསྙེན་པར་རྫོགས་ཀར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་རྣམ་པར་རྟོག་པ་བསྐྱེད་
ནས་བསྙེན་པར་རྫོགས་ནས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་ནས་རྣམ་པར་རྟོག་པ་བསྐྱེད་ནས་བསྙེན་པར་མ་རྫོགས་པར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་

འབྲང་ལ་རྣམ་པར་རྟོག་པ་བསྐྱེད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་མས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་འབྲང་ལ་རྣམ་པར་རྟོག་པ་བསྐྱེད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་ཐོབ་ན་ཅིར་
འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་ལ་རྣམ་པར་རྟོག་པ་བསྐྱེད་པ་ན་ཁྱིམ་བདག་དེ་ཡང་མཚན་འཕོས་ཏེ་བུད་མེད་དུ་གྱུར་པ་ལས་བླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་
གི་མཆིས་འབྲང་ལ་རྣམ་པར་རྟོག་པ་བསྐྱེད་པ་ན་ཁྱིམ་བདག་གི་མཆིས་འབྲང་དེ་ཡང་མཚན་འཕོས་ཏེ་སྐྱེས་པར་གྱུར་པ་ལས་བླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བཙུན་པ་དགེ་སློང་གིས་ཉུང་རུམ་ལ་རྣམ་པར་རྟོག་པ་བསྐྱེད་ནས་
གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང་། མ་ནིང་མ་ལ་ཡང་ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གོས་མ་གཏོགས་པར་ཡོ་བྱད་གཞན་གྱི་ཕྱིར་རྣམ་པར་རྟོག་པ་བསྐྱེད་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་དང་། དགེ་སློང་མ་དང་།
དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ཀྱི་སླད་དུ་རྣམ་པར་རྟོག་པ་བསྐྱེད་ན་ཅིར་འགྱུར། ཉེས་བྱས་སོ། །ཇི་ལྟར་དགེ་སློང་གིས་རྣམ་པར་རྟོག་པ་བསྐྱེད་ན་སྤང་བའི་ལྟུང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་ཡང་སྤང་བའི་ལྟུང་བར་འགྱུར་
རོ། །དགེ་ཚུལ་ཕ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སུ་རྒྱས་པར་བྱའོ། །ཇི་ལྟར་བསླབ་པའི་གནས་ཀྱི་གཞུང་འདི་བཞིན་དུ་བསླབ་པའི་གནས་གཉིས་པ་ཡང་རྒྱས་པར་བྱའོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་
གཅིག །སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་གླེན་པ་གཉིད་ལོག་དང་། །ར་རོ་བ་དང་མྱོས་པ་དང་། །སྙོམས་ཞུགས་འགྲོ་བ་ཕྱི་རོལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལན་བཞི་ལན་ལྔ་ལན་དྲུག་ཏུ་

བསླངས་པའི་འོག་ཏུ་མ་སྨྲ་བར་གནས་སུ་འདུག་ཤིག །དེ་སྟེ་དགེ་སློང་དེས་གོས་མངོན་དུ་གྲུབ་ན་ནི་ལེགས་སོ། །དེ་སྟེ་མངོན་དུ་མ་གྲུབ་ན་དེ་ལས་ལྷག་པར་སྩལ་ཏེ་གོས་དེ་མངོན་དུ་འགྲུབ་པའི་ཕྱིར་དེ་ལས་ལྷག་པར་སྩལ་ནས་གོས་མངོན་དུ་གྲུབ་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་གསུངས་ན།
བཙུན་པ་དགེ་སློང་གིས་ལན་བཞི་ལན་ལྔ་ལན་དྲུག་ཕན་ཆད་ལས་འདས་པར་གོས་བསྒྲུབ་པའི་སླད་དུ་སྩལ་ཀྱང་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་ཕྲིན་གྱིས་ལན་བཞི་ལན་ལྔ་ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་གོས་འགྲུབ་པའི་ཕྱིར་
བླངས་ཏེ་གོས་མངོན་དུ་གྲུབ་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་སྨྱོན་པ་ལ་ལན་བཞི་ལན་ལྔ་ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་གོས་
བསྒྲུབ་པའི་ཕྱིར་བསླངས་ཏེ་གོས་མངོན་དུ་གྲུབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། འོན་པ་དང་། ལྐུགས་པ་རྣམས་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་གཉིད་ལོག་པ་ལན་
བཞི་ལན་ལྔ་ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་གོས་བསྒྲུབ་པའི་ཕྱིར་བསླངས་ནས་གོས་མངོན་དུ་གྲུབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་དང་། འདི་ལས་ཕྱིའི་མུ་སྟེགས་ཅན་
གཞན་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་རྣམས་ལ་ལན་བཞི་ལན་ལྔ་ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་གོས་བསྒྲུབ་པའི་ཕྱིར་བསླངས་ཏེ་གོས་མངོན་དུ་གྲུབ་ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན། མི་རུང་བ་དང་བཞི་པ་དང་། །བདུན་པ་མཚན་ཀྱང་དེ་
བཞིན་ཏེ། །ཉུང་རུམ་དང་ནི་མ་ནིང་མ། །མ་ནིང་ཐ་མར་གྱུར་པའོ། །བཙུན་པ་དགེ་སློང་གིས་ཆོས་གོས་བསྒྲུབ་པའི་སླད་དུ་ལན་བཞི་ལན་ལྔ་ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་བསླངས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་གོས་དེ་རྒྱུ་རུང་བར་

གྱུར་ལ་སྤུན་མི་རུང་བ་དང་། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བར་གྱུར་པ་དང་། གཉིས་ཀ་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི་རྔ་མོའི་བལ་དང་། བ་ལང་གི་བལ་དང་། རའི་བལ་དང་། རི་དགས་ཀྱི་བལ་དང་། འདྲེས་པ་དང་། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་ཀྱི་ཕྱིར་ལན་
བཞི་ལན་ལྔ་ལན་དྲུག་ལས་ལྷག་པར་བསླངས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ལྷག་པར་བསླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན་ཉེས་
བྱས་སོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་མ་རྫོགས་པར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་རྫོགས་ཀར་ཐོབ་ན་ཅིར་
འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་རྫོགས་ནས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ནས་བསྙེན་པར་རྫོགས་ཀར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ནས་བསྙེན་པར་རྫོགས་ཏེ་ཐོབ་ན་
ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བསླངས་ནས་བསྙེན་པར་རྫོགས་པ་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བསླངས་ནས་བསྙེན་པར་མ་རྫོགས་པ་ན་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ལན་བཞི་ལན་ལྔ་ལན་དྲུག་ཏུ་
བསླངས་པ་ལས་དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་མས་ལྷག་པར་བསླངས་པ་དང་། དེའི་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་ཁྱིམ་
བདག་ལ་ལྷག་པར་བསླངས་པ་དང་། ཁྱིམ་བདག་དེ་ཡང་མཚན་འཕོས་ཏེ་བུད་མེད་དུ་གྱུར་པ་ལས་བསླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་ཁྱིམ་བདག་གི་མཆིས་འབྲང་ལ་ལྷག་པར་བསླངས་པ་དང་། ཁྱིམ་བདག་གི་མཆིས་འབྲང་དེ་ཡང་

མཚན་འཕོས་ཏེ་སྐྱེས་པ་ལས་བསླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བཙུན་པ་དགེ་སློང་གིས་གོས་བསྒྲུབ་པའི་སླད་དུ་ཉུང་རུམ་ལ་ལན་བཞི་ལན་ལྔ་ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་གོས་བསྒྲུབ་པའི་ཕྱིར་བསླངས་ཏེ་
གོས་མངོན་དུ་གྲུབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང་། མ་ནིང་མ་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་ཀྱི་སླད་དུ་ལྷག་པར་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་
སློང་གིས་དེ་ལས་གཞན་པའི་ཡོ་བྱད་རྣམས་ཀྱི་སླད་དུ་ལྷག་པར་བསླངས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བསླབ་པ་སྩལ་བས་ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་བསླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མས་བསླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློབ་
མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་འགྱུར་རོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་དང་འོན་པ་གླེན་པའོ། །བཙུན་པ་དགེ་སློང་གིས་ཕྲིན་གྱིས་སྲིན་བལ་གྱི་
གདིང་བ་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། འོན་པ་དང་། ལྐུགས་པ་དང་། དམུས་ལོང་དང་། གླེན་པ་རྣམས་ཏེ་
ཐམས་ཅད་ཀྱང་ཉེས་བྱས་སོ། །ཇི་ལྟར་དགེ་སློང་གིས་སྲིན་བལ་ལས་གདིང་བ་བྱེད་དུ་བཅུག་ན་སྤང་བའི་ལྟུང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ལ་ཉེས་
བྱས་སོ། །ཇི་ལྟར་བསླབ་པའི་གནས་ཀྱི་ལེའུ་འདིར་ཇི་ལྟ་བ་བཞིན་དུ་བལ་རང་བཞིན་གྱིས་གནག་པ་ལ་ཡང་རྒྱས་པར་རོ། །དེ་ལ་ཐ་དད་དུ་བྱ་བ་གང་ཞེ་ན། བཞི་སྟེ། རང་བཞིན་གྱིས་གནག་པ་ལ་རང་བཞིན་གྱིས་གནག་པར་འདུ་ཤེས་པ་དག་ནི་བཞིར་བྱའོ། །

དེ་བཞིན་དུ་བསླབ་པའི་གནས་གཉིས་པོར་ཡང་ཐམས་ཅད་སྨྲ་བར་བྱའོ། །དེ་ལ་ཐ་དད་དུ་བྱ་བ་གང་ཞེ་ན། དགེ་སློང་གིས་བལ་དཀར་པོ་དང་ངན་པ་ཉུང་བར་འདུ་ཤེས་ཏེ་བསྲེས་པ་ནི་བཞིར་བྱའོ།། །།མདོར་ན། གཞན་གྱིས་གཞན་གྱི་མ་ཟིན་དང་། །
བླངས་དང་མུ་སྟེགས་འགྲོ་བ་གཞན། །མི་རུང་མཚན་དང་བཞི་པ་དང་། །བདེ་བར་གཤེགས་ཀྱི་བདུན་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་གདིང་བ་བགྱིད་དུ་སྩལ་
ན་སྤང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་གཞན་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །གཞན་གྱི་སླད་དུ་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཞན་གྱིས་མ་ལགས་པ་ལགས་པར་བགྱིས་ན་ཅིར་འགྱུར།
ཉེས་བྱས་སོ། །ཁྱིམ་པ་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་ཚུལ་ཕ་དང་། བསླབ་པ་བྱིན་པ་དང་། སྔར་འཁྲུགས་པ་དང་། སྔར་ཉེས་པ་བྱུང་བ་དང་། རྐུན་གནས་དང་། སོ་སོར་གནས་པ་དང་། མི་གནས་པ་རྣམས་ལ་བྱེད་དུ་བཅུག་ན་ཐམས་ཅད་
ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་འདི་ལས་སླད་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་རྣམས་ལ་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་འགྲོ་བ་གཞན་དུ་གནས་པ་རྣམས་བགྱིད་དུ་སྩལ་ན་
ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་གདིང་བ་བགྱིས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་གདིང་བ་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་
བ་ནི་རྔ་མོའི་བལ་དང་། བ་ལང་གི་བལ་དང་། རའི་བལ་དང་། རི་དགས་ཀྱི་བལ་དང་འདྲེས་པར་བྱས་པ་དང་། ཐགས་སུ་མ་བཏགས་པ་རྣམས་ནི་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་གདིང་བ་བགྱིད་པ་ལས་མཚན་འཕོས་ནས་དགེ་སློང་མར་གྱུར་ཏེ་ལགས་ན་ཅིར་

འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་ལོ་དྲུག་ཚུན་ཆད་དུ་གདིང་བ་བགྱིད་པ་ལས་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་ལགས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་ལོ་དྲུག་ལས་འདས་པ་ལ་འདས་པར་འདུ་ཤེས་ཏེ་གདིང་བ་བགྱིད་དུ་སྩལ་ན་ཅིར་འགྱུར།
ཉེས་པ་མེད་དོ། །འདས་པ་ལ་མ་འདས་པར་འདུ་ཤེས་ཏེ་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །མ་འདས་པ་ལ་འདས་པར་འདུ་ཤེས་ན་ཉེས་པ་མེད་དོ། །མ་འདས་པ་ལ་མ་འདས་པར་འདུ་ཤེས་ཏེ་བྱེད་དུ་བཅུག་ན་སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་བདེ་བར་
གཤེགས་པའི་ཆོས་གོས་ཀྱི་ཚད་དུ་གདིང་བ་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བསྙེན་པར་མ་རྫོགས་པས་ལོ་དྲུག་ཚུན་ཆད་དུ་བརྩམས་ཏེ་བསྙེན་པར་མ་རྫོགས་པར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བདུན་བརྒྱུད་དུ་ཡང་རྒྱས་པར་བྱའོ།། །།མདོར་ན། ཕྲིན་པ་སྤྲིང་
ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ནད་པ་འོན་པ་གླེན་པའོ། །བཙུན་པ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་ཕྲིན་པ་ལས་གདིང་བ་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་།
གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཐམས་ཅད་ལ་ཡང་ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་གདིང་བ་བྱེད་དུ་བཅུག་ན་སྤང་
བའི་ལྟུང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་མ་ལ་ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ལ་ཡང་ཉེས་བྱས་སུ་འགྱུར་རོ།། །།མདོར་ན། གཞན་གྱིས་གཞན་གྱི་མ་ཟིན་དང་། །ཁྱིམ་པ་མུ་སྟེགས་འགྲོ་
བ་དང་། །མི་རུང་བ་དང་དེ་བཞིན་མཚན། །བཞི་པ་བདུན་པ་དེ་ལྟར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གདིང་བ་སར་པ་ཁ་དོག་ངན་པར་བགྱི་བའི་སླད་དུ་གཡོགས་མ་རྙིང་པ་ལས་བདེ་བར་

གཤེགས་པའི་མཐོ་གང་གིས་མ་གླན་པར་གཡོགས་མ་བགྱིས་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་ལས་སོར་གཅིག་གམ་སོར་ཕྱེད་ཕྲི་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་
སློང་གིས་གཞན་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །གཞན་གྱི་སླད་དུ་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །གཞན་གྱིས་མ་ལགས་པ་ལགས་པར་བགྱིད་ན་ཅིར་འགྱུར། ཉེས་བྱས་སོ། །ཁྱིམ་པ་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བསླབ་པ་བྱིན་པ་དང་། སྔར་
འཁྲུགས་པ་དང་། སྔོན་ཉེས་པ་བྱུང་བ་དང་། རྐུན་གནས་རྣམས་བྱེད་དུ་བཅུག་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་འདི་ལས་སླད་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་རྣམས་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་
བྱས་སོ། །འགྲོ་བ་གཞན་དུ་གནས་པ་ཞིག་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་ལས་སོར་གཅིག་གམ། སོར་ཕྱེད་ཕྲི་ནས་གཡོགས་མ་བགྱིས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་
གཡོགས་མ་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། གཉི་ག་མི་རུང་བ་སྟེ། མི་རུང་བ་ནི་རྔ་མོའི་བལ་དང་། བ་ལང་གི་བལ་དང་། རའི་བལ་དང་། རི་དགས་ཀྱི་བལ་དང་། འདྲེས་པ་དང་། ཐགས་སུ་མ་བཏགས་པ་འདི་འདྲ་བ་ཞིག་ལས་གཡོགས་མ་ཞིག་བྱས་
ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་ལ་སོར་གཅིག་གམ། སོར་ཕྱེད་ཕྲི་སྟེ་གཡོགས་མ་བགྱིད་པ་ལས་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་བདེ་བར་གཤེགས་པའི་མཐོ་གང་
ལས་སོར་གཅིག་གམ། སོར་ཕྱེད་ཕྲི་སྟེ་གཡོགས་མ་བགྱིད་པ་ལས་མཚན་འཕོས་ཏེ་དགེ་སློང་དུ་གྱུར་པས་ལགས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་བས་ཆུང་བ་ལ་ཆུང་བར་འདུ་ཤེས་ཏེ་གླན་ནས་གཡོགས་མ་བགྱིད་དུ་སྩལ་ན་

ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །ཆུང་བ་ལ་ཆེ་བར་འདུ་ཤེས་ཏེ་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་པ་མེད་དོ། །ཆེ་བ་ལ་ཆུང་བར་འདུ་ཤེས་ཏེ་གླན་ནས་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །ཆེ་བ་ལ་ཆེ་བར་འདུ་ཤེས་ཏེ་གླན་ནས་བྱེད་དུ་བཅུག་ན་ཅིར་འགྱུར། ཉེས་པ་མེད་དོ། །
བཙུན་པ་བསྙེན་པར་མ་རྫོགས་པས་བདེ་བར་གཤེགས་པའི་མཐོ་གང་ལས་སོར་གཅིག་གམ། སོར་ཕྱེད་ཕྲི་སྟེ་གཡོགས་མ་གཞན་བརྩམས་ནས་བསྙེན་པར་མ་རྫོགས་པར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩམས་ཏེ་བསྙེན་པར་རྫོགས་ཀར་
ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩམས་ཏེ་བསྙེན་པར་རྫོགས་ནས་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ཏེ་བསྙེན་པར་རྫོགས་ཀར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ཏེ་བསྙེན་
པར་རྫོགས་ནས་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་བརྩམས་ནས་བསྙེན་པར་རྫོགས་ནས་ལགས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ན་བརྩམས་ཏེ་བསྙེན་པར་མ་རྫོགས་ནས་ལགས་ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན།
ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་གླེན་པའོ། །བཙུན་པ་དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་ལས་སོར་གཅིག་གམ། སོར་ཕྱེད་ཕྲི་ནས་ཕྲིན་གྱིས་གཡོགས་མ་བགྱིད་དུ་
སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ལ་བྱེད་དུ་བཅུག་ན་ཐམས་ཅད་
ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགེ་སློང་གིས་གཡོགས་མ་བྱེད་དུ་བཅུག་པ་ལས་སྤང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པས་བྱེད་དུ་བཅུག་ན་ཡང་སྤང་བར་འགྱུར་རོ། །དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ།། །།

མདོར་ན། ནམ་མཁའ་རྫུ་འཕྲུལ་སྤྲུལ་པ་དང་། །སྔགས་དང་གཞན་གསུམ་དེ་བཞིན་ཏེ། །མི་རུང་བ་དང་མཚན་གཉིས་པ། །བཞི་པ་བདུན་བརྒྱུད་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་
གིས་དཔག་ཚད་གསུམ་ལས་འདས་པར་ལུག་གི་བལ་འཚལ་ན་སྤང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་དཔག་ཚད་གསུམ་ལས་འདས་པར་ནམ་མཁའ་ལས་ལུག་གི་བལ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །རྫུ་འཕྲུལ་གྱིས་འཚལ་ན་ཅིར་འགྱུར། ཉེས་
བྱས་སོ། །རུང་བར་བྱེད་པ་སྤྲུལ་པས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བགྱིས་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །གཞན་གྱི་དོན་དུ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །གཞན་ལ་བསྐུར་ན་ཅིར་
འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དཔག་ཚད་གསུམ་ལས་འདས་པར་ལུག་གི་བལ་འཚལ་ཀྱང་སྤང་བར་མི་འགྱུར་བར་མཆིས་སམ། ཨུ་པཱ་ལི་ཡོད་དེ། དགེ་སློང་ལམ་དུ་ཞུགས་པ་ཞིག་གིས་ལུག་གི་བལ་ཞིག་རྙེད་ནས་དེ་དེས་དཔག་ཚད་གསུམ་གྱི་བར་དུ་རང་
གིས་ཁྱེར་བ་དང་། དེས་ལུག་གི་བལ་གཞན་ཞིག་རྙེད་ནས་དེས་སྔ་མ་བོར་ཏེ་ཕྱི་མ་ཁྱེར་ནས་སོང་སྟེ། དེ་ལྟར་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་ལུག་གི་བལ་མ་གཏོགས་པར་དེ་ལས་གཞན་པ་མི་རུང་བའི་བལ་རྔ་མོའི་བལ་དང་། བ་ལང་གི་བལ་དང་། རའི་བལ་དང་། རི་དགས་ཀྱི་བལ་
རྣམས་དང་། འདྲེས་པ་མི་རུང་བ་ཞིག་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ལུག་གི་བལ་དཔག་ཚད་གསུམ་ལས་འདས་པར་འཚལ་བ་དང་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་མཚམས་ལས་འདས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་
ལུག་གི་བལ་དཔག་ཚད་གསུམ་ལས་འདས་པར་འཚལ་བ་དང་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ནས་མཚམས་ལས་འདས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་ལུག་གི་བལ་དཔག་ཚད་གསུམ་ལས་འདས་པར་རྒྱང་གྲགས་ལ་རྒྱང་གྲགས་སུ་འདུ་ཤེས་ཏེ་འཚལ་ན་

ཅིར་འགྱུར། སྤང་བར་འགྱུར་རོ། །རྒྱང་གྲགས་ལ་རྒྱང་གྲགས་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །རྒྱང་གྲགས་མ་ལགས་པ་ལ་རྒྱང་གྲགས་སུ་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །རྒྱང་གྲགས་མ་ལགས་པ་ལ་རྒྱང་གྲགས་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་
བྱས་སོ། །བཙུན་པ་བསྙེན་པར་མ་རྫོགས་པ་ཞིག་གིས་ལུག་གི་བལ་ཞིག་འཚལ་ཏེ་མཆིས་ནས་བསྙེན་པར་མ་རྫོགས་པར་མཚམས་ལས་འདས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཚལ་ནས་བསྙེན་པར་རྫོགས་ཀར་མཚམས་ལས་འདས་ན་ཅིར་འགྱུར། ཉེས་བྱས་སོ། །
བསྙེན་པར་མ་རྫོགས་པར་འཚལ་ནས་བསྙེན་པར་རྫོགས་ཏེ་མཚམས་ལས་འདས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཚལ་ཏེ་བསྙེན་པར་རྫོགས་ཀར་མཚམས་ལས་འདས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཚལ་ཏེ་བསྙེན་པར་རྫོགས་ནས་
མཚམས་ལས་འདས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་འཚལ་ནས་བསྙེན་པར་རྫོགས་ནས་མཚམས་ལས་འདས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་ཏེ་འཚལ་ན་བསྙེན་པར་མ་རྫོགས་པར་མཚམས་ལས་འདས་ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན།
ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་གླེན་པའོ། །བཙུན་པ་དགེ་སློང་གིས་ལུག་གི་བལ་དཔག་ཚད་གསུམ་ལས་འདས་པར་ཕྲིན་པ་ལ་བསྐུར་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་
དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། དམུས་ལོང་རྣམས་ལ་བསྐུར་ན་ཐམས་ཅད་ཉེས་བྱས་སུ་འགྱུར་
རོ། །ཇི་ལྟར་དགེ་སློང་གིས་ལུག་གི་བལ་དཔག་ཚད་གསུམ་ལས་འདས་ན་སྤང་བའི་ལྟུང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སུ་འགྱུར་རོ།། །།

འདུལ་བ་གཞུང་དམ་པ། བམ་པོ་བཞི་པ། མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་དང་ནི་འགྲོ་བ་རྣམས། །ཁྱིམ་བདག་དག་ལ་སོགས་པ་སྟེ། །བསླབ་པ་བྱིན་པ་ཐ་མའོ། །
སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་ལུག་གི་བལ་འཁྲུར་སྩལ་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་ཕྲིན་གྱིས་ལུག་གི་བལ་འཁྲུར་
སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁྲུར་བཅུག་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་སྨྱོན་མ་ལ་ལུག་གི་བལ་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །
དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། ལྐུགས་པ་དང་། འོན་པ་རྣམས་འཁྲུར་བཅུག་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་ཁྱིམ་པ་མོ་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་མ་དང་། དགེ་སློང་མ་སུན་ཕྱུང་བ་དང་།
ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དུ་སོང་བ་རྣམས་དང་། རྐུན་གནས་དང་། སྔར་འཁྲུགས་པ་རྣམས་ལ་འཁྲུར་བཅུག་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་
དགེ་འདུན་གྱི་དབྱེན་བགྱིད་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ལ་འཁྲུར་སྩལ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསླབ་པ་སྩལ་བ་ཞིག་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་དེ་བཞིན་དུ་ལུག་གི་བལ་འཁྲུར་སྩལ་ན་ཅིར་འགྱུར། སྤང་བར་འགྱུར་རོ།། །།
མདོར་ན། ཐུན་མོང་དག་དང་བཀྲུས་པ་དང་། །དེ་བཞིན་དགེ་འདུན་མཚན་གཉིས་དང་། །མི་རུང་བ་དང་སྤང་བ་དང་། །མི་ཤེས་པ་ཡང་དེ་བཞིན་ཏེ། །བདུན་པ་དང་ནི་བཞི་པ་དང་། །དགེ་སློང་མ་ནི་ཐ་མའོ། །བཙུན་པ་དགེ་སློང་གིས་ལུག་གི་བལ་ཐུན་མོང་བ་ཞིག་འཁྲུར་སྩལ་ན་ཅིར་འགྱུར། ཉེས་

བྱས་སོ། །བཀྲུས་པ་ཞིག་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་འདུན་གྱི་ལུག་གི་བལ་ཞིག་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་སྟེ་གང་ཟག་གིས་ཡོངས་སུ་སྤྱད་པ་ཞིག་ཡིན་ཏེ་ཡོངས་སུ་སྤྱད་ན་དྲི་མ་ཅན་དུ་གྱུར་ན་ནི་ཉེས་བྱས་སོ། །འོན་ཏེ་མལ་སྟན་
གྱི་དངོས་པོ་ཞིག་འཁྲུར་བཅུག་ན་ནི་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་ལ་ལུག་གི་བལ་ཞིག་འཁྲུར་སྩལ་བ་དང་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་མ་ལ་ལུག་གི་བལ་ཞིག་
འཁྲུར་སྩལ་བ་དང་། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་ལུག་གི་བལ་འཁྲུར་སྩལ་ན་ཡང་སྤང་བའི་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་གཉེན་མ་ལགས་
པའི་དགེ་སློང་མ་ལ་ལུག་གི་བལ་འཁྲུར་སྩལ་ཀྱང་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། མི་རུང་བ་དང་འདྲེས་པ་འཁྲུར་བཅུག་པ་སྟེ། མི་རུང་བ་ནི་རྔ་མོའི་བལ་དང་། བ་ལང་གི་བལ་དང་། རའི་བལ་དང་། རི་དགས་ཀྱི་བལ་ཏེ། དེ་དག་དང་འདྲེས་པ་ཞིག་འཁྲུར་བཅུག་
ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་སྤང་བའི་ལུག་གི་བལ་འཁྲུར་སྩལ་ན་ཅིར་འགྱུར། དེ་སྟེ་མ་སྤངས་པར་གྱུར་ན་ནི་སྤང་བའི་ལྟུང་བར་འགྱུར་རོ། །འོན་ཏེ་སྤངས་པར་གྱུར་པ་ཞིག་ན་ནི་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་གཞན་གྱི་ལུག་གི་བལ་ཞིག་འཁྲུར་སྩལ་ན་
ཅིར་འགྱུར། །ཉེས་བྱས་སོ། །བཙུན་པ་བསྙེན་པར་མ་རྫོགས་པར་ལུག་གི་བལ་ཞིག་འཁྲུར་སྩལ་ལ་བསྙེན་པར་མ་རྫོགས་པར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཁྲུར་སྩལ་ན་བསྙེན་པར་རྫོགས་ཀར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་
པར་འཁྲུར་སྩལ་ལ་བསྙེན་པར་རྫོགས་ཏེ་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཁྲུར་སྩལ་ལ་བསྙེན་པར་རྫོགས་ཀར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཁྲུར་སྩལ་ལ་བསྙེན་པར་རྫོགས་ནས་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་

པར་རྫོགས་ནས་འཁྲུར་སྩལ་ལ་བསྙེན་པར་རྫོགས་ནས་ལགས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ན་འཁྲུར་སྩལ་ལ་བསྙེན་པར་མ་རྫོགས་པར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པ་ལ་གཉེན་མ་ལགས་
པར་འདུ་ཤེས་ཏེ་ལུག་གི་བལ་འཁྲུར་སྩལ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་གཉེན་དུ་འདུ་ཤེས་ན་ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སོ། །གཉེན་ལ་གཉེན་དུ་འདུ་ཤེས་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་བསྙེན་པར་
རྫོགས་མ་ལ་བསྙེན་པར་རྫོགས་མར་འདུ་ཤེས་ཏེ་ལུག་གི་བལ་འཁྲུར་སྩལ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་མ་ལ་བསྙེན་པར་མ་རྫོགས་མར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་མ་ལ་བསྙེན་པར་རྫོགས་མར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །དགེ་
སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་ལུག་གི་བལ་འཁྲུར་སྩལ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་མ་དང་། ཁྱིམ་པ་མོ་དང་། མུ་སྟེགས་ཅན་དགེ་སྦྱོང་གཞན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་དང་། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་རྣམས་ལ་འཁྲུར་
བཅུག་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མས་དགེ་སློང་དང་། དགེ་ཚུལ་ཕ་དང་། འདི་ལས་ཕྱིའི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་དང་། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་རྣམས་ལ་འཁྲུར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །
ཁྱིམ་བདག་དང་ཁྱིམ་བདག་མོ་ལ་ཡང་ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་ལ་ཉེས་བྱས་ཏེ། །བཙོ་བ་དང་། རྨེལ་བའང་དེ་བཞིན་དུ་ཤེས་པར་བྱའོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །
སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བདག་གི་ལག་གིས་གསེར་རམ་དངུལ་བླངས་སམ། ལེན་དུ་སྩལ་ན་སྤང་བའི་ལྟུང་བར་འགྱུར་རོ། །

ཞེས་གསུངས་ན། བཙུན་པ་དགེ་སློང་གིས་ཕྲིན་པ་ལ་གསེར་དང་དངུལ་ལེན་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་ལེན་དུ་བཅུག་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་
གསེར་རམ་དངུལ་སྨྱོན་པ་ཞིག་ལེན་དུ་སྩལ་ན་ཅིར་འགྱུར་ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། དིག་པ་དང་། ལྐུགས་པ་དང་། འོན་པ་རྣམས་ལེན་དུ་བཅུག་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་སྨྱོན་པ་ལས་གསེར་རམ་
དངུལ་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། ལྐུགས་པ་དང་། འོན་པ་དང་། ར་རོ་བ་དང་། མྱོས་པ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ལ་གསེར་རམ་དངུལ་བླངས་སམ། ལེན་དུ་བཅུག་ན་ཐམས་ཅད་ཉེས་བྱས་
སུ་འགྱུར་རོ།། །།མདོར་ན། མི་ཉེ་མཚན་དང་མ་ཤ་དང་། །བཞི་པ་དང་ནི་བདུན་པ་དང་། །བརྒྱད་དང་ཁྱིམ་པ་ལ་སོགས་པ། །ཁྱིམ་པ་གཞན་དང་དགེ་སློང་མ། །བཙུན་པ་དགེ་སློང་གིས་གསེར་དང་དངུལ་བླངས་སམ། ལེན་དུ་སྩལ་ན་ཡང་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ།
ཨུ་པཱ་ལི་ཡོད་དེ་གནས་མི་ཉེ་བ་ནས་བླངས་པ་དང་ཡོ་བྱད་གཞན་དུ་འདུ་ཤེས་པའོ། །བཙུན་པ་དགེ་སློང་གིས་གསེར་དང་དངུལ་ལེན་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་མས་གསེར་དང་དངུལ་ལེན་པ་ན་མཚན་འཕོས་ཏེ་དགེ་སློང་
ཕར་གྱུར་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་གསེར་གྱི་མ་ཤའམ་དངུལ་གྱི་མ་ཤ་བླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །དེ་སྟེ་ལྕགས་ཀྱི་མ་ཤའམ། ཟངས་ཀྱི་མ་ཤ་བླངས་སམ། ལེན་དུ་བཅུག་ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་
གསེར་ལ་གསེར་དུ་འདུ་ཤེས་ཏེ་བླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །གསེར་ལ་གསེར་མ་ཡིན་པར་འདུ་ཤེས་ན་ཉེས་པ་མེད་དོ། །གསེར་མ་ལགས་པ་ལ་གསེར་དུ་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །གསེར་མ་ཡིན་པ་ལ་གསེར་མ་ཡིན་པར་འདུ་ཤེས་ན་ཉེས་པ་མེད་དོ། །

བཙུན་པ་བསྙེན་པར་མ་རྫོགས་པར་གསེར་དང་དངུལ་ཞིག་བླངས་ནས་བསྙེན་པར་མ་རྫོགས་པར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བླངས་ནས་བསྙེན་པར་རྫོགས་ཀར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བླངས་ལ་བསྙེན་
པར་རྫོགས་ཏེ་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བླངས་ལ་བསྙེན་པར་རྫོགས་ཀར་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བླངས་ལ་བསྙེན་པར་རྫོགས་ཏེ་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་བླངས་ལ་བསྙེན་པར་རྫོགས་
ནས་ཐོབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ན་བླངས་ལ་བསྙེན་པར་མ་རྫོགས་པ་ན་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གསེར་དང་དངུལ་མངོན་སུམ་དུ་ཁྱིམ་པ་ལེན་དུ་སྩལ་ན་ཅིར་འགྱུར། །སྤང་བའི་ལྟུང་བར་འགྱུར་རོ། །དེ་བཞིན་དུ་ཟ་
མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། སོ་སོར་གནས་པ་དང་། མི་
གནས་པ་དང་། ཉེ་བར་ཕྱོགས་པ་དང་། སྔར་འཁྲུགས་པ་དང་། སྔར་ཉེས་པ་བྱུང་བ་དང་། བསླབ་པ་བྱིན་པ་རྣམས་ཀྱིས་མངོན་སུམ་དུ་བླངས་སམ་ལེན་དུ་བཅུག་ན་ཐམས་ཅད་སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་བདག་གི་ལག་གིས་གསེར་དང་དངུལ་བླངས་སམ་ལེན་དུ་
སྩལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་དེ་ནི་དགེ་སློང་གིས་གསེར་དང་དངུལ་བླངས་ཀྱང་བདག་གིར་བྱ་བའི་སེམས་མ་སྐྱེད་པ་སྟེ། དེའི་ཕྱིར་མི་རུང་བས་རུང་བའི་དངོས་པོ་གཞན་བླང་ངོ་། །སྙམ་ནས་བླངས་པའོ། །བཙུན་པ་དགེ་སློང་
གིས་གཞན་གྱི་སླད་དུ་གསེར་དང་དངུལ་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བསླབ་པ་སྩལ་བས་གསེར་དང་དངུལ་བླངས་སམ་ལེན་དུ་སྩལ་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་མས་གསེར་དང་དངུལ་བདག་གི་ལག་གིས་བླངས་སམ་ལེན་དུ་

སྩལ་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་དག་གིས་གསེར་དང་དངུལ་བདག་གི་ལག་གིས་བླངས་སམ་ལེན་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་
བ་དང་གཅིག་ནས་གཅིག །སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་གསུངས་
ན། བཙུན་པ་དགེ་སློང་གིས་ཕྲིན་པ་ལས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་གྱི་ཕྱིར་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པའོ། །བཙུན་པ་དགེ་སློང་གིས་སྨྱོན་པ་དང་ལྷན་ཅིག་ཏུ་ནོར་
རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། འོན་པ་དང་། ལྐུགས་པ་དང་། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་དང་ལྷན་ཅིག་ཏུ་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བྱས་ན་ཅིར་འགྱུར།
ཐམས་ཅད་ཉེས་བྱས་སུ་འགྱུར་རོ།། །།མདོར་ན། མཚན་དང་བཞི་པ་བདུན་དེ་ལྟར། །དེ་བཞིན་དུ་ཡང་སློབ་པ་དང་། །འདྲ་བ་དང་ནི་གཉེན་པ་དང་། །དགེ་སློང་མ་ནི་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ་བཙུན་པ་དགེ་སློང་གིས་ནོར་རྣམ་པ་སྣ་
ཚོགས་ཀྱིས་སྤོགས་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་པ་དང་རྙེད་པ་མངོན་པར་གྲུབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་དགེ་སློང་མས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་པ་ལས་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་རྙེད་པ་གྲུབ་ན་ཅིར་འགྱུར། སྤང་བར་
འགྱུར་རོ། །བཙུན་པ་དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་ན་ཅིར་འགྱུར། སྤང་བར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་

པ་ལ་མི་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བསྙེན་པར་མ་རྫོགས་པར་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིས་ནས་བསྙེན་པར་མ་རྫོགས་པར་རྙེད་པ་མངོན་པར་གྲུབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་
ལ་བསྙེན་པར་རྫོགས་ཀར་མངོན་པར་གྲུབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཏེ་མངོན་པར་གྲུབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་མངོན་པར་གྲུབ་ན་ཅིར་འགྱུར། ཉེས་
བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཏེ་མངོན་པར་གྲུབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ནས་མངོན་པར་གྲུབ་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པར་བཤམས་ལ་བསྙེན་
པར་མ་རྫོགས་པར་མངོན་པར་གྲུབ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བསླབ་པ་སྩལ་བས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ་གཉེན་དང་ལྷན་ཅིག་ཏུ་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིས་ན་ཅིར་འགྱུར། ཉེས་བྱས་
སོ། །བཙུན་པ་དགེ་སློང་གིས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདྲ་བས་འདྲ་བ་རྗེས་ནས་ཉེས་པ་མེད་དོ། །བཙུན་པ་དགེ་སློང་མས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིས་ན་ཅིར་འགྱུར། སྤང་བར་འགྱུར་
རོ། །དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ། །བསླབ་པའི་གནས་འདིར་ཇི་ལྟ་བ་དེ་ལྟར་ཉོ་བ་དང་། བཙོང་བ་ཡང་རྒྱས་པར་བྱའོ།། །།མདོར་ན། དེ་ཉིད་དང་ནི་སྟོར་བ་དང་། །ཡུལ་གཞན་མུ་སྟེགས་ཅན་རྣམས་དང་། །མ་བསྲེགས་
པ་དང་དཀར་པོ་དང་། །སྨྱོན་པ་མཚན་དང་ཕྲིན་པ་དང་། །ཡོད་དང་འཚོ་བ་དགེ་སློང་མ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ལྷུང་བཟེད་དེ་ཉིད་བཅངས་ན་ནོངས་པར་གྱུར་པ་དང་། དེ་ཉིད་བཅངས་པས་ནོངས་པར་མི་འགྱུར་བ་མཆིས་སམ།

ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་དགེ་སློང་གིས་ལྷུང་བཟེད་ཆེན་པོ་ཞིག་བཅངས་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་བཅངས་ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་སྤང་བའི་ལྷུང་བཟེད་སྟོར་བར་གྱུར་ན་ལྟུང་བ་བཤགས་པར་བགྱིའམ། ཨུ་པཱ་ལི་བཤགས་པར་བྱའོ། །
ནོངས་པ་བཤགས་ནས་སླར་རྙེད་ན་སྤང་བར་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགུང་བཅུ་ལས་འདས་པར་ལྷུང་བཟེད་ལྷག་པ་མ་འཆང་ཤིག་ཅེས་གསུངས་ན། བཙུན་པ་དགེ་སློང་གིས་དགུང་བཅུ་ལས་འདས་པར་ལྷུང་བཟེད་ལྷག་པ་
བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་དགེ་སློང་གིས་ཡུལ་གཞན་དུ་དགེ་སློང་ལ་ལྷུང་བཟེད་ཅིག་བསྐུར་བར་བྱས་ནས། དེས་ལྷུང་བཟེད་དེ་ཤིན་ཏུ་ཡུན་རིང་པོར་བཅངས་ཀྱང་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་མུ་སྟེགས་ཅན་གྱི་ལྷུང་བཟེད་
བཅངས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ལྷུང་བཟེད་མ་སྲེགས་པའམ། ལྷུང་བཟེད་ཆུང་ངུའམ། ལྷུང་བཟེད་ཆེན་པོ་བཅངས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ལྷུང་བཟེད་དཀར་པོ་བཅངས་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་
གིས་ལྷུང་བཟེད་རྙེད་མ་ཐག་ཏུ་སྨྱོས་པར་གྱུར་ན་གང་ནས་བཟུང་སྟེ་དགུང་བཅུར་བགྲང་བར་བགྱི། གང་གི་ཚེ་རང་གི་སེམས་སླར་རྙེད་པ་དེ་ནས་བཟུང་ངོ་། །བཙུན་པ་དགེ་སློང་གིས་དགུང་བཅུ་ལས་འདས་པར་ལྷུང་བཟེད་ལྷག་པར་བཅངས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་
ཡོད་དེ། ཇི་ལྟར་ཡང་དགེ་སློང་གིས་ལྷུང་བཟེད་རྙེད་ནས་ཞག་བཅུ་ལོན་པ་དང་། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་མས་དགུང་བཅུ་ལས་འདས་པར་ལྷུང་བཟེད་ལྷག་པར་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་
དགེ་སློང་མ་དེ་ལྷུང་བཟེད་རྙེད་མ་ཐག་ཏུ་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་ཤིན་ཏུ་རིང་བར་ལྷུང་བཟེད་ལྷག་པ་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་དགེ་སློང་གིས་དགེ་སློང་ལ་ལྷུང་བཟེད་ཀྱི་ཕྱིར་ཕྲིན་པ་བཏང་

བ་དེས་ལྷུང་བཟེད་བླངས་ཏེ་ཤིན་ཏུ་རིང་བར་བཅངས་ཀྱང་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་ལྷུང་བཟེད་གཅིག་མཆིས་ལ་མཆིས་བཞིན་དུ་ལྷུང་བཟེད་གཅིག་པོ་དེ་སྤང་བར་འགྱུར་བ་མཆིས་སམ་ཨུ་པཱ་ལི་ཡོད་དེ། བྱིན་གྱིས་མ་བརླབས་པར་བཅངས་པའོ། །བཙུན་པ་དགེ་
སློང་