Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 008_འདུལ་བ།_ཉ

Văn bản gốc(Tây Tạng)

Trang 6 / 17 (50.000 ký tự/trang)
 མན་དཱ་ར་བ་དག་ཏུ་གྱུར་ཏེ། ཀོ་ས་ལར་བྱུང་བའི་
རྒྱལ་པོ་གསལ་རྒྱལ་གྱི་སྟེང་དུ་འབབ་པར་བརྩམས་སོ། །དེ་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དག་གིས་གང་བཞིན་དུ་ཁྱིམ་དུ་ཞུགས་ནས་དེས་བཙུན་མོའི་འཁོར་དང་། གཞོན་ནུ་དང་བློན་པོ་དང་ཁྲོམ་གྱི་རུ་སྣ་དང་། གྲོང་

རྡལ་གྱི་མི་དང་། ཡུལ་མི་དང་། བྲམ་ཟེ་དག་ལ་སྨྲས་པ། ཤེས་ལྡན་དག་ང་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་ཚུན་ཆད་ནས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དག་གིས་གང་བཞིན་དུ་ཁྱིམ་དུ་ཞུགས་པ་འདི་ཅི་ཡིན་སུ་ཡི་མཐུ་ཡིན།
དེ་ན་གང་དག་སྙན་པ་དང་འཇམ་པར་སྨྲ་བ་ལ་མཁས་པ་དེ་དག་གིས་སྨྲས་པ། ལྷ་གཞན་སུ་ཞིག་གིས་འདི་འཚལ་བར་འགྱུར། འདི་གཞན་སུ་ཞིག་གི་མཐུ་ལགས། འདི་ལྟར་ལྷ་ཉིད་ཆོས་ཀྱིས་རྒྱལ་སྲིད་བགྱིད་དུ་སྩོལ་བས་འདི་ལྷ་ཉིད་ཀྱི་མཐུ་ལགས་སོ། །རྒྱལ་པོས་སྨྲས་པ།
ཤེས་ལྡན་དག་དེ་བདེན་ཏེ། ད་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་འཇུག་པས་འདི་གོར་མ་ཆག་པར་ངའི་མཐུ་ཡིན་ནོ། །བཙུན་མོའི་འཁོར་གྱིས་སྨྲས་པ། བདག་ཅག་ལྷ་ལས་གཞན་པའི་སྐྱེས་པའི་གན་དུ་མི་མཆི་ཞིང་བདག་པོ་ལས་མི་འཕྱོ་བས་འདི་ནི་བདག་ཅག་གི་མཐུ་ལགས་སོ། །
གཞོན་ནུ་རྣམས་ཀྱིས་སྨྲས་པ། བདག་ཅག་ཡབ་ཡུམ་ལ་གུས་ཤིང་སྲི་ཞུ་ཆེ་བས་འདི་ནི་བདག་ཅག་གི་མཐུ་ལགས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། བདག་ཅག་ཆོས་ཀྱིས་ལྷའི་རྒྱལ་སྲིད་བགྱིད་དུ་སྩོལ་བས་འདི་ནི་བདག་ཅག་གི་མཐུ་ལགས་སོ། །ཁྲོམ་གྱི་རུ་སྣ་དག་གིས་
སྨྲས་པ། བདག་ཅག་ལྷའི་བཀའ་ཆོས་དང་ལྡན་པར་སྒྲུབ་པར་བགྱིད་པས་འདི་ནི་བདག་ཅག་གི་མཐུ་ལགས་སོ། །གྲོང་རྡལ་གྱི་མི་དང་ཡུལ་གྱི་མི་དག་གིས་སྨྲས་པ། བདག་ཅག་ལྷ་ལ་ཆོས་དང་ལྡན་པར་དཔྱ་འབུལ་བས་འདི་ནི་བདག་ཅག་གི་མཐུ་ལགས་སོ། །རྒྱལ་
པོས་བསམས་པ། འདི་དག་སོ་སོ་ནས་བདག་ཅག་གི་མཐུའོ། །བདག་གི་མཐུའོ་ཞེས་ཟེར་ན་སུའི་མཐུ་ཡིན་པ་མི་ཤེས་ཀྱིས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། མཁྱེན་པ་དང་ཤེས་བྱ་ལ་བླ་ན་མེད་པའི་
མངའ་བརྙེས་པ་ཡིན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུར་འགྲོའོ་སྙམ་དུ་རིག་ནས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དེ་དག་གིས་ཐུ་བ་བཀང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་

བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་
པོ་ཆེན་པོ་དེ་ནི་ཁྱོད་ཀྱི་མཐུ་ཡང་མ་ཡིན། བཙུན་མོའི་འཁོར་གྱི་ཡང་མ་ཡིན། གཞོན་ནུ་རྣམས་ཀྱི་ཡང་མ་ཡིན། བློན་པོ་རྣམས་ཀྱི་ཡང་མ་ཡིན། ཁྲོམ་གྱི་རུ་སྣའི་ཡང་མ་ཡིན། གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མི་རྣམས་ཀྱི་ཡང་མ་ཡིན། བྲམ་ཟེ་རྣམས་ཀྱི་ཡང་མ་ཡིན་ཏེ། འདི་ལྟར་
དེ་ནི་དགེ་སློང་མཽད་གལ་གྱི་བུ་ཆེན་པོའི་མཐུ་ཡིན་ཏེ། གལ་ཏེ་དགེ་སློང་མཽད་གལ་གྱི་བུ་ཆེན་པོས་ཁྱོད་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་དང་བཅས་པ་ལ་མ་བསམས་སུ་ཟིན་ན་དེང་ཉིད་དུ་མཉན་ཡོད་སྤྱོད་ཡུལ་དུ་མི་འགྱུར་བ་ཞིག་
ན། དེ་ནི་དགེ་སློང་མཽད་གལ་གྱི་བུ་དེས་ཁྱོད་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་རྡལ་གྱི་མི་དང་། ཡུལ་མི་དང་བཅས་པ་ལ་བསམས་པའི་མཐུ་ཡིན་གྱིས་དེ་ལ་སེམས་མངོན་པར་དད་པར་གྱིས་ཤིག །རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་དགེ་
སློང་མཽད་གལ་གྱི་བུའི་མཐུ་ལགས་ཤིང་བཅོམ་ལྡན་འདས་ཀྱི་ཡང་མ་ལགས་ཉན་ཐོས་ཆེན་པོ་གཞན་དག་གི་ཡང་མ་ལགས་པར་ཇི་ལྟར་འཚལ་བར་བགྱི། རྒྱལ་པོ་ཆེན་པོ་དེ་ནི་ངའི་མཐུ་ཡང་མ་ཡིན། ཉན་ཐོས་ཆེན་པོ་གཞན་དག་གི་ཡང་མ་ཡིན་ཏེ། འདི་ལྟར་དེ་ནི་དགེ་སློང་མཽད་གལ་
གྱི་བུའི་མཐུ་ཡིན་ནོ། །གལ་ཏེ་ཁྱོད་སོམ་ཉི་དང་ཡིད་གཉིས་ཟ་ན་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་འདི་དག་ས་ལ་བོར་ཞིག །དེས་དེ་དག་ས་ལ་བོར་བ་དང་། རྡོ་རྗེ་རྩེ་གཅིག་པ་དང་། འཁོར་ལོ་དང་། མདའ་བོ་ཆེ་དང་།
མཚོན་རྩེ་གཅིག་ལ་སོགས་པའི་མཚོན་ཤ་སྟག་ཏུ་གྱུར་ཏོ། །དེས་དེ་དག་མཐོང་ནས་ཉམ་ང་བར་གྱུར་ཏེ་གསོལ་པ། བཅོམ་ལྡན་འདས་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་

ལ་རབ་ཏུ་སྡང་བའི་སེམས་བསྐྱེད་པས་དེ་ལས་འདི་བྱུང་ངོ་། །རྒྱལ་པོས་གསོལ་པ། བཙུན་པ་བདག་གིས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་མཐོང་བར་ཡང་མི་དྲན་ན་རབ་ཏུ་སྡང་བའི་སེམས་བསྐྱེད་པར་ལྟ་ག་ལ་འགྱུར། རྒྱལ་པོ་ཆེན་པོ་ངས་ཁྱོད་ལ་དྲན་པར་བྱའོ། །བཙུན་
པ་བཅོམ་ལྡན་འདས་ཀྱིས་དྲན་པར་མཛད་དུ་གསོལ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ངའི་མདུན་དུ་ཁྱིམ་བདག་གཉིས་ཤིག་ཆོས་ཉན་པ་གང་ཡིན་པ་དེ་གཉིས་ཀྱིས་ཁྱོད་ལ་མངོན་དུ་ལྡང་བ་མ་བྱས་པ་དེ་དྲན་ནམ། བཅོམ་ལྡན་འདས་དེ་དྲན་ནོ། །རྒྱལ་པོ་ཆེན་པོ་ཁྱིམ་བདག་དེ་གཉིས་ནི་ཀླུའི་རྒྱལ་
པོ་དགའ་བོ་དང་། ཉེ་དགའ་གཉིས་ཡིན་ནོ། །དེས་གསོལ་པ། བཅོམ་ལྡན་འདས་དེ་གཉིས་འཁྲུགས་པར་མ་གྱུར་ཏམ། རྒྱལ་པོ་ཆེན་པོ་དེ་གཉིས་ནི་འཁྲུགས་པར་མ་གྱུར་ཏེ། དེ་གཉིས་ཀྱི་ཞོ་ཤས་འཚོ་བ་དག་འཁྲུགས་པར་གྱུར་ཏོ། །བཅོམ་ལྡན་འདས་བདག་གིས་དེ་གཉིས་
ལ་ཇི་ལྟར་བསྒྲུབ་པར་བགྱི། རྒྱལ་པོ་ཆེན་པོ་བཟོད་པ་གསོལ་བར་བྱའོ། །བཅོམ་ལྡན་འདས་དེ་གཉིས་ནི་རི་རབ་ཀྱི་བང་རིམ་ན་མཆིས་ལ། བདག་ནི་འདི་ན་མཆིས་ན་བདག་གིས་ཇི་ལྟར་དེ་གཉིས་ལ་བཟོད་པ་གསོལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་
པོ་ཆེན་པོ་དེ་གཉིས་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་ངའི་རྐང་པ་ལ་ཕྱག་འཚལ་དུ་འདིར་འོང་གིས་ཁྱོད་ཀྱང་ཚེས་བརྒྱད་དང་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་འདིར་ཤོག་ཤིག་དང་ངས་ཁྱོད་ལ་དེ་གཉིས་བསྟན་པར་བྱའི་ཁྱོད་ཀྱིས་བཟོད་པ་གསོལ་ཅིག །
དེས་གསོལ་པ། བཙུན་པ་ཅི་ལགས་བདག་གིས་དེ་གཉིས་ཀྱི་རྐང་པ་གཉིས་ལ་གཏུག་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་གཉིས་ཀྱི་རྐང་པ་གཉིས་ལ་གཏུག་པར་མི་བྱ་སྟེ། འདི་ལྟར་མི་མ་རབས་དག་གི་རྐང་པ་ལ་
ཕྱག་འཚལ་བ་གང་ཡིན་པ་དེ་ནི་མི་གཙོ་བོ་དག་གིས་ལག་པ་ནས་བཟུང་བ་ཡིན་གྱིས་ཁྱོད་ཀྱིས་ལག་པ་གཡས་པ་རྐྱོང་ལ་ཀླུའི་དབང་པོ་གཉིས་བཟོད་པ་མཛོད་ཅིག་ཅེས་བཟོད་པ་གསོལ་ཅིག་དང་དེ་གཉིས་བཟོད་པར་འགྱུར་རོ། །དེས་གསོལ་པ། བཙུན་པ་མ་ནོངས་

ཏེ་དེ་བཞིན་དུ་བགྱིའོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་རི་རབ་ཀྱི་བང་རིམ་དུ་འོངས་ནས་བདག་ཉིད་ཁྱིམ་བདག་གི་ཆ་ལུགས་སུ་མངོན་པར་
སྤྲུལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཡང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་
ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་བརྡ་མཛད་དོ། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་ལག་པ་གཡས་པ་བརྐྱང་སྟེ་སྨྲས་པ། ཀླུའི་དབང་པོ་
གཉིས་བཟོད་པ་མཛོད་ཅིག །དེ་གཉིས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་བཟོད་པར་བགྱིའོ། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་ལ་བཟོད་པ་གསོལ་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་
ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་ལ་མཆོད་པའི་སླད་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་བདག་གི་སྡུམ་པར་དགུང་བདུན་གྱི་བར་དུ་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་
ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ནས་དེས་བློན་པོ་
རྣམས་ལ་བསྒོ་བ་ཤེས་ལྡན་དག་ངས་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་མཆོད་པའི་ཕྱིར་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཞག་བདུན་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱིས་ཁྱེད་ཀྱིས་གྲོང་ཁྱེར་མཛེས་པར་གྱིས་ལ་གདུགས་ཚོད་སྟ་གོན་གྱིས་ཤིག །རྒྱལ་པོ་རྣམས་

ནི་ཚིག་གིས་འགྲུབ་པ་ཡིན་ལ། ལྷ་རྣམས་ནི་སེམས་ཀྱིས་འགྲུབ་པ་ཡིན། རྣལ་འབྱོར་པ་རྣམས་ནི་སེམས་བསྐྱེད་པ་ཙམ་གྱིས་ཐམས་ཅད་འགྲུབ་པ་ཡིན་པས་བློན་པོ་རྣམས་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ནས་རྒྱལ་བྱེད་ཀྱི་ཚལ་
དང་མཉན་ཡོད་ཀྱི་བར་གྱི་ལམ་ཇི་སྲིད་པ་དག་མཆོག་ཏུ་མཛེས་པར་བྱས་ཤིང་མཉན་ཡོད་ཀྱང་རྡོ་བ་དང་གསེག་མ་དང་། གྱོ་མོ་མེད་པར་རྣམ་པར་གནས་པར་བྱས་ཏེ། ཙན་དན་གྱི་ཆུས་ཆག་ཆག་བཏབ་ཅིང་བདུག་སྤོས་དྲི་ཞིམ་པོའི་སྣོད་ཉེ་བར་བཞག་སྟེ་དར་གྱི་ཆུན་པོའི་ཚོགས་དཔྱངས་
ཤིང་རྒྱལ་མཚན་དང་། བ་དན་བསྒྲེང་སྟེ་མེ་ཏོག་སྣ་ཚོགས་བཀྲམ་ཞིང་ལྷ་རྣམས་ཀྱི་ལྷའི་འདུན་ས་ཆོས་བཟངས་ལྟར་ཉམས་དགའ་བར་བྱས་སོ། །ཞལ་ཟས་ཀྱང་ཁ་དོག་དང་། དྲི་དང་རོ་ཕུན་སུམ་ཚོགས་པ་དང་ལྡན་པ། སྐྱུ་རུམ་སྣ་ཚོགས་དང་བཅས་པ། སྤྱན་གཟིགས་སྣ་ཚོགས་
ཀྱིས་མཛེས་པར་བྱས་པ་བཤམས་ནས་འབྱོར་པ་དེ་ལྟ་བུ་འདིས་ཉི་མ་རེ་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྒྱལ་པོའི་ཕོ་བྲང་དུ་གདུགས་ཚོད་གསོལ་ཏོ། །དེ་ན་མཚན་མོ་ཁུར་བ་འཚོད་པ་དག་ཏུ་མེ་ཤོར་ནས་དེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེ་
ཡན་ལག་མཆོག་དང་ལྡན་པ་མང་པོ་དག་ཚིག་པར་གྱུར་ཏོ། །དེ་ནས་གདུགས་ཚོད་ཞག་བདུན་ཐལ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་མཉན་ཡོད་དུ་དྲིལ་བསྒྲག་པ་བྱེད་དུ་བཅུག་ནས་མཉན་ཡོད་དུ་སུས་ཀྱང་མཚན་མོ་མེ་སྦར་བར་མི་བྱའོ། །གང་མེ་སྦར་བར་བྱེད་ན་དེ་ཀཱར་
ཥཱ་པ་ཎ་དྲུག་བཅུའི་ཆད་པས་བཅད་པར་བྱ་བའམ། ཕྱག་སྦལ་དུ་བཅུག་སྟེ་འཆི་བར་བྱ་དགོས་སོ་ཞེས་བསྒོའོ། །དེའི་ཚེ་ན་མཉན་ཡོད་ན་ཁྱིམ་བདག་བཟང་བྱིན་ཞེས་བྱ་བ་ཕྱུག་པ། ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་
དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དུས་གཞན་ཞིག་ན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་

བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཁྱིམ་བདག་བཟང་བྱིན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་
འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་
དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཁྱིམ་བདག་བཟང་བྱིན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་
དགེ་འདུན་དང་བཅས་པ་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་བཟང་བྱིན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་བཟང་བྱིན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་
འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཁྱིམ་བདག་བཟང་བྱིན་གྱིས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པ་སྟ་གོན་བྱས་ཏེ་ནང་པར་སྔར་ལངས་ནས་གདན་དག་བཤམས་ཏེ་ཆུ་ར་བཞག་ནས།
བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་
ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཁྱིམ་བདག་བཟང་བྱིན་གྱི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་བཟང་བྱིན་གྱིས་སངས་རྒྱས་ལ་སོགས་

པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་
ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཅིང་ཕྱག་བཅབས་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་རང་
བཞིན་ཐུགས་སུ་ཆུད་ནས་འདི་ལྟར་ཁྱིམ་བདག་བཟང་བྱིན་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་
པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་
ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་
དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཡང་སྨྲས་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་
སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་པར་གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང་། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །

སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ་བར་གྱུར། །འགྲོ་བ་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བར་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མཛད་ནས་
གཤེགས་སོ། །ཁྱིམ་བདག་བཟང་བྱིན་ཆུང་མ་དང་བཅས་པས་གང་གི་ཉིན་མོ་བདེན་པ་མཐོང་བར་བྱས་པ་དེའི་ཉིན་མོ་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །ཁྱིམ་བདག་བཟང་བྱིན་གྱིས་ཀྱང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྱིམ་གཞན་དུ་སྤྱན་
དྲངས་ཏེ་བཤོས་གསོལ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་བཟང་བྱིན་ཆུང་མ་དང་བཅས་པ་ལ་གང་ཐོས་ནས་དེ་གཉིས་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཤིང་རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་པར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །གང་གི་ཉིན་མོ་
ཁྱིམ་བདག་བཟང་བྱིན་ཆུང་མ་དང་བཅས་པས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཤིང་རྫུ་འཕྲུལ་མངོན་པར་བསྒྲུབས་པ་དེའི་ཉིན་མོ་དེའི་ཆུང་མ་ལ་བུ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ། གསལ་བ་གསེར་གྱི་མདོག་འདྲ་བ། མགོ་གདུགས་
ལྟ་བུ་དང་ལྡན་པ་ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ་སྨིན་མ་འཇར་བ། སྣའི་གཟངས་མཐོ་བ་ཞིག་བྱུང་ངོ་། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་
དོ། །ཉེ་དུ་དག་གིས་སྨྲས་པ། གང་གི་ཕྱིར་ཁྱེའུ་འདིའི་ཕ་མ་གཉིས་ཀྱིས་ཉི་མ་གང་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཤིང་རྫུ་འཕྲུལ་མངོན་པར་བསྒྲུབས་པར་གྱུར་པའི་ཉི་མ་དེ་ལ་བཙས་པས་དེའི་ཕྱིར་ཁྱེའུའི་མིང་རྫུ་འཕྲུལ་ལེན་ཅེས་བྱའོ་ཞེས་དེའི་མིང་རྫུ་འཕྲུལ་ལེན་ཅེས་
བྱ་བར་བཏགས་སོ། །ཁྱེའུ་རྫུ་འཕྲུལ་ལེན་པ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དེ་དག་གིས་འོ་མ་དང་ཞོ་དང་མར་དང་ཞུན་

མར་དང་མར་གྱི་སྙིང་ཁུ་དང་གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ། གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་རྩིས་དང་ལག་རྩིས་དང་དབྱུང་བ་དང་།
གཞུག་པ་དང་། བཞག་པ་ལ་ཉེ་བར་ཞུགས་ནས་དེ་ཡི་གེའི་མཐར་ཕྱིན་ཅིང་། འབྱེད་པ་དང་ཀློག་པ་དང་། མཁས་པ་དང་སྤྱོད་པ་གསལ་བ་དང་། བརྟག་པ་བརྒྱད་པོ་འདི་ལྟ་སྟེ། རིན་པོ་ཆེ་བརྟག་པ་དང་། གཞི་བརྟག་པ་དང་། གོས་བརྟག་པ་དང་། ཤིང་བརྟག་པ་དང་། གླང་
པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། བུད་མེད་བརྟག་པ་དང་། སྐྱེས་པ་བརྟག་པ་ལ་མཁས་པར་གྱུར་ཏོ། །དེ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་འཁོར་གྱི་དྲུང་དུ་སོང་བ་དང་། དེའི་བཙུན་མོའི་འཁོར་གྱིས་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ནས་དེ་
ལ་མེ་ཏོག་གི་ཕྲེང་བ་འཕངས་སོ། །འཇིག་རྟེན་ནི་མཛའ་བཤེས་དང་། དགྲ་བོ་དང་། ཐ་མལ་པ་ཡིན་པས་ཇི་ཙམ་ན་གཞན་དག་གིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷ་གཞོན་ནུ་རྫུ་འཕྲུལ་ལེན་ནི་ལྷའི་བཙུན་མོའི་འཁོར་དོན་དུ་གཉེར་རོ། །རྒྱལ་པོ་
དག་ནི་མི་རྟོག་པར་བྱེད་པས་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ངས་ཁྱིམ་བདག་བཟང་བྱིན་གྱི་བུ་གཞོན་ནུ་རྫུ་འཕྲུལ་ལེན་ཡོངས་སུ་བཏང་ངོ་། །བློན་པོ་རྣམས་ཀྱིས་དེ་ཀ་ར་བཱི་རའི་མེ་ཏོག་གི་ཕྲེང་བས་མགུལ་པ་བཅིངས་ཏེ་གོས་སྔོན་པོ་གྱོན་པའི་མི་དག་བཀྲི་ནས་
གྲོང་ཁྱེར་གྱི་དབུས་ནས་ཕྱིར་བྱུང་སྟེ་བསད་སར་ཕྱིན་ནས་གསོད་དུ་བཅུག་གོ། །མཉན་ཡོད་ཀྱི་སྐྱེ་བོའི་ཚོགས་དང་། ཡུལ་ཐ་དད་པ་ནས་ལྷགས་པའི་མི་དག་གིས་རྒྱལ་པོ་སྡིག་ཅན་འདི་ནི་མ་བརྟགས་པར་བྱེད་པ་ངན་པ་ཡིན་ཏེ། དེས་ཁྱིམ་བདག་གི་བུ་གཞོན་ནུ་རྫུ་འཕྲུལ་
ལེན་ཁོན་མེད་པ། འགྲན་མི་ཚོལ་བ། མི་འཁུ་བ་བསད་དོ་ཞེས་བརྗོད་དོ། །དེ་བཞིན་དུ་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་རྣམས་ཀྱིས་ཀྱང་ངན་པ་དེས་ཁྱིམ་བདག་གི་བུ་གཞོན་ནུ་རྫུ་འཕྲུལ་ལེན་ཁོན་མེད་པ། འགྲན་མི་ཚོལ་བ། མི་འཁུ་བ་

བསད་པ་ནི་ལེགས་པ་མ་བྱས་སོ། །ཤིན་ཏུ་མ་བྱས་སོ་ཞེས་བརྗོད་དོ། །ཁྱིམ་བདག་བཟང་བྱིན་གྱིས་བསམས་པ། བདག་གིས་བདོག་ཅིང་བདག་དབང་བ་སུ་ལ་ཡང་ཡོངས་སུ་མ་བཏང་བ་གང་ཡིན་པ་དེ་ཐམས་ཅད་ནི་གཞོན་ནུ་རྫུ་འཕྲུལ་ལེན་ལ་ལྟོས་པ་ཡིན་ན་
དེ་ནི་སྔོན་གྱི་ལས་ཀྱི་ཉེས་པས་རྒྱལ་པོས་མ་བརྟགས་པར་ལྔ་པ་ཉིད་དུ་བསྒྲུབས་པས་ད་སུའི་ཕྱིར་བཅད་པར་བྱ་སྟེ། དམན་པ་དང་། མགོན་མེད་པ་དང་། བཀྲེན་པ་དང་། སྡུག་ཕོངས་པ་དག་ལ་ཡོངས་སུ་གཏང་བར་བྱའོ་སྙམ་ནས་དེ་ཀཱརྵཱ་པ་ཎ་གཅིག་ཅིག་ཟོང་གི་རྒྱུར་བཞག་ནས་
ནོར་གྱི་རྣམ་པ་གཞན་ཐམས་ཅད་དམན་པ་དང་། མགོན་མེད་པ་དང་། བཀྲེན་པ་དང་། སྡུག་ཕོངས་པ་དག་ལ་ཡོངས་སུ་བཏང་ངོ་། །དེས་ཀཱརྵཱ་པ་ཎ་གཅིག་པོ་དེས་ཟོང་ཉོས་ཤིང་བཙོངས་པས་དེས་ཀཱརྵཱ་པ་ཎ་བཞི་རྙེད་ནས་དེས་ཀཱརྵཱ་པ་ཎ་གཅིག་གིས་ནི་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་
སྤོས་ཀྱི་བྱུག་པས་བྱུགས་སོ། །གཉིས་པས་ནི་གཡོག་འཁོར་གྱི་ཟན་སྦྱར་ཏོ། །གསུམ་པས་ནི་དགེ་འདུན་གྱི་ཕྱིར་དགེ་སློང་ལ་ཆོས་སྟོན་བྱིན་ཏོ། །བཞི་པ་ནི་ཟོང་གི་རྒྱུར་བཞག་གོ། །དེའི་ཁྱིམ་ན་ལོངས་སྤྱོད་སྲབས་པའི་ཕྱིར་སྦྱིན་པ་ངན་པ་དག་ཀྱང་སྦྱིན་པར་བྱེད། མཆོག་ཏུ་ངན་
པ་དག་ཀྱང་སྦྱིན་པར་བྱེད་པས་དེའི་མིང་ངན་པ་བཟང་བྱིན་ཞེས་བྱ་བར་གྱུར་ཏོ། །དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་ཁྱིམ་
བདག་ངན་པ་བཟང་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཇི་ལྟར་ཁྱོད་ཀྱི་ཁྱིམ་ན་སྦྱིན་པ་དག་བྱིན་ནམ། བསོད་ནམས་བྱེད་དམ། བཙུན་པ་དེ་བཞིན་ཏེ། བདག་གི་སྡུམ་པ་ན་སྦྱིན་པ་དག་ཀྱང་སྩོལ་ཅིང་བསོད་ནམས་དག་ཀྱང་བགྱིད་ན། དེ་དག་ནི་ངན་པ་དག་དང་མཆོག་
ཏུ་ངན་པ་དག་ལགས་སོ། །ཁྱིམ་བདག་སྦྱིན་པ་ངན་པའམ། བཟང་པོ་སྦྱིན་ཡང་རུང་སྟེ། དེ་གཉི་ག་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཅན་ཡིན་ནོ། །ཁྱིམ་བདག་སྦྱིན་པ་ངན་པའམ། བཟང་པོ་སྦྱིན་ཡང་རུང་སྟེ། དེ་ཡང་དད་པས་མ་ཡིན། གུས་པས་མ་ཡིན། རང་གི་ལག་

ནས་མ་ཡིན། དུས་སུ་མ་ཡིན། གནོད་པ་མེད་པ་མ་ཡིན། གང་གི་ཚེ་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བ་དེའི་ཚེ་ན་དེའི་སེམས་ཁྱིམ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་མི་འགྱུར། ཟས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་མི་འགྱུར། གོས་ཀྱི་ལོངས་སྤྱོད་རྒྱ་
ཆེན་པོ་དག་ལ་འཇུག་པར་མི་འགྱུར། གནས་མལ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་མི་འགྱུར། བཞོན་པའི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་མི་འགྱུར། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྒྱ་ཆེན་པོ་དག་ལ་འཇུག་པར་མི་འགྱུར་ཏེ། ཁྱིམ་བདག་སྦྱིན་
པ་དེ་ལྟ་བུ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ནི་དེ་ལྟ་བུར་འདོད་པར་བྱའོ། །ཁྱིམ་བདག་སྦྱིན་པ་ངན་པའམ། བཟང་པོ་སྦྱིན་ཡང་རུང་སྟེ། དེ་ཡང་དད་པས་ཡིན། གུས་པས་ཡིན། རང་གི་ལག་ནས་ཡིན། དུས་སུ་ཡིན། གནོད་པ་མེད་པ་ཡིན་ན། གང་གི་ཚེ་དེའི་
རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བ་དེའི་ཚེ་ན་དེའི་སེམས་ཁྱིམ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་འགྱུར། ཟས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་འགྱུར། གོས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་འགྱུར། གནས་མལ་གྱི་ལོངས་སྤྱོད་རྒྱ་ཆེན་
པོ་དག་ལ་འཇུག་པར་འགྱུར། བཞོན་པའི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་འགྱུར། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྒྱ་ཆེན་པོ་དག་ལ་འཇུག་པར་འགྱུར་ཏེ། ཁྱིམ་བདག་སྦྱིན་པ་དེ་ལྟ་བུ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ནི་དེ་ལྟ་བུར་འདོད་པར་བྱའོ།། །།
འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་བཅུ་རྩ་དགུ་པ། ཁྱིམ་བདག་སྔོན་བྱུང་བ་བྲམ་ཟེ་དུས་དཔོག་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་བྱུང་བར་གྱུར་ཏེ། དེས་བྲམ་ཟེ་རྣམས་ལ་སྦྱིན་པ་འདི་ལྟ་བུ་འདི་བྱིན་ཏེ་གླང་པོ་ཆེ་གསེར་གྱིས་བརྒྱན་པ། གསེར་གྱིས་མཛེས་
པར་བྱས་པ། གསེར་གྱི་རྒྱལ་མཚན་ཅན། གསེར་གྱི་དྲ་བས་གཡོགས་པ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །རྟ་གསེར་གྱིས་བརྒྱན་པ། གསེར་གྱིས་མཛེས་པར་བྱས་པ། གསེར་གྱི་རྒྱལ་མཚན་ཅན། གསེར་གྱི་དྲ་བས་གཡོགས་པ་བརྒྱད་

ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །ཤིང་རྟ་རྣམ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དང་། སེང་གེའི་པགས་པས་གཡོགས་པ་དང་། སྟག་ལྤགས་ཀྱིས་གཡོགས་པ་དང་། གུང་
ལྤགས་ཀྱིས་གཡོགས་པ་དང་། ཨར་མོ་ནིག་གིས་བཀབ་པ། རྣམ་པར་རྒྱལ་བྱེད་ཡིད་དུ་འོང་བ་དང་ལྡན་པའི་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །ཁང་པ་བརྩེགས་པ་རྣམ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་
ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཁང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །ཁྲི་རྣམ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ། ཤུར་བུས་བླས་པ། སྟན་སྦྱར་མ་
བཏིང་བ། སྟན་ནང་ཚངས་ཅན་བཏིང་བ། སྟན་ཁྲ་བོ་བཏིང་བ། སྟན་ཆེན་པོ་བཏིང་བ། སྟན་བཟང་པོ་བཏིང་བ། སུ་མཚན་གྱི་གོས་ཀྱི་སྟེང་གཡོགས་བཏིང་བ། སྟེང་ནས་བགོ་བའི་གོས་དང་བཅས་པ། གཉིས་སུ་རྒྱབ་རྟེན་དམར་པོ་བཞག་པའི་ཁྲི་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་
ལ་སྦྱིན་པར་བྱིན་ནོ། །གསེར་གྱི་སྣོད་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །དངུལ་གྱི་སྣོད་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །གསེར་གྱི་སྣོད་དངུལ་ཕྱེས་གང་བ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །དངུལ་གྱི་སྣོད་གསེར་ཕྱེས་
གང་བ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །རས་ཟུང་རྣམ་བཞི་ཀ་ཤི་ཀའི་རས་ཕྲན་དང་། ཟར་མའི་རས་ཕྲན་དང་། དུ་གུ་ལའི་རས་ཕྲན་དང་། ཀོ་ཏམ་པའི་རས་ཕྲན་ཟུང་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །བ་གསེར་གྱི་རྭ་ཅན་རྨིག་
པ་དངུལ་ལས་བྱས་པ་བེའུ་མཐུན་པ་དང་བཅས་པ་ཁར་བའི་ཟེ་བ་ཅན། རས་བཅོས་བུ་ཕྲུགས་ཀྱིས་གཡོགས་པ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །བུ་མོ་གསེར་གྱི་དཔུང་རྒྱན་ཅན་མགུལ་རྒྱན་དང་བཅས་པ། རྒྱན་བཟང་པོས་བརྒྱན་པ་བརྒྱད་ཁྲི་བཞི་

སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །ཟས་དང་སྐོམ་དང་བཅའ་བ་དང་བཟའ་བ་དང་བལྡག་པ་དང་། བཞིབ་པ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། བྲམ་ཟེ་རྣམས་ལ་སྦྱིན་པར་དེ་ལྟ་བུ་དེ་བྱིན་ནོ། །ཁྱིམ་བདག་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་
དེ་ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་གང་ཡིན་པ་དེ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་།
གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་སོ་སོའི་སྐྱེ་བོ་འཛམ་བུའི་ཚལ་དུ་འོངས་པ་གཅིག་ལ་ཟན་བཟའ་བ་བྱིན་པ་གང་ཡིན་པ་དེ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་
བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ཟན་བྱིན་པ་གང་ཡིན་
པ་དེ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་
དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་གཅིག་ཟན་བྱིན་པ་གང་ཡིན་པ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་
ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་དང་།

གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ཟན་བྱིན་པ་གང་ཡིན་པ་དེ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་།
གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་
བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་གཅིག་ཟན་བྱིན་པ་གང་ཡིན་པ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་
པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་
གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ཟན་བྱིན་པ་གང་ཡིན་པ་ནི་སྦྱིན་པ་དེ་བས་སྦྱིན་པ་
འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་
དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་

ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བ་གཅིག་ཟན་བྱིན་པ་གང་ཡིན་པ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་
བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་
གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བ་བརྒྱ་ཟན་བྱིན་པ་
དང་། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ཟན་བྱིན་པ་གང་ཡིན་པ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་། གང་གིས་
ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་
བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བ་བརྒྱ་ཟན་བྱིན་པ་དང་། གང་
གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པ་གཅིག་ཟན་བྱིན་པ་གང་ཡིན་པ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་

ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་
དང་། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་
ཕྱིར་མི་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་ཕུལ་བ་གང་ཡིན་པ་ནི་
སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་
པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་
བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་
དགྲ་བཅོམ་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་ཕུལ་བ་དང་། གང་གིས་ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་བཅུག་པ་གང་ཡིན་པ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་

ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་
དུ་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་
བྱིན་པ་དང་། གང་གིས་ཕྱིར་མི་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་
ཕུལ་བ་དང་། གང་གིས་ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་བཅུག་པ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་སྔས་དང་། གོར་བུ་དག་ཕུལ་བ་གང་ཡིན་པ་དེ་ནི་སྦྱིན་པ་དེ་བས་
སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་
སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་
ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པ་བརྒྱ་ཟན་བྱིན་པ་དང་།

གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་ཕུལ་བ་དང་། གང་གིས་ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་བཅུག་པ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་། སྟན་ནང་ཚངས་
ཅན་དང་། ལ་བ་དང་སྔས་དང་། གོར་བུ་དག་ཕུལ་བ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གཏན་གྱི་རྐྱེན་རིས་དང་མཐུན་པའི་མཆོད་སྦྱིན་འབུལ་བ་དང་། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། ཆོས་ལ་སྐྱབས་སུ་འགྲོ་བ་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བསླབ་
པའི་གཞི་དག་ལེན་པ་གང་ཡིན་པ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་
གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་
འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་
དགྲ་བཅོམ་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་ཕུལ་བ་དང་། གང་གིས་ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་བཅུག་པ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་།
སྟན་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་སྔས་དང་། གོར་བུ་དག་ཕུལ་བ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གཏན་གྱི་རྐྱེན་རིས་དང་མཐུན་པའི་མཆོད་སྦྱིན་ཕུལ་བ་དང་། གང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། ཆོས་ལ་སྐྱབས་སུ་འགྲོ་བ་དང་། དགེ་འདུན་

ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལེན་པ་དང་། གང་གིས་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་བྱམས་པའི་སེམས་བསྒོམ་པ་གང་ཡིན་པ་ནི་སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །ཁྱིམ་བདག་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་
བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་
ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་
དང་། གང་གིས་ཕྱིར་མི་འོང་བ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་དགྲ་བཅོམ་པ་བརྒྱ་ཟན་བྱིན་པ་དང་། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་ཕུལ་བ་
དང་། གང་གིས་ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་བཅུག་པ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་། སྟན་དང་སྟན་ནང་ཚངས་ཅན་དང་། ལ་བ་དང་སྔས་དང་། གོར་བུ་དག་ཕུལ་བ་དང་། གང་གིས་གཙུག་
ལག་ཁང་དེ་ཉིད་དུ་གཏན་གྱི་རྐྱེན་རིས་དང་མཐུན་པའི་མཆོད་སྦྱིན་ཕུལ་བ་དང་། གང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། ཆོས་ལ་སྐྱབས་སུ་འགྲོ་བ་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལེན་པ་དང་། གང་གིས་སེམས་ཅན་སྲོག་ཆགས་འབྱུང་
པོ་ཐམས་ཅད་ལ་བྱམས་པའི་སེམས་སྒོམ་པ་དང་། གང་འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་པ་དང་། ཟད་པར་རྗེས་སུ་ལྟ། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ། འགོག་པར་རྗེས་སུ་ལྟ། སྤོང་བར་རྗེས་སུ་ལྟ་ཞིང་གནས་པ་གང་ཡིན་པ་ནི་སྦྱིན་པ་

དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །ཁྱིམ་བདག་དེ་ལྟ་བས་ན་ཁྱོད་ཀྱིས་འདི་ལྟར་འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་དང་ཟད་པར་རྗེས་སུ་ལྟ། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ། འགོག་པར་རྗེས་སུ་ལྟ། སྤོང་བར་
རྗེས་སུ་ལྟ་ཞིང་གནས་པར་བྱའོ། །ཞེས་བསླབ་པར་བྱ་སྟེ། ཁྱིམ་བདག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་ཁྱིམ་བདག་ངན་པ་བཟང་བྱིན་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་པ་དང་རྗེས་སུ་ཡི་རངས་པ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་
གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་དུས་གཞན་ཞིག་ན་རང་གི་ཁྱིམ་ན་མཚན་མོ་མར་མེ་སྦར་ཏེ་སངས་རྒྱས་ཀྱི་བཀའ་ཀློག་པ་ན་རྒྱལ་པོའི་ཞོ་ཤས་འཚོ་བ་གྲོང་ཁྱེར་ཉུལ་བ་དག་གིས་སྒོ་གཏན་གྱི་བུ་གུ་ནས་དེ་མཐོང་ནས། དེ་དག་གིས་དེ་ལ་སྨྲས་
པ། ཁྱིམ་བདག་རྒྱལ་པོས་དྲིལ་བསྒྲགས་པ་བྱེད་དུ་བཅུག་སྟེ་མཉན་ཡོད་དུ་སུས་ཀྱང་མཚན་མོ་མེ་སྦར་བར་མི་བྱའོ། །གང་སྦར་བར་བྱེད་པ་དེ་ཀཱརྵཱ་པ་ཎ་དྲུག་བཅུའི་ཆད་པས་བཅད་པར་བྱ་བའམ། ཕྱག་སྦལ་དུ་བཅུག་སྟེ་འཆི་བར་བྱའོ་ཞེས་བཀའ་བཏགས་ན་ཁྱོད་ཀྱིས་ཅིའི་ཕྱིར་
མཚན་མོ་མེ་སྦར། དེས་སྨྲས་པ། ཤེས་ལྡན་དག་འདི་ནི་མེ་མ་ཡིན་ཏེ་མར་མེ་ཡིན་ནོ། །ཁྱིམ་བདག་ཅི་འདིས་མེའི་བྱ་བ་བྱེད་མི་ནུས་སམ། ཡང་ན་ནི་ཀཱརྵཱ་པ་ཎ་དྲུག་བཅུ་ཕུལ་ཅིག །ཡང་ན་ནི་ཕྱག་སྦལ་ན་འདུག་ཤིག །ཤེས་ལྡན་དག་ཁོ་བོ་ལ་ཀཱརྵཱ་པ་ཎ་དྲུག་བཅུའི་འབྱོར་པ་ག་ལ་
ཡོད། ཕྱག་སྦལ་དུ་འདུག་གོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ཕྱག་སྦལ་ནི་རིམ་པ་གསུམ་ཡོད་དེ། མི་གཙོ་བོ་གང་དག་ཡིན་པ་དེ་དག་ནི་སྟེང་རིམ་དུ་འཇོག་པར་བྱེད། མི་བར་མ་གང་དག་ཡིན་པ་དེ་དག་ནི་བར་དུ་འཇོག་པར་བྱེད། མི་ངན་པ་གང་དག་ཡིན་པ་
དེ་དག་ནི་གཏིང་དུ་འཇོག་པར་བྱེད་པས་དེ་མི་གཙོ་བོ་ཡིན་པའི་ཕྱིར་དེ་དག་གིས་སྟེང་རིམ་དུ་བཞག་གོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་མཚན་མོའི་ཐུན་དང་པོ་ལ་ཁྱིམ་བདག་ངན་པ་བཟང་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་བདག་ངན་པ་བཟང་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །

ཁྱིམ་བདག་ཁྱོད་ཕྱག་སྦལ་ན་འདུག་པ་ཚུལ་དང་མཐུན་པ་མ་ཡིན་ན་ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག །དེས་སྨྲས་པ། ཉེ་དབང་དག་ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ཏེ། འདི་ལྟར་རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་བཅུག་གོ། །ཅིའི་ཕྱིར་ཀཱརྵཱ་པ་ཎ་དྲུག་
བཅུའི་ཕྱིར་ཏེ་ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས་དེའི་ཕྱིར་ཕྱག་སྦལ་ན་འདུག་གོ། །ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་བསྐྱེད་ལ་ཚིག་བརྗོད་ཅིག །ཁྱོད་ཀྱི་ཁྱིམ་མམ། ཆུའི་གནས་གང་དག་དབྱིག་དང་། གསེར་གྱིས་དགང་བར་བྱ། ཉེ་དབང་དག་ཁྱེད་སྙིང་ལས་ཆུང་ངུར་གྱིས་ཤིག་
དང་། བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། །གལ་ཏེ་འདོད་ན་འདུག་ཤིག་དང་ཁྱོད་ལ་ཆོས་བསྟན་པར་བྱའོ། །དེ་དག་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་པ་ན་དེ་དག་གི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ་དཔེར་ན་མེའི་ཕུང་པོ་ཆེན་པོ་བཞི་འབར་
བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་འདྲའོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་མཚན་མོའི་ཐུན་དང་པོ་ལ་ཕྱག་སྦལ་ན་མེའི་ཕུང་པོ་ཆེན་པོ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་
ཏུ་གྱུར་ཅིང་སྲེག་པ་དག་མཐོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་མཚན་མོའི་གུང་ཐུན་ལ་ཁྱིམ་བདག་ངན་པ་བཟང་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་བདག་ངན་པ་བཟང་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཕྱག་སྦལ་ན་འདུག་པ་ཚུལ་དང་མཐུན་པ་མ་ཡིན་
ན་ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག །དེས་སྨྲས་པ། ཀཽ་ཤི་ཀ་ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ཏེ། འདི་ལྟར་རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་བཅུག་གོ། །ཅིའི་ཕྱིར། ཀཱརྵཱ་པ་ཎ་དྲུག་བཅུའི་ཕྱིར་ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས་དེའི་ཕྱིར་
ཕྱག་སྦལ་ན་འདུག་གོ། །ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་བསྐྱེད་ལ་ཚིག་བརྗོད་ཅིག །ཁྱོད་ཀྱི་ཁྱིམ་མམ། ཆུའི་གནས་གང་དག་དབྱིག་དང་། གསེར་གྱིས་དགང་བར་བྱ། ཀཽ་ཤི་ཀ་ཁྱོད་སྙིང་ལས་ཆུང་ངུར་གྱིས་ཤིག་དང་བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་

འགྱུར་རོ། །གལ་ཏེ་འདོད་ན་འདུག་ཤིག་དང་ཁྱོད་ལ་ཆོས་བསྟན་པར་བྱའོ། །དེ་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་པ་ན་དེའི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ་དཔེར་ན་མེའི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་
གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་འདྲའོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་མཚན་མོའི་གུང་ཐུན་ལ་ཕྱག་སྦལ་ན་མེའི་ཕུང་པོ་
ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་མཐོང་
ངོ་། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་མཚན་མོའི་ཐུན་ཐ་མ་ལ་ཁྱིམ་བདག་ངན་པ་བཟང་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་བདག་ངན་པ་བཟང་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཕྱག་སྦལ་ན་འདུག་པ་ཚུལ་དང་མཐུན་པ་མ་ཡིན་ན་ཅིའི་ཕྱིར་ཁྱོད་ཕྱག་སྦལ་
ན་འདུག །དེས་སྨྲས་པ། ཚངས་པ་ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ཏེ། འདི་ལྟར་རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་བཅུག་གོ། །ཅིའི་ཕྱིར། ཀཱརྵཱ་པ་ཎ་དྲུག་བཅུའི་ཕྱིར་ཏེ། ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས་དེའི་ཕྱིར་ཕྱག་སྦལ་ན་འདུག་གོ། །
ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་བསྐྱེད་ལ་ཚིག་བརྗོད་ཅིག །ཁྱོད་ཀྱི་ཁྱིམ་མམ། ཆུའི་གནས་གང་དག་དབྱིག་དང་། གསེར་གྱིས་དགང་བར་བྱ། ཚངས་པ་ཁྱོད་སྙིང་ལས་ཆུང་ངུར་གྱིས་ཤིག་དང་། བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། །གལ་
ཏེ་འདོད་ན་འདུག་ཤིག་དང་ཁྱོད་ལ་ཆོས་བསྟན་པར་བྱའོ། །དེ་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་པ་ན་དེའི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ་དཔེར་ན་མེའི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་

དག་པས་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་བས་ཀྱང་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་
བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་འདྲའོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་མཚན་མོའི་ཐུན་ཐ་མ་ལ་ཕྱག་སྦལ་ན་མེའི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་
པ་དང་། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་བས་ཀྱང་ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་མཐོང་
ངོ་། །མཐོང་ནས་ཀྱང་ཕྱག་སྦལ་སྲུང་བའི་མི་མངག་པས་བཀུག་སྟེ་སྨྲས་པ། ཀྭའི་ནང་རྗེ་ངས་དྲིལ་བསྒྲགས་པ་བྱེད་དུ་བཅུག་སྟེ་མཉན་ཡོད་དུ་སུས་ཀྱང་མཚན་མོ་མེ་སྦར་བར་མི་བྱའོ་ཞེས་བསྒོ་ན། ང་ཉིད་ཀྱི་ཕྱག་སྦལ་ན་མདང་མཚན་མོ་ཐོག་ཐག་མེའི་ཕུང་པོ་ཆེན་པོ་སྦར་བ་དེ་ཅིའི་ཕྱིར།
དེས་སྨྲས་པ། ལྷ་སུས་ཀྱང་མཚན་མོ་ཕྱག་སྦལ་དུ་ཞུགས་མེ་སྦར་ཏེ། ལྷས་དེར་ཅི་ཞིག་གཟིགས་མ་འཚལ་ཏོ། །རྒྱལ་པོས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ་ཤེས་ལྡན་དག་དེང་ལ་ཅི་བདེན་ནམ་བརྫུན་པ་ཕྱག་སྦལ་རྟོགས་ཤིག །དེ་དག་དོང་སྟེ་ཕྱག་སྦལ་བརྟགས་ན་ཐལ་བ་ཡང་
མི་སྣང་ནས། དེ་དག་ཕྱིར་ལོག་སྟེ་རྒྱལ་པོ་ལ་སྨྲས་པ། ལྷ་བདག་ཅག་གིས་ཕྱག་སྦལ་བརྟགས་ན་ཐལ་བ་ཡང་མི་གདའོ། །རྒྱལ་པོས་ཕྱག་སྦལ་སྲུང་བའི་མི་ལ་སྨྲས་པ། ཀྭའི་ནང་རྗེ་དེ་ན་མི་གཙོ་བོ་གང་འདུག །ལྷ་ཁྱིམ་བདག་ངན་པ་བཟང་བྱིན་མཆིས་སོ། །དེ་བོས་ཤིག །
དེས་ལྷ་བཀའ་བཞིན་འཚལ་ཞེས་དེ་བོས་པ་དང་། རྒྱལ་པོས་དེ་ལ་སྨྲས་པ། ཁྱིམ་བདག་ངས་དྲིལ་བསྒྲགས་པ་བྱེད་དུ་བཅུག་སྟེ་སུས་ཀྱང་མཉན་ཡོད་དུ་མཚན་མོ་མེ་སྦར་བར་མི་བྱའོ་ཞེས་བསྒོ་ན་ཁྱོད་ཀྱིས་ཅིའི་ཕྱིར། ཕྱག་སྦལ་དུ་མཚན་ཐོག་ཐག་མེ་སྦར། དེས་སྨྲས་པ། ལྷ་བདག་

གིས་ཡུད་ཙམ་ཡང་ཞུགས་མ་བལྟམ་ན་མཚན་ཐོག་ཐག་ལྟ་ཅི་སྨོས། ཁྱིམ་བདག་ང་ཉིད་ཀྱིས་མཚན་མོའི་ཐུན་དང་པོ་ལ་མེའི་ཕུང་པོ་ཆེན་པོ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་དང་། མཚན་མོའི་གུང་
ཐུན་ལ་མེའི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ་རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་
ཅིང་སྲེག་པ་དང་མཚན་མོའི་ཐུན་ཐ་མ་ལ་མེའི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་
འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཀྱང་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་མཐོང་བཞིན་དུ་ཁྱོད་ན་རེ་དེ་སྐད་ཅེས་བདག་གིས་ཡུད་ཙམ་ཡང་མེ་མ་
སྦར་ན་མཚན་ཐོག་ཐག་ལྟ་ཅི་སྨོས་ཞེས་ཟེར་ན་དེ་ཅི་ཡིན། ལྷ་དེ་ནི་མད་དེ། བདག་གིས་ནི་མཚན་མོ་ཞུགས་མ་སྦར་མོད་ཀྱི་འདི་ལྟར་མདང་མཚན་མོའི་ཐུན་དང་པོ་ལ་རྒྱལ་པོ་ཆེན་པོ་བཞི་བདག་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས་བདག་ལ་འདི་སྐད་ཅེས་ཁྱིམ་བདག་ཁྱོད་ཕྱག་སྦལ་ན་
འདུག་པ་ཚུལ་དང་མཐུན་པ་མ་ཡིན་ན་ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག་ཅེས་མཆིས་ནས། བདག་གིས་དེ་དག་ལ་འདི་སྐད་ཅེས་ཉེ་དབང་དག་ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ཏེ། འདི་ལྟར་རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་བཅུག་གོ་ཞེས་བགྱིས་པ་དང་།
དེ་དག་བདག་ལ་འདི་སྐད་ཅེས་ཅིའི་ཕྱིར་ཞེས་མཆིས་ནས་བདག་གིས་དེ་ལ་འདི་སྐད་ཅེས་ཀཱརྵཱ་པ་ཎ་དྲུག་བཅུའི་ཕྱིར་ཏེ། ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས་དེའི་ཕྱིར་ཕྱག་སྦལ་ན་འདུག་གོ་ཞེས་བགྱིས་ན། དེ་དག་བདག་ལ་འདི་སྐད་ཅེས་ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་བསྐྱེད་ལ་

ཚིག་བརྗོད་ཅིག་ཁྱོད་ཀྱི་ཁྱིམ་མམ། ཆུའི་གནས་གང་དག་དབྱིག་དང་། གསེར་གྱིས་དགང་བར་བྱ་ཞེས་མཆིས་ནས། བདག་གིས་དེ་དག་ལ་འདི་སྐད་ཅེས་ཉེ་དབང་དག་སྙིང་ལས་ཆུང་ངུར་གྱིས་ཤིག །བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། །གལ་ཏེ་
འདོད་ན་འདུག་ཤིག་དང་ཁྱོད་ལ་ཆོས་བསྟན་པར་བྱའོ་ཞེས་བགྱིས་པ་དང་། དེ་དག་ཆོས་མཉན་པའི་སླད་དུ་བདག་གི་མདུན་དུ་མཆིས་པ་ན། དེ་དག་གི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ་དཔེར་བགྱི་ན་ཞུགས་ཀྱི་ཕུང་པོ་ཆེན་པོ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ།
མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་འདྲའོ། །དེ་ནས་མཚན་མོའི་གུང་ཐུན་ལ་ལྷའི་དབང་པོ་བརྒྱ་བྱིན་བདག་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས། བདག་ལ་འདི་སྐད་ཅེས་ཁྱིམ་བདག་ཁྱོད་ཕྱག་སྦལ་ན་འདུག་པ་ཚུལ་དང་མཐུན་པ་མ་ཡིན་ན་ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག་ཅེས་མཆིས་
ནས། བདག་གིས་དེ་ལ་འདི་སྐད་ཅེས་ཀཽ་ཤི་ཀ་ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ཏེ། འདི་ལྟར་རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་བཅུག་གོ་ཞེས་བགྱིས་པ་དང་། དེ་བདག་ལ་འདི་སྐད་ཅེས་ཅིའི་ཕྱིར་ཞེས་མཆིས་ནས། བདག་གིས་དེ་ལ་འདི་སྐད་
ཅེས་ཀཱརྵཱ་པ་ཎ་དྲུག་བཅུའི་ཕྱིར་ཏེ་ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས་དེའི་ཕྱིར་ཕྱག་སྦལ་ན་འདུག་གོ་ཞེས་བགྱིས་ན། དེ་བདག་ལ་འདི་སྐད་ཅེས་ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་བསྐྱེད་ལ་ཚིག་བརྗོད་ཅིག་དང་། ཁྱོད་ཀྱི་ཁྱིམ་མམ། ཆུའི་གནས་གང་དག་དབྱིག་དང་གསེར་གྱིས་
དགང་བར་བྱ་ཞེས་མཆིས་ནས། བདག་གིས་དེ་ལ་འདི་སྐད་ཅེས་ཀཽ་ཤི་ཀ་ཁྱོད་སྙིང་ལས་ཆུང་ངུར་གྱིས་ཤིག་དང་། བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། །གལ་ཏེ་འདོད་ན་འདུག་ཤིག་དང་ཁྱོད་ལ་ཆོས་བསྟན་པར་བྱའོ་ཞེས་བགྱིས་པ་དང་། དེ་ཆོས་
མཉན་པའི་སླད་དུ་བདག་གི་མདུན་དུ་མཆིས་པ་ན་དེའི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ་དཔེར་བགྱི་ན་ཞུགས་ཀྱི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པའི་

ཞུགས་ཀྱི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་འདྲའོ། །དེ་ནས་མཚན་མོའི་ཐུན་ཐ་མ་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་བདག་ག་ལ་བ་དེར་མཆིས་ཏེ། ཕྱིན་ནས་བདག་ལ་འདི་སྐད་ཅེས་ཁྱིམ་བདག་
ཁྱོད་ཕྱག་སྦལ་ན་འདུག་པ་ཚུལ་དང་མཐུན་པ་མ་ཡིན་ན། ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག་ཅེས་མཆིས་ནས། བདག་གིས་དེ་ལ་འདི་སྐད་ཅེས་ཚངས་པ་ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ཏེ། འདི་ལྟར་རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་བཅུག་གོ་ཞེས་
བགྱིས་པ་དང་། དེ་བདག་ལ་འདི་སྐད་ཅེས་ཅིའི་ཕྱིར་ཞེས་མཆིས་ནས། བདག་གིས་དེ་ལ་འདི་སྐད་ཅེས་ཀཱརྵཱ་པ་ཎ་དྲུག་བཅུའི་ཕྱིར་ཏེ་ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས་དེའི་ཕྱིར་ཕྱག་སྦལ་ན་འདུག་གོ་ཞེས་བགྱིས་ན། དེ་བདག་ལ་འདི་སྐད་ཅེས་ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་བསྐྱེད་ལ་
ཚིག་བརྗོད་ཅིག །ཁྱོད་ཀྱི་ཁྱིམ་མམ་ཆུའི་གནས་གང་དག་དབྱིག་དང་། གསེར་གྱིས་དགང་བར་བྱ་ཞེས་མཆིས་ནས། བདག་གིས་དེ་ལ་འདི་སྐད་ཅེས་ཚངས་པ་ཁྱོད་སྙིང་ལས་ཆུང་ངུར་གྱིས་ཤིག་དང་། བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། །གལ་ཏེ་འདོད་
ན་འདུག་ཤིག་དང་ཁྱོད་ལ་ཆོས་བསྟན་པར་བྱའོ་ཞེས་བགྱིས་པ་དང་། དེ་ཆོས་མཉན་པའི་སླད་དུ་བདག་གི་མདུན་དུ་མཆིས་པ་ན་དེའི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ་དཔེར་བགྱི་ན་ཞུགས་ཀྱི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་
ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པའི་ཞུགས་ཀྱི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་བས་ཀྱང་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པའི་ཞུགས་ཀྱི་ཕུང་པོ་ཆེན་པོ་འབར་བ།
རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་འདྲའོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་གལ་ཏེ་དེ་ལྟ་ན་ངས་ཀྱང་ཁྱོད་ལ་དམ་པ་སྦྱིན་གྱིས་ཅི་འདོད་པ་སྨྲོས་ཤིག །དེས་སྨྲས་པ། ལྷ་གལ་ཏེ་ཁྱོད་བདག་ལ་ཐུགས་དད་ན་བདག་དགུང་ལ་

ཞུགས་མར་གྱི་འོད་ལ་སངས་རྒྱས་ཀྱི་བཀའ་ཀློག་པར་འཚལ་ལོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་ཁྱོད་འབའ་ཞིག་ལ་གནང་བར་མ་ཟད་ཀྱི་འདི་ལྟར་ཁྱོད་ཉིད་ལ་བརྟེན་ནས། གཞན་གང་དག་མཚན་མོ་མེ་མར་གྱི་འོད་ལ་སངས་རྒྱས་ཀྱི་བཀའ་ཀློག་པར་འདོད་པ་ཐམས་ཅད་ལ་
ཡང་གནང་ངོ་། །དེ་ནས་ཁྱིམ་བདག་ངན་པ་བཟང་བྱིན་རྒྱལ་པོས་བཏང་བས་དགའ་མགུ་རབ་ཏུ་དགའ་སྟེ་རྒྱལ་པོའི་དྲུང་ནས་སོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །ཀོ་
ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །རྒྱལ་རིགས་ནི་མངོན་པའི་ང་རྒྱལ་ཅན་ཡིན་པས་དེས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་བསྡད་དེ་མི་དག་པའི་མཐའ་ཅན་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ་སོང་ལ་བཅོམ་ལྡན་
འདས་ལ་སུ་དག་བསྙེན་བཀུར་བྱེད་པ་ལྟོས་ཤིག །མི་དག་པའི་མཐའ་ཅན་དེས་ལྷ་བཀའ་བཞིན་འཚལ་ཞེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང་། ཇི་ཙམ་ན་ཁྱིམ་བདག་ངན་པ་བཟང་བྱིན་བཅོམ་ལྡན་འདས་ལ་བསྙེན་བཀུར་
བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཁྱིམ་བདག་ངན་པ་བཟང་བྱིན་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་ཅིང་མཆིས་སོ། །རྒྱལ་པོས་
བསམས་པ། ཁྱིམ་བདག་དེ་བདག་གི་ཡུལ་ན་གནས་པ་ཡིན་པས་དེས་བདག་མཐོང་ན་མངོན་དུ་ལྡང་བར་འགྱུར་གྲང་སྙམ་ནས། དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །ཁྱིམ་བདག་ངན་པ་བཟང་བྱིན་གྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཐག་རིང་པོ་ཁོ་ན་ནས་
མཐོང་ངོ་། །མཐོང་ནས་ཀྱང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཅི་ལགས། རེ་ཞིག་དམ་པའི་ཆོས་ལ་བསྙེན་བཀུར་བགྱིའམ། འོན་ཏེ་རྒྱལ་པོ་ལ་བསྙེན་བཀུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རེ་ཞིག་དམ་

པའི་ཆོས་ལ་བསྙེན་བཀུར་གྱིས་ཤིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དམ་པའི་ཆོས་ལ་གུས་པར་མཛད་དེ་དགྲ་བཅོམ་པ་དག་ཀྱང་ཆོས་བླ་མར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། སངས་རྒྱས་གང་
དག་འདས་པ་དང་། །སངས་རྒྱས་གང་དག་མ་བྱོན་དང་། །སངས་རྒྱས་མྱ་ངན་སེལ་མཛད་པ། །ད་ལྟར་མང་པོ་གང་བཞུགས་དག །ཐམས་ཅད་དམ་པའི་ཆོས་ལ་ནི། །གུས་པར་གནས་གྱུར་གནས་འགྱུར་ཞིང་། །དེ་བཞིན་གུས་པར་གནས་མཛད་དེ། །དེ་ནི་སངས་རྒྱས་ཆོས་ཉིད་ཡིན། །
དེ་ཕྱིར་བདག་ལ་ལེགས་འདོད་ཅིང་། །བདག་ཉིད་ཆེན་པོ་མངོན་འདོད་པས། །སངས་རྒྱས་བསྟན་པ་དྲན་བྱེད་ན། །འདི་ལ་དམ་ཆོས་གུས་པར་བྱ། །ཁྱིམ་བདག་ངན་པ་བཟང་བྱིན་གྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་མངོན་དུ་ལྡང་བ་མ་བྱས་པ་དང་། རྒྱལ་པོ་ཁྲོས་ཏེ་བསམས་
པ། ཁྱིམ་བདག་འདི་བདག་གི་ཡུལ་ན་གནས་པ་ཡིན་ན་བདག་ལ་མངོན་དུ་ལྡང་བ་མི་བྱེད་དོ་སྙམ་ནས། དེ་ཁྲོ་བས་ཀུན་ནས་དཀྲིས་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་འདི་ཁྲོ་བས་ཀུན་ནས་
དཀྲིས་སོ་སྙམ་དུ་མཁྱེན་ནས། བཀའ་མཆིད་གཞན་དག་མཛད་པར་བརྩམས་ཏེ་ཆོས་སྟོན་པར་མི་མཛད་པ་དང་། དེས་གསོལ་པ། བཅོམ་ལྡན་འདས་ཆོས་བསྟན་དུ་གསོལ། བདེ་བར་གཤེགས་པ་ཆོས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་དེ་ལ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། རབ་ཏུ་དང་སེམས་མེད་པ་དང་། །ཞེ་སྡང་ཅན་དང་འཁྲུགས་པ་ཡིས། །ཡང་དག་རྫོགས་སངས་བསྟན་པ་ཡི། །དམ་ཆོས་ཀུན་ཤེས་བྱ་མི་ནུས། །གང་གིས་ཉེས་རྩོམ་བཏུལ་བྱས་ཤིང་། །རབ་དང་མེད་པའི་སེམས་བསལ་ཏེ། །
ཀུན་ནས་མནར་སེམས་འདིར་སྤོང་བ། །དེས་ནི་ལེགས་གསུངས་ཤེས་པར་འགྱུར། །རྒྱལ་པོས་བསམས་པ། ཁྱིམ་བདག་འདི་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་ཡང་རྒྱུན་བཀུམ་མོ་སྙམ་ནས། དེ་ལ་རྒྱ་ཆེར་ཁྲོ་བའི་སེམས་སྐྱེས་ཏེ་སྡོད་ཅིག་ཅེས་བྱས་ནས།

བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་གང་གི་ཚེ་ཁྱིམ་བདག་ངན་པ་བཟང་བྱིན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་
ནས་ཕྱིར་བྱུང་བ་དེའི་ཚེ་དེ་ལ་ཁྱོད་ངའི་ཡུལ་ན་མ་འདུག་ཤིག་ཅེས་བསྒོ་ཤིག །དེ་ནས་ལྷ་གང་ཁྱིམ་བདག་ངན་པ་བཟང་བྱིན་ལ་མངོན་པར་དད་པ་དེས་སྲོག་ཆགས་ཏྲེ་མ་བུ་ཀ་དང་། ཏྲཻ་ལ་ཏ་ཀ་མང་པོ་དག་བཏང་ནས་དེ་དག་གིས་རྒྱལ་པོ་དེ་ཀུན་ནས་བསྐོར་ཏེ་ཟིན་པ་ན་དེ་ཉམ་ང་བས་
རང་གི་ཁྱིམ་དུ་ཕྱིན་ཅིང་དེར་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་ཁྲོམ་གྱི་རུ་སྣ་དང་། གླང་པོ་ཆེ་དང་། རྟ་དག་ཀྱང་ཀུན་ནས་བསྐོར་ཅིང་ཟིན་པར་གྱུར། མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་ཀུན་ནས་བསྐོར་ཅིང་ཟིན་པར་གྱུར་ཏོ། །དེ་ནས་རྒྱལ་
པོ་སྐྲག་སྟེ་མྱུར་བ་མྱུར་བར་གླང་པོ་ཆེ་ལ་ཞོན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་
རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རེ་ཞིག་དེའི་ཚེ་ཡང་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས། འཁྲུགས་པར་གྱུར་ན་ད་སུ་ཞིག་འཁྲུགས་ལགས། རྒྱལ་པོ་ཆེན་པོ་ཇི་ལྟར་གྱུར། བཅོམ་ལྡན་འདས་བདག་སྲོག་ཆགས་ཏྲེ་མ་བུ་ཀ་དང་། ཏྲཻ་ལ་ཏ་ཀ་དག་གིས་
ཀུན་ནས་བསྐོར་ཅིང་ཟིན་པར་གྱུར། མཆིས་འབྲང་གི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཁྲོམ་གྱི་རུ་སྣ་དང་། གླང་པོ་ཆེ་དང་། རྟ་དག་ཀྱང་ཀུན་ནས་བསྐོར་ཅིང་ཟིན་པར་གྱུར། མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་ཀུན་ནས་བསྐོར་ཅིང་ཟིན་པར་གྱུར་ཏོ། །
རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཁྱིམ་བདག་ངན་པ་བཟང་བྱིན་ལ་རབ་ཏུ་སྡང་བའི་སེམས་བསྐྱེད་དོ། །བཅོམ་ལྡན་འདས་ཅི་ལགས་ཁྱིམ་བདག་དེ་འཁྲུགས་པར་གྱུར་ཏམ། རྒྱལ་པོ་ཆེན་པོ་དེ་ནི་ཕྱིར་མི་འོང་བ་ཡིན་པས་འཁྲུགས་པ་སྐྱེད་པར་མི་བྱེད་དེ། འདི་ལྟར་ལྷ་གང་དེ་ལ་མངོན་པར་

དད་པ་དེ་འཁྲུགས་པར་གྱུར་ཏོ། །བཅོམ་ལྡན་འདས་བདག་གིས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལ་བཟོད་པ་གསོལ་བར་བྱའོ། །བཅོམ་ལྡན་འདས་ཅི་ལགས་བདག་གིས་དེའི་རྐང་པ་གཉིས་ལ་གཏུགས་པར་བགྱིའམ། རྒྱལ་པོ་
ཆེན་པོ་རྐང་པ་གཉིས་ལ་གཏུག་པར་མི་བྱ་སྟེ། འདི་ལྟར་མི་མ་རབས་དག་གི་རྐང་པ་ལ་ཕྱག་འཚལ་བ་གང་ཡིན་པ་དེ་ནི་མི་གཙོ་བོ་དག་གིས་ལག་པ་ནས་བཟུང་བ་ཡིན་གྱིས། ཁྱོད་ཀྱིས་ལག་པ་གཡས་པ་རྐྱོང་ལ་ཁྱིམ་བདག་བཟོད་པར་གྱིས་ཤིག་ཅེས་བཟོད་པ་གསོལ་ཅིག་
དང་དེས་བཟོད་པར་འགྱུར་རོ། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་པ་དང་རྗེས་སུ་ཡི་རང་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་
སྤྱན་སྔ་ནས་སོང་ངོ་། །མཉན་ཡོད་ན་ཁྱིམ་བདག་སྡུམས་བྱེད་དང་། ཚུལ་ཁྲིམས་ཚོང་དཔོན་ཞེས་བྱ་བ་གཉིས་ཤིག་ཡོད་དོ། །དེ་ན་གཏམས་པ་སྲུང་བ་རྣམས་ལ་ནི་སྡུམས་བྱེད་དྲང་པོ་ཡིན། གཅིག་པུས་ཆེ་བཞི་འབྱེད་པ་རྣམས་ལ་ནི་ཚུལ་ཁྲིམས་ཚོང་དཔོན་དྲང་པོ་ཡིན་ལ། དེ་
ཡང་ངོ་ཚ་དང་ལྡན་པས་བཤང་བའི་སར་ཐག་རིང་དུ་འགྲོ་བ་ཡིན་ནོ། །མཉན་ཡོད་ན་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་ཞེས་བྱ་བ་ཆོམ་རྐུན་པ་དག་འཁོད་པ་དེ་དག་གི་ཀུན་ཏུ་སྤྱོད་པ་ནི་དགག་དབྱེ་བྱས་མ་ཐག་ཏུ་འདུས་ནས་ཤེས་ལྡན་དག་བདག་ཅག་གིས་ལས་ཅི་ཞིག་བྱས་ན་དེས་བཙལ་
མི་དགོས་པར་ལོ་སྐོར་དུ་ལོངས་སྤྱོད་ཅིང་བདེ་བར་འཁོད་པར་འགྱུར་ཞེས་ཕན་ཚུན་གྲོས་བྱེད་དོ། །དེ་དག་ལས་གཅིག་གིས་སྨྲས་པ། ཤེས་ལྡན་དག་ཁྱིམ་བདག་སྡུམས་བྱེད་འདི་གཏམས་པ་འཛིན་པ་ཡིན་པས་འདི་ལ་བརྒལ་ཞིང་བརྟག་པར་བྱའོ། །གཞན་དག་གིས་སྨྲས་པ།
མ་ཉེས་ཀྱིས་དེ་བཞིན་བྱ་སྟེ། འདི་ལྟར་ཁྱིམ་བདག་ཚུལ་ཁྲིམས་ཚོང་དཔོན་འདི་གཅིག་པུས་ཆེ་བཞི་འབྱེད་པ་རྣམས་ལ་དྲང་བ་ཡིན་ལ། དེ་ཡང་ངོ་ཚ་དང་ལྡན་པས་བཤང་བའི་སར་ཐག་རིང་དུ་འགྲོ་བས་དེ་བཟུང་སྟེ་བསྡིགས་ན་དེས་ཆེ་བཞི་འབྱེད་པར་འགྱུར་རོ་ཞེས་དེ་དག་གིས་དེའི་

བྱ་ར་བྱས་ཏེ། དེ་བཤང་བའི་སར་སོང་བ་བཟུང་ནས་བསྡིགས་ཏེ་སྨྲས་པ། ཁྱིམ་བདག་ཁྱོད་གསོན་ནམ་འཆི། དེས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་ཇི་ལྟར་བསམས་པའོ། །དེ་དག་གིས་སྨྲས་པ། ཁྱིམ་བདག་གལ་ཏེ་དེ་ལྟ་ན་ཁོ་བོ་ཅག་ཁྱིམ་བདག་སྡུམས་བྱེད་ལ་ནོར་བརྒྱའམ་
སྟོང་གིས་རྒོལ་ཞིང་རྟོག་གིས་ཁྱོད་ཀྱིས་ཆེ་བཞི་ཕྱེ་ཤིག །དེས་སྨྲས་པ། ཤེས་ལྡན་དག་ཅི་ཡང་དག་པས་སམ། ཡང་དག་པ་མ་ཡིན་པས། ཁྱིམ་བདག་ཡང་དག་པ་མ་ཡིན་པས་སོ། །ཤེས་ལྡན་དག་ཁོ་བོ་ཡང་དག་པ་མ་ཡིན་པས་ཆེ་བཞི་མི་འབྱེད་དེ། ཁོ་བོས་ཚེ་གཅིག་གི་
སྡུག་བསྔལ་ལས་ཐར་བར་བྱ་བའི་དོན་དུ་ཚེ་རབས་མང་པོའི་སྡུག་བསྔལ་སྐྱེད་པར་མི་ནུས་སོ། །དེ་དག་གིས་སྨྲས་པ། ཁྱིམ་བདག་གལ་ཏེ་རེ་ཞིག་ཆེ་བཞི་འབྱེད་ན་དེ་ལྟ་ན་ལེགས། གལ་ཏེ་མི་འབྱེད་ན་ཁོ་བོ་ཅག་གིས་ཁྱོད་མགོ་དྲུངས་ནས་བཅད་དེ་ས་ལ་བསྒྱེལ་བར་བྱའོ། །དེས་ཚིགས་
སུ་བཅད་པ་སྨྲས་པ། ཁོ་བོ་ཆོས་ལ་གནས་ན་མྱུར་དུ་ཤི་ཡང་བླ། །ཆོས་ལ་རྒྱབ་ཀྱིས་ཕྱོགས་ན་གསོན་པར་མ་གྱུར་ཅིག །ཆོས་ལ་གནས་པ་སུམ་བཅུ་ལྷ་ཡི་བདེ་བ་སྤྱོད། །ཆོས་ལས་ཉམས་པ་མི་བཟད་འཇིགས་པའི་ངན་སོང་ལྟུང་། །དེ་ནས་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དེ་དག་
གིས་ཁྱིམ་བདག་དེའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ཁྱིམ་བདག་བདག་ཅག་ལ་མི་འཇིགས་པ་སྩོལ་ཅིག །དེས་སྨྲས་པ་སྦྱིན་ནོ། །སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དེ་དག་གིས་དེའི་རྐང་པ་གཉིས་ལ་གཏུགས་ཏེ་དོང་ངོ་། །མཉན་ཡོད་ན་ཀོ་ས་ལར་བྱུང་བའི་རྒྱལ་པོ་
གསལ་རྒྱལ་གྱི་ནུ་བོ་རྒྱལ་བུ་ནག་པོ་ཞེས་བྱ་བ་གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ། དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན། སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་ཞིག་འདུག་པ་དེ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་
ལ་ཉེ་བར་གནས་པའི་གན་དུ་བདུད་ཀྱི་རིས་ཀྱི་ལྷ་མོ་ཞིག་འོངས་ཏེ། རིགས་པས་བསྐྱེད་པ་མ་ཡིན་པས་མགྲོན་དུ་གཉེར་བ་ནི་དེས་དེ་དང་དུ་མ་བླངས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་ངན་པ་བཟང་བྱིན་དང་། ཁྱིམ་བདག་སྡུམས་བྱེད་དང་། ཁྱིམ་བདག་ཚུལ་ཁྲིམས་ཚོང་

དཔོན་དང་། རྒྱལ་བུ་ནག་པོ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཡང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་
པོའི་མཐུ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱིམ་བདག་ངན་པ་བཟང་བྱིན་ནི་འདི་ཡིན་ནོ། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟན་ལས་ལངས་ཏེ་ལག་པ་གཡས་པ་བརྐྱང་ནས་སྨྲས་པ། ཁྱིམ་བདག་བཟོད་པ་མཛོད་ཅིག །ཁྱིམ་བདག་གིས་སྨྲས་པ་ལྷ་བཟོད་པར་འཚལ་ལོ། །དེ་
ནས་བཅོམ་ལྡན་འདས་ལ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ལགས་ན་བདག་གིས་བདག་གི་ཡུལ་ན་གནས་པའི་འབངས་ལ་བཟོད་པ་གསོལ་བ་གང་ལགས་པ་དེ་ངོ་མཚར་མི་ཆེ་
འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རྗེ་དཔོན་གྱིས་བཟོད་པ་གསོལ་བ་ངོ་མཚར་ཆེའོ། །དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་ངན་པ་བཟང་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལ་ཀཱཪྵཱ་པ་ཎ་གཅིག་མཆིས་པ་དེས་བདག་
གིས་ཟོང་མཇལ་ཅིང་བཙོ