Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 012_འདུལ་བ།_ན

Văn bản gốc(Tây Tạng)

Trang 19 / 19 (50.000 ký tự/trang)
ས་ཏེ་འགྲེ་བ་ནི་ནན་གྱིས་བཟུང་བ་ཞེས་བྱ་བ་ནས། བདག་ལ་མ་འཛིན་ཅིག་ཅེས་སྨྲ་བ་ནི་ནན་གྱིས་བཟུང་བ་ཞེས་བྱ་བའི་བར་དུ་རྒྱས་པར་ཏེ། ནན་གྱིས་བཟུང་བ་ལ་ནི་ཉེས་པ་མེད་དོ།། །།
མདོར་ན། ནོར་ཅན་དགོན་པ་འདུ་ཤེས་དང་། །བསོད་སྙོམས་བཅུ་དང་རྐུན་པོ་བཅུ། །གཞན་ཡང་ཤོ་གམ་གནས་ཀྱི་བཅུ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །སྔོན་གྱི་རྫ་པ་དགེ་སློང་ནོར་ཅན་བསླབ་པའི་གནས་མ་བཅས་པས་

ལས་དང་པོ་པ་ལ་ནི་ཉེས་པ་མེད་དེ། བདག་གིས་ནི་ཤིང་མང་ཞིག་མ་བྱིན་པར་བླངས་ཏེ་འོངས་ན་གང་ལ་བདག་ལས་དང་པོ་པར་འགྱུར་ཞེས་སེམས་ལ་གདུང་ཞིང་འགྱོད་དེ་འགྱོད་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བསླབ་
པའི་གནས་མ་བཅས་པས་སྔོན་གྱི་རྫ་པ་དགེ་སློང་ནོར་ཅན་ནི་ཀུན་ལས་ཀྱང་འདས་ཏེ་ཐམས་ཅད་དུ་ལས་དང་པོ་པ་ཡིན་པས་ལས་དང་པོ་པ་ལ་ནི་ཉེས་པ་མེད་དོ། །དགེ་སློང་ཞིག་དགོན་པ་བདག་པོ་མེད་པའི་ཡོ་བྱད་ལ་བདག་པོ་ཡོད་པར་འདུ་ཤེས་ནས་མ་བྱིན་པར་བླངས་
པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་པོ་ཡོད་པ་ལ་བདག་པོ་ཡོད་པར་འདུ་ཤེས་ན་ཕས་ཕམ་པར་འགྱུར་རོ། །བདག་པོ་ཡོད་པ་ལ་ཐེ་ཚོམ་དུ་གྱུར་ན་ཕས་ཕམ་པར་འགྱུར་རོ། །བདག་པོ་མེད་པ་ལ་བདག་
པོ་ཡོད་པར་འདུ་ཤེས་ན་ཉེས་པ་སྦོམ་པོར་འགྱུར་རོ། །བདག་པོ་མེད་པ་ལ་བདག་པོ་མེད་པར་འདུ་ཤེས་ན་ཉེས་པ་མེད་དོ། །དགེ་སློང་གིས་བསོད་སྙོམས་འབྲས་ཅན་ཞིག་མི་དབང་བར་བླངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་
ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །བསོད་སྙོམས་འབྲས་ཅན་ལ་ཇི་ལྟ་བ་བཞིན་དུ་བསོད་སྙོམས་ཕྱེ་དང་། ཕྱ་ཚལ་བཙོས་པའི་བསོད་སྙོམས་དང་། བསོད་སྙོམས་ཤ་དང་། བསོད་སྙོམས་བག་ཆོས་རྣམས་ཐམས་ཅད་ཀྱང་དེ་བཞིན་དུ་ཉེས་པ་སྦོམ་པོར་
འགྱུར་རོ། །དགེ་སློང་ཞིག་མགྲོན་དུ་མ་བོས་པར་ཟན་ཟོས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་བྱས་སུ་འགྱུར་རོ། །ལྗོངས་ཀོ་ས་ལར་དགེ་འདུན་གྱི་བཤོས་འགོད་པ་ན་
དགེ་སློང་གཞི་བ་ཞིག་གྲོང་གཞན་དུ་སོང་བ་དང་། དེ་དང་ལྷན་ཅིག་སྤྱོད་པ་གཉིས་ཤིག་ཡོད་དེ། དེ་གཉིས་ཀས་མཁན་པོའི་ཟན་སོ་སོར་མནོས་པ་དང་། དེ་གཉིས་འདི་སྙམ་དུ་ཁྱོད་ཀྱིས་ཀྱང་མནོས། ཁོ་བོས་ཀྱང་མནོས་ན། གང་གང་གིས་མི་དབང་བར་བླངས་

མི་ཤེས་ཏེ་ཕས་ཕམ་པའི་ཉེས་པར་མ་གྱུར་གྲང་སྙམ་དུ་བསམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླངས་པ་ལ་ཉེས་པ་མེད་དེ། གཞན་ཞེས་བྱ་བར་བྱོས་ཤིག་ལྗོངས་ཀོ་ས་ལར་དགེ་འདུན་གྱི་བཤོས་འགོད་པ་ན་དགེ་སློང་གཞི་
བ་ཞིག་གྲོང་གཞན་དུ་སོང་ནས་དགེ་སློང་དེའི་མཛའ་བོ་དེས་དེའི་ཟན་མནོས་པ་དང་། དེ་འོངས་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་ཁོ་བོའི་ཟན་མནོས་སམ་སྨྲས་པ། མནོས་སོ། །དགེ་སློང་དེས་ངས་མ་བཅོལ་བར་ཁྱོད་ཀྱིས་ཅིའི་ཕྱིར་མནོས་ཞེས་སྨྲས་པ་དང་། དགེ་སློང་དེ་
འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། མ་བཅོལ་པར་ནི་མ་ནོད་ཅིག །ལྗོངས་ཀོ་ས་ལར་དགེ་འདུན་གྱི་བཤོས་འགོད་པ་ན་དགེ་སློང་ནད་པ་ཞིག་ཡོད་དེ་དེའི་ནད་གཡོག་གིས་ཟན་མནོས་ཏེ། དེས་མནོས་ནས་སོང་བ་དང་། དགེ་སློང་
དེ་ཡང་དུས་ལས་འདས་ནས་དེས་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྔར་དུས་ལས་འདས་ལ་ཕྱིས་མནོས་ན་ནི་དེ་ཉིད་དུ་སླར་ཕུལ་ཅིག །འོན་ཏེ་སྔར་མནོས་ལ་ཕྱིས་དུས་ལས་འདས་ན་ཡོ་བྱད་གཞན་ཇི་ལྟ་བ་དེ་ལྟར་བྱོས་ཤིག །
དགེ་སློང་ཞིག་གིས་དགེ་སློང་ཞིག་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཚུར་ཤོག །རྐུན་པོ་ལ་འདོང་ངོ་ཞེས་སྨྲས་ནས་དེ་གཉིས་དོང་སྟེ་ལམ་གྱི་ཕྱེད་དུ་ཕྱིན་པ་དང་། བདག་ཅག་ནི་དགེ་བར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བས་རྐུན་པོ་བྱས་ན་ནི་བདག་ཅག་གཉིས་མི་མཛེས་
ཤིང་མི་རིགས་སོ་སྙམ་སྟེ་ངོ་ཚ་བའི་ཆོས་དང་ལྡན་པར་གྱུར་ནས་དེ་གཉིས་དེར་མ་དོང་བ་དང་། དེ་གཉིས་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་ཞིག་གིས་དགེ་སློང་དག་གཅིག་ལ་ཚེ་དང་ལྡན་
པ་དག་ཚུར་ཤོག །རྐུན་པོ་ལ་འདོང་ངོ་ཞེས་དེ་སྐད་སྨྲས་པ་དང་། དེ་དག་དོང་ནས་ལམ་གྱི་ཕྱེད་དུ་ཕྱིན་པ་དང་། བདག་ཅག་ནི་མི་མཛེས་སོ་སྙམ་ནས་ངོ་ཚ་བའི་ཆོས་དང་ལྡན་པར་གྱུར་ཏེ་དེ་དེར་མ་དོང་བ་དང་། དགེ་སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་

ཕམ་པའི་ཉེས་པ་མེད་དེ། ཉེས་བྱས་སུ་འགྱུར་རོ། །དེ་དག་བཞིན་དུ་བྱས་པ་ལས་གཅིག་ནི་ངོ་ཚ་བའི་ཆོས་དང་ལྡན་ནས་དེ་འདི་སྙམ་དུ་དེ་སྟེ་མ་སོང་ན་ནི་དེ་དག་གིས་བདག་འཚོ་བ་དང་ཕྲལ་བར་འགྱུར་གྱིས་བདག་སོང་ལ་བདག་གིས་མ་བྱིན་པར་མི་བླང་ཞིང་བདག་གི་སྐལ་བ་མི་
བཀུར་རོ་སྙམ་དུ་བསམས་ནས་དེས་དེར་མ་བྱིན་པར་ཡང་མ་བླངས་སྐལ་བ་ཡང་མ་ཁྱེར་བ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་དག་གིས་དགེ་སློང་དག་ལ་ཚེ་དང་ལྡན་
པ་དག་ཚུར་ཤོག་རྐུན་པོ་ལ་འདོང་ངོ་ཞེས་སྨྲས་ནས་དེ་དག་དེར་དོང་བ་དང་། དེ་དག་ལས་ཕྱེད་ནི་ལས་བྱེད་ཕྱེད་ནི་ལམ་སྲུང་ངོ་། །དེ་དག་ལས་ལམ་སྲུང་བ་གང་ཡིན་པ་དེ་དག་འདི་སྙམ་དུ་བདག་ཅག་གིས་ནི་མ་བླངས་ཤིང་མ་བརྐུས་པས་ཉེས་པར་མི་འགྱུར་རོ་སྙམ་དུ་བསམས་པ་དང་། དེ་
ལྟར་གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་དངོས་པོ་ཚང་ན་ཕས་ཕམ་པར་འགྱུར་རོ། །དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་དགེ་སློང་ཞིག་ལ་ཚེ་དང་ལྡན་པ་ཚུར་ཤོག་རྐུན་པོ་
ལ་འདོང་ངོ་ཞེས་སྨྲས་ནས་དེ་དག་གིས་མ་བྱིན་པར་བླངས་པ་དང་གཞན་དུ་ནི་དངོས་པོ་མ་ཚང་གི་དེ་གཉིས་ཀྱིས་གང་ནས་བླངས་པ་དེ་ཉིད་དུ་དངོས་པོ་ཚང་ནས་དགེ་སློང་དེ་གཉིས་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་གང་ནས་བསྐྱོད་པ་དེའི་རིན་ཐང་
བརྩི་བར་བྱའོ། །དགེ་སློང་ཞིག་གིས་དགེ་སློང་དག་ཅིག་ལ་ཚེ་དང་ལྡན་པ་དག་ཚུར་ཤོག་རྐུན་པོ་ལ་འདོང་ངོ་། །གང་གིས་ཅི་ཐོབ་པ་དེ་དེ་ཉིད་དབང་ངོ་ཞེས་སྨྲས་ནས་དེ་དག་དེར་དོང་བ་དང་། དེ་དག་ལས་ཁ་ཅིག་གིས་ནི་ཐོབ། ཁ་ཅིག་གིས་མ་ཐོབ། དེ་དག་འགྱོད་པ་སྐྱེས་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་དེ་དག་ལ་རྐུན་པོས་ཀྱང་བྱིན་ཐུན་མོང་བ་དང་སྲུང་བ་དག་གིས་ཀྱང་བྱིན་ན་དེ་དག་འགྱོད་པ་སྐྱེས་ནས་མ་བླངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་

གནང་བ་ནི་སྦྱིན་པར་བྱེད་པ་ལ་སྦྱིན་བདག་ཏུ་སེམས་ཉེ་བར་ཞོག་སྟེ་ལོང་ཤིག །དགེ་སློང་ཞིག་གི་ལྷན་ཅིག་སྤྱོད་པ་དེ་རྐུན་པོས་ཁྲིད་པ་དང་། དེ་དེ་ནས་བྲོས་ཏེ་འོངས་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་
སློང་བདག་ཉིད་ཀྱིས་བདག་བརྐུ་བར་རུང་གིས་ཉེས་པ་མེད་དོ། །དགེ་སློང་ཞིག་ལ་ཤོ་གམ་གཅད་པའི་རྫས་ཤིག་ལག་ན་ཡོད་ན་དེ་སྟེ་ཤོ་གམ་གྱི་གནས་ལས་འདས་ན་ནི་ཕས་ཕམ་པར་འགྱུར་རོ། །དེས་འདི་སྙམ་དུ་འདི་ནི་བདག་གི་མའིའོ། །འདི་ནི་བདག་གི་ཕའིའོ། །འདི་ནི་བདག་གི་
བུའིའོ། །འདི་ནི་བདག་གི་སྲིང་མོ་དང་། མཁན་པོ་དང་། སློབ་དཔོན་དང་། མཆོད་རྟེན་དང་། དགེ་འདུན་རྣམས་ཀྱིའོ་སྙམ་དུ་བསམས་ནས་མང་པོ་ལ་བསྔོས་ཏེ་འདས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ནམ་མཁའ་ལས་འདས་ན་ནི་ཉེས་པ་མེད་དོ།། །།མདོར་ན། ཁྲིའུ་དང་གླེགས་
བམ་སེང་རས་དང་། །ཆང་དང་ཤ་དང་གོས་དང་ནང་། །ཕྱག་དར་ཁྲོད་དང་དུར་ཁྲོད་དང་། །དུར་ཁྲོད་ཀྱི་ནི་གནས་གཉིས་སོ། །དགེ་སློང་ཞིག་གིས་ཁྲིའུ་ཞིག་བརྙས་ནས་ཁྱེར་ཏེ་འོངས་ནས་དེས་སླར་མི་སྦྱིན་ནོ་སྙམ་བསམས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་གླེགས་བམ་ཞིག་བརྙས་ནས་ཁྱེར་ཏེ་འོངས་པ་དང་དེ་ཡང་རྒྱས་པར་དེ་བཞིན་ནོ། །དགེ་སློང་ཞིག་གིས་སེང་རས་ཤིག་མ་བྱིན་པར་བླངས་ཏེ་དེས་དེ་བརྐུས་ནས་བཤིག་པ་དང་། དེའི་ནང་
ནས་དར་རིན་ཐང་ཆེན་པོ་ཞིག་བྱུང་སྟེ་དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེང་རས་ཀྱི་རིན་ཐང་བརྩི་བར་བྱའོ། །རྐུན་པོ་དག་ཅིག་གིས་ཆང་ཞིག་ཁྱེར་ཏེ་དགོན་པ་ལ་དོང་ནས་ཆང་ཁ་ཅིག་ནི་འཐུངས། ཁ་ཅིག་ནི་སྦས་ཏེ་དོང་བ་དང་། དགེ་སློང་དག་ཀྱང་
གནས་དེར་ཉིན་པར་སྤྱོད་པའི་ཕྱིར་དོང་བ་དང་། དེ་དག་གིས་དེ་མཐོང་ནས་དེ་དག་གིས་ཚྭར་འགྱུར་གྱིས་སོང་ལ་གཙུག་ལག་ཁང་དུ་སྐྱོལ་ཅིག་ཅེས་སྨྲས་ནས་དེ་གཙུག་ལག་ཁང་དུ་བསྐྱལ་ཏོ། །རྐུན་པོ་དག་ཀྱང་སྐོམ་ནས་དེར་སོང་སྟེ་བཙལ་བ་དང་མ་རྙེད་ནས་དེ་དག་གིས་དགེ་སློང་དེ་དག་མཐོང་སྟེ་

དེ་དག་ལ་བཙུན་པ་ཀྱེ་ཁྱེད་ཀྱིས་ཆང་ཞིག་མ་བསྣམས་སམ་ཞེས་དྲིས་པ་དང་། དགེ་སློང་དག་གིས་ཁྱེར་རོ་ཞེས་སྨྲས་པ་དང་། རྐུན་པོས་བཙུན་པ་ཁོ་བོ་ཅག་གི་ཆང་བརྐུས་པས་ན་ཁྱོད་ནི་རྐུན་མའོ་ཞེས་སྨྲས་པ་དང་། དགེ་སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཉེས་པ་མེད་དེ། བདག་པོ་ཡོད་དམ་མེད་ཤིན་ཏུ་བརྟགས་ལ་བླང་བར་བྱའོ། །དེ་ལྟར་ཤའང་དེ་བཞིན་ནོ། །རྐུན་པོས་གྲོང་བཅོམ་ནས་ར་མདའ་བས་བསྙགས་པ་དང་། གཙུག་ལག་ཁང་དུ་ཕྱིན་ཏེ་དེ་དག་སྐྲག་པས་གཙུག་ལག་ཁང་དུ་སོང་ནས་གོས་ཀྱང་དགེ་སློང་དག་ལ་ཕུལ་ནས་དགོན་
པ་ལ་བྲོས་པ་དང་། ཁྱིམ་བདག་དེ་དག་གིས་གཙུག་ལག་ཁང་དེ་བསྐོར་ནས་དེ་གཙུག་ལག་ཁང་དུ་དོང་བ་དང་། དེ་དག་གིས་དགེ་སློང་དག་གི་ལག་པ་ན་གོས་དེ་དག་འདུག་པར་མཐོང་ནས་དེ་དག་གིས་གོས་འདི་ནི་བདག་གིའོ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་ཁོ་བོ་ཅག་ལ་ནི་རྐུན་
པོས་བྱིན་ནོ་ཞེས་སྨྲས་པ་དང་། དགེ་སློང་དེ་དག་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། རྐུན་པོས་བརྐུས་ནས་བརྟན་པའི་ནོར་མ་ལེན་ཅིག །འོན་ཏེ་རྐུན་པོ་རྒྱལ་མཚན་ཅན་ཞིག་གིས་བྱིན་ན་ནི་དེ་ལས་བླང་བར་བྱོས་ལ་གོས་གྲིས་དྲོས་ལ་ཁ་དོག་
སྒྱུར་ཏེ་ཆོངས་ཤིག །དེ་ཁ་དོག་བསྒྱུར་ཀྱང་སླར་སློང་ན་དེ་ཡང་བྱིན་ཅིག །བཙོ་བླག་མཁན་ཞིག་གིས་གོས་ཐལ་ཆུའི་ནང་དུ་བཅུག་པ་དང་། དེས་བརྗེད་དེ་གྲོང་དུ་སོང་ངོ་། །དེས་ཡང་གོས་དྲན་པར་གྱུར་ནས་དེ་སླར་ལོག་སྟེ་སོང་བ་དང་དགེ་སློང་ཞིག་ཀྱང་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་
གནས་དེར་ཕྱིན་ནས་དེས་གོས་དེ་མཐོང་སྟེ། དགེ་སློང་དེས་གོས་དེ་བླངས་ནས་སོང་བ་དང་། བཙོ་བླག་མཁན་དེས་མཐོང་ནས་བཙུན་པ་གོས་མ་རྐུ་ཞེས་སྨྲས་པ་དང་། དགེ་སློང་གིས་ཁོ་བོ་ཕྱག་དར་ཁྲོད་ཀྱི་གོས་ཚོལ་བ་ལས་འདི་མཐོང་ན་ཁྱོད་ལ་འདི་ཅིར་དགོས་ཞེས་སྨྲས་པ་དང་།
བཙོ་བླག་མཁན་གྱིས་བཙུན་པ་ཁོ་བོས་གོས་འདི་ཐལ་སྐྱོར་བཅུག་པ་ལས་བརྗེད་དེ་འདི་ནི་བདག་གི་གོས་ལགས་ཀྱིས་མ་རྐུ་ཤིག །ཁྱོད་ཀྱིས་ནི་མ་བྱིན་པར་བླངས་སོ་ཞེས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་

མེད་དེ། བདག་པོ་གཞན་ཡོད་དམ་མེད་ཤིན་ཏུ་བརྟགས་ལ་བླང་བར་བྱའོ། །བཙོ་བླག་མཁན་གྱིས་གོས་བཀྲུས་ཏེ་ཤིང་དྲུང་དུ་འདུག་པ་དང་། ཕྱག་དར་ཁྲོད་པ་ཞིག་ཕྱག་དར་ཁྲོད་པའི་གོས་ཚོལ་ཞིང་གནས་དེར་ཕྱིན་ཏེ་དེས་གོས་དེ་མཐོང་ནས་
གོས་བླངས་ཏེ་སོང་བ་དང་། བཙོ་བླག་མཁན་དེ་མཐོང་ནས་བཙུན་པ་འདི་ནི་བདག་གི་གོས་ལགས་ཀྱིས་མ་རྐུ་ཤིག་ཅེས་སྨྲས་པ་དང་། དེ་སྟེ་ཁྱོད་ཀྱི་ཡིན་ན་སླར་ཁྱེར་ཅིག །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བརྟགས་པར་
བྱ་བ་རྒྱས་པར་རོ། །ཁྱིམ་བདག་ཅིག་གིས་གོས་བཞག་སྟེ་བཤང་བ་བྱེད་པ་དང་། ཕྱག་དར་ཁྲོད་པ་ཞིག་ཕྱག་དར་ཁྲོད་པའི་གོས་ཚོལ་ཞིང་གནས་དེར་ཕྱིན་པ་དེས་གོས་དེ་མཐོང་ནས་དེས་ཁྱེར་ཏེ་སོང་བ་དང་། ཁྱིམ་བདག་དེ་ལངས་ཏེ་བཙུན་པ་འདི་ནི་བདག་གི་བགོ་བ་ལགས་ཀྱིས་
མ་རྐུ་ཤིག་ཅེས་སྨྲས་པ་དང་། དེ་སྟེ་ཁྱོད་ཀྱི་ཡིན་ན་སླར་ཁྱེར་ཅིག །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཤིན་ཏུ་རྟོགས་ལ་ཁྱེར་ཅིག །ཛེ་ཏའི་ཚལ་ནས་ཤིན་ཏུ་མི་རིང་བ་ཞིག་ན་ཞིང་རྨོད་པའི་ལས་བྱེད་པ་ཞིག་གོས་རྣམས་བཞག་སྟེ་
ཞིང་རྨོད་པ་དང་། དགེ་སློང་ཕྱག་དར་ཁྲོད་པ་ཞིག་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་གནས་དེར་ཕྱིན་ཏེ་དེས་གོས་དེ་མཐོང་ནས་དེས་གོས་དེ་ཁྱེར་ཏེ་སོང་བ་དང་། ཞིང་རྨོད་པའི་ལས་བྱེད་པ་དེས་མཐོང་ནས། བཙུན་པ་གོས་མ་རྐུ་ཤིག་ཅེས་སྨྲས་པ་དང་། དེས་དེ་ལ་མ་མཉན་པ་དང་། དེས་ཀྱང་བརྒྱུགས་
ཏེ་བཟུང་ནས་བཙུན་པ་རིགས་སམ་གོས་དེ་མ་བྱིན་པར་མ་བླང་ཤིག །འདི་ནི་ཁོ་བོ་ཕྱག་དར་ཁྲོད་ཀྱི་གོས་ཚོལ་བ་ན་མཐོང་སྟེ། ཁྱོད་ལ་འདི་ཅིར་དགོས། བཙུན་པ་གོས་འདི་བཞག་ནས་བདག་ཞིང་རྨོད་རྨོད་དེ་གོས་འདི་ནི་བདག་གིའོ་ཞེས་སྨྲས་ནས། དེ་སྟེ་ཁྱོད་ཀྱི་ན་སླར་ཁྱེར་ཅིག །དགེ་སློང་དེ་
འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཤིན་ཏུ་རྟོགས་པ་གྱིས་ཏེ་ལོང་ཤིག །ཁྱིམ་བདག་ཞིག་གིས་དགེ་སྦྱོང་ཤཱཀྱའི་བུ་རྣམས་ནི་ལྷུང་བའི་གོས་དེ་རྣམས་ཕྱག་དར་ཁྲོད་ཀྱི་གོས་སོ་ཞེས་ནས་ཁྱེར་རོ་ཞེས་ཐོས་པ་དང་། དེས་རས་རིན་ཆེ་བ་ཞིག་ལ་ཀཱཪྵཱ་

པ་ཎ་བརྒྱད་ཕུར་པ་ཕུར་ཏེ་ཕྱག་དར་སྤུངས་པའི་ཁྲོད་དུ་བརྐོས་ནས་སྦས་ཏེ་ཁ་ཚར་ཙམ་ཞིག་སྣང་བར་བྱས་ཏེ་སོང་བ་དང་། དགེ་སློང་ཞིག་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་གནས་དེར་ཕྱིན་ཏེ་དེས་ཁ་ཚར་མཐོང་ནས་དེས་དེ་ནས་དྲངས་ཏེ་ཁྱེར་བ་དང་། ཁྱིམ་བདག་དེས་མཐོང་ནས།
བཙུན་པ་རས་མ་རྐུ་ཤིག་ཅེས་སྨྲས་པ་དང་། དགེ་སློང་གིས་ངས་འདི་ནི་ཕྱག་དར་ཁྲོད་ཀྱི་གོས་ཚོལ་བ་ལས་རྙེད་ན་དེ་ཁྱེད་ལ་ཅིར་དགོས་ཞེས་སྨྲས་པ་དང་། བཙུན་པ་བདག་གིས་ནི་དགེ་སྦྱོང་ཤཱཀྱའི་བུ་རྣམས་ཀྱིས་ལྷུང་བའི་གོས་གང་རྙེད་པ་དེ་ཕྱག་དར་ཁྲོད་པའོ་ཞེས་ཏེ་ཁྱེར་རོ། །
ཞེས་ཐོས་ནས་བདག་གིས་རས་ལ་ཀཱཪྵཱ་པ་ཎ་བརྒྱད་ཕུར་པས་ཕུར་ཏེ་ཕྱག་དར་སྤུངས་པར་སྦས་པས་སོ། །དགེ་སློང་དེས་ཀཱརྵཱ་པ་ཎ་བརྒྱད་པོ་དེ་མཐོང་ནས། དེ་སྟེ་ཁྱོད་ཀྱི་ཡིན་ན་ཁྱེར་ཅིག་ཅེས་སྨྲས་ནས། དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཉེས་པ་མེད་དེ། ཤིན་ཏུ་བརྟགས་ལ་བཀུར་བར་བྱའོ། །ཁྱིམ་བདག་གི་ཁྱེའུ་ཞིག་གིས་སྲང་དུ་གོས་བཞག་སྟེ་རྩེད་མོ་རྩེའོ། །དེ་རྩེས་ནས་ཁྱིམ་དུ་སོང་བ་དང་། དགེ་སློང་ཞིག་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་གནས་དེར་འོངས་པ་དང་
དེས་གོས་དེ་མཐོང་ནས་དེས་དེ་བླངས་ཏེ་སོང་བ་དང་། བུད་མེད་ཅིག་ཀྱང་ཁྱིམ་དེ་ནས་བྱུང་སྟེ། དེས་ཀྱང་དགེ་སློང་དེ་མཐོང་ནས་བཙུན་པ་གོས་མ་རྐུ་ཤིག་ཅེས་སྨྲས་པ་དང་། འདི་ནི་ཁོ་བོས་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ན་རྙེད་དོ། །བཙུན་པ་ཁོ་མོའི་ཁྱེའུ་རྩེ་བ་ན་གོས་
བརྗེད་དེ་ཁྱིམ་དུ་མཆིས་སོ། །ཞེས་སྨྲས་པ་དང་། དེ་སྟེ་ཁྱོད་ཀྱི་ཡིན་ན་ཁྱེར་ཅིག །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཤིན་ཏུ་བརྟགས་ལ་བླང་བར་བྱོས་ཤིག །དགེ་སློང་ཞིག་གིས་ཕྱག་དར་ཁྲོད་པའི་གོས་
སྦས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་པ་དང་། དགེ་སློང་གཞན་ཞིག་ཀྱང་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་གནས་དེར་ཕྱིན་ནས། དེས་དེ་མཐོང་སྟེ་བཀྲུས་པ་དང་། དགེ་སློང་དེས་ཀྱང་ཕྱག་དར་ཁྲོད་ཀྱི་གོས་བཙལ་ན་མ་རྙེད་ནས་དེས་དགེ་སློང་དེ་འཁྲུ་བ་མཐོང་

ནས། དེས་ཚེ་དང་ལྡན་པ་ཁྱོད་ལ་ནི་ཕས་ཕམ་པའི་ཉེས་པ་བྱུང་ངོ་། །ཞེས་སྨྲས་པ་དང་། ཅིའི་ཕྱིར། ཁོ་བོའི་ཕྱག་དར་ཁྲོད་ཀྱི་གོས་འདི་མ་བྱིན་པར་བླངས་པའི་ཕྱིར་རོ། །འདི་ལ་ནི་བདག་པོ་ཡོད་པར་ཁོ་བོས་མ་ཤེས་སོ། །
ཞེས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཤིན་ཏུ་བརྟགས་ལ་བླང་བར་གྱིས་ཤིག །དགེ་སློང་དེ་དག་གིས་མི་གཙང་བས་རེག་པའི་ཕྱག་དར་ཁྲོད་ཀྱི་གོས་བཅངས་པ་དང་། ལྷ་ཕྲན་རྣམས་འཕྱ་
ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་དར་ཁྲོད་ཀྱི་གོས་ནི་བཀྲུས་ཏེ་ལེགས་པར་བཙེམས་ལ་བཅང་བར་བྱ་བས་ན་དགེ་སློང་དགེ་སློང་དག་གིས་མི་གཙང་བས་རེག་པའི་ཕྱག་དར་ཁྲོད་ཀྱི་གོས་མ་འཆང་ཤིག །འཆང་བ་གང་ཡིན་པ་དེ་ནི་ཉེས་བྱས་སུ་འགྱུར་རོ། །
དགེ་སློང་དེ་དག་གིས་བདག་པོ་ཡོད་པའི་དུར་ཁྲོད་ནས་གོས་བླངས་པ་དང་། རིགས་ངན་རྣམས་ཀྱིས་གང་ཅུང་ཟད་བདག་ཅག་གིས་ལས་སུ་བྱས་པ་ཐམས་ཅད་འདི་དག་གི་ཕྱིར་བྱེད་ན་འདི་ནས་གོས་མ་རྐུ་ཤིག་ཅེས་དེ་སྐད་མི་སྙན་པར་སྨྲ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། བདག་པོ་དང་བཅས་པའི་དུར་ཁྲོད་ནས་གོས་མ་ལེན་ཅིག །བླངས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དུར་ཁྲོད་ནས་ཤིན་ཏུ་མི་རིང་བ་ཞིག་ན་ལོག་པའི་ལྷ་ཁང་ཞིག་ཡོད་དེ། དེ་ནས་རས་ཞིག་རླུང་གིས་ཁྱེར་ནས་དུར་ཁྲོད་དུ་ལྷུང་བ་དང་དགེ་སློང་ཞིག་ཕྱག་དར་ཁྲོད་ཀྱི་
གོས་ཚོལ་ཞིང་དུར་ཁྲོད་དུ་འོངས་པ་དེས་རས་དེ་རྙེད་ནས་དེ་བླངས་ཏེ་ཁྱེར་བ་དང་། ལོག་པའི་ལྷ་ཁང་ན་གནས་པ་དེ་དག་གིས་མཐོང་ནས། བཙུན་པ་བདག་ཅག་གིས་རས་འདི་ལོག་པའི་ལྷ་ཁང་ནས་དུར་ཁྲོད་དུ་ལྷུང་བ་ཡིན་གྱིས་རས་འདི་མ་རྐུ་ཤིག་ཅེས་སྨྲས་པ་དང་། དེ་སྟེ་
ཁྱོད་ཀྱི་ཡིན་ན་སླར་ཁྱེར་ཅིག །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བདག་པོ་གཞན་ཡོད་དམ་མེད་པ་ཤིན་ཏུ་རྟོགས་ལ་ལོང་ཤིག། །།