Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 012_འདུལ་བ།_ན

Văn bản gốc(Tây Tạng)

Trang 17 / 19 (50.000 ký tự/trang)
ེར་ཚོལ་བ་དང་། སྟོན་ཟླ་ཐ་ཆུངས་ནས། དཔྱིད་ཟླ་ར་བའི་བར་དུ་སྟེ། གང་གིས་རྙེད་པ་ཐོབ་པ་དེ་དག་ནི་དབྱར་གནས་པའི་དགེ་འདུན་གྱིས་བགོ་བར་བྱའོ། །བཙུན་པ་ཅི་བསླབ་པའི་གནས་སམ། ཆོས་གོས་བྱིན་གྱིས་བརླབས་པ་དེ་དག་མ་
མཆིས་པར་འགྱུར་རམ། ཨུ་པཱ་ལི་མ་ཡིན་ཏེ། འདི་དག་ནི་ཡོན་ཏན་ནོ། །བཙུན་པ་གསོལ་བ་དང་ལས་མ་བྱས་པས་སྔར་གཏན་པ་དབྱུང་བར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་ལྟར་ཡང་དགེ་སློང་གཞི་བ་དེ་དག་གིས་དེ་ཉིད་ཀྱི་ཉ་བྲི་ཞག་གཅིག་ལ་གཏན་པ་བཏིང་
བར་གྱུར་པ་དང་། དགེ་སློང་གློ་བུར་བ་མང་ཞིག་ལྷགས་ནས་དེ་དག་ནི་དེའི་ཉིན་མོ་བཅྭ་ལྔར་གྱུར་ཏེ། གསོ་སྦྱོང་བྱེད། སོ་སོར་ཐར་པ་ཀློག་པ་དང་། དེ་སྟེ་དགེ་སློང་གཞི་བ་རྣམས་ཀྱང་དེ་དག་གི་རྗེས་སུ་ཞུགས་ནས་གསོ་སྦྱོང་བྱས་ན་གསོལ་བ་དང་ལས་མ་བྱས་པར་གཏན་པ་ཕྱུང་བ་
ཞེས་བྱའོ། །བཙུན་པ་དགེ་སློང་གཞི་བ་རྣམས་ཀྱིས་གཏན་པ་བཏིང་སྟེ་མཚམས་ཀྱི་སླད་རོལ་དུ་མཆིས་པ་དང་། གློ་བུར་དུ་དགེ་སློང་རྣམས་ལྷགས་ཏེ་གཏན་པ་ཕྱུང་ན་ཕྱུང་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་གང་གིས་གཏན་པ་བཏིང་བ་དེ་ཉིད་
ཀྱིས་གཏན་པ་ཕྱུང་བ་ཞེས་བྱའོ། །བཙུན་པ་དབྱར་ཚུལ་དུ་ཞུགས་པ་ལས་དགེ་འདུན་བྱེ་ན་གང་གིས་གདིང་། ཆོས་བཞིན་དུ་སྨྲ་བ་རྣམས་ཀྱིས་སོ། །བཙུན་པ་གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ན་དབྱར་གྱི་རྙེད་པ་སུས་འཐོབ། ཕྱོགས་གཉིས་ཀས་སོ། །བཙུན་པ་དེ་སྟེ་
མངོན་སུམ་དུ་གྱུར་པ་ལས་རྙེད་ན་སུས་འཐོབ། ཆོས་ཀྱི་ཕྱོགས་ཀྱིས་སོ། །བཙུན་པ་ཚད་ལས་ཆུང་བའི་ཆོས་གོས་དུམ་བུར་སྦྱར་ཏེ་གོས་སུ་བཙེམས་ཤིང་། གཏན་པར་བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པཱ་ལི་མ་བཏིང་བ་ཞེས་བྱའོ། །བཙུན་པ་ཚད་ལས་ཆུང་

བ་ཞིག་གཏན་པར་བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པཱ་ལི་མ་བཏིང་བ་ཞེས་བྱའོ། །བཙུན་པ་གོས་ཇི་ལྟ་བུས་གཏན་པ་གདིང་བར་བགྱི། ཨུ་པཱ་ལི་མཆུར་ལྔ་ཞེང་དུ་གསུམ་པས་སོ། །བཙུན་པ་གཏན་པ་འདིང་བ་ཁྱིམ་པ་ཞིག་གིས་གཏན་པ་བཏིང་ན་གཏན་པ་བཏིང་
བ་ཞེས་བགྱིའམ། ཨུ་པཱ་ལི་མ་བཏིང་བ་ཞེས་བྱའོ། །དགེ་འདུན་ཡང་འདས་པ་དང་བཅས་པའོ། །དེ་བཞིན་དུ་གཏན་པ་འདིང་བ་མ་ནིང་དང་། མི་གནས་པ་དང་། སོ་སོར་གནས་པ་ནས། སྔར་འཁྲུགས་པའི་བར་དུ་དེ་དག་གིས་གཏན་པ་བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་
པཱ་ལི་མ་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ་གཏན་པ་འདིང་བ་ཟ་མ་ཞིག་གིས་གཏན་པ་བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པཱ་ལི་མ་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ་གཏན་པ་འདིང་བ་
དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ཀྱིས་གཏན་པ་བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པཱ་ལི་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །བཙུན་པ་གཏན་པ་འདིང་བ་སྨྱོན་པ་ཞིག་གིས་གཏན་པ་
བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པཱ་ལི་མ་བཏིང་བ་ཞེས་བྱའོ། །དེ་སྟེ་དགེ་སློང་གི་འདུ་ཤེས་ཡོད་ལ་བདག་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་གཏན་པ་འདིང་ངོ་། །བདག་གིས་བཏིང་ངོ་ཞེས་སེམས་བསྐྱེད་ན་གཏན་པ་བཏིང་བ་ཞེས་བྱའོ། །དེ་བཞིན་དུ་སེམས་འཁྲུགས་པ་
དང་། ནད་ཀྱིས་གཟིར་བ་རྣམས་སུ་ཤེས་པར་བྱའོ། །བཙུན་པ་གཏན་པ་གདིང་བ་གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱིས་གཏན་པ་བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པཱ་ལི་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །བཙུན་པ་གཏན་
པ་འདིང་བ་གཞན་དུ་གནས་པས་གཏན་པ་བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པཱ་ལི་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །གཏན་པའི་དངོས་པོ་རྫོགས་སོ།། །།མདོར་ན། གང་དུ་གང་གིས་མཚམས་བཞི་དང་། །བསྒོ་བ་གོས་དང་

གསོ་སྦྱོང་བཞི། །གཏན་བཞི་བྱེ་བ་གང་ཟག་གོ། །བཙུན་པ་ཡུལ་ཀཽ་ཤཱམྦཱིར་དགེ་འདུན་གང་གི་ཚེ་བྱེ་བར་གྱུར། ནམ་མཚམས་ཀྱི་ནང་ན་གཅིག་པུ་གནས་པ་ལས་གསོ་སྦྱོང་བྱེད་པ་དང་། དགེ་འདུན་གྱི་བྱ་བ་དང་། དགེ་འདུན་གྱི་དོན་རྣམས་ཐ་དད་པར་བྱས་པ་ནའོ། །
བཙུན་པ་ཡུལ་ཀཽ་ཤཱམྦཱིར་དང་པོར་དགེ་འདུན་གང་གིས་ཕྱེ། ཆོས་མ་ཡིན་པར་སྨྲ་བས་དེ་དག་གིས་ཐོག་མར་མཚམས་ཀྱི་ནང་དུ་གསོ་སྦྱོང་དང་། དགེ་འདུན་གྱི་བྱ་བ་དང་། དགེ་འདུན་གྱི་དོན་རྣམས་ཐ་དད་པར་བྱས་པས་སོ། །བཙུན་པ་ཡུལ་ཀཽ་ཤཱམྦཱི་བས་མཚམས་བཤིག་ན་
མཚམས་ཞིག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དེ་སྟེ་ཡུལ་ཡངས་པ་ཅན་ན་གནས་པས་མཚམས་བཤིག་ན་མཚམས་ཞིག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དགེ་སློང་མའི་དགེ་འདུན་བྱེ་ནས་ཕྱོགས་དང་གཞན་གྱི་ཕྱོགས་སུ་གནས་པ་ལ་
ཟླ་བ་ཕྱེད་ཕྱེད་ཅིང་ལུང་དབོག་པ་དང་བསྟན་པར་བགྱིའམ། འདི་སྐད་དུ་སྲིང་མོ་རྣམས་ཇེ་མཐུན་པར་གྱིས་ཞེས་སྒོ་ཤིག །བཙུན་པ་དགེ་སློང་མའི་དགེ་འདུན་བྱེ་ནས་ཕྱོགས་སུ་གནས་པའི་དགེ་སློང་མ་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་ལུང་དབོག་ཅིང་བསྟན་པ་བཙལ་བར་བགྱིའམ།
བཙལ་བར་བྱའོ། །སུ་ལས་བཙལ། ཆོས་ལ་ཕྱོགས་པ་ལས་སོ། །བཙུན་པ་དགེ་སློང་གི་དགེ་འདུན་བྱེ་ནས་ཕྱོགས་གཉིས་སུ་གནས་པ་དག་གིས་དགེ་སློང་མ་དག་ལ་ལུང་དབོག་ཅིང་བསྟན་པ་སྩལ་བར་བགྱིའམ། དགེ་སློང་མའི་དགེ་འདུན་མི་བྱེ་བའི་ཕྱིར་བྱིན་ཅིག །བཙུན་
པ་ཡུལ་ཀཽ་ཤཱམྦཱིར་ཕྱོགས་གཉིས་ཀ་འདུས་ཤིང་འཁོད་པར་བྱེད་ན་གཟུ་བོས་གང་དུ་དགེ་སློང་མ་ལ་ལུང་དབོག་པར་བགྱི། མཚམས་ཀྱི་ཕྱི་རོལ་དུ་སོང་བའོ། །བཙུན་པ་ཡུལ་ཀཽ་ཤཱམྦཱིར་ཕྱོགས་གཉིས་ཀར་འདུས་ཤིང་འཁོད་པར་གྱུར་ལ། དགེ་སློང་གཟུ་བོ་དག་ཀྱང་མཚམས་ཀྱི་སླད་
རོལ་དུ་མཆིས་པར་གྱུར་པ་དང་། ཁྱིམ་བདག་ཅིག་མཆིས་ནས་དགེ་འདུན་ལ་གོས་ཤིག་ཕུལ་ན་གང་གིས་འཐོབ། ཕྱོགས་གཉིས་ཀས་སོ། །ཡུལ་ཀཽ་ཤཱམྦཱི་ན་གནས་པས་ཡུལ་ཡངས་པ་ཅན་ན་གནས་པ་དག་དང་ལྷན་ཅིག་གསོ་སྦྱོང་བགྱིད་ན་གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་

པཱ་ལི་མ་ཡིན་ནོ། ཡུལ་ཡངས་པ་ཅན་ན་གནས་པས་ཡུལ་ཀཽ་ཤཱམྦཱིར་གནས་པ་དག་དང་ལྷན་ཅིག་ཏུ་གསོ་སྦྱོང་བགྱིད་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །གཟུ་བོ་རྣམས་ཡུལ་ཀཽ་ཤཱམྦཱི་ན་གནས་པ་དག་དང་ལྷན་ཅིག་ཏུ་གསོ་སྦྱོང་བགྱིད་ན་གསོ་སྦྱོང་བགྱིས་པ་
ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །གཟུ་བོ་དག་ཡུལ་ཡངས་པ་ཅན་ན་གནས་པ་དང་ལྷན་ཅིག་གསོ་སྦྱོང་བགྱིད་ན་གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་སྟེ་བྱེད་ན་གཟུ་བོའི་དངོས་པོ་མེད་དོ། །བཙུན་པ་གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་
ན་གཏན་པ་གང་གིས་གདིང་བར་བགྱི། ཆོས་སུ་སྨྲ་བ་དག་གིས་སོ། བཙུན་པ་གཏན་པ་འདིང་བའི་གནས་སུ་དགེ་འདུན་བྱེ་ན་གཏན་པ་གང་གིས་དབྱུང་བར་བགྱི། ཆོས་སུ་སྨྲ་བ་རྣམས་ཀྱིས་སོ། །བཙུན་པ་གང་ཉེ་བར་ཕྱོགས་པ་དེ་ཐམས་ཅད་སོ་སོར་གནས་པ་ལགས་
སམ། ཉེ་བར་ཕྱོགས་པ་སོ་སོར་གནས་པ་མ་ཡིན་པ་ཡང་ཡོད། སོ་སོར་གནས་ལ་ཉེ་བར་མ་ཕྱོགས་པ་ཡང་ཡོད། ཉེ་བར་ཕྱོགས་ལ་སོ་སོར་གནས་པའང་ཡོད། ཉེ་བར་ཡང་མ་ཕྱོགས་ལ་སོ་སོར་གནས་པ་མ་ཡིན་པ་ཡང་ཡོད་དོ། །ཉེ་བར་ཕྱོགས་ལ་སོ་སོར་གནས་པ་མ་
ཡིན་པ་ནི་གང་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་གྱུར་པ་སྟེ། མ་མཐོང་བའི་ཕྱིར་དགེ་འདུན་གྱིས་སྤངས་པར་མ་གྱུར་པ་དང་། སླར་ལས་མ་བྱས་པའི་ཕྱིར་སྤངས་པར་མ་གྱུར་པ་དང་། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་མ་གྱུར་པའོ། །སོ་སོར་གནས་ལ་ཉེ་བར་མ་
ཕྱོགས་པ་ནི་འདི་ལྟར་དགེ་སློང་དེ་མ་མཐོང་བའི་ཕྱིར་དགེ་འདུན་གྱིས་སྤངས་པར་གྱུར་པ་དང་། སླར་ལས་མ་བྱས་པའི་ཕྱིར་དང་། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་གྱུར་པ་དང་། དངོས་པོ་ལྔ་ལ་ཡང་ཉེ་བར་ཕྱོགས་པར་མ་གྱུར་པའོ། །ཉེ་བར་ཡང་ཕྱོགས་ལ་སོ་སོར་
ཡང་གནས་པ་ནི་དེ་འདི་ལྟར་དགེ་སློང་དེ་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་ཡང་གྱུར་ལ། མ་མཐོང་བའི་ཕྱིར་དགེ་འདུན་གྱིས་ཀྱང་སྤངས་པར་གྱུར་པ་དང་། སླར་ལས་མ་བྱས་པའི་ཕྱིར་དང་། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་གྱུར་པའོ། །ཉེ་བར་ཕྱོགས་པའང་

མ་ཡིན་ལ་སོ་སོར་གནས་པའང་མ་ཡིན་པ་ནི་རྣམ་པ་དེ་ལྟ་བུ་དག་མ་གཏོགས་པའོ། །གང་ཉེ་བར་ཕྱོགས་པ་དེ་ཐམས་ཅད་མི་གནས་པ་ལགས་སམ། ཉེ་བར་ཕྱོགས་ལ་མི་གནས་པ་མ་ཡིན་པ་ཡང་ཡོད་མི་གནས་ལ་ཉེ་བར་མ་ཕྱོགས་པ་ཡང་ཡོད། ཉེ་བར་ཡང་
ཕྱོགས་ལ་མི་གནས་པ་ཡང་ཡོད། ཉེ་བར་ཡང་མ་ཕྱོགས་ལ་མི་གནས་པ་མ་ཡིན་པ་ཡང་ཡོད་དོ། །ཉེ་བར་ཕྱོགས་ལ་མི་གནས་པ་མ་ཡིན་པ་ནི་འདི་ལྟར་དགེ་སློང་དེ་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་གྱུར་ལ། ཕས་ཕམ་པ་བཞིའི་ཉེས་པ་གང་ཡང་རུང་བ་བྱུང་བར་མ་
གྱུར་པའོ། །མི་གནས་ལ་ཉེ་བར་ཡང་མ་ཕྱོགས་པ་ནི་དེ་འདི་ལྟར་དགེ་སློང་དེ་ཕས་ཕམ་པ་བཞི་ལས་གང་ཡང་རུང་བའི་ཉེས་པ་བྱུང་བར་གྱུར་ལ། དངོས་པོ་ལྔ་ལ་ནི་ཉེ་བར་མ་ཕྱོགས་པ་ཡིན་ནོ། །ཉེ་བར་ཡང་ཕྱོགས་ལ་མི་གནས་པ་ཡང་ཡིན་པ་ནི་འདི་ལྟར་དགེ་སློང་དེ་དངོས་པོ་
ལྔ་ལ་ཉེ་བར་ཕྱོགས་པར་གྱུར་ཅིང་ཕས་ཕམ་པ་བཞི་ལས་གང་ཡང་རུང་བའི་ཉེས་པ་བྱུང་བ་ཡིན་ནོ། །ཉེ་བར་ཕྱོགས་པ་ཡང་མ་ཡིན་ལ་མི་གནས་པའང་མ་ཡིན་པ་ནི་རྣམ་པ་དེ་ལྟ་བུ་མ་གཏོགས་པའོ། །གང་སོ་སོར་གནས་པ་དེ་ཐམས་ཅད་མི་གནས་པ་ལགས་སམ། སོ་སོར་
གནས་ལ་མི་གནས་པ་མ་ཡིན་པ་ཡང་ཡོད། མི་གནས་ལ་སོ་སོར་གནས་པ་མ་ཡིན་པ་ཡང་ཡོད། སོ་སོར་ཡང་གནས་ལ་མི་གནས་པ་ཡང་ཡོད། མི་གནས་པའང་མ་ཡིན་སོ་སོར་གནས་པ་ཡང་མ་ཡིན་པ་ཡོད་དོ། །སོ་སོར་གནས་ལ་མི་གནས་པ་མ་ཡིན་པ་ནི་འདི་
ལྟར་དགེ་སློང་དེ་མ་མཐོང་བའི་ཕྱིར་སྤངས་པར་གྱུར་ཅིང་སླར་ལས་མ་བྱས་པ་དང་། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་གྱུར་ལ་ཕས་ཕམ་པ་བཞི་ལས་ཉེས་པ་གང་ཡང་རུང་བ་མ་བྱུང་བ་ཡིན་ནོ། །མི་གནས་ལ་སོ་སོར་གནས་པ་མ་ཡིན་པ་ནི་གང་འདི་ལྟར་དགེ་སློང་དེ་
ཕས་ཕམ་པ་བཞིའི་ཉེས་པ་གང་ཡང་རུང་བ་བྱུང་བར་གྱུར་གྱི་མ་མཐོང་བའི་ཕྱིར་དགེ་འདུན་གྱིས་སྤང་བ་མ་བྱས་པར་གྱུར་ཅིང་སླར་ལས་མ་བྱས་པ་དང་། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་མ་གྱུར་པའོ། །མི་གནས་ལ་སོ་སོར་ཡང་གནས་པ་ནི་དེ་འདི་ལྟར་དགེ་

སློང་དེ་མ་མཐོང་བའི་ཕྱིར་སྤངས་པ་ཡང་ཡིན་ལ། ཕས་ཕམ་པ་བཞིའི་ཉེས་པ་གང་ཡང་རུང་བ་བྱུང་བར་གྱུར་པའོ། །མི་གནས་པའང་མ་ཡིན་སོ་སོར་གནས་པ་ཡང་མ་ཡིན་པ་ནི་རྣམ་པ་དེ་ལྟ་བུ་མ་གཏོགས་པའོ། །བཙུན་པ་དགེ་སློང་ཉིད་ཀྱིས་དགེ་སློང་གི་དགེ་འདུན་འབྱེད་ཀྱི།
དགེ་སློང་མས་མ་ལགས། དགེ་སློབ་མས་མ་ལགས། དགེ་ཚུལ་མས་མ་ལགས། དགེ་ཚུལ་ཕས་མ་ལགས་སམ། ཨུ་པཱ་ལི་དགེ་སློང་ཉིད་ཀྱིས་དགེ་སློང་གི་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་
ཚུལ་ཕས་མ་ཡིན་མོད་ཀྱི། འོན་ཀྱང་དགེ་སློང་མ་རྣམས་ནི་དགེ་འདུན་དབྱེ་བའི་ཕྱིར་རྩོལ་ལོ། །བཙུན་པ་དགེ་སློང་མ་ཉིད་ཀྱིས་དགེ་སློང་མའི་དགེ་འདུན་འབྱེད་ཀྱི། དགེ་སློང་གིས་མ་ལགས། དགེ་སློབ་མས་མ་ལགས། དགེ་ཚུལ་མས་མ་ལགས། དགེ་ཚུལ་ཕས་
མ་ལགས་སམ། ཨུ་པཱ་ལི་དགེ་སློང་མ་ཉིད་ཀྱིས་དགེ་སློང་མའི་དགེ་འདུན་འབྱེད་ཀྱི། དགེ་སློང་ཕས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་ཚུལ་ཕས་མ་ཡིན་མོད་ཀྱི། འོན་ཀྱང་དགེ་སློང་རྣམས་ནི་དགེ་འདུན་དབྱེ་བའི་ཕྱིར་རྩོལ་ལོ། །
བཙུན་པ་དབྱེ་བ་ནི་གང་། ཁ་ན་མ་ཐོ་བ་དང་ལྡན་པ་ནི་གང་ལགས། དབྱེ་བ་ནི་དགེ་འདུན་ནོ། །ཁ་ན་མ་ཐོ་བ་དང་ལྡན་པ་ནི་འབྱེད་པའོ། །བཙུན་པ་དགེ་འདུན་ཕྱེ་ན་ཅིར་འགྱུར། སྦོམ་པོ་སྟེ། གསོལ་བ་དང་ལས་མ་མཉན་ན་དགེ་འདུན་གྱི་ལྷག་མའོ། །བཙུན་པ་ཇི་ཙམ་
གྱིས་ན་དགེ་འདུན་ཕྱེ་བ་ཞེས་བགྱི། ཨུ་པཱ་ལི་གང་གི་ཚེ་ཇི་སྙེད་པའི་དགེ་སློང་རྣམས་མཚམས་སུ་བྱིན། བྱ་བ་ལ་བབ་པར་གྱུར། དེ་དག་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར། དད་པ་བླང་བའི་རིགས་པ་ལས་དད་པ་བླངས་པར་གྱུར། དགེ་སློང་རྣམས་ཀྱིས་མཚམས་
ཀྱི་ནང་ལ་མཚམས་ཀྱི་ནང་ཡིན་པར་འདུ་ཤེས་ཏེ་གསོ་སྦྱོང་དང་ལས་ཐ་དད་དུ་བྱེད་པ་དེ་ལྟ་ན་དགེ་འདུན་བྱེ་བ་ཞེས་བྱའོ། །དགེ་འདུན་ཕྱེ་བས་ནོངས་པ་གང་བཤགས་པར་བགྱི། ཉེས་པ་སྦོམ་པོའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་གང་ཟག་ལ་གླེང་བར་མ་བྱེད་ཅིག །

དྲན་པར་མ་བྱེད་ཅིག་ཅེས་གསུངས་ན། དེ་ལྟ་བུའི་གང་ཟག་གང་ལགས། གང་ཟག་གང་མདོ་སྡེ་འཛིན་པ་མ་ལྟ་བུ་འཛིན་པ། བསོད་ནམས་ཆེན་པོ། འཁོར་གཡོག་མང་པོ། གྲགས་པ་དེའོ། །དེ་ལྟ་བུའི་གང་ཟག་ཅིག་སྤངས་ན་ཅིར་འགྱུར། ཉེས་
པ་སྦོམ་པོར་འགྱུར་རོ། །ཡུལ་ཀཽ་ཤཱམྦཱི་ཀའི་དངོས་པོ་རྫོགས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཅུ་དགུ་པ། མདོར་ན། སྐད་དང་ནམ་མཁའ་མཚམས་དང་ས། །ཆོས་གཉིས་དང་ནི་མ་འདུས་པ། །ཆད་པ་ཁོར་དང་གཅིག་ནས་གཅིག །མ་
འདུས་གང་ཟག་གནས་དེ་བཞིན། །བཙུན་པ་འཕགས་པ་ཞིག་གིས་འཕགས་པའི་སྐད་དུ་ལས་བགྱིས་པ་དང་། དགེ་སློང་དེ་དག་གིས་ཀྱང་འཕགས་པའི་སྐད་མ་འཚལ་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པའི་དགེ་སློང་ནི་འདས་
པ་དང་བཅས་པའོ། །བཙུན་པ་འཕགས་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་ལས་བགྱིས་པ་དང་། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པ་ནི་འདས་པ་དང་བཅས་
པའོ། །བཙུན་པ་མཐའ་འཁོབ་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་ལས་བགྱིས་པ་དང་། དགེ་སློང་དེ་དག་གིས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པ་ནི་འདས་པ་དང་བཅས་
པའོ། །བཙུན་པ་མཐའ་འཁོབ་པ་ཞིག་གིས་འཕགས་པའི་སྐད་དུ་ལས་བགྱིས་པ་དང་། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པ་ནི་འདས་པ་དང་བཅས་པའོ། །བཙུན་པ་ས་ལ་
གནས་པས་ནམ་མཁའ་ལ་གནས་པའི་གྲངས་སུ་བསྐངས་ན་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ནམ་མཁའ་ལ་གནས་པས་ས་ལ་གནས་པའི་གྲངས་སུ་བསྐངས་ན་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ལས་བགྱིས་པས་ལ་གནས་པས་ནམ་

མཁའ་ལ་གནས་པ་རྣམས་ཀྱི་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ལས་བགྱིད་པ་ནམ་མཁའ་ལ་གནས་པས་ས་ལ་གནས་པ་རྣམས་ཀྱི་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དེ་བཞིན་དུ་མཚམས་ཀྱི་ནང་ན་གནས་པ་དང་། མཚམས་ཀྱི་ཕྱི་རོལ་དུ་
གནས་པ་རྣམས་དང་ལྷན་ཅིག་བཞིར་བྱའོ། །བཙུན་པ་ས་ལ་གནས་པས་ས་ལ་གནས་པ་རྣམས་དང་ལྷན་ཅིག་ལས་བགྱིར་རུང་ངམ། ཨུ་པཱ་ལི་རུང་ངོ་། །འདི་ལྟར་ཡང་དེས་ས་ལ་གནས་པས་གྲངས་བསྐང་ཞིང་ས་ལ་གནས་པ་རྣམས་ལས་དད་པ་བླངས་པར་གྱུར་པའོ། །
ཇི་ལྟར་ས་ལ་གནས་པས་ས་ལ་གནས་པ་དང་ལྷན་ཅིག་པ་དེ་བཞིན་དུ་ས་ལ་གནས་པ་དང་། རྩིག་པ་ལ་གནས་པར་རོ། །ས་ལ་གནས་པ་དང་ཤིང་ལ་གནས་པར་རོ། །རྩིག་པ་ལ་གནས་པ་དང་། རྩིག་པ་ལ་གནས་པར་རོ། །རྩིག་པ་ལ་གནས་པ་དང་ས་ལ་གནས་པར་
རོ། །རྩིག་པ་ལ་གནས་པ་དང་ཤིང་ལ་གནས་པར་རོ། །ཤིང་ལ་གནས་པ་དང་ཤིང་ལ་གནས་པར་རོ། །ཤིང་ལ་གནས་པ་དང་ས་ལ་གནས་པར་རོ། །ཤིང་ལ་གནས་པ་དང་རྩིག་པ་ལ་གནས་པ་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་རུང་སྟེ། ཇི་ལྟར་ཡང་ཤིང་ལ་
གནས་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་ས་ལ་གནས་པ་རྣམས་ལས་དད་པ་བླངས་པར་གྱུར་པའོ། །ལས་རྣམ་པ་བཞི་སྟེ། ཆོས་བཞིན་མ་ཡིན་པར་བྱེད་ཅིང་མ་འདུས་པ་དང་། ཆོས་བཞིན་མ་ཡིན་པར་འདུས་པ་དང་། ཆོས་བཞིན་དུ་མ་འདུས་པ་དང་། ཆོས་བཞིན་
དུ་འདུས་པའོ། །ཆོས་བཞིན་མ་ཡིན་པར་བྱེད་ཅིང་མ་འདུས་པ་གང་ཞེ་ན། གསོལ་བ་བྱས་ནས་ལས་མ་བསྒྲགས་ཏེ་མ་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་མ་ཡིན་པར་འདུས་པ་གང་ཞེ་ན། གསོལ་བ་བྱས་ནས་ལས་མ་བསྒྲགས་པར་འདུས་པར་ཡང་གྱུར་
པའོ། །ཆོས་བཞིན་དུ་མ་འདུས་པ་གང་ཞེ་ན། གསོལ་བ་བྱས་ལ་ལས་བསྒྲགས་པ་དང་མ་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་འདུས་པ་གང་ཞེ་ན། གསོལ་བ་བྱས་ཤིང་ལས་བསྒྲགས་ལ་འདུས་པར་ཡང་གྱུར་པའོ། །གཞན་ཡང་ལས་རྣམ་པ་བཞི་སྟེ། ཆོས་

བཞིན་མ་ཡིན་པར་མཐུན་ལ་མ་འདུས་པ་དང་། ཆོས་བཞིན་མ་ཡིན་པར་མཐུན་ལ་འདུས་པ་དང་། ཆོས་བཞིན་དུ་མཐུན་ལ་མ་འདུས་པ་དང་། ཆོས་བཞིན་དུ་མཐུན་ལ་འདུས་པའོ། །ཆོས་བཞིན་མ་ཡིན་པར་མཐུན་ལ་མ་འདུས་པ་གང་ཞེ་ན། སྔར་ལས་
བསྒྲགས་ལ་ཕྱིས་གསོལ་བ་བྱེད་ཅིང་མ་འདུས་པར་གྱུར་པའོ། །ཆོས་བཞིན་མ་ཡིན་པར་མཐུན་ཞིང་འདུས་པ་གང་ཞེ་ན། སྔར་ལས་བསྒྲགས་ལ་ཕྱིས་གསོལ་བ་བྱེད་ཅིང་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་མཐུན་ལ་མ་འདུས་པ་གང་ཞེ་ན། ལས་དེ་ཉིད་ཀྱིས་
གསོལ་བ་བྱས་ཏེ་ལས་གཞན་བསྒྲགས་ལ་མ་འདུས་པར་གྱུར་པའོ། །ཆོས་བཞིན་དུ་མཐུན་ལ་འདུས་པ་གང་ཞེ་ན། ལས་དེ་ཉིད་ཀྱིས་གསོལ་བ་བྱས་ཤིང་ལས་གཞན་བསྒྲགས་ལ་འདུས་པར་ཡང་གྱུར་པའོ། །བཙུན་པ་མ་འདུས་པའི་ལས་ཞེས་ཀྱང་བགྱི། འདུས་
པའི་ལས་ཞེས་ཀྱང་བགྱི་ན། བཙུན་པ་མ་འདུས་པའི་ལས་གང་ལགས། ཨུ་པཱ་ལི་དགེ་སློང་ཇི་སྙེད་པ་རྣམས་ཀྱིས་མཚམས་སུ་ཡང་ཕྱིན། ལས་ལ་ཡང་བབ་པར་གྱུར། ཐམས་ཅད་མངོན་སུམ་དུ་འདུས་པར་གྱུར། དད་པ་བླང་བའི་རིགས་པ་ཡང་དད་པ་བླངས་པར་གྱུར་ན་དགེ་
སློང་རྣམས་ནི་ཟློག་ཅིང་འཁྱལ་ཏེ། དེ་དག་སླར་ཟློག་ཅིང་འཁྱལ་བཞིན་དུ་ལས་བྱས་ན་དེ་ནི་མ་འདུས་པའི་ལས་ཞེས་བྱའོ། །འདུས་པའི་ལས་གང་ཞེ་ན། དགེ་སློང་ཇི་སྙེད་པ་རྣམས་ཀྱིས་མཚམས་སུ་ཕྱིན་ཅིང་ལས་ལ་བབ་པར་གྱུར། ཐམས་ཅད་ཀྱང་མངོན་སུམ་དུ་འདུས་པར་
གྱུར། དད་པ་བླང་བའི་རིགས་པ་ཡང་དད་པ་བླངས་པར་གྱུར་ན་དགེ་སློང་དག་སླར་མི་ལྡོག་ཅིང་འཁྱལ་བར་མི་བྱེད་དེ། དེ་དག་སླར་མི་ལྡོག་ཅིང་མི་འཁྱལ་བཞིན་དུ་ལས་བྱེད་པས་ན་དེ་ནི་འདུས་པའི་ལས་ཞེས་བྱའོ། །བཙུན་པ་དགེ་འདུན་ཐམས་ཅད་འདུས་ཏེ་འཁོད་ནས་ལས་བགྱིས་
ཀྱང་ལས་དེ་མ་འདུས་པའི་ལས་སུ་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ་འདི་ལྟར་གསོལ་བ་དང་ལས་བྱེད་པ་ན་དགེ་སློང་དག་སླར་ཟློག་ཅིང་འཁྱལ་ཏེ། དེ་དག་སླར་ཟློག་ཅིང་འཁྱལ་བཞིན་ལས་བྱེད་པའོ། །བཙུན་པ་ལས་བགྱིད་པ་ཆད་པ་ཁོར་བ་ཞིག་གིས་ལས་བགྱིས་ན་

ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱ་སྟེ། དགེ་འདུན་རྣམས་ནི་འདས་པ་དང་བཅས་པའོ། །བཙུན་པ་ཆད་པ་ཁོར་བ་ཞིག་གིས་དད་པ་བླངས་ནས་ལས་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི་
འདས་པ་དང་བཅས་པའོ། །བཙུན་པ་དད་པ་གཅིག་ནས་གཅིག་ཏུ་བླངས་ཏེ་ལས་བགྱིས་ན་ལས་བགྱིས་པ་ཞེས་བྱའམ། ཨུ་པཱ་ལི་བྱས་པ་ཞེས་བྱ་སྟེ། དགེ་འདུན་རྣམས་ནི་འདས་པ་དང་བཅས་པའོ། །བཙུན་པ་མ་འདུས་པར་ལས་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ།
ཨུ་པཱ་ལི་མ་བྱས་པ་ཞེས་བྱ་སྟེ། དགེ་འདུན་ཀྱང་འདས་པ་དང་བཅས་པའོ། །བཙུན་པ་གཅིག་གིས་གཅིག་ལ། གཅིག་གིས་གཉིས་ལ། གཅིག་གིས་གསུམ་ལ། གཅིག་གིས་མང་པོ་ལ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་གཉིས་ཀྱིས་གཅིག་
ལ། གཉིས་ཀྱིས་གཉིས་ལ། གཉིས་ཀྱིས་གསུམ་ལ། གཉིས་ཀྱིས་མང་པོ་ལ་ལས་རྣམས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་གསུམ་གྱིས་གཅིག་ལ། གསུམ་གྱིས་གཉིས་ལ། གསུམ་གྱིས་གསུམ་ལ། གསུམ་གྱིས་མང་པོ་ལ་ལས་བགྱིར་
རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་མང་པོས་མང་པོ་ལ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ལས་བགྱིད་པ་གནས་གཅིག་ཏུ་མཆིས་ལ་གནས་བཞིར་ལས་ཐམས་ཅད་བགྱིར་རུང་ངམ། ཨུ་པཱ་ལི་རུང་སྟེ། དེ་འདི་ལྟར་ལས་བྱེད་པའི་དགེ་
སློང་དེས་གནས་བཞི་ཆར་གྱི་མཚམས་ཤིང་ངམ། འདམ་བུའམ། རེ་ལྡེས་མནན་ཏེ་ལས་བྱེད་པའོ། །བཙུན་པ་ལས་བགྱིད་པས་མཚམས་གཅིག་པར་གསོལ་བ་གཅིག་དང་ལས་གཅིག་གིས་གང་ཟག་བཞི་ལ་ལས་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་
མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཚམས་གཅིག་པར་མང་པོས་མང་པོ་ལ་ལས་བྱར་མི་རུང་ངོ་། །བཙུན་པ་དགེ་སློང་གིས་མཚམས་གཅིག་ལ་མཚུངས་པར་གནས་པའི་དགེ་སློང་རྣམས་ལ་ལས་བགྱིས་ཀྱང་ནོངས་པར་ཡང་མི་འགྱུར་ལ་དགེ་འདུན་མ་འདུས་པར་ཡང་མི་

འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དད་པ་བྱིན་པས་སོ། །བཙུན་པ་ལས་བགྱིད་པའི་དགེ་སློང་གནས་གཅིག་ན་མཆིས་པས་གང་ཟག་བཞི་ལ་ལས་བགྱིས་ན་ལས་དེ་ཡང་བགྱིས་པར་འགྱུར་ལ་དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་
ཡང་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་ལྟར་ལས་བྱེད་པའི་དགེ་སློང་དེ་མཚམས་མནན་མཚམས་བཟུང་ནས་མཚམས་སུ་འགྲེང་ངམ་འདུག་ནས་མཚམས་ཀྱི་ནང་དུ་གཉིས་འདུག །མཚམས་ཀྱི་ཕྱི་རོལ་དུ་གཉིས་འདུག་པ་ལ་ལས་བྱེད་པའོ།། །།མདོར་
ན། མངོན་སུམ་གྱུར་དང་སྔ་མ་དག །ལས་རྣམས་གསུམ་དང་ཤི་བ་དང་། མི་སྤྱད་དང་ནི་བདེ་བ་མཚམས། །ཉེས་པ་ལས་ཀྱང་དེ་བཞིན་ནོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་མངོན་སུམ་དུ་གྱུར་པ་ལ་ལས་རྣམས་གྱིས་ཤིག་ཅེས་གསུངས་ན། བཙུན་པ་དགེ་འདུན་
གྱིས་མངོན་སུམ་དུ་མ་གྱུར་པར་ལས་རྣམས་བགྱིས་ཀྱང་ལས་རྣམས་བགྱིས་པར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་ལྟར་ཡང་དགེ་སློང་མའི་དགེ་འདུན་གྱིས་ཕྱག་མི་བྱ་བའི་སྡོམ་པའམ་ལོངས་སྤྱོད་དང་བྲལ་བའི་སྡོམ་པ་བྱིན་པ་དང་། དགེ་སློང་གི་
དགེ་འདུན་གྱིས་དགེ་སློང་ལ་སྨྱོན་པའི་སྡོམ་པ་བྱིན་པར་གྱུར་པའོ། །བཙུན་པ་སྔར་ལས་བསྒྲགས་ཏེ་ཕྱིས་གསོལ་བ་བགྱིས་ན་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི་འདས་པ་དང་བཅས་པའོ། །བཙུན་པ་བདག་ཉིད་ཀྱིས་
བདག་ཉིད་སྤངས་ན་སྤངས་པ་ཞེས་བགྱིའམ། ཨུ་པཱ་ལི་སྤངས་པ་ཞེས་བྱའོ། །བཙུན་པ་བདག་ཉིད་སྤངས་ཏེ་བདག་ཉིད་ཀྱིས་བདག་ཉིད་ལ་བཟོད་པར་བགྱིས་ན་བཟོད་པ་བགྱིད་པ་ཞེས་བགྱིའམ། ཨུ་པཱ་ལི་བཟོད་པ་བྱས་པ་ཞེས་བྱའོ། །བཙུན་པ་བསྡིགས་པའི་ལས་བགྱིས་པ་
ལ་བསྡིགས་པའི་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་སྨད་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིད་པ་དང་། བསྐྲད་པའི་ལས་བགྱིས་པ་དང་། སླར་བསྡུམ་པའི་ལས་བགྱིས་པ་དང་། མ་མཐོང་བའི་ཕྱིར་སྤངས་པའི་ལས་བགྱིས་

པ་དང་། སླར་གྱི་ལས་མ་བགྱིས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་ཕྱིར་སྤང་བའི་ལས་བགྱིས་པ་དང་། ཆད་པས་བཅད་པ་ལ་ཆད་པའི་དང་། ཡིད་མགུ་བའི་སྤྱོད་པ་ལ་ཡིད་མགུ་བའི་དང་། དབྱུང་བའི་ཕྱིར་ལས་བགྱིས་པ་ལ་དབྱུང་བའི་ཕྱིར་ལས་བགྱིད་ན་
ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་བསྡིགས་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིད། བསྐྲད་པའི་དང་། སླར་བསྡུམ་པའི་དང་། མ་མཐོང་བའི་ཕྱིར་སྤངས་པ་དང་། སླར་གྱི་ལས་མ་བགྱིས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་
བའི་ཕྱིར་སྤང་བའི་ལས་དང་། ཆད་པས་བཅད་པའི་དང་། ཡིད་མགུ་བའི་དང་། དབྱུང་བའི་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་ཀྱང་འཁོར་ལོའི་རྒྱུད་བཞིན་དུ་བྱའོ། །བཙུན་པ་བསྡིགས་པའི་
ལས་སུ་འོས་པ་ཞིག་ལ་སྨད་པ་དང་། བསྐྲད་པ་དང་། སླར་བསྡུམ་པའི་ལས་རྣམས་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱ་སྟེ། སྨ་དབབ་པའི་ལས་སོ། །བཙུན་པ་བསྡིགས་པའི་ལས་སུ་འོས་པ་ཞིག་ལ་མ་མཐོང་བའི་སླད་དུ་སྤངས་
པ་དང་། སླར་ལས་མ་བགྱིས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་སླད་དུ་སྤང་བའི་ལས་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་སྨ་དབབ་པའི་ལས་ནི་གཞན་ནོ། །སྤང་བའི་ལས་ནི་གཞན་ནོ། །
བཙུན་པ་བསྡིགས་པའི་ལས་སུ་འོས་པ་ཞིག་ལ་ཆད་པས་བཅད་པ་དང་། ཡིད་མགུ་བ་དང་། དབྱུང་བའི་ལས་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨ་དབབ་པའི་ལས་ནི་གཞན་ནོ། །རྣམ་པར་དག་
པའི་ལས་ནི་གཞན་ནོ། །བཙུན་པ་མ་མཐོང་བའི་སླད་དུ་སྤང་བའི་ལས་སུ་འོས་པ་ཞིག་ལ་སླར་ལས་མ་བགྱིས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་སླད་དུ་སྤང་བའི་ལས་ཤིག་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱའོ། །དེ་

ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་སྤང་བའི་ལས་སོ། །བཙུན་པ་མ་མཐོང་བའི་ཕྱིར་སྤང་བའི་ལས་སུ་འོས་པ་ཞིག་ལ་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། སླར་བསྡུམ་པའི་ལས་ཤིག་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ།
ཨུ་པཱ་ལི་མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་སྤང་བའི་ལས་ནི་གཞན། སྨ་དབབ་པའི་ལས་ནི་གཞན་ནོ། །བཙུན་པ་མ་མཐོང་བའི་སླད་དུ་སྤང་བའི་ལས་སུ་འོས་པ་ཞིག་ལ་ཆད་པས་བཅད་པ་དང་། ཡིད་མགུ་བ་དང་། དབྱུང་བའི་ལས་བགྱིས་
ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་བྱས་པ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་སྤང་བའི་ལས་ནི་གཞན། རྣམ་པར་དག་པའི་ལས་ནི་གཞན་ནོ། །བཙུན་པ་ཆད་པས་གཅད་པར་འོས་པ་ཞིག་ལ་ཡིད་མགུ་བ་དང་། དབྱུང་བའི་ལས་བགྱིས་
ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་འདི་དག་ཐམས་ཅད་ནི་རྣམ་པར་དག་པའི་ལས་སོ། །བཙུན་པ་ཆད་པས་གཅད་པར་འོས་པ་ཞིག་ལ་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། སླར་བསྡུམ་པའི་
ལས་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་རྣམ་པར་དག་པའི་ལས་ནི་གཞན། སྨ་དབབ་པའི་ལས་ནི་གཞན་ནོ། །བཙུན་པ་ཆད་པས་གཅད་པར་འོས་པ་ཞིག་ལ་མ་མཐོང་བའི་ཕྱིར་སྤང་བའི་ལས་
བགྱིས་སམ། སླར་གྱི་ལས་མ་བགྱིས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་སླད་དུ་སྤང་བའི་ལས་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་རྣམ་པར་དག་པའི་ལས་ནི་གཞན། སྤང་བའི་
ལས་ནི་གཞན་ནོ། །བཙུན་པ་ལས་གཞན་གྱིས་གསོལ་བ་བགྱིས་ལ་ལས་གཞན་གྱིས་བསྒྲགས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་གང་ཟག་

བྱིས་པ་དང་། གླེན་པ་དང་། མི་གསལ་བ་དང་། མི་མཁས་པ་དང་། ངོ་ཚ་མེད་པ་དང་། ཚིག་མི་བརྟན་པ་དང་། ཡི་དམ་ལས་ཉམས་པ་དང་། སྔོན་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་དང་། སྨྱོས་པ་དང་རྣམ་པ་བཅུས་འཁྲུགས་ཀྱང་འཁྲུགས་པར་མི་
འགྱུར་རོ་ཞེས་གསུངས་ན། བཙུན་པ་དེ་སྟེ་ཆོས་བཞིན་མ་ལགས་པར་བགྱིད་ཅིང་དེ་དག་ཀྱང་སླར་བཟློག །སླར་དཀྲུགས་ཏེ། དེ་དག་གིས་སླར་བཟློག་སླར་དཀྲུགས་ན་སླར་དཀྲུགས་པ་མི་བརྩན་ནམ། ཨུ་པཱ་ལི་བརྩན་ཏེ། ངས་ཆོས་བཞིན་གྱི་ལས་ལ་
དགོངས་ཏེ་གསུངས་པས་ན། གང་ལ་ཆོས་བཞིན་གྱི་ལས་བྱེད་པ་དེ་ལ་སླར་བཟློག་པ་དང་དཀྲུགས་པ་ནི་མི་བརྩན་ནོ། །བཙུན་པ་གང་ཟག་བཅུ་གཉིས་ཀྱི་ལས་བསྐོ་བའི་ཚེ་དང་བསྙེན་པར་རྫོགས་པར་རིགས་པ་ལ་བསྙེན་པར་རྫོགས་པར་བགྱིད་པའི་ཚེ་དང་། དབྱུང་བར་
རིགས་པ་ལ་བྱིན་པའི་ཚེ་སླར་བཟློག་ཅིང་སླར་དཀྲུགས་ཏེ་བདག་ལ་ལས་མ་བྱེད་ཅིག་ཅེས་མཆི་ན་དེ་དག་གིས་སླར་བཟློག་པ་དང་། སླར་དཀྲུགས་པ་མི་བརྩན་ནམ། ཨུ་པཱ་ལི་བརྩན་ནོ། །ཆད་པའི་ལས་ནི་ངས་དགོངས་ཏེ་གསུངས་སོ། །བཙུན་པ་ལས་བགྱིད་པ་ཞིག་ལས་
བགྱིད་པའི་ཚེ་དུས་ལས་འདས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་དེ་སྟེ་ལས་མང་དུ་བྱས་ལ་དེ་ཡང་དུས་ལས་འདས་ན་ལས་བྱས་པ་ཞེས་བྱའོ། །བཙུན་པ་ཉེ་བར་ཕྱོགས་པ་དང་ལྷན་ཅིག་ཀུན་དུ་སྤྱད་པར་བགྱིའམ་ཀུན་དུ་མི་སྤྱད་པར་བགྱི། ཨུ་པཱ་ལི་ཉེ་བར་ཕྱོགས་
པ་དང་ལྷན་ཅིག་ཀུན་ཏུ་མི་སྤྱད་པར་བྱའོ། །བཙུན་པ་སྤངས་པ་དེ་གྲོགས་ཞེས་བགྱིའམ། གྲོགས་མ་ལགས་པ་ཞེས་བགྱི། ཨུ་པཱ་ལི་སྤངས་པ་ཐམས་ཅད་ནི་གྲོགས་མ་ཡིན་པ་ཞེས་བྱའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བསྡིགས་པའི་ལས་བགྱིས་པ་ལ་བཟོད་པ་སྩོལ་
ཅིག་ཅེས་གསུངས་ན། བཙུན་པ་གང་དུ་བཟོད་པ་སྩལ་བར་བགྱི། མཚམས་ཀྱི་ནང་དུའོ། །ཇི་ལྟར་བཟོད་པ་གསོལ་བར་བགྱི། སྤུ་འགྲེང་བ་ཉལ་བཞིན་དུ་དགེ་འདུན་ལ་སྤུ་བསྙལ་ཏེ་འབྱུང་བར་རྩོལ་ཞིང་ཕྱག་འཚལ་བར་སྟོན་མཚམས་ཀྱི་ནང་དུ་འདུག་ནས་བཟོད་པ་གསོལ་ཏེ་

ཉེས་པ་མཐོང་བའོ། །བཙུན་པ་སུ་གང་ལ་དགེ་འདུན་གྱི་ནང་དུ་ལན་གསུམ་དུ་བསྒོ་ཡང་སླར་མ་བཏང་བ་དེ་དག་ཐམས་ཅད་ནོངས་པར་འགྱུར་རམ། སུ་གང་ལ་ནོངས་པར་བྱུང་བ་དེ་དག་ཐམས་ཅད་ཀྱང་ལན་གསུམ་དུ་བསྒོ་བར་བགྱིའམ། སུ་གང་ཞིག་དགེ་
འདུན་གྱི་ནང་དུ་ལན་གསུམ་དུ་བསྒོ་ཡང་སླར་མ་བཏང་བ་དེ་དག་ཐམས་ཅད་ལ་ཉེས་པར་འགྱུར་རོ། །བཙུན་པ་ནོངས་པ་བྱུང་ཡང་དེ་དགེ་འདུན་གྱི་ནང་དུ་ལན་གསུམ་དུ་བསྒོ་མི་འཚལ་བར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། བསྒོ་བའི་རིགས་པ་ཞིག་བསྒོ་བར་འོས་
པ་མ་གཏོགས་པར་དེ་ལས་ཉེས་པ་གཞན་བྱུང་བའོ། བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་ཆོས་གང་དང་ལྡན་པའི་དགེ་སློང་དེ་ལ་སྨ་དབབ་པའི་ལས་དང་སྤང་བའི་ལས་དང་། རྣམ་པར་དག་པའི་ལས་རྣམས་བྱའོ་ཞེས་གསུངས་ན། བཙུན་པ་དེ་སྟེ་དགེ་སློང་མ་ལ་ཡང་
དེ་ལྟ་བུའི་ཆོས་དང་ལྡན་པར་གྱུར་ན་དེ་དག་ལ་ཡང་ལས་དེ་རྣམས་བགྱིའམ། ཨུ་པཱ་ལི་བྱའོ། །བཙུན་པ་དེ་སྟེ་དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ཆོས་དེ་དག་དང་ལྡན་པར་གྱུར་ན། དེ་དག་ལ་ཡང་ལས་དེ་རྣམས་བགྱིའམ། ཨུ་པཱ་ལི་རྣམ་
པར་དག་པའི་ལས་མ་གཏོགས་པར་ལས་གཞན་རྣམས་ནི་བྱའོ།། །།མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་གླེན་གཉིད་ལོག་ར་རོ་བ། །མྱོས་པ་སྙོམས་ཞུགས་འགྲོ་བ་མཚན། །མ་ནིང་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་
པ་སྨྱོན་པ་ལ་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་སྨྱོན་པ་ལ་སྡོམ་པ་བྱིན་པ་མ་གཏོགས་པའི་ལས་ལྷག་མ་རྣམས་ནི་དེ་སྟེ་སླར་དགེ་སློང་དུ་འདུ་ཤེས་ཡོད་ཅིང་ལས་འདི་ནི་བདག་ལ་བྱེད་དོ་བར་ཤེས་ན་ལས་བྱས་པ་ཞེས་བྱའོ། །སེམས་འཁྲུགས་པ་དང་། ནད་
ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱང་དེ་བཞིན་ནོ། །བཙུན་པ་གཉིད་ལོག་པ་ཞིག་ལ་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་དེ་སྟེ་ལུས་སམ་ངག་གིས་དམིགས་ནས་གསོལ་བ་དང་ལས་བྱ་བའི་ཚེ་གཉིད་ཀྱིས་ལོག་ན་

ལས་བྱས་པ་ཞེས་བྱའོ། །དེ་བཞིན་དུ་མྱོས་པ་དང་། ར་རོ་བ་དང་། སྙོམས་པར་ཞུགས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ་འགྲོ་བ་གཞན་དུ་གནས་པ་ཞིག་ལ་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་ལྷུང་བཟེད་ཁས་དབུབ་པ་མ་གཏོགས་ཏེ་ལས་
ལྷག་མ་རྣམས་ནི་བྱས་པ་ཞེས་བྱའོ། །བཙུན་པ་གང་ལ་ལས་བགྱི་བ་དེའི་མཚན་གྱུར་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱའོ། །བཙུན་པ་མ་ནིང་ཞིག་ལ་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་བྱས་པ་ཞེས་བྱའོ། །དེ་བཞིན་
དུ་དགེ་སློང་མ་སུན་ཕྱུང་བ་ནས། སྔར་འཁྲུགས་པའི་བར་དུ་བརྗོད་པར་བྱའོ། །བཙུན་པ་ཟ་མ་ཞིག་ལ་ལས་བགྱིད་ན་ལས་བགྱིད་པ་ཞེས་བགྱིའམ། ཨུ་པཱ་ལི་མ་བྱས་པ་ཞེས་བྱའོ། །བཙུན་པ་དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་
སྩལ་བ་རྣམས་ལ་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ།། །།མདོར་ན། སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ན་བ་འོན་པ་གླེན་པ་དང་། །ཁྱིམ་པ་དག་ལ་སོགས་པ་དང་། །བསླབ་པ་
བྱིན་དང་མཚན་དེ་བཞིན། །བཙུན་པ་ལས་བགྱིད་པ་སྨྱོན་པ་ཞིག་གིས་ལས་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ་མ་བགྱིས་པ་ཞེས་བགྱི། ཨུ་པཱ་ལི་དེ་སྟེ་དགེ་སློང་དུ་འདུ་ཤེས་སླར་རྙེད་ཅིང་གསོལ་བ་བྱས་ཏེ་ལས་མ་ཉམས་ན་བྱས་པ་ཞེས་བྱའོ། །སེམས་འཁྲུགས་པ་
དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱང་དེ་བཞིན་ནོ། །བཙུན་པ་ལས་བགྱིད་པ་འགྲོ་བ་གཞན་དུ་གནས་པ་ཞིག་གིས་ལས་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་དེ་བཞིན་ནོ། །དེ་བཞིན་དུ་ལས་བགྱིད་པ་ཁྱིམ་པ་དང་། ཟ་མ་དང་།
མ་ནིང་དང་། ལྷན་ཅིག་མི་གནས་པ་དང་། སོ་སོར་གནས་པ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་གིས་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་

རྣམས་ཀྱིས་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །བཙུན་པ་ལས་བགྱིད་པས་ལས་བགྱིས་པ་ན་མཚན་འཕོས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་བྱས་པ་ཞེས་བྱའོ། །
ཇི་ལྟར་ལས་བྱེད་པ་དེ་བཞིན་དུ་གྲངས་སུ་བསྐང་བས་ཀྱང་བརྗོད་པར་བྱའོ། །ལས་ཀྱི་དངོས་པོ་སྟེ་དམར་སྐྱའི་དངོས་པོ་རྫོགས་སྷོ།། །།མདོར་ན། ཆད་པ་རྣམ་པ་བདུན་དུ་བྱས། །གནས་གསུམ་དང་ནི་མུ་སྟེགས་ཅན། །བསྒྲགས་པ་དང་ནི་ཉེས་པ་དང་། །མཚན་
དང་སྦྱིན་པ་མ་ཡིན་པའོ། །བཙུན་པ་གང་ཟག་དེ་ཉིད་ཆད་པ་བགྱིད་པ་ལགས་ལ་དེ་ཉིད་ཆད་པ་ཁོར་བ་ཡང་ལགས། དེ་ཡིད་མགུ་བར་སྤྱོད་པ་ལགས་ལ་གང་ཟག་དེ་ཉིད་ཀྱིས་ཡིད་མགུ་བར་སྤྱོད་པ་ཡང་ལགས་པར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་ལྟར་གང་
ཟག་ཡིད་མགུ་བར་སྤྱད་པ་ལས་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་སྟེ། དེ་དགེ་འདུན་ལ་ཡིད་མགུ་བར་བྱ་བ་གསོལ་ཏེ་དགེ་འདུན་གྱིས་དེ་ལ་ཡིད་མགུ་བར་བྱ་བ་བྱིན་ཏེ་དེ་ཡིད་མགུ་བར་བྱ་བ་སྤྱོད་པ་ན་དེ་ཡང་དགེ་འདུན་གྱི་ལྷག་མའི་ཉེས་པ་གཉིས་བྱུང་སྟེ། གཅིག་ནི་ཞག་གཅིག་
ཏུ་བཅབས་པ། གཅིག་ནི་ཞག་གཉིས་སུ་བཅབས་ནས་དེས་ཉེས་པ་དེ་དག་གི་ཕྱིར་དགེ་འདུན་ལས་ཆད་པར་བྱ་བར་གསོལ་བ་དང་། དེ་ལ་དགེ་འདུན་གྱིས་ཀྱང་ཆད་པར་བྱེད་པ་བྱིན་ནོ། །དེས་ཞག་གཅིག་ཏུ་ཆད་པ་བྱས་ཏེ། དེའི་ཉེས་པ་གཅིག་གི་ཆད་པ་ནི་བྱས་སོ། །
གཉིས་པའི་ཆད་པ་ནི་བྱེད། གསུམ་དུ་ནི་ཡིད་མགུ་བར་བྱ་བ་སྤྱོད། བཞི་པ་ནི་ཡིད་མགུ་བར་སྤྱད་པའོ། །བཙུན་པ་ཆད་པ་བགྱིད་པའི་རིགས་པ་ཞིག་ལ་ཡིད་མགུ་བ་བགྱིད་པ་སྩལ་ན་སྩལ་བ་ཞེས་བགྱིའམ། ཨུ་པཱ་ལི་བྱིན་པ་ཞེས་བྱ་སྟེ། དགེ་འདུན་ནི་
འདས་པ་དང་བཅས་པའོ། །བཙུན་པ་ཆད་པ་བགྱིད་པའི་རིགས་པའི་གང་ཟག་གཅིག་ཕྱུང་ན་ཕྱུང་བ་ཞེས་བགྱིའམ། ཨུ་པཱ་ལི་ཕྱུང་བ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །བཙུན་པ་ཡིད་མགུ་བ་བགྱིད་པར་རིགས་པའི་གང་ཟག་ལ་ཆད་པ་

བགྱིད་པ་སྩལ་ན་སྩལ་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། དགེ་འདུན་ལ་ཡང་འདས་པ་དང་བཅས་པའོ། །བཙུན་པ་ཡིད་མགུ་བ་བགྱིད་པར་རིགས་པའི་གང་ཟག་གཅིག་ཕྱུང་ན་ཕྱུང་བ་ཞེས་བགྱིའམ། ཨུ་པཱ་ལི་ཕྱུང་བ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་
པའོ། །བཙུན་པ་དབྱུང་བར་རིགས་པའི་གང་ཟག་ལ་ཆད་པ་བགྱིད་དུ་སྩལ་ན་སྩལ་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། དགེ་འདུན་ལ་ཡང་འདས་པ་དང་བཅས་པའོ། །བཙུན་པ་དབྱུང་བར་རིགས་པའི་གང་ཟག་གཅིག་ཡིད་མགུ་བར་བགྱིད་པ་སྩལ་ན་སྩལ་བ་ཞེས་
བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ་ལས་བགྱིད་པ་ཕྱོགས་གཅིག་ཏུ་མཆིས་ལ་གནས་བཞིར་ཆད་པ་བགྱིད་པ་དང་། ཡིད་མགུ་བར་བགྱིད་པ་སྩོལ་ཅིང་དབྱུང་བའི་ལས་ཀྱང་བགྱིད་པར་རུང་ངམ། ཨུ་པཱ་ལི་དེ་འདི་ལྟར་ལས་བྱེད་
པའི་དགེ་སློང་དེ་གནས་བཞིའི་མཚམས་སུ་ཤིང་ངམ། དབྱིག་པའམ། རེ་ལྡེས་མནན་ཏེ་ལས་བྱེད་ན་རུང་ངོ་། །བཙུན་པ་ལས་བགྱིད་པའི་གནས་བཞིའི་མཚམས་སུ་ཤིང་ངམ། དབྱིག་པའམ། རེ་ལྡེས་མནན་ཏེ་གསོལ་བ་གཅིག་དང་། ལས་གཅིག་གིས་གང་ཟག་བཞི་ལ་
ཆད་པ་བགྱིད་པ་དང་། ཡིད་མགུ་བར་བགྱིད་པ་དང་། དབྱུང་བའི་ལས་རྣམས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་མཚམས་གཅིག་པ་ལ་མང་པོས་མང་པོ་ལ་ལས་བྱར་མི་རུང་ངོ་། །བཙུན་པ་དགེ་སློང་ཞིག་
གིས་མཚམས་གཅིག་ན་གནས་ཤིང་ལྷན་ཅིག་ཏུ་འཁོད་པའི་དགེ་སློང་དེ་དག་མ་མཆིས་བཞིན་དུ་ཆད་པ་བགྱིད་པ་དང་། ཡིད་མགུ་བར་བགྱིད་པ་དང་། དབྱུང་བའི་ལས་བགྱིད་ཀྱང་ནོངས་པར་མི་འགྱུར་ལ་དེས་དགེ་འདུན་ལ་ཡང་མི་མཐུན་པར་མི་འགྱུར་བ་མཆིས་སམ། ཨུ་
པཱ་ལི་ཡོད་དེ། དད་པ་རྗེས་སུ་ཕུལ་བའོ། །བཙུན་པ་ལས་བགྱིད་པའི་དགེ་སློང་ཕྱོགས་གཅིག་ཏུ་མཆིས་ནས་གང་ཟག་བཞི་ལ་ཆད་པ་བགྱིད་པ་དང་ཡིད་མགུ་བར་བགྱིད་པའི་ལས་བགྱིད་ན་ལས་ཀྱང་བགྱིས་པར་འགྱུར་ལ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་མི་

འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་ལྟར་ལས་བྱེད་པའི་དགེ་སློང་དེས་མཚམས་མནན་མཚམས་བཟུང་སྟེ་མཚམས་སུ་འགྲེང་ངམ་འདུག་ཀྱང་རུང་གཉིས་ནི་མཚམས་ཀྱི་ནང་དུ་བཞག་གཉིས་ནི་མཚམས་ཀྱི་ཕྱི་རོལ་དུ་བཞག་སྟེ་བྱེད་པའོ། །བཙུན་པ་
བཅོམ་ལྡན་འདས་ཀྱིས་ནི་ཆད་པ་བགྱིད་པ་གཉིས་ཐོག་གཅིག་པའི་གནས་སུ་མ་གནས་ཤིག་ཅེས་གསུངས་ན། བཙུན་པ་ཆད་པ་བགྱིད་པ་གཉིས་ཐོག་གཅིག་པའི་གནས་སུ་གནས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། སྔོན་མུ་སྟེགས་ཅན་དང་
ལྷན་ཅིག་གནས་ནའོ། །བཙུན་པ་ནོངས་པ་གང་ཡང་མ་བྱུང་བ་དེ་ཡང་ཆད་པ་བགྱིད་དུ་མཆིས་སམ། ཨུ་པཱ་ལི་ཡོད་དེ། སྔོན་མུ་སྟེགས་ཅན་ནོ། །བཙུན་པ་དགེ་འདུན་གྱི་ལྷག་མ་མ་བྱུང་བ་ཞིག་ལ་ཆད་པ་བགྱིད་དུ་སྩལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ།
ཨུ་པཱ་ལི་ཡོད་དེ། མུ་སྟེགས་ཅན་ལའོ། །བཙུན་པ་དགེ་སློང་ཞིག་གིས་ནོངས་པའི་མིང་དང་རིགས་མ་བསྒྲགས་ན་བཅབས་པ་ཞེས་བགྱིའམ། ཨུ་པཱ་ལི་བཅབས་པ་ཞེས་བྱའོ། །བཙུན་པ་དེ་སྟེ་རིགས་བསྒྲགས་ལ་མིང་མ་བསྒྲགས་ན་བཅབས་པ་ཞེས་བགྱིའམ།
ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དགེ་འདུན་གྱི་ལྷག་མ་དུ་ལས་འབྱུང་། ཨུ་པཱ་ལི་བཅུ་གསུམ་ལས་སོ། །བཙུན་པ་དགེ་སློང་ཞིག་གིས་དགེ་འདུན་གྱི་ལྷག་མའི་ནོངས་པ་ཞིག་བྱུང་ལ་མ་བཤགས་ཤིང་སླར་མ་བགྱིས་བཞིན་བྱང་བར་འགྱུར་བ་མཆིས་སམ། ཨུ་
པཱ་ལི་ཡོད་དེ། འདི་ལྟར་དགེ་སློང་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མ་ཞིག་བྱུང་བར་གྱུར་ལ། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། དེ་ལ་དགེ་འདུན་གྱི་ལྷག་མ་ལས་ནི་བྱུང་གི་ཉེས་བྱས་ཀྱི་ལྟུང་བ་ནི་བཤགས་པར་བྱའོ། །བཙུན་པ་དགེ་སློང་
མ་ཞིག་གིས་དགེ་འདུན་གྱི་ལྷག་མའི་ནོངས་པ་ཞིག་བྱུང་ལ་མ་བཤགས་ཤིང་སླར་མ་བགྱིས་བཞིན་བྱང་བར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་ལྟར་དགེ་སློང་མ་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མའི་ཉེས་པ་ཞིག་བྱུང་བར་གྱུར་ལ། དེའི་མཚན་

འཕོས་ཏེ་དགེ་སློང་ཕར་གྱུར་ན་དགེ་འདུན་གྱི་ལྷག་མ་ལས་ནི་བྱུང་གི་ཉེས་བྱས་ཀྱི་ལྟུང་བ་ནི་བཤགས་པར་བྱའོ། །བཙུན་པ་དགེ་འདུན་གྱི་ལྷག་མའི་ནོངས་པ་ལས་བྱུང་བཞིན་སླར་ཡང་ནོངས་པ་དེ་བཤགས་པར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་ལྟར་ཡང་དགེ་སློང་
དེས་ཐུན་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་བར་གྱུར་པ་དང་དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་དགེ་འདུན་གྱི་ལྷག་མ་བྱུང་བ་དང་། དེ་སླར་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཉེས་པ་དེ་བཤགས་དགོས་སོ། །བཙུན་པ་དགེ་སློང་ཞིག་ཆད་
པ་སྤྱོད་པ་ལས་དེ་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། དགེ་སློང་མ་ལ་ཆད་པ་བྱའོ། །བཙུན་པ་དགེ་སློང་དེ་ཡིད་མགུ་བར་བགྱི་བ་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པཱ་
ལི་མ་ཡིན་ཏེ། ཇི་ཙམ་དུ་སྤྱད་པ་དེ་གྲངས་ལ་དགེ་འདུན་སྡེ་གཉིས་ལ་ཟླ་ཕྱེད་དུ་སྐོངས་ཤིག །བཙུན་པ་དགེ་སློང་མ་ཞིག་ཆད་པ་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན་ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། དགེ་སློང་ཕ་ལ་ཆད་པ་བྱོས་ཤིག །
བཙུན་པ་དགེ་སློང་མ་ཞིག་ཡིད་མགུ་བར་བགྱི་བ་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན་ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། ཞག་དྲུག་ཏུ་གྲོངས་ལ་ཕྱུང་ཤིག །བཙུན་པ་བསླབ་པ་སྩལ་བས་དགེ་སློང་ལ་ཆད་པར་བགྱི་བ་དང་། ཡིད་མགུ་བར་
བགྱི་བ་སྩལ་བར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་བསླབ་པ་སྩལ་བ་ལ་ཆད་པར་བགྱི་བ་དང་། ཡིད་མགུ་བར་བགྱི་བ་སྩལ་བར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་།། །།མདོར་ན། ཉེས་དང་དེ་བཞིན་མཚན་མོ་དང་། །སྐད་རྣམས་དང་ཡང་བཞི་པ་དང་། །
ལུས་དང་དབེན་དང་དེ་བཞིན་སྔགས། །བཞི་པ་གཉིས་དང་སྦྱངས་པའོ། །བཙུན་པ་ནོངས་པ་དང་བཅས་པས་དགེ་སློང་ལ་ཆད་པ་བགྱི་བ་དང་ཡིད་མགུ་བར་བགྱི་བ་སྩལ་བར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། བཙུན་པ་ནོངས་པ་དང་བཅས་པ་ལས་ཆད་པར་

བགྱི་བའམ། ཡིད་མགུ་བར་བགྱི་བ་སྤྱད་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དེ་བཞིན་དུ་གྲངས་སུ་སྐོང་བ་ཡང་བརྗོད་པར་བྱའོ། །བཙུན་པ་ཆད་པ་བགྱིད་པ་གཞི་གནས་གཅིག་ན་ཆད་པ་བགྱིད་དམ་ཡིད་མགུ་བར་བགྱི་བ་སྤྱོད་དུ་རུང་ངམ། ཨུ་པཱ་ལི་
མི་རུང་སྟེ། མང་པོས་མང་པོ་ལ་ཆད་པར་བྱ་བའམ། ཡིད་མགུ་བར་བྱ་བ་མི་སྤྱོད་དོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་ཆད་པ་བྱེད་པ་གནས་གཞན་དུ་མ་གནས་ཤིག་ཅེས་གསུངས་ན། བཙུན་པ་དེ་སྟེ་གནས་གཞན་དུ་གནས་ན་ཞག་བགྲང་བར་བགྱིའམ། ཨུ་པཱ་ལི་མ་
ཡིན་ནོ། །བཙུན་པ་འཕགས་པ་ཞིག་གིས་འཕགས་པའི་སྐད་དུ་དགེ་སློང་ལ་ནོངས་པ་སྨྲས་པ་དང་། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་འཕགས་
པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་ནོངས་པ་སྨྲས་པ་དང་། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་མཐའ་འཁོབ་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་ནོངས་པ་སྨྲས་པ་དང་།
དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་མཐའ་འཁོབ་པ་ཞིག་གིས་འཕགས་པའི་སྐད་དུ་དགེ་སློང་ལ་ནོངས་པ་སྨྲས་པ་དང་། དགེ་སློང་
དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་ནོངས་པ་ལུས་ཀྱིས་དམིགས་ཤིང་སྟོན་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དབེན་པ་ལ་མི་
དབེན་པར་འདུ་ཤེས་ནས་སྨྲས་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་དགེ་སློང་ཞིག་གིས་སྨན་ནམ་སྔགས་ཀྱིས་བདག་མི་སྣང་བར་བགྱིས་ཏེ་ནོངས་པ་སྨྲས་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །

བཅབས་པར་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་ས་ལ་གནས་པ་དག་གིས་ནམ་མཁའ་ལ་གནས་པ་རྣམས་ལ་ཆད་པ་བགྱིའམ་ཡིད་མགུ་བར་བགྱིད་པའམ། དབྱུང་བའི་ལས་ཀྱང་རུང་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་ནམ་
མཁའ་ལ་གནས་པ་དག་གིས་ས་ལ་གནས་པ་རྣམས་ལ་ཆད་པ་བགྱི་བའམ། ཡིད་མགུ་བར་བགྱིའམ། དབྱུང་བའི་ལས་ཀྱང་རུང་བགྱིད་ན་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་ས་ལ་གནས་པ་དག་གིས་ནམ་མཁའ་ལ་གནས་པ་རྣམས་ཀྱི་
གྲངས་སུ་བསྐངས་ཏེ་ཆད་པར་བགྱི་བའམ་ཡིད་མགུ་བར་བགྱི་བའམ། དབྱུང་བའི་ལས་ཀྱང་རུང་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་ནམ་མཁའ་ལ་གནས་པ་དག་གིས་ས་ལ་གནས་པ་རྣམས་ཀྱི་གྲངས་སུ་བསྐངས་ཏེ་ཆད་པ་
བགྱི་བའམ། ཡིད་མགུ་བར་བགྱིད་པའམ། དབྱུང་བའི་ལས་ཀྱང་རུང་བགྱིས་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་མཚམས་ཀྱི་ནང་ན་གནས་པ་དང་མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་སུ་ལྷན་ཅིག་རྣམ་པ་བཞིར་བྱོས་ཤིག། །།
འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དགེ་འདུན་གྱི་ལྷག་མའི་ཆོས་བཅུ་གསུམ་པོ་འདི་རྣམས་ལས་ཁུ་བ་ལས་བྱུང་བ་ཞག་གཅིག་བཅབས་པ་ནས། ཚིག་བཀའ་བློ་མི་བདེ་བ་ལས་བྱུང་བ་ཞག་
བཅུ་གསུམ་བཅབས་པའི་བར་དུ་སྟེ། བཙུན་པ་ནོངས་པ་བཅུ་གསུམ་པོ་དེ་དག་དུས་ཐ་དད་པ་མི་འདྲ་བར་བཅབས་པའི་རྣམས་ལ་གསོལ་བ་གཅིག་དང་། ལས་གཅིག་གིས་ཆད་པ་བགྱིད་དུ་སྩལ་བར་རུང་ངམ། ཨུ་པཱ་ལི་རུང་ངོ་། །བཙུན་པ་ཆད་པ་ཁོར་ནས་ཡིད་མགུ་བར་བགྱིད་
དུ་སྩལ་བར་རུང་ངམ། ཨུ་པཱ་ལི་རུང་ངོ་། །ཡིད་མགུ་བར་བགྱི་བ་སྤྱད་ལགས་པ་ལས་དབྱུང་བ་སྩལ་དུ་རུང་ངམ། ཨུ་པཱ་ལི་རུང་ངོ་། །བཙུན་པ་དགེ་འདུན་ལྷག་མ་ནོངས་པ་མང་པོ་མི་འདྲ་བ་ལས་བྱུང་བའི་རྣམས་གསོལ་བ་གཅིག་དང་ལས་གཅིག་གིས་དུས་གཅིག་ཏུ་གཞན་

ལ་ཆད་པ་བགྱིད་པ་དང་། གཞན་ལ་ཡིད་མགུ་བར་བགྱི་བ་དང་། གཞན་ལ་དབྱུང་བ་སྩལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་དགེ་འདུན་གྱི་ལྷག་མ་ནོངས་པ་མང་པོ་མི་འདྲ་བ་ལས་བྱུང་བའི་རྣམས་གསོལ་བ་གཅིག་དང་། ལས་གཅིག་གིས་དུས་
གཅིག་ཏུ་གང་ཟག་གཅིག་ལ་ཆད་པ་དང་ཡིད་མགུ་བར་བགྱི་བ་དང་དབྱུང་བ་རྣམས་སྩལ་ཏུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་།། །།མདོར་ན། སྨྱོན་པ་སེམས་འཁྲུགས་ནད་ཀྱིས་གཟིར། །འོན་གླེན་གཉིད་ལོག་ར་རོ་བ། །མྱོས་དང་སྙོམས་ཞུགས་འགྲོ་བ་མཚན། །ཁྱིམ་
པ་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ་སྨྱོན་པ་ཞིག་གིས་ནོངས་པ་སྨྲས་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་
རྣམས་སོ། །བཙུན་པ་སྨྱོན་པ་ཞིག་ལ་ནོངས་པ་སྨྲས་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཅབས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། འོན་པ་དང་། ལྐུགས་པ་
དང་། གཉིད་ལོག་པ་དང་། མྱོས་པ་དང་། ར་རོ་བ་དང་། སྙོམས་པར་ཞུགས་པ་རྣམས་ལ་སྨྲས་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་འགྲོ་བ་གཞན་དུ་གནས་པ་ཞིག་ལ་ནོངས་པ་སྨྲས་ན་སྨྲས་
པ་ཞེས་བགྱིའམ། ཨུ་པཱ་ལི་མ་སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་འགྱུར་རོ། །དེ་བཞིན་དུ་མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ནས། སྔར་འཁྲུགས་པའི་བར་དུ་དེ་དག་ལ་ནོངས་པ་སྨྲས་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་སྨྲས་པ་ཞེས་
བྱའོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་དགེ་སློང་གིས་ཟ་མ་ཞིག་ལ་ནོངས་པ་སྨྲས་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །དེ་བཞིན་དུ་དགེ་འདུན་གྱི་དབྱེན་བགྱིས་པ་

དང་། མི་གནས་པ་དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ལ་ནོངས་པ་སྨྲས་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་དགེ་སློང་གིས་ནོངས་པ་སྨྲ་བ་
ན་མཚན་འཕོས་ན་སྨྲས་པ་ཞེས་བགྱིའམ། ཨུ་པཱ་ལི་སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དགེ་སློང་གིས་དགེ་འདུན་གྱི་ལྷག་མའི་ནོངས་པ་ཞིག་བྱུང་ན་ནམ་འཚོའི་བར་དུ་དབྱུང་དུ་མི་རུང་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་
ལྟར་དགེ་སློང་གིས་ཕས་ཕམ་པ་བཞིའི་ཉེས་པ་ལས་གང་ཡང་རུང་སྟེ། འདས་པ་དེའི་འོག་ཏུ་དགེ་འདུན་གྱི་ལྷག་མའི་ཉེས་པ་ཞིག་བྱུང་བའོ།། །།མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་གླེན་གཉིད་ལོག་ར་རོ་བ། །མྱོས་དང་སྙོམས་ཞུགས་འགྲོ་བ་མཚན། །མ་ནིང་དག་ལ་
སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ་སྨྱོན་པ་ཞིག་ལ་ཆད་པ་དང་། ཡིད་མགུ་བར་བགྱི་བ་དང་། དབྱུང་བའི་ལས་རྣམས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་དེ་སྟེ་སླར་དགེ་སློང་དུ་འདུ་ཤེས་པ་དེ་ཉིད་དམ་ལུས་དང་ངག་གིས་ཀྱང་དམིགས་ཤིང་
ལས་འདི་ནི་བདག་ལ་བྱེད་པར་ཤེས་ན་ལས་བྱས་པ་ཞེས་བྱའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ་གཉིད་ལོག་པ་དང་། ར་རོ་བ་ཞིག་ལ་ཆད་པ་དང་། ཡིད་
མགུ་བར་བགྱི་བ་དང་། དབྱུང་བའི་ལས་རྣམས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་དེ་སྟེ་ལུས་སམ་ངག་གིས་དམིགས་པ་ལས་གསོལ་བ་བྱེད་པའི་ཚེ་གཉིད་ཀྱིས་ལོག་ནའང་བྱས་པ་ཞེས་བྱའོ། །དེ་བཞིན་དུ་ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་
པ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ་འགྲོ་བ་གཞན་དུ་གནས་པའི་དགེ་སློང་ཞིག་ལ་ཆད་པ་དང་། ཡིད་མགུ་བར་བགྱི་བ་དང་། དབྱུང་བ་ཡང་རུང་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་མ་ནིང་དང་། དགེ་སློང་མ་སུན་

ཕྱུང་བ་དང་། མི་གནས་པ་དང་། སོ་སོར་གནས་པ་ནས། སྔར་འཁྲུགས་པའི་བར་དུ་བརྗོད་པར་བྱའོ། །བཙུན་པ་དགེ་སློང་གིས་ཟ་མ་ཞིག་ལ་ཆད་པ་དང་། ཡིད་མགུ་བར་བགྱི་བའམ། དབྱུང་བ་ཡང་རུང་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་
ལི་མ་བྱས་པ་ཞེས་བྱའོ། །བཙུན་པ་དགེ་འདུན་གྱི་དབྱེན་བགྱིས་པའི་དགེ་སློང་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་ཞིག་ལ་ཆད་པ་དང་། ཡིད་མགུ་བར་བགྱི་བའམ། དབྱུང་བ་ཡང་རུང་ལས་བགྱིད་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་བྱས་པ་ཞེས་བྱ་སྟེ།
དགེ་འདུན་དག་ཀྱང་འདས་པ་དང་བཅས་པའོ། །གང་ཟག་གི་དངོས་པོ་དང་། ཆད་པའི་དངོས་པོ་རྫོགས་སྷོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་དག་དང་གླེན་པ་
དང་། །མ་ནིང་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ་དགེ་སློང་ཞིག་གིས་ཕྲིན་གྱིས་གསོ་སྦྱོང་བཀག་ན་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་
བརྒྱུད་དེ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་
བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། སྔོན་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་
རྣམས་ཀྱང་དེ་བཞིན་ནོ། །བཙུན་པ་བསླབ་པ་སྩལ་བ་ཞིག་གིས་གསོ་སྦྱོང་བཀག་ན་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་ཟ་མ་ཞིག་གིས་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ།། །།མདོར་ན། སྨྱོན་པར་གྱུར་དང་

སེམས་འཁྲུགས་དང་། །ནད་ཀྱིས་གཟིར་དང་འོན་གླེན་པ། །གཉིད་ལོག་ར་རོ་མྱོས་པ་དང་། །སྙོམས་པར་ཞུགས་དང་འགྲོ་བ་མཚན། །མ་ནིང་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ་སྨྱོན་པ་ཞིག་ལ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ།
ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། གཉིད་ལོག་པ་དང་། ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་ལའང་བརྗོད་པར་བྱའོ། །བཙུན་པ་འགྲོ་བ་གཞན་དུ་གནས་
པ་ཞིག་ལ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་བཀག་པ་ཞེས་བྱའོ། །བཙུན་པ་དེ་བཞིན་དུ་མ་ནིང་ནས། བསླབ་པ་སྩལ་བ་རྣམས་ཀྱི་བར་དུ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་བཀག་པ་ཞེས་བྱའོ། །བཙུན་པ་ཟ་
མ་ཞིག་ལ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་བཀག་པ་ཞེས་བྱའོ།། །།མདོར་ན། སྐད་དང་ལུས་དང་དབེན་དང་སྔགས། །མིག་དང་རྣ་བ་དེ་བཞིན་ཏེ། །མཚམས་དང་ས་དང་དེ་བཞིན་གནས། །གསོ་སྦྱོང་ཡིན་ཏེ་ཐ་མའོ། །བཙུན་པ་འཕགས་
པ་ཞིག་གིས་འཕགས་པའི་སྐད་དུ་གསོ་སྦྱོང་བཀག་པ་དང་། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་རྣམ་པ་བཞིར་རྒྱས་པར་བྱའོ། །བཙུན་པ་དགེ་སློང་ཞིག་གིས་ལུས་ཀྱི་དམིགས་པས་གསོ་སྦྱོང་
བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དགེ་སློང་ཞིག་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བགྱིས་ཏེ་
གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་ལྷའི་མིག་གིས་མཐོང་སྟེ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་བཀག་པ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ་ལྷའི་རྣ་

བས་ཐོས་ཏེ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ་མཚམས་ཀྱི་ནང་ན་མཆིས་པས་མཚམས་ཀྱི་སླད་རོལ་ན་མཆིས་པ་རྣམས་ལ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་
པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་མཚམས་ཀྱི་སླད་རོལ་ན་མཆིས་པ་ཞིག་གིས་མཚམས་ཀྱི་ནང་ན་མཆིས་པ་རྣམས་ལ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་ས་ལ་གནས་པ་ཞིག་གིས་ནམ་མཁའ་
ལ་གནས་པ་རྣམས་ཀྱི་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་ནམ་མཁའ་ལ་གནས་པ་ཞིག་གིས་ས་ལ་གནས་པ་རྣམས་ཀྱི་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དགེ་
སློང་ཞིག་ཕྱོགས་གཅིག་ཏུ་མཆིས་ནས་གནས་བཞིར་གང་ཟག་བཞི་ལ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པར་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། འདི་ལྟར་དགེ་སློང་དེས་གནས་བཞིའི་མཚམས་སུ་ཤིང་ངམ། འདམ་བུའམ། རེ་ལྡེས་མཚམས་སུ་མནན་ཏེ་གསོ་སྦྱོང་བཀག་ན་བཀག་
པ་ཞེས་བྱའོ། །བཙུན་པ་དགེ་སློང་ཞིག་གིས་དགེ་སློང་ལ་གསོ་སྦྱོང་བཀག་པ་ཀྱང་བཀག་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། བཀྲ་ཤིས་ཀྱི་གསོ་སྦྱོང་འདོན་པའོ།། །།མདོར་ན། གླེང་པ་དྲན་པར་བྱ་དེ་བཞིན། །སྐབས་འབྱེད་པ་དང་སྨྲ་བར་བྱ། །ལུང་
དབོག་པ་དང་འགོག་པ་དང་། །གསོ་སྦྱོང་དག་དང་སྐབས་དབྱེ་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས་གླེང་བར་བྱའོ། །དྲན་པར་བྱའོ་ཞེས་གསུངས་ན། བཙུན་པ་སྐབས་ཕྱེ་བ་ལ་གླེངས་ཤིང་དྲན་པར་བགྱིས་ན་ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ།
ཨུ་པཱ་ལི་ཡོད་དེ། སྐབས་ཕྱེ་བ་བཏང་ནས་གླེངས་པ་དང་དྲན་པར་བྱས་པའོ། །བཙུན་པ་ཆོས་བཞིན་དུ་གང་དུ་གླེང་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་དུ་གང་དུ་དྲན་པར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་དུ་གང་དུ་སྐབས་དབྱེ་བར་

བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་དུ་གང་དུ་སྨྲ་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་དུ་ལུང་དབོག་པ་གང་དུ་དགག་པར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་དུ་སྐབས་འབྱེད་པ་གང་དུ་དགག་པར་བགྱི། དགེ་འདུན་གྱི་ནང་དུའོ། །
བཙུན་པ་སྐབས་དབྱེ་བར་གསོལ་བ་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ་གང་དུ་སྐབས་དབྱེ་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་དུ་བགྱི་བའི་རྣམ་པ་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་དུ་བརྩད་པ་གང་དུ་བགྱི། དགེ་
འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་གྱི་ཡི་དམ་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་དུ་གསོ་སྦྱོང་དགག་པ་ནི་དུ། ཆོས་བཞིན་མ་ལགས་པ་ནི་དུ། ཆོས་བཞིན་མ་ཡིན་པས་གསོ་སྦྱོང་དགག་པ་ནི་གཅིག་གོ། །ཆོས་བཞིན་པའང་གཅིག་གོ། །
ཆོས་བཞིན་མ་ཡིན་པ་ནི་གཉིས་ཏེ། ཆོས་བཞིན་པའང་གཉིས་སོ། །ཆོས་བཞིན་མ་ཡིན་པ་ནི་གསུམ་སྟེ། ཆོས་བཞིན་པའང་གསུམ་མོ། །ཆོས་བཞིན་མ་ཡིན་པ་ནི་བཞི་སྟེ། ཆོས་བཞིན་པའང་བཞིའོ། །ཆོས་བཞིན་མ་ཡིན་པ་ནི་ལྔ་སྟེ། ཆོས་བཞིན་པའང་ལྔའོ། །
ཆོས་བཞིན་མ་ཡིན་པ་ནི་དྲུག་སྟེ། ཆོས་བཞིན་པའང་དྲུག་གོ། །ཆོས་བཞིན་མ་ཡིན་པ་ནི་བདུན་ཏེ། ཆོས་བཞིན་པའང་བདུན་ནོ། །ཆོས་བཞིན་མ་ཡིན་པ་ནི་བརྒྱད་དེ། ཆོས་བཞིན་ཡིན་པ་ཡང་བརྒྱད་དོ། །ཆོས་བཞིན་མ་ཡིན་པ་ནི་དགུ་སྟེ། ཆོས་བཞིན་པའང་དགུའོ། །ཆོས་
བཞིན་མ་ཡིན་པ་ནི་བཅུ་སྟེ། ཆོས་བཞིན་པའང་བཅུའོ། །ཆོས་བཞིན་མ་ཡིན་པས་གསོ་སྦྱོང་དགག་པ་གཅིག་གང་ཞེ་ན། བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་པའོ། །བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་
བཞིན་དུ་གསོ་སྦྱོང་འགོག་པའོ། །འདི་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་པ་གཅིག་དང་། ཆོས་བཞིན་ཡང་གཅིག་གོ། །ཆོས་བཞིན་མ་ཡིན་པ་གཉིས་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་གཉིས་པོ་གང་ཞེ་ན། ཇི་ལྟར་ཡང་དེ་ནི་དགེ་སློང་གིས་དགེ་སློང་བྱས་པ་ལ་

གཞི་མེད་པ་དང་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་པའོ། །བྱས་པ་ལ་གཞི་ཡོད་པ་དང་། མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་
གསུམ་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་གསུམ་གང་ཞེ་ན། ཇི་ལྟར་ཡང་དེ་ནི་དགེ་སློང་གིས་དགེ་སློང་ལ་བྱས་པ་ལ་གཞི་མེད་པ་དང་། མ་བྱས་པ་ལ་གཞི་མེད་པ་དང་། བྱས་པ་དང་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་
པའོ། །བྱས་པ་ལ་གཞི་ཡོད་པ་དང་། མ་བྱས་པ་ལ་གཞི་ཡོད་པ་དང་། བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བཞི་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བཞི་པོ་གང་ཞེ་ན། ཚུལ་ཁྲིམས་
ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གཞི་མེད་པ་བཞིས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་པའོ། །ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་
པ་ལ་གཞི་ཡོད་པ་བཞིས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་ལྔ་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་ལྔ་པོ་གང་ཞེ་ན། ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་། སོ་སོར་བཤགས་པ་དང་། ཉེས་
བྱས་རྣམས་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་པའོ། །ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་། སོ་སོར་འཆགས་པ་དང་། ཉེས་བྱས་རྣམས་ལ་གཞི་ཡོད་པས། གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་
འགོག་པའོ། །ཆོས་བཞིན་མ་ཡིན་པ་དྲུག་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་དྲུག་པོ་གང་ཞེ་ན། ལྷག་མ་ཡོད་པ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་ཡོད་པ་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་ཡོད་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་བྱས་

པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་པའོ། །ཆོས་བཞིན་དུ་གསོ་སྦྱོང་འགོག་པ་དྲུག་པོ་གང་ཞེ་ན། ལྷག་མ་ཡོད་པ་བྱས་པ་ལ་
གཞི་ཡོད་པ་དང་། ལྷག་མ་ཡོད་པ་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་ཡོད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་
པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བདུན་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བདུན་པོ་གང་ཞེ་ན། ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་། སོ་སོར་འཆགས་པ་དང་། ཉེས་བྱས་དང་། ལྟ་བ་
ཉམས་པ་དང་། འཚོ་བ་ཉམས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་པའོ། །ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་། སོ་སོར་འཆགས་པ་དང་། ཉེས་བྱས་དང་། ལྟ་བ་ཉམས་པ་དང་། འཚོ་བ་ཉམས་པ་
ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བརྒྱད་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བརྒྱད་གང་ཞེ་ན། ཚུལ་ཁྲིམས་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། ལྟ་བ་ཉམས་པ་དང་། འཚོ་བ་ཉམས་པར་བྱས་པ་ལ་
གཞི་མེད་པ་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པར་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་པའོ། །ཚུལ་ཁྲིམས་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། ལྟ་བ་
ཉམས་པ་དང་། འཚོ་བ་ཉམས་པར་བྱས་པ་ལ་གཞི་ཡོད་པ་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པར་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་

པ་དགུ་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་དགུ་པོ་གང་ཞེ་ན། ལྷག་མ་དང་བཅས་པ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་དང་བཅས་པ་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་དང་བཅས་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་
བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་ཡོད་པ་དང་ལྷག་མ་མེད་པ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་མ་བྱས་པ་ལ་གཞི་མེད་པ་
དང་། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་པའོ། །ལྷག་མ་དང་བཅས་པ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་དང་བཅས་པ་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་དང་བཅས་པ་
བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་
དང་བཅས་པ་དང་ལྷག་མ་མེད་པ་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བཅུ་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་
བཅུ་གང་ཞེ་ན། ཕས་ཕམ་པ་ཡིན། ཕས་ཕམ་པའི་གཏམ་ལ་ཞུགས་པ་ཡིན། ཚུལ་ཁྲིམས་ཉམས་པ་ཡིན། ལྟ་བ་ཉམས་པ་ཡིན། སྤྱོད་པ་ཉམས་པ་ཡིན། འཚོ་བ་ཉམས་པ་ཡིན། བསླབ་པ་ཕུལ་བ་ཡིན། བསླབ་པ་ཕུལ་བའི་གཏམ་ལ་ཞུགས་པ་ཡིན། དགེ་འདུན་ལ་དཔྱས་
འདོགས་པ་ཡིན། དགེ་འདུན་ལ་དཔྱས་འདོགས་པའི་གཏམ་ལ་ཞུགས་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཕས་ཕམ་པ་ཡིན་ཞེ་ན། གང་གི་རྣམ་པ་དང་། གང་གི་ཚུལ་དང་། གང་གི་མཚན་མས་དགེ་སློང་ཕས་ཕམ་པའི་ཉེས་པ་བྱུང་བ་དེའི་རྣམ་པ་དང་། དེའི་ཚུལ་དང་། དེའི་མཚན་མས་དགེ་སློང་

ཕས་ཕམ་པའི་ཉེས་པ་བྱུང་བར་མཐོང་བ་ཡིན་ནོ། །དེ་དེས་མཐོང་བས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པ་ཡིན་ཏེ་དེ་ལྟར་ཕས་ཕམ་པ་ཡིན་ནོ། །ཇི་ལྟར་ན་ཕས་ཕམ་པའི་གཏམ་ལ་ཞུགས་པ་ཡིན་ཞེ་ན། ཇི་ལྟར་ཡང་དེ་ནི་གཙུག་ལག་ཁང་ངམ། གཙུག་ལག་ཁང་གི་ཕྱི་རོལ་ཡང་
རུང་། དགེ་སློང་མང་པོ་འདུས་ཤིང་འཁོད་པར་གྱུར་པའི་རྣམས་ཀྱང་དེ་ལས་བྱུང་བ་དེ་དང་མཐུན་པ་དེའི་རང་བཞིན་གྱི་གཏམ་ལ་ཞུགས་པ་ཡིན་ཏེ། དད་པ་ལས་ཐོས་ཀྱང་རུང་བདག་རང་རྣམ་པ་ལ་དོགས་པ་སྐྱེས་ཀྱང་རུང་སྟེ། དེ་དེས་ཐོས་པ་དང་དོགས་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་
འགོག་པའོ། །ཇི་ལྟར་ན་ཚུལ་ཁྲིམས་ཉམས་པ་ཡིན་ཞེ་ན། ཕས་ཕམ་པ་བཞི་ལས་གང་ཡང་རུང་ཕས་ཕམ་པ་ཤིན་ཏུ་འདས་པར་གྱུར་པའོ། །ཇི་ལྟར་ན་ལྟ་བ་ཉམས་པ་ཡིན་ཞེ་ན། ལྟ་བ་དྲུག་བཅུ་རྩ་གཉིས་ལས་གང་ཡང་རུང་སྟེ་ལྟ་བར་གྱུར་པ་རབ་ཏུ་ཐོབ་པ་ཡིན་ནོ། །ཇི་ལྟར་ན་སྤྱོད་པ་
ཉམས་པར་གྱུར་པ་ཡིན་ཞེ་ན། མི་སྤྱད་པའི་རྣམས་སྤྱོད་པ་སྟེ། དགེ་སློང་གི་བསླབ་པ་རྣམས་ལ་མི་སློབ་པའོ། །ཇི་ལྟར་ན་འཚོ་བ་ཉམས་པ་ཡིན་ཞེ་ན། འཚོ་བ་ཡོངས་སུ་མ་དག་པ་ཡིན་ནོ། །ཇི་ལྟར་ན་བསླབ་པ་ཕུལ་བ་ཡིན་ཞེ་ན། གང་གི་རྣམ་པ་དང་། གང་གི་ཚུལ་དང་། གང་གི་
མཚན་མས་དགེ་སློང་བསླབ་པ་འབུལ་བ་དེའི་རྣམ་པ་དང་། དེའི་ཚུལ་དང་། དེའི་མཚན་མས་དགེ་སློང་དུ་མཐོང་བ་ཡིན་ཏེ། དེ་དེས་མཐོང་ནས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན་བསླབ་པ་ཕུལ་བའི་གཏམ་ལ་ཞུགས་པ་ཡིན་ཞེ་ན། ཇི་ལྟར་ཡང་དེ་ནི་
གཙུག་ལག་ཁང་ངམ། གཙུག་ལག་ཁང་གི་ཕྱི་རོལ་ནའང་རུང་དགེ་སློང་རྣམས་འདུས་ཏེ་འཁོད་པ་དེ་དག་ཀྱང་དེ་ལས་བྱུང་བ་དེ་དང་མཐུན་པ་དེའི་རང་བཞིན་གྱི་གཏམ་ལ་ཞུགས་པ་ཡིན་ཏེ། དད་པ་ལས་ཐོས་ཀྱང་རུང་བདག་ཉིད་རྣམ་པ་ལ་དོགས་པ་སྐྱེས་ཀྱང་རུང་སྟེ། དེ་དེས་ཐོས་པ་དང་དེའི་དོགས་
པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན་དགེ་འདུན་ལ་དཔྱས་འདོགས་པ་ཡིན་ཞེ་ན། གང་གི་རྣམ་པ་དང་། གང་གི་ཚུལ་དང་། གང་གི་མཚན་མས་དགེ་སློང་དགེ་འདུན་ལ་སྨོད་པ་དེ་ལྟ་བུའི་རྣམ་པ་དང་། དེ་ལྟ་བུའི་ཚུལ་དང་། དེ་ལྟ་བུའི་མཚན་མས་དགེ་འདུན་ལ་

སྨོད་པའི་དགེ་སློང་དུ་མཐོང་བ་ཡིན་ཏེ། དེ་དེས་མཐོང་ནས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན་དགེ་འདུན་ལ་དཔྱས་འདོགས་པའི་གཏམ་ལ་ཞུགས་པ་ཡིན་ཞེ་ན། ཇི་ལྟར་ཡང་དེ་ནི་གཙུག་ལག་ཁང་ངམ། གཙུག་ལག་ཁང་གི་ཕྱི་རོལ་ནའང་རུང་།
དགེ་སློང་རྣམས་འདུས་ཏེ་འཁོད་པ་དེ་དག་ཀྱང་དེ་ལས་བྱུང་བ་དེ་དང་མཐུན་པ་དེའི་རང་བཞིན་གྱི་གཏམ་ལ་ཞུགས་པ་ཡིན་ཏེ། དད་པ་ལས་ཐོས་ཀྱང་རུང་བདག་རང་རྣམ་པ་ལ་དོགས་པ་སྐྱེས་ཀྱང་རུང་སྟེ། དེ་དེས་ཐོས་པ་དང་དེ་ལྟ་བུའི་དོགས་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་
པའོ། །ཆོས་བཞིན་བཅུ་པོ་འདི་དག་བཟློག་པ་ནི་ཆོས་བཞིན་མ་ཡིན་པར་སྦྱར་བར་བྱའོ། །གསོ་སྦྱོང་དགག་པའི་དངོས་པོ་རྫོགས་སྷོ།། །།མདོར་ན། དགེ་ཚུལ་ལོར་མ་ལོན་པ་གཅིག །ཁ་དོག་ངན་དང་གནས་དེ་བཞིན། །མ་བསྐོས་པ་དང་ཕྱག་བྱ་བ། །མངོན་སུམ་རྔུལ་ཟན་མེད་
པའོ། །བཙུན་པ་དགེ་ཚུལ་ཕ་ཉི་ཚེ་དབྱར་ཚུལ་དུ་ཞུགས་ན་དེ་དག་གིས་མལ་སྟན་བགོ་བར་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་དག་གིས་མལ་སྟན་བླང་བར་བགྱིའམ། ཨུ་པཱ་ལི་བླང་བར་ནི་བྱའོ། །བཙུན་པ་ལོ་མ་ལོན་པ་དག་ཅིག་ཉི་ཚེ་དབྱར་ཚུལ་དུ་ཞུགས་ན་དེ་དག་གིས་མལ་སྟན་བགོ་བར་
བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་དག་གིས་མལ་སྟན་བླང་བར་བགྱིའམ། ཨུ་པཱ་ལི་བླང་བར་ནི་བྱའོ། །བཙུན་པ་དགེ་སློང་གཅིག་གམ། གཉིས་སམ། གསུམ་མམ། བཞི་དབྱར་ཚུལ་དུ་ཞུགས་ན་དེ་དག་གིས་མལ་སྟན་བགོ་བར་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་དག་གིས་
མལ་སྟན་བླང་བར་བགྱིའམ། ཨུ་པཱ་ལི་བླང་བར་ནི་བྱའོ། །ཨུ་པཱ་ལི་གང་དུ་དགེ་སློང་ལྔའམ། དེ་ལས་ལྷག་པར་གནས་ན་དེ་དག་གིས་གསོལ་བ་བྱས་ལ་མལ་སྟན་བགེད་པ་སྐོས་ཤིག །བསྐོས་པ་དེས་མལ་སྟན་བགོའོ། །བཙུན་པ་མལ་སྟན་དེ་ཉིད་སྤྱད་པས་ནོངས་པར་འགྱུར་བ་དང་། དེ་
ཉིད་སྤྱད་པས་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། གང་ཟག་གི་མལ་སྟན་ཁ་དོག་ངན་པར་མ་བསྒྱུར་བའམ། ཁ་ཚར་རིང་བ་སྤྱད་ན་ཉེས་པ་དང་བཅས་པའོ། །དགེ་འདུན་གྱི་སྤྱད་ན་ཉེས་པ་མེད་དོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་འདུན་གྱི་མལ་སྟན་

གནས་གཞན་དུ་ཁྱེར་ཞིང་མ་སྤྱོད་ཅིག་ཅེས་གསུངས་ན། བཙུན་པ་དགེ་སློང་ཞིག་གིས་དགེ་འདུན་གྱི་མལ་སྟན་གནས་གཞན་དུ་འཚལ་ཏེ་སྤྱད་ན་ཅིར་འགྱུར། ཉེས་བྱས་སོ། །བར་ཆད་བརྒྱད་ལས་གང་ཡང་རུང་སྟེ། བར་ཆད་གཅིག་བྱུང་བར་གྱུར་པ་དང་། གནས་དེ་ཉིད་དུ་མལ་སྟན་བསྲུང་བར་མི་
ནུས་པ་དང་། གནས་དེར་མི་གནས་པར་སྡོམ་པ་བཅས་པ་ལ་ནི་ཉེས་པ་མེད་དོ། །བཙུན་པ་མ་བསྐོས་པས་མལ་སྟན་བགོ་བར་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དགེ་སློང་ཞིག་གིས་དགེ་འདུན་གྱི་མལ་སྟན་དེ་ཉིད་སྤྱད་ན་ནོངས་པར་འགྱུར་བ་དང་། དེ་ཉིད་སྤྱད་པས་ནོངས་པར་མི་འགྱུར་བ་
མཆིས་སམ། ཨུ་པཱ་ལི་ཡོད་དེ། སྤུ་ཕྱིར་བཟློག་སྟེ་གྱོན་ན་ཉེས་པ་དང་བཅས་པའོ། །བཏིང་ན་ཉེས་པ་མེད་དོ། །རྔུལ་ཟན་མེད་པར་གྱོན་ན་ཉེས་པ་དང་བཅས་པའོ། །རྔུལ་ཟན་དང་བཅས་པར་གྱོན་ན་ཉེས་པ་མེད་དོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་ཉེ་བར་ཕྱོགས་པ་དང་གནས་
པར་མི་བྱའོ་ཞེས་གསུངས་ན། བཙུན་པ་ཅི་ཉེ་བར་མ་ཕྱོགས་པས་ཉེ་བར་ཕྱོགས་པ་རྒན་པ་ལའང་ཕྱག་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། ཉེ་བར་ཕྱོགས་པ་ཐམས་ཅད་ཀྱིས་ཉེ་བར་མ་ཕྱོགས་པ་རྣམས་ལ་ཕྱག་བྱོས་ཤིག །དགེ་སློང་རྣམས་ཀྱི་ཐ་མར་གཞག་གོ། །བཙུན་པ་ཅི་དེ་དག་ལ་མལ་
སྟན་ཀྱང་དགེ་སློང་དེ་དག་གི་ཐ་མར་སྩལ་ཏམ། ཨུ་པཱ་ལི་ཉེ་བར་ཕྱོགས་པ་ལ་རྙེད་པ་དང་མལ་སྟན་བྱིན་པ་མེད་དོ། །བཙུན་པ་མངོན་སུམ་དུ་མ་གྱུར་པ་ལ་མལ་སྟན་སྩལ་བར་བགྱིའམ། ཁ་ཅིག་ལ་བྱིན་ཅིག །ཁ་ཅིག་ལ་མ་སྦྱིན་ཅིག །གང་ལ་སྩལ་བར་བགྱི། སོང་ནས་ཕྱིར་འོང་བ་
ལ་ནི་བྱིན་ཅིག །སུ་ལ་མི་སྩལ། སོང་ནས་ཕྱིར་མི་འོང་བ་ལ་ནི་མ་བྱིན་ཅིག །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་འདུན་གྱི་རྫས་རྔུལ་ཟན་མ་མཆིས་པར་མ་སྤྱད་ཅིག་ཅེས་གསུངས་ན། བཙུན་པ་དགེ་སློང་གིས་དགེ་འདུན་གྱི་རྫས་རྔུལ་ཟན་མ་མཆིས་པར་སྤྱད་ཀྱང་ནོངས་པར་
མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་ཡང་དེ་ནི་ཁྱིམ་བདག་ཅིག་གིས་གཡོག་པའམ་བགོ་བ་ཞིག་རྔུལ་ཟན་མེད་པར་ས