Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 008_འདུལ་བ།_ཉ
Văn bản gốc(Tây Tạng)
Trang 4 / 17 (50.000 ký tự/trang)
་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་ བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་ སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་ དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་ལྔ་པ་གཉི་ག་ནས་བཏུལ་ ཅིང་བཞག་གོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེའི་ཆུང་མ་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ་ཡིན་ནས། དེ་དེ་ལ་ཤིན་ཏུ་ལྷག་པར་ཆགས་པས་ཁྱིམ་དུ་འགའ་ཡང་འཇུག་ཏུ་ མི་སྟེར་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བྲམ་ཟེ་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས། དེ་བྲམ་ཟེ་དེའི་ཁྱིམ་དུ་སོང་བ་དང་། ཇི་ཙམ་ན་བྲམ་ཟེ་དེ་གཅིན་གཅི་ཞིང་འདུག་པས་ཚེ་དང་ལྡན་པ་འཆར་ཀ་མཐོང་ནས་དེས་སྨྲས་པ། དགེ་སྦྱོང་མ་འཇུག་པར་སྡོད་ཅིག ། ཚེ་དང་ལྡན་པ་འཆར་ཀས་འདི་ལྟར་བྲམ་ཟེའི་གཅིན་གྱི་རྒྱུན་མི་འཆད་པ་དེ་ལྟར་བྱིན་གྱིས་བརླབས་ནས། ཚེ་དང་ལྡན་པ་འཆར་ཀ་ནང་དུ་ཞུགས་ཏེ་བྲམ་ཟེ་དེའི་ཆུང་མ་དེ་ཡང་འདི་ལྟར་དེའི་ལྟོ་ན་ནང་གྲོལ་གང་དག་ཡོད་པ་དེ་དག་ཐམས་ཅད་ཕྱི་རོལ་ནས་སྣང་བ་དེ་ལྟར་བྱིན་གྱིས་བརླབས་ ནས། ཚེ་དང་ལྡན་པ་འཆར་ཀ་ཕྱིར་བྱུང་བ་དང་། བྲམ་ཟེ་དེས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་ཀྱིས་བདག་གི་མཆིས་འབྲང་གཟིགས་སམ། དེས་སྨྲས་པ། མཐོང་ངོ་། །ཅི་འདྲ་ཁྱོད་ཀྱིས་ཇི་ལྟར་མཐོང་བར་གྱུར་པ་དེ་འདྲའོ། །དེ་ཞུགས་ཏེ་བལྟས་ན་དེ་ལྟར་མི་སྡུག་པར་ མཐོང་ནས་དེས་དེ་ལ་སྨྲས་པ། བྲམ་ཟེ་མོ་ཁྱོད་ཀྱིས་བཙུན་པ་འཆར་ཀ་ལ་ཅུང་ཞིག་མ་སྨྲས་སམ། དེས་སྨྲས་པ། ཅུང་ཟད་ཀྱང་མ་སྨྲས་ཏེ། འདི་ལྟར་དེས་བདག་སྤྱོས་ཏེ་དམོད་མོ་བགྱིས་ཀྱིས་བཞུད་ལ་དེ་ལ་བཟོད་པ་གསོལ་ཅིག །དེ་སོང་སྟེ་སྨྲས་པ། བཙུན་པ་ འཆར་ཀ་བདག་གི་མཆིས་འབྲང་ལ་བཟོད་པ་མཛད་དུ་གསོལ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བཟོད་པར་བྱའོ། །དེས་དེ་སྔོན་ཇི་ལྟ་བ་བཞིན་དུ་གྱུར་པ་དང་། བྲམ་ཟེ་དེ་དད་པར་གྱུར་ནས་དེས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་བྱོན། ཁྱོད་ཉིད་གདུལ་ བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་སླད་དུ་འདི་ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག །ཚེ་དང་ལྡན་པ་འཆར་ཀ་དེར་འདུག་སྟེ་ཟས་ཀྱི་བྱ་བ་བྱས་པ་དང་། བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར་བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་ བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་ བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་ རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་དྲུག་པ་གཉི་ག་ནས་བཏུལ་ཅིང་བཞག་གོ། །ཚེ་དང་ལྡན་པ་འཆར་ཀས་ བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེའི་ཆུང་མ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་ཏེ། བྲམ་ཟེ་དེ་མེ་ཏོག་དང་། ཡམ་སྲེག་ཤིང་གི་ཕྱིར་ཕྱི་རོལ་དུ་བྱུང་བ་དང་། ཚེ་དང་ལྡན་པ་འཆར་ཀས་བསམས་ པ། བྲམ་ཟེ་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས། དེ་བྲམ་ཟེའི་ཁྱིམ་དུ་སོང་བ་དང་། དེའི་ཆུང་མ་དེས་ཚེ་དང་ལྡན་པ་འཆར་ཀ་སྒོ་ཁང་དུ་མཐོང་ནས། དེ་ནང་དུ་ཞུགས་པ་དང་། ཚེ་དང་ལྡན་པ་འཆར་ཀ་ཡང་ཁྱིམ་གྱི་ནང་དུ་ཞུགས་སོ། །དེ་གནས་ཁང་དུ་ཞུགས་པ་དང་། ཚེ་དང་ལྡན་པ་འཆར་ཀ་ཡང་དེའི་ཕྱི་བཞིན་གནས་ཁང་དུ་ཞུགས་སོ། །དེ་གནས་ཁང་ནས་ཕྱིར་བྱུང་སྟེ་སྐས་ལས་ཁང་སྟེང་དུ་འཛེག་པར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀས་ཀྱང་དེའི་ཕྱི་བཞིན་སྐས་ལས་ཁང་སྟེང་དུ་འཛེག་པར་བརྩམས་སོ། །དེས་སྐས་ཕུལ་བ་དང་། ཚེ་དང་ལྡན་པ་འཆར་ཀ་ས་ལ་སྒྱེལ་ནས་དེ་འགོག་པ་ལ་སྙོམས་པར་ཞུགས་པ་དང་། དེས་བསམས་པ། མ་ཤིའམ་སྙམ་ནས་དེ་བབས་ཏེ་བསླང་བར་བརྩམས་ན་འགུལ་བར་ཡང་མ་ནུས་སོ། །བྲམ་ཟེ་འོངས་ནས་དྲིས་པ། འདི་ཅི་ཡིན། བྲམ་ཟེ་མོས་རྒྱས་པར་བརྗོད་པ་དང་། དེས་ སྨྲས་པ། ཁྱོད་ཀྱིས་འདི་དེ་ལྟར་ཕུལ་བ་ནི་མ་ལེགས་པ་བྱས་ཏེ། འདི་ནི་བྲམ་ཟེ་མདུན་ན་འདོན་གྱི་བུ་ལས་རབ་ཏུ་བྱུང་བ། རྒྱལ་པོ་གསལ་རྒྱལ་གྱི་ཆུང་པོ་གྲོགས། བཙུན་མོ་ཕྲེང་ལྡན་མའི་སློབ་དཔོན་ཡིན་ཏེ། འདི་དག་གིས་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་ པས་བདག་ཅག་རྒྱལ་པོས་ཕྱག་སྦལ་དུ་བཅུག་པས་འཆི་བར་བྱ་དགོས་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །བྲམ་ཟེ་མོས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་གཏུགས་ཏེ། འཕགས་པ་ཁྱོད་ཀྱིས་མི་མཁྱེན་པ་དང་། མི་གཟིགས་པ་དང་། མི་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅི་ཡང་མ་མཆིས་ཀྱིས་བཟོད་པར་གསོལ་ཞེས་བཟོད་པ་གསོལ་བ་དང་། ཚེ་དང་ལྡན་པ་འཆར་ཀ་ལངས་ཏེ་སྨྲས་པ། བཟོད་པར་བྱའོ། །བྲམ་ཟེ་དེ་ངོ་མཚར་སྐྱེས་ནས་དེས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་བྱོན། ཁྱོད་ཉིད་གདུལ་བའི་དོན་དུའོ། ། བཙུན་པ་འཆར་ཀ་དེའི་སླད་དུ་འདི་ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག །ཚེ་དང་ལྡན་པ་འཆར་ཀས་དེར་འདུག་སྟེ་ཟས་ཀྱི་བྱ་བ་བྱས་པ་དང་། བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས་ཚེ་དང་ལྡན་པ་འཆར་ཀས་ དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་ བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་ བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་ མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་ འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་ བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ། དང་དུ་མ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་བདུན་པ་གཉི་ག་ནས་བཏུལ་ཅིང་བཞག་གོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེའི་ཆུང་མ་གཟུགས་བཟང་བ། བལྟ་ ན་སྡུག་པ། མཛེས་པ་ཡིན་ཏེ། བྲམ་ཟེ་དེ་མེ་ཏོག་དང་ཡམ་སྲེག་ཤིང་གི་ཕྱིར་ཕྱི་རོལ་དུ་བྱུང་བ་དང་། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བྲམ་ཟེ་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས། དེ་བྲམ་ཟེ་དེའི་ཁྱིམ་དུ་སོང་བ་དང་། བྲམ་ཟེ་མོ་དེ་གཟུགས་ཀྱི་རྒྱགས་པ་དང་། ལང་ཚོའི་ རྒྱགས་པ་དང་། རིགས་ཀྱི་རྒྱགས་པ་དང་། དབང་ཕྱུག་གི་རྒྱགས་པས་རྒྱགས་ནས་ཚིག་ཀྱང་མི་སྟེར་རོ། །ཚེ་དང་ལྡན་པ་འཆར་ཀས་དེའི་སྔོན་གྱི་ལས་ཟད་པ་ལས་བསམས་ནས་ཚིགས་སུ་བཅད་པ་སྨྲས་པ། སྲིང་མོ་རྙིང་པ་ཟད་བྱེད་ཅིང་། །སར་པ་ཆུང་ཟད་སྐྱེད་མི་བྱེད། །བག་མེད་ བརྒྱན་པ་མཐོང་ནས་ནི། །མཆི་མས་བརྣངས་པའི་བཞིན་གྱིས་ངུ་། །ཞེས་སྨྲས་ཏེ་སོང་ངོ་། །བྲམ་ཟེ་མོ་དེ་འདིས་བདག་སྤྱོས་སོ་ཞེས་གཤེ་ཞིང་དེས་གོས་དྲི་མ་ཅན་གྱོན་ཏེ་ཁྲི་ཞིགས་པའི་སྟེང་དུ་ཉལ་ཏེ་འདུག་གོ། །བྲམ་ཟེ་དེ་འོངས་པ་དང་། དེས་དེ་མཐོང་ནས་སྨྲས་པ། བྲམ་ཟེ་མོ་ འདི་ཅི་ཉེས། བྲམ་ཟེ་མོས་གཤེས་ཏེ་སྨྲས་པ། གལ་ཏེ་ཁྱོད་ལ་གང་སྒོ་ན་འགྲེང་བའི་མི་གཅིག་ལ་ཡང་བཟའ་བ་དང་། བགོ་བ་སྦྱིན་པའི་འབྱོར་པ་མེད་ན་ཁྱོད་ལ་ཁྱིམ་མི་མོ་བླངས་པས་ཅི་བྱ། དགེ་སྦྱོང་འཆར་ཀ་གང་ཡིན་པ་དེས་ཁོ་མོ་སྤྱོས་སོ། །བྲམ་ཟེས་སྨྲས་པ། བཟང་མོ་དེ་ ནི་བྲམ་ཟེ་མདུན་ན་འདོན་གྱི་བུ་ལས་རབ་ཏུ་བྱུང་བ་ཡིན་གྱིས་དེ་ལ་བཟོད་པར་གྱིས་ཤིག །བྲམ་ཟེ་མོས་སྨྲས་པ། གལ་ཏེ་དེ་གསོན་ན་ཁོ་མོ་མི་གསོན་ནོ། །བྲམ་ཟེས་སྨྲས་པ། བཟང་མོ་དེ་ནི་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ཆུང་པོ་གྲོགས། བཙུན་མོ་ཕྲེང་ལྡན་མའི་སློབ་ དཔོན་ཡིན་ཏེ། དེ་དག་གིས་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་པས། གལ་ཏེ་བདག་གིས་དེ་ལ་སྡུག་བསྔལ་ཅུང་ཟད་བསྐྱེད་པར་གྱུར་ན། བདག་ཅག་རྒྱལ་པོས་ཕྱག་སྦལ་དུ་བཅུག་པས་འཆི་བར་བྱ་དགོས་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས་བཟོད་པར་ གྱིས་ཤིག །བྲམ་ཟེ་མོས་སྨྲས་པ། བྲམ་ཟེ་མང་དུ་སྨྲས་ཏེ་ཅི་རུང་། གལ་ཏེ་དེ་གསོན་ན་ཁོ་མོ་མི་གསོན་ནོ། །འདོད་པ་སྟེན་པས་ནི་སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་པས་བྲམ་ཟེ་དེ་རལ་གྲི་མཆན་དུ་བཅུག་སྟེ་འཕགས་པ་དང་། ཚེ་དང་ལྡན་པ་འཆར་ཀས་ཐག་རིང་པོ་ཁོ་ན་ ནས་དེ་མཐོང་ན། དེ་སེམས་ཇི་ལྟ་བུས་འོང་སྙམ་ན། ཇི་ཙམ་ན་གསོད་པའི་སེམས་ཀྱིས་འོང་བར་མཐོང་ནས། ཚེ་དང་ལྡན་པ་འཆར་ཀས་ལོ་མ་མ་ཡིན་པའི་སྤྱིལ་བུ་མངོན་པར་སྤྲུལ་ནས་དེར་ཞུགས་ཏེ་འདུག་གོ། །བྲམ་ཟེ་དེས་སྨྲས་པ། བཙུན་པ་འཆར་ཀ་སྒོ་ཕྱེ་ཤིག །ཚེ་ དང་ལྡན་པ་འཆར་ཀས་སྨྲས་པ། ཁྱོད་སྐྱེས་བཟང་པོས་འོངས་པར་གྱུར་ན། ཁོ་བོས་ཅིའི་ཕྱིར་སྒོ་མི་དབྱེ། རལ་གྲི་བོར་ཅིག །བྲམ་ཟེས་བསམས་པ། བགགས་ཏེ་གསད་དོ་སྙམ་ནས་དེས་རལ་གྲི་བོར་རོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། སྡིག་པའི་སེམས་དེ་ ཡང་བོར་ཅིག །བྲམ་ཟེ་དེས་བསམས་པ། འདི་ནི་བདག་ཉིད་ཆེན་པོ་ཞིག་སྟེ། བདག་གི་སེམས་ཀྱང་ཤེས་སོ་སྙམ་ནས་དེ་མངོན་པར་དད་པར་གྱུར་པ་དང་། ཚེ་དང་ལྡན་པ་འཆར་ཀས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ཕྱིར་བསྡུས་ནས་དེ་བཞིན་དུ་འདུག་གོ། །བྲམ་ཟེ་དེས་ཚེ་དང་ ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་པ་དང་། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར་བྲམ་ཟེ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་ བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་ གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་ མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་ པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། ། དེ་ནས་བྲམ་ཟེ་དེས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་བདག་གི་སྡུམ་པར་བྱོན་ཏམ། སོན་ཏོ། །བཙུན་པ་འཆར་ཀས་བདག་གི་བྲམ་ཟེ་མོ་ལ་ཇི་སྐད་བཀའ་སྩལ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོས་དེ་ལ་འདི་སྐད་ཅེས། སྲིང་མོ་རྙིང་པ་ཟད་བྱེད་ཅིང་། །སར་པ་ཅུང་ཟད་ སྐྱེད་མི་བྱེད། །བག་མེད་བརྒྱན་པ་མཐོང་ནས་ནི། །མཆི་མས་བརྣངས་པའི་བཞིན་གྱིས་ངུ་། །ཞེས་སྨྲས་སོ། །བཙུན་པ་ཚིགས་སུ་བཅད་པ་དེའི་དོན་ཅི་ལགས། བྲམ་ཟེ་སྔོན་བྱུང་བ་འདས་པའི་དུས་ན་རི་བྲགས་ཤིག་ཏུ་དུས་སྟོན་བྱུང་ནས། དེ་ན་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་ པོ་དག་རང་གི་རྒྱན་དག་གིས་བརྒྱན་ཏེ་སྐྱེད་མོས་ཚལ་གྱི་སར་དོང་བ་དེ་དག་གྲོང་སྤྲང་མོ་ཞིག་གིས་མཐོང་ནས། དེ་བདག་ཉིད་རྒུད་པའི་མྱ་ངན་བྱེད་དོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང་། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་ མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །རང་སངས་རྒྱས་ཞིག་དེ་ལ་ཕན་གདགས་པའི་ཕྱིར་ཕྱོགས་དེར་སོང་བ་དང་། དེའི་ལུས་མཛེས་པ་དང་། སེམས་མཛེས་པ་གྲོང་སྤྲང་མོ་དེས་མཐོང་ནས་དེས་སྤྲང་ཟན་ཅུང་ ཟད་ཅིག་རྙེད་པ་དང་། དེས་བསམས་པ། བདག་གིས་སྦྱིན་གནས་འདི་ལྟ་བུ་ལ་མཆོད་པ་མ་བྱས་པས་དེས་ན་གནས་སྐབས་འདི་ལྟ་བུར་གྱུར་གོར་མ་ཆག་གིས། གལ་ཏེ་བཅོམ་ལྡན་འདས་འདི་བདག་ལས་བསོད་སྙོམས་ཅུང་ཟད་ལེན་པར་འགྱུར་ན་བདག་གིས་འདི་ལ་དབུལ་བར་བྱའོ་ སྙམ་མོ། །རང་སངས་རྒྱས་དེས་དེ་ལ་སྙིང་བརྩེ་བའི་ཕྱིར་ལྷུང་བཟེད་བཟེད་པ་དང་། དེས་དེ་ལ་ཕུལ་ལོ། །རང་སངས་རྒྱས་དེ་དེ་ལ་སྙིང་བརྩེ་བས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་ པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་དུ་འགྱེལ་ནས། དེས་སྨོན་ལམ་འདི་སྐད་ཅེས་བདག་ ལས་འདིའི་རྣམ་པར་སྨིན་པས་ནམ་ཡང་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་བཏབ་བོ། །བྲམ་ཟེ་དེའི་ཚེ་དེའི་དུས་ན་གྲོང་སྤྲང་མོ་གང་ཡིན་པ་དེ་ནི་ཁྱོད་ཀྱི་ཆུང་མ་དེ་ཡིན་ཏེ། དེས་རང་སངས་རྒྱས་ལ་མཆོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ད་ལྟར་འདི་ལྟ་བུར་སྐྱེས་ཏེ་ཁོ་བོས་དེའི་ལས་ ཀྱི་རྣམ་པར་སྨིན་པ་དེ་ཟད་པ་ལས་བསམས་ནས་འདི་སྐད་ཅེས། སྲིང་མོ་རྙིང་པ་ཟད་བྱེད་ཅིང་། །སར་པ་ཅུང་ཟད་སྐྱེད་མི་བྱེད། །བག་མེད་བརྒྱན་པ་མཐོང་ནས་ནི། །མཆི་མས་བརྣངས་པའི་བཞིན་གྱིས་ངུ་། །ཞེས་སྨྲས་སོ། །བཙུན་པ་འཆར་ཀས་དོན་གྱིས་ན་བདག་གི་མཆིས་འབྲང་ལ་བསྐུལ་ བ་མཛད་དོ། །བཙུན་པ་འཆར་ཀས་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་འཆར་ཀས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས་སོང་ངོ་། །བྲམ་ཟེ་མོ་དེ་ ཡང་འགྱོད་པ་སྐྱེས་ཏེ་བདག་གིས་བྲམ་ཟེ་འཆར་ཀ་སོད་ཅིག་ཅེས་མངགས་པ་ནི་མ་ལེགས་པ་བྱས་ཏེ་བྲམ་ཟེ་དེས་བཙུན་པ་འཆར་ཀ་བསད་པར་མ་གྱུར་ཏམ་སྙམ་མོ། །བྲམ་ཟེ་དེ་འོངས་པ་དང་ཆུང་མས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས་བཙུན་པ་འཆར་ཀ་མ་བཀྲོངས་སམ། བྲམ་ཟེས་སྨྲས་ པ། དེ་ནི་བདག་ཉིད་ཆེན་པོ་ཡིན་པས་སུ་ཞིག་གིས་བཀྲོངས་པར་ནུས། ཆུང་མས་སྨྲས་པ། འོ་ན་ཁྱོད་ཀྱིས་དེ་སྤྱན་མ་དྲངས་སམ། བྲམ་ཟེས་སྨྲས་པ། ཁོ་བོས་སང་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱིས་ཞལ་ཟས་སྟ་གོན་གྱིས་ཤིག །བྲམ་ཟེ་མོ་དེས་ཞལ་ཟས་གྲང་ཆ་ གང་དག་ཡིན་པ་དེ་དག་ནི་དེ་ཉིད་ཀྱི་ཉིན་མོ་སྟ་གོན་བྱས། དྲོད་བག་གང་དག་ཡིན་པ་དེ་དག་ནི་ཕྱི་དེ་ཉིན་པར་སྟ་གོན་བྱས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་བྲམ་ཟེ་དེའི་ཁྱིམ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་བྲམ་ཟེ་དེ་ཆུང་མ་དང་བཅས་པས་ཚེ་དང་ལྡན་པ་འཆར་ཀ་བདེ་བར་འདུག་པར་རིག་ནས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་ པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས། ཚེ་དང་ལྡན་པ་འཆར་ཀ་ཟན་ཟོས་ཤིང་། ལག་པ་བསྙལ་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་པ་དང་། ཚེ་དང་ལྡན་པ་འཆར་ཀས་ བྲམ་ཟེ་མོ་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་བྲམ་ཟེ་མོ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་ གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས་བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་ སོ། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་བརྒྱད་པ་གཉི་ག་ནས་བཏུལ་ཅིང་བཞག་གོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་ བ་ཡངས་ཤིང་རྒྱ་ཆེ་བ། སེར་སྣ་ཅན་མིག་ཕྲ་བ། བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ། ཡོ་བྱད་ཀུན་དུ་འཛིན་པ་ཞིག་འདུག་པ་དེས་རི་བྲགས་ཤིག་ཏུ་ཞིང་བླས་ཀྱི་མཐའ་རྨོར་བཅུག་ནས། དེས་བང་བ་དག་རྒྱས་བཏབ་སྟེ་ཆུང་མ་ལ་ལྟོ་རྒྱགས་ཙམ་བྱིན་ནས་རི་བྲགས་དེར་སོང་སྟེ་ རང་གིས་ཞལ་ཏ་བྱས་ནས་ཞིང་བླས་ཀྱི་མཐའ་དག་བྱེད་དུ་འཇུད་དོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། བྲམ་ཟེ་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས། དེས་བསོད་སྙོམས་བརྒྱུས་ཏེ། བྲམ་ཟེ་དེའི་ཁྱིམ་དུ་སོང་ནས་དེས་སྨྲས་པ། བྲམ་ཟེ་མོ་ལྷུང་བཟེད་ཀྱི་ཆུ་བསླང་ངོ་། །དེས་ དེ་ལ་འབྲས་ཆན་ཕུལ་བ་དང་། ཕྲུ་བ་དེ་དེ་བཞིན་དུ་གང་བར་འདུག་གོ། །བྲམ་ཟེ་མོས་སྨྲས་པ། འཕགས་པ་བདག་གི་ཁྱིམ་ཐབ་སེར་སྣ་ཅན། མིག་ཕྲ་བ། བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ། ཡོ་བྱད་ཀུན་དུ་འཛིན་པ་ལགས་ཀྱིས་སླན་ཆད་མ་བྱོན་ཅིག །ཚེ་དང་ལྡན་ པ་འཆར་ཀས་སྨྲས་པ། ཐབས་ཡིན་གྱིས་སང་ཁོ་བོ་བདག་ཉིད་དང་གཉིས་འོང་ངོ་། །ཚེ་དང་ལྡན་པ་འཆར་ཀ་ཕྱི་དེ་ཉིན་པར་བདག་ཉིད་དང་གཉིས་དེར་སོང་བ་དང་། དེས་དེ་ལ་དེ་བཞིན་དུ་འབྲས་ཆན་ཕུལ་ལོ། །དེ་བཞིན་དུ་བདག་ཉིད་དང་དྲུག་བཅུའི་བར་དུ་ཉིན་རེ་ལན་རེ་སོང་སྟེ་བྲམ་ ཟེའི་ཁྱིམ་དེར་བསོད་སྙོམས་ཟོས་པ་དང་། ངོས་ཀྱི་སྡུམ་ཚེས་དག་ཤེས་ལྡན་དག་ལྟོས་ཤིག །བྲམ་ཟེ་དེས་ལག་པས་བཅལ་བ་བརྒྱ་དག་གིས་ལོངས་སྤྱོད་དག་བསྒྲུབས་ན། དེ་དག་བྲམ་ཟེ་མོ་དེས་ཤཱཀྱའི་བུའི་དགེ་སྦྱོང་དག་དང་ལྷན་ཅིག་ཟ་བར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །བྲམ་ཟེའི་ཁྱེའུ་ཞིག་བྱ་བ་འགའ་ཞིག་ལ་མཉན་ཡོད་ནས་རི་བྲགས་དེར་སོང་བ་དང་། བྲམ་ཟེ་དེས་བྲམ་ཟེའི་ཁྱེའུ་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་དེས་བྲམ་ཟེའི་ཁྱེའུ་དེ་ལ་དྲིས་པ། བྲམ་ཟེའི་ཁྱེའུ་ཁྱོད་ག་ལས་འདིར་འོངས། དེས་ སྨྲས་པ། མཉན་ཡོད་ནས་སོ། །ཁྱོད་ཀྱིས་ཁོ་བོའི་ཁྱིམ་གྱི་གཏམ་ཐོས་སམ། ཐོས་ཏེ། མཉན་ཡོད་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་ནི་ཤཱཀྱའི་བུའི་དགེ་སྦྱོང་དག་གི་ཁྱིམ་དང་པོ་ལགས་སོ། །མཁན་པོའི་ཁྱིམ་ནི་ཤཱཀྱའི་བུའི་དགེ་སྦྱོང་དག་གི་ཁྱིམ་གཉིས་པ་ལགས་ཏེ། ཤཱཀྱའི་བུའི་དགེ་སྦྱོང་དྲུག་བཅུ་ཉིན་རེ་ལན་རེ་མཆིས་ཏེ་བསོད་སྙོམས་འཚལ་ལོ། །བྲམ་ཟེ་དེས་བསམས་པ། འདིས་ཁོ་བོ་སེར་སྣ་ཅན་ལ་ཐོ་འཚམ་པར་བྱེད་ཀྱིས་གཞན་ལ་ཡང་དྲི་བར་བྱའོ་སྙམ་ནས། དེ་ལམ་གར་སོང་སྟེ་བསྡད་པ་དང་། ཇི་ཙམ་ན་བྲམ་ཟེའི་ཁྱེའུ་གཞན་ཞིག་བྱ་བ་ འགའ་ཞིག་ལ་མཉན་ཡོད་ནས་རི་བྲགས་དེར་སོང་བ་དང་། བྲམ་ཟེ་དེས་བྲམ་ཟེའི་ཁྱེའུ་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ནས། དེས་བྲམ་ཟེའི་ཁྱེའུ་དེ་ལ་དྲིས་པ། བྲམ་ཟེའི་ཁྱེའུ་ཁྱོད་ག་ལས་འདིར་འོངས། དེས་སྨྲས་པ། མཉན་ཡོད་ནས་སོ། །ཁྱོད་ཀྱིས་ཁོ་བོའི་ཁྱིམ་གྱི་གཏམ་ ཐོས་སམ། ཐོས་ཏེ། མཉན་ཡོད་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་ནི་ཤཱཀྱའི་བུའི་དགེ་སྦྱོང་དག་གི་ཁྱིམ་དང་པོ་ལགས་སོ། །མཁན་པོའི་ཁྱིམ་ནི་ཤཱཀྱའི་བུའི་དགེ་སྦྱོང་དག་གི་ཁྱིམ་གཉིས་པ་ལགས་ཏེ། ཤཱཀྱའི་བུའི་དགེ་སྦྱོང་དྲུག་བཅུ་ཉིན་རེ་ལན་རེ་མཆིས་ཏེ། བསོད་ སྙོམས་འཚལ་ལོ། །བྲམ་ཟེ་དེས་བསམས་པ། དེ་དང་འདི་མཐུན་པས་དེ་ལྟར་གྱུར་གྱིས་བྲམ་ཟེ་མོ་དེས་ལོངས་སྤྱོད་དག་ཟོས་པར་གྱུར་ན་མི་རུང་གིས་འགྲོའོ་སྙམ་མོ། །དེ་ནས་བྲམ་ཟེ་དེ་ཕྱིར་འོངས་ཏེ་བྲམ་ཟེ་མོ་དེ་ལ་སྨྲས་པ། བྲམ་ཟེ་མོ་ངན་པ་ཁོ་བོས་ལག་པས་གཞལ་བ་བརྒྱ་ དག་གིས་ལོངས་སྤྱོད་དག་བསྒྲུབས་ན། ཁྱོད་དེ་དག་ཤཱཀྱའི་བུའི་དགེ་སྦྱོང་དག་དང་ལྷན་ཅིག་ཟ་བར་བྱེད་དམ། ཁྱོད་ཀྱིས་བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པ་དག་མ་མཐོང་ངམ་ཅི་ན། དགེ་སྦྱོང་མགོ་རེག་དེ་དག་ལ་སྦྱིན་པར་བྱེད་ཅེས་དེས་དེ་བརྡེག་པར་བརྩམས་པ་ དང་། དེས་སྨྲས་པ། བྲམ་ཟེ་ཁྱོད་ཀྱིས་ཁོ་མོ་ལ་གཏད་པའི་བང་བ་དག་ཁོ་མོས་རྒྱ་ཉམས་པར་བྱས་སམ། ཅི་ཇེ་སོ་སོར་རྟོགས་ཤིག །བྲམ་ཟེ་དེས་བང་བ་དག་སོ་སོར་བརྟགས་པ་དང་། ཇི་ཙམ་ན་དེ་བཞིན་དུ་རྒྱ་མ་ཉམས་པར་འདུག་པ་དག་མཐོང་ནས། དེས་ཆུང་མ་ལ་སྨྲས་པ། ཁྱོད་ཀྱིས་ཟས་དེ་སྙེད་ག་ལས་རྙེད། དེས་སྨྲས་པ། བདག་གི་ཕྲུ་བ་འདིར་འབྲས་ཆན་དང་། སྲན་ཚོད་བཙོས་ན་འབྲས་ཆན་དེས་དགེ་སློང་དྲུག་བཅུ་དང་བདག་ཀྱང་འགྲངས་པར་གྱུར་ཏོ། །བྲམ་ཟེ་དེས་སྨྲས་པ། ཅིའི་ཕྱིར་དེ་ལྟར་གྱུར། དེས་སྨྲས་པ། བདག་གིས་ཁྱོད་ཀྱི་མངོན་སུམ་དུ་ འགྱུར་བར་བྱའོ་ཞེས་དེས་ཕྱི་དེ་ཉིན་པར་ཚེ་དང་ལྡན་པ་འཆར་ཀ་བདག་ཉིད་དང་དྲུག་བཅུ་དེར་འོངས་པ་ལ་དེ་བཞིན་དུ་བསོད་སྙོམས་ཕུལ་ནས་དེས་སྨྲས་པ། བྲམ་ཟེ་ཁྱོད་ཀྱིས་མཐོང་ངམ། བྲམ་ཟེ་དེ་མངོན་པར་དད་པར་གྱུར་ནས། དེས་སྨྲས་པ། བཙུན་པ་འཆར་ཀས་སང་བདག་གི་སྡུམ་ པར་གདུགས་ཚོད་གསོལ་བར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བྲམ་ཟེ་ཅི་འདི་འདྲ་བས་སམ། འོན་ཏེ་ཟས་ཡང་དག་པས་མགྲོན་དུ་འབོད། བཤོས་ཡང་དག་པས་སྤྱན་འདྲེན་ཏོ། །ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་ཏེ་སོང་ངོ་། །དེ་ནས་ བྲམ་ཟེ་དེས་ཚེ་དང་ལྡན་པ་འཆར་ཀས་ཅང་མི་སྨྲ་བར་དང་དུ་བླངས་པར་རིག་ནས། དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། བྲམ་ ཟེའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་འཆར་ཀ་བདེ་བར་འདུག་པར་རིག་ནས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་ བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས། ཚེ་དང་ལྡན་པ་འཆར་ཀ་ཟན་ཟོས་ཤིང་ལག་པ་བསྙལ་ལྷུང་བཟེད་བཞག་པར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་གོ། །ཚེ་དང་ ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་ བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་ བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་ བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་ འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་ སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་ མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས་བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་ སོ། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་དགུ་པ་གཉི་ག་ནས་བཏུལ་ཅིང་བཞག་གོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་བཅུ་རྩ་བདུན་པ། ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་ཞིག་བྱུང་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །དེའི་ཆུང་མ་དེ་གཏུམ་པ། བརླང་བ། རྩུབ་པ། རྒྱ་བ། གཤེ་བ། སྤྱོ་བ་ ཞིག་ཡིན་པས་རྟག་ཏུ་ངོས་ཀྱི་སྡུམ་ཚེས་དག་དང་ལྷན་ཅིག་འཐབ་ཀྲོལ་བྱེད་ནས། དེའི་མིང་གཏུམ་མོ་གཏུམ་མོ་ཞེས་བྱ་བར་གྱུར་ཏོ། །དུས་གཞན་ཞིག་ན་མཉན་ཡོད་དུ་དུས་སྟོན་བྱུང་ནས་བྲམ་ཟེ་དེས་བུ་ལ་སྨྲས་པ། བུ་ཁྱོད་ཀྱི་མ་འདི་གཏུམ་པས་གཞན་དག་དང་ལྷན་ཅིག་འཐབ་ཀྲོལ་ བྱེད་པས། བདག་ཅག་ཁྲི་མོན་དུ་བཅུག་པས་འཆི་བར་བྱ་དགོས་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས། རེ་ཞིག་དུས་སྟོན་ཐལ་གྱི་བར་དུ་རི་བྲགས་གཞན་དུ་འདོང་ཞིང་འཁོད་ལ། དེའི་འོག་ཏུ་ཕྱིར་འོང་བར་བྱས། ཁྱོད་སོང་ལ་མ་ལ་དྲིས་ཤིག །བུ་དེས་མ་ལ་སྨྲས་པ། ཡུམ་བདག་བགྱི་བ་ཆུང་ཞིག་གི་སླད་དུ་རི་བྲགས་ག་གེ་མོ་ཞིག་ཏུ་མཆིའོ། །གཏུམ་མོས་སྨྲས་པ། གང་དུ་ཁོ་མོའི་དང་པོའི་གོས་སོང་བ་དེར་སོང་ཤིག །བྲམ་ཟེས་ཀྱང་སྨྲས་པ། ཁོ་བོ་ཡང་འགྲོའོ། །གཏུམ་མོས་སྨྲས་པ། གང་ནས་ཡང་ཕྱིར་མི་འོང་བ་དེར་སོང་ཤིག །དེ་གཉིས་ དོང་བ་དང་། གཏུམ་མོས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་ཁུར་སླང་ཚུགས་ཤིག་དང་། ཇེ་སྣོག་ཟན་བྱའོ། །དེས་ཁུར་སླང་བཙུགས་ཏེ་ཁུར་བ་དག་བྱ་བར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀས་བསམས་པ། གཏུམ་མོ་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས་ དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་གཏུམ་མོའི་ཁྱིམ་དུ་འཇུག་པར་བརྩམས་པ་དང་། དེ་འཇུག་པ་གཏུམ་མོས་མཐོང་ནས་དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་དགེ་སྦྱོང་འདི་སྐྲོད་ཅིག །དེས་བསྐྲད་པ་དང་། ཚེ་དང་ལྡན་པ་འཆར་ཀ་ཆེས་དང་པོར་ནང་དུ་ཞུགས་ཤིང་བུ་མོ་མངག་གཞུག་མ་ཕྱིས་ཞུགས་སོ། །དེ་གཏུམ་མོས་ཡང་མཐོང་ནས་དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་ཁྱོད་ཀྱིས་དགེ་སྦྱོང་འདི་མ་བསྐྲད་དམ། དེས་སྨྲས་པ། བསྐྲད་དོ། །འོ་ན་འདི་ག་ལས་ཞུགས། ཡང་སྐྲོད་ལ་སྒོ་ཆོད་ཅིག །དེས་དེ་བསྐྲད་དེ་སྒོ་བཅད་ནས་ཞུགས་པ་དང་། ཚེ་དང་ལྡན་པ་འཆར་ཀ་ཆེས་དང་པོར་ཞུགས་སོ། །དེ་གཏུམ་མོས་ཡང་མཐོང་ནས་དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་ཁྱོད་ཀྱིས་དགེ་སྦྱོང་འདི་བསྐྲད་དེ་ སྒོ་མ་བཅད་དམ། དེས་སྨྲས་པ། བསྐྲད་དེ་སྒོ་བཅད་དོ། །འོ་ན་འདི་གང་ནས་ཞུགས། དེ་ནས་གཏུམ་མོས་སྨྲས་པ། དགེ་སྦྱོང་ཅི་སློང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁུར་བའོ། །གཏུམ་མོས་སྨྲས་པ། ཁྱོད་བུ་ཐུ་བོར་གྱུར་ཏེ་འོངས་ན་ཁྱོད་ལ་ཁུར་བ་ཅིའི་ཕྱིར་མི་སྦྱིན། ཚེ་དང་ལྡན་པ་འཆར་ཀས་བུ་ཐུ་བོར་སྤྲུལ་ཏེ་འོངས་པ་དང་། གཏུམ་མོས་སྨྲས་པ། གལ་ཏེ་ལག་པ་དང་རྐང་པ་དག་སེར་པོར་བྱས་ཀྱང་ཁྱོད་ལ་ཁུར་བ་མི་སྦྱིན་ནོ། །ཚེ་དང་ལྡན་པ་འཆར་ཀས་ལག་པ་དང་རྐང་པ་དག་སེར་པོར་སྤྲུལ་པ་དང་། གཏུམ་མོས་སྨྲས་པ། གལ་ཏེ་མིག་ གཉིས་ཁར་ཕོར་ལྟ་བུར་ལྟ་ན་ཡང་ཁྱོད་ལ་ཁུར་བ་མི་སྦྱིན་ནོ། །ཚེ་དང་ལྡན་པ་འཆར་ཀས་མིག་གཉིས་ཁར་ཕོར་ལྟ་བུར་སྤྲུལ་པ་དང་། གཏུམ་མོས་སྨྲས་པ། གལ་ཏེ་ནམ་མཁའ་ལ་དྲིལ་བུ་བཞིན་དུ་ཁྲ་ལ་ལ་འཁྲོལ་ཞིང་འདུག་ན་ཡང་ཁྱོད་ལ་ཁུར་བ་མི་སྦྱིན་ནོ། །ཚེ་དང་ལྡན་པ་ འཆར་ཀས་ནམ་མཁའ་ལ་དྲིལ་བུ་བཞིན་དུ་ཁྲ་ལ་ལ་འཁྲོལ་ཞིང་འདུག་པ་དང་། གཏུམ་མོས་སྨྲས་པ། གལ་ཏེ་ཁྱོད་ཕྱེད་ཕྱེད་དུ་དུམ་བུ་གཉིས་སུ་གས་ཀྱང་ཁྱོད་ལ་ཁུར་བ་མི་སྦྱིན་ནོ། །ཚེ་དང་ལྡན་པ་འཆར་ཀས་བདག་ཉིད་ཕྱེད་ཕྱེད་དུ་དུམ་བུ་གཉིས་སུ་གས་པར་སྤྲུལ་ཏེ་ས་ལ་སྒྱེལ་བ་ དང་། བུ་མོ་མངག་གཞུག་མས་སྨྲས་པ། ཇོ་མོ་ཁྱོད་ཀྱིས་གདུང་བར་བགྱིད་པ་མང་པོ་དག་བསྒྲུབས་པ་དེ་དག་གི་ནང་ན་འདི་ནི་ཆེས་གདུང་བར་བགྱིད་པ་ལགས་ཏེ། དགེ་སྦྱོང་འདི་ནི་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ཆུང་པོ་གྲོགས། བཙུན་མོ་ཕྲེང་ལྡན་མའི་ སློབ་དཔོན་ལགས་པས། བདག་ནི་ཤིན་ཏུ་ཐག་རིང་པོར་མཆིས་ཀྱང་བྲན་མོ་ཉིད་དུ་བས་ཀྱི། ཇོ་མོས་ནི་གསེར་གྱི་ཆུ་བུམ་གྱིས་རྒྱལ་པོའི་ཕོ་བྲང་དུ་ཆབ་བཅུ་འཚལ་བར་འགྱུར་རོ། །གཏུམ་མོ་སྐྲག་སྟེ་བསམས་པ། དེ་ལྟར་འགྱུར་རོ་སྙམ་ནས་དེས་སྨྲས་པ། བུ་མོ་དོང་རྐོས་ཤིག་དང་ སྦའོ་ཞེས། དེས་དོང་རྐོས་ཏེ་སྦ་བར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀ་འགོག་པ་ལ་སྙོམས་པར་ཞུགས་ནས་དེས་བསྒུལ་བར་ཡང་མ་ནུས་སོ། །དེ་ནས་གཏུམ་མོས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། འཕགས་པ་ཁྱོད་ཀྱིས་མི་མཁྱེན་པ་དང་ མ་གཟིགས་པ་དང་། མ་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅི་ཡང་མ་མཆིས་ཀྱིས། བདག་ལ་བཟོད་པ་མཛོད་ཅིག་དང་ཁྱོད་ལ་ཁུར་བ་གསོལ་ལོ། །ཚེ་དང་ལྡན་པ་འཆར་ཀ་ལངས་ཏེ་ཆ་ལུགས་ཐ་མལ་པ་བསྟན་པ་དང་། གཏུམ་མོས་བསམས་པ། འདི་ལ་ཁུར་ བ་སྦྱིན་ནོ་ཞེས་ཁས་བླངས་ན། ཁུར་བ་འདི་དག་ནི་ཧ་ཅང་ཆེ་ཆེས་པས་ཕངས་ཀྱིས། འདིའི་ཕྱིར་ཁུར་བ་ཆུང་ངུ་གཞན་ཞིག་བྱའོ་སྙམ་ནས། དེས་ཁུར་བ་ཆུང་ངུ་ཞིག་སྲེག་པར་བརྩམས་པ་དང་། ཁུར་བ་དེས་ཁུར་བསླང་ཐམས་ཅད་ཡོག་པར་གྱུར་ནས། གཏུམ་མོས་ བསམས་པ། བདག་གིས་ཁུར་བ་འདི་མི་སྦྱིན་པར་ཁུར་བ་སྔ་མ་ལས་གཅིག་སྦྱིན་ནོ་སྙམ་ནས། དེས་ཁུར་བ་གཅིག་དྲང་བར་བརྩམས་པ་དང་། ཇི་ཙམ་ན་ཁུར་བ་ཐམས་ཅད་འོངས་ནས། གཏུམ་མོས་སྨྲས་པ། ཅི་འཕགས་པ་ཁུར་བ་ཐམས་ཅད་བཞེད་དམ། ཚེ་དང་ ལྡན་པ་འཆར་ཀས་སྨྲས་པ། འདོད་དོ། །གཏུམ་མོས་སྨྲས་པ། བཞེས་སུ་གསོལ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། སྲིང་མོ་གལ་ཏེ་ཡོངས་སུ་བཏང་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། དེང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་ གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱིས། དེར་དོང་ལ་རང་གི་ལག་ནས་བྲིམས་ཤིག །གཏུམ་མོས་སྨྲས་པ། འཕགས་པ་དག་གཏུམ་མོ་ཞེས་ཐམས་ཅད་དུ་རིག་པས། བདག་དེར་འཇུག་ཏུ་ག་ལ་ཆུད། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། སྲིང་མོ་ཁོ་བོས་ཁྱོད་ འཇུག་ཏུ་གཞུག་གོ། །དེ་ནས་གཏུམ་མོས་ཁུར་བ་དེ་དག་ཐོགས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་འཇུག་པར་བརྩམས་པ་དང་། སྒོ་བས་སྨྲས་པ། གཏུམ་མོ་དོན་ཅིའི་ཕྱིར་འདིར་འོངས། མ་འཇུག་ཤིག །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བཞིན་ བཟངས་འཇུག་ཏུ་ཆུག་ཤིག །སྒོ་བས་གཏུམ་མོ་ནང་དུ་བཏང་བ་དང་། དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་མང་པོ་མཐོང་ནས། ཁུར་བ་དེ་དག་གཏུབ་པར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། མ་གཏུབ་པར་རངས་པར་བྲིམས་ཤིག ། གཏུམ་མོས་སྨྲས་པ། ཁྱེད་པར་མི་འགྱུར་རོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བྲིམས་ཤིག་དང་ཁྱེད་པར་འགྱུར་རོ་ཞེས་དེས་འདི་ལྟར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་ཁྱེད་པའི་ཕྱི་ན་ལྷག་ཀྱང་བྱུང་བ་དེ་ལྟར་བྱིན་གྱིས་བརླབས་སོ། །གཏུམ་མོས་སངས་ རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་ཁུར་བས་ཁྱེད་པར་བྲིམས་ཏེ་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །གཏུམ་མོས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་བདག་གི་དགེ་བའི་བཤེས་གཉེན་ལགས་ ཀྱིས་ཚུར་གཤེགས། བདག་གི་སྡུམ་པར་བཞུད་ལ་ཁྱོད་དེར་གདུགས་ཚོད་གསོལ་ཅིག །ཚེ་དང་ལྡན་པ་འཆར་ཀ་གཏུམ་མོའི་ཁྱིམ་དུ་སོང་བ་དང་། གཏུམ་མོས་ཚེ་དང་ལྡན་པ་འཆར་ཀ་ལ་ཟན་བྱིན་ནས་གཏུམ་མོ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་པ་དང་། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར་གཏུམ་མོས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་ བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་ བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་ པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་ སུ་མཆིའོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་གཏུམ་མོས་ རང་གི་ཁྱིམ་ཕྱག་དར་ལེགས་པར་བྱས། ཆག་ཆག་ལེགས་པར་བཏབ། བྱུག་པས་ལེགས་པར་བྱུགས་ཏེ་མེ་ཏོག་དག་དགྲམ་པར་བྱས་ནས། སྤྱོད་ལམ་ཞི་བས་འདུག་གོ། །བྲམ་ཟེ་དེ་ཡང་དུས་སྟོན་ཐལ་ནས་ཕྱིར་འོངས་ཏེ་སྐྱེད་མོས་ཚལ་དུ་བསྡད་ནས། དེས་བུ་ལ་ སྨྲས་པ། བུ་ཁྱོད་སོང་ལ་ཁྱོད་ཀྱི་མ་ཁྲི་མོན་གང་དུ་བཅུག་ཅིང་འདུག་པ་ལྟོས་ཤིག་དང་དབྱུང་བར་བྱའོ། །བུ་དེ་ཁྱིམ་དུ་སོང་བ་དང་གཏུམ་མོས་ཐག་རིང་མོ་ཁོ་ན་ནས་བུ་མཐོང་ནས། དེས་སྨྲས་པ། བུ་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཚུར་ཤོག་ངལ་སོས་ཤིག །ཁྱོད་ ཀྱི་ཕ་དེ་འོངས་སམ། བུས་སྨྲས་པ། མཆིས་ཏེ། སྐྱེད་མོས་ཚལ་ན་སྡོད་ཅིང་མཆིས་སོ། །བུ་དེ་ཟན་ཟོས་ནས་ཕའི་གན་དུ་སོང་བ་དང་། ཕས་དྲིས་པ། བུ་ཁྱིམ་བདེའམ། བུས་སྨྲས་པ། ཡབ་ཡུམ་གྱི་སྤྱོད་ལམ་དེ་ལྟ་བུ་ནི་སྔོན་ལན་འགའ་ཡང་མ་མཐོང་སྟེ། འདི་ལྟར་སྤྱོད་ ལམ་ཞི་བས་མཆིས་སོ། །བྲམ་ཟེ་དེ་ཁྱིམ་དུ་ཞུགས་པ་དང་གཏུམ་མོས་ཐག་རིང་པོ་ཁོ་ན་ནས་མཐོང་ནས། དེས་སྨྲས་པ། རྗེའི་སྲས་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ། །བཞུགས་སུ་གསོལ། དེ་འདུག་ནས་བསམས་པ། བྱེ་བྲག་འདི་ལྟ་བུ་ནི་སྔོན་མ་བྱུང་ཅི་ལས་གྱུར་ སྙམ་ནས། དེས་ཚིགས་སུ་བཅད་པ་སྨྲས་པ། འདི་ལྟར་སྔོན་དང་མི་འདྲ་བར། །ལོག་པ་ཉིད་དུ་ཁྱོད་སྣང་ན། །ཁྱོད་ནི་སྨྱོ་བྱེད་ལྡན་གྱུར་ཏམ། །འོན་ཏེ་མྱོས་པར་གྱུར་ཏམ་ཅི། །གཏུམ་མོས་ཚིགས་སུ་བཅད་པ་སྨྲས་པ། ཇོ་བོ་བདག་ནི་སྨྱོས་པ་མིན། །མྱོས་པར་གྱུར་ པའང་མ་ལགས་ཏེ། །བདག་གིས་སངས་རྒྱས་བསྟན་པ་ལ། །འཕགས་པའི་བདེན་པ་མཐོང་བར་བགྱིས། །རྗེའི་སྲས་བདག་ལ་འཕགས་པ་འཆར་ཀས་འདི་ལྟར་བདག་སླན་ཆད་འཁོར་བ་ན་འཁོར་བའི་ཚེ་ཉོན་མོངས་པ་དེ་ལྟ་བུ་དག་ཀུན་དུ་སྤྱོད་པར་མི་འགྱུར་བ་དེ་ལྟར་ཆོས་བསྟན་པ་ མཛད་དོ། །བྲམ་ཟེ་དེ་ངོ་མཚར་སྐྱེས་ཏེ་བསམས་པ། བདག་གིས་བརྡེག་པ་དང་། བཅིང་བ་དང་། སྨད་པས་དུལ་བར་མ་ནུས་པ་གང་ཡིན་པ་དེ། བཙུན་པ་འཆར་ཀས་ཆོས་བསྟན་པས་བཏུལ་བས། གང་གི་ཕྱིར་ཆོས་བསྟན་པས་འདི་བཏུལ་བ་ནི་འཕགས་པ་འཆར་ ཀས་བདག་ལ་ཕན་པ་མང་དུ་མཛད་དོ། །འཕགས་པ་འཆར་ཀས་བདག་ལ་ལེགས་པ་མང་དུ་མཛད་ཀྱིས། བདག་སོང་ལ་འཕགས་པ་འཆར་ཀ་སང་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲང་ངོ་སྙམ་ནས། དེ་ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་ པ་འཆར་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུད་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་ མི་སྨྲའོ། །དེ་ནས་བྲམ་ཟེ་དེ་སྟན་ལས་ལངས་ཏེ། ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འཆར་ཀས་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། ཚེ་དང་ལྡན་ པ་འཆར་ཀས་བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་འཆར་ཀས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས། ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །དེ་ནས་བྲམ་ཟེ་དེས་དེ་ཉིད་ཀྱི་མཚན་མོ་བཅའ་བ་ དང་བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་སོ། །ཚེ་དང་ལྡན་པ་འཆར་ཀའང་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། བྲམ་ཟེ་དེའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་བྲམ་ཟེ་དེས་ཚེ་ དང་ལྡན་པ་འཆར་ཀ་བདེ་བར་འདུག་པར་རིག་ནས། བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས། ཚེ་དང་ལྡན་པ་འཆར་ཀ་ཟན་ཟོས་ཤིང་། ལག་པ་བསྙལ་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་གོ། །ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་ དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་བྲམ་ཟེ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་ གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་ བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་ སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །བྲམ་ ཟེ་དེས་སྨྲས་པ། གལ་ཏེ་བཙུན་པ་འཆར་ཀས་དང་དུ་མི་བཞེས་ན། བདག་གིས་དྲང་སྲོང་གི་གདན་བཤམ་པར་བགྱི་ཡིས། བཙུན་པ་འཆར་ཀ་གཤེགས་ཏེ་ལོངས་སྤྱད་པར་གསོལ། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་ སོ། །ཚེ་དང་ལྡན་པ་འཆར་ཀས་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ ཡོད་དུ་བྲམ་ཟེའི་ཁྱིམ་བཅུ་པ་གཉི་ག་ནས་བཏུལ་ཅིང་བཞག་གོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་གཞོན་ནུ་དགའ་འདུན་ལྔ་བརྒྱ་ཙམ་ཆུང་མ་དང་བཅས་པ་དག་བཅའ་བ་དང་། བཟའ་བ་དང་། དྲི་དང་། ཕྲེང་བ་རྒྱུ་མང་པོ་ཐོགས་ཏེ། རྩེ་བའི་ཕྱིར་སྐྱེད་མོས་ཚལ་གྱི་སར་བྱུང་བ་དང་། ཚེ་དང་ལྡན་པ་འཆར་ཀས་བསམས་པ། འདི་དག་གདུལ་བའི་དུས་ཡིན་ནོ་སྙམ་ནས། དེ་དེ་དག་གི་གན་དུ་སོང་བ་དང་། དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་བྲམ་ཟེ་མདུན་ན་འདོན་ གྱི་བུ་ཡིན་ན། ཅིའི་ཕྱིར་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ཐམས་ཅད་ཟ་བ་དག་གི་ནང་དུ་རབ་ཏུ་བྱུང་། ཚེ་དང་ལྡན་པ་འཆར་ཀས་འདི་ལྟར། དེ་དག་གི་ཕྲེང་བ་གང་དག་ཡིན་པ་དེ་དག་ནི་ཀུན་དོང་གི་ཕྲེང་བར་གྱུར། ཁུར་བ་གང་དག་ཡིན་པ་དེ་དག་ནི་བ་ལང་གི་ཀོ་བར་གྱུར། ཤ་གང་དག་ཡིན་པ་དེ་དག་ནི་བ་ལང་གི་ཤར་གྱུར། བཏུང་བ་གང་དག་ཡིན་པ་དེ་དག་ནི་ཆང་དུ་གྱུར་པ་དེ་ལྟར་བྱིན་གྱིས་བརླབས་ནས། ཚེ་དང་ལྡན་པ་འཆར་ཀས་དེ་དག་ལ་ལྷུང་བཟེད་བསྟན་ཏེ་སྨྲས་པ། ཤེས་ལྡན་དག་ལྟོས་ཤིག །ཁོ་བོའི་ལྷུང་བཟེད་ན་ཀུན་དོང་དང་། བ་ལང་གི་ཀོ་བ་དང་། བ་ལང་གི་ཤ་དང་། ཆང་ཡོད་སྙམ་མམ། ཅི་ཁྱེད་ཅག་ནི་མགོ་ལ་ཡང་ཀུན་དོང་གི་ཕྲེང་བ་ཐོགས། ཟས་སུ་ཡང་བ་ལང་གི་ཀོ་བ་དང་། བ་ལང་གི་ཤ་ཟ། བཏུང་བར་ཡང་ཆང་འཐུང་བས་ཁྱེད་ཅག་ཐམས་ཅད་ཟ་བ་ཡིན་ནོ། །དེ་དག་གིས་ གཅིག་ལ་གཅིག་བལྟས་ན་ཇི་ཙམ་ན་བདག་ཅག་ཐམས་ཅད་ཀྱི་མགོ་ལ་ཀུན་དོང་གི་ཕྲེང་བ་ཐོགས་པ་དང་། ཁུར་བ་ཐམས་ཅད་བ་ལང་གི་ཀོ་བར་གྱུར་པ་དང་། ཤ་ཐམས་ཅད་བ་ལང་གི་ཤར་གྱུར་པ་དང་། བཏུང་བ་ཐམས་ཅད་ཆང་དུ་གྱུར་པར་མཐོང་ནས། དེ་དག་ གིས་སྨྲས་པ། འཕགས་པ་འཆར་ཀ་ཁྱོད་ཀྱིས་བདག་ཅག་ལ་དམོད་པ་བོར་གྱིས། བདག་ཅག་ལ་བཟོད་པ་མཛད་དུ་གསོལ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བཟོད་པར་བྱའོ། །དེ་ནས་དེ་དག་སྔ་མ་ཁོ་བཞིན་དུ་གྱུར་པ་དང་། དེ་དག་ངོ་མཚར་སྐྱེས་ནས་ དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་བྱོན། ཁྱོད་ཅག་ཉིད་གདུལ་བའི་དོན་དུ་འོངས་ཀྱིས། འཁོད་ཅིག་དང་ཆོས་བསྟན་པར་བྱའོ། །དེ་དག་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འཁོད་པ་དང་། ཚེ་དང་ལྡན་པ་འཆར་ཀས་དེ་དག་ ཆུང་མ་དང་བཅས་པའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར། བྲམ་ཟེ་དེ་དག་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་ དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེ་དག་གིས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་ཅག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ཅག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་ རྐང་པ་ཕྱུང་། ལྷ་དང་མིའི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་ པ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་ཅག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་ཅག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །བྲམ་ཟེ་དེ་དག་གིས་སྨྲས་པ། གལ་ཏེ་བཙུན་པ་ འཆར་ཀས་དང་དུ་མི་བཞེས་ན། བདག་ཅག་གིས་དྲང་སྲོང་གི་གདན་བཤམ་པར་བགྱིས། བཙུན་པ་འཆར་ཀ་གཤེགས་ཏེ་ལོངས་སྤྱད་པར་གསོལ། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་དག་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་དེ་ དག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་ལྔ་ བརྒྱ་ལྷག་ཙམ་གཉི་ག་ནས་བཏུལ་ཞིང་བཞག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་ཁྱིམ་དད་པར་བྱེད་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ། དགེ་སློང་འཆར་ཀ་ནག་པོ་འདི་ཡིན་ནོ། །ཚེ་ དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཞིག་གསང་སྔགས་དག་གིས་མི་མ་ཡིན་པ་དབང་དུ་བྱས་ནས། ཤིང་རྟ་བཅས་ཏེ་འདྲེན་དུ་འཇུད་པར་བྱེད་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བྲམ་ཟེ་དེ་གདུལ་ བའི་དུས་ཡིན་ནོ་སྙམ་ནས། ཚེ་དང་ལྡན་པ་འཆར་ཀ་བྲམ་ཟེ་དེ་གདུལ་བའི་ཕྱིར་འཕགས་པ་དང་། ཇི་ཙམ་ན། བྲམ་ཟེ་དེ་གསང་སྔགས་དག་གིས་མི་མ་ཡིན་པ་དབང་དུ་བྱས་ནས། ཤིང་རྟ་བཅས་ཏེ་འདྲེན་དུ་བཅུག་ནས་མཉན་ཡོད་ཀྱི་ཕྱི་རོལ་དུ་སོང་བ་ན། བྲམ་ཟེ་ དེ་ཤིང་རྟ་ལས་བབས་ནས་གཅིན་གཅི་བར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀས་འདི་ལྟར་བྲམ་ཟེ་དེའི་གཅིན་རྒྱུན་མི་འཆད་པ་དེ་ལྟར་བྱིན་གྱིས་བརླབས་ནས། ཚེ་དང་ལྡན་པ་འཆར་ཀས་གསང་སྔགས་ཀྱི་ཕུར་བུ་ཕྱུང་བ་དང་། མི་མ་ཡིན་པ་དེ་བྲོས་ཏེ་སོང་ངོ་། ། ཇི་ཙམ་ན། བྲམ་ཟེ་དེ་ལངས་པ་དང་མི་མ་ཡིན་པ་བྲོས་པར་མཐོང་ནས། དེས་སྨྲས་པ། སུས་ཁོ་བོའི་མི་མ་ཡིན་པའི་ཕུར་བུ་ཕྱུང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོས་སོ། །ཅིའི་ཕྱིར་ཁྱོད་བྲམ་ཟེར་གྱུར་ནས་མི་མ་ཡིན་པ་སྤྱོད་དམ། དེས་སྨྲས་པ། སུ་ཞིག་བདག་གི་བསྙེན་བཀུར་བྱེད་པར་འགྱུར། ཚེ་དང་ལྡན་པ་འཆར་ཀས་དེ་ལ་ལྷུང་བཟེད་བསྟན་ནས་སྨྲས་པ། འདི་ཁྱོད་ཀྱི་བསྙེན་བཀུར་བྱེད་པར་འགྱུར་རོ། །དེས་སྨྲས་པ། འདིས་ཅི་འགྲུབ་པར་འགྱུར། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། གང་ སེམས་པ་དང་། གང་འདོད་པ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །ཇི་ཙམ་ན། བྲམ་ཟེ་དེ་གང་སེམས་པ་དང་། གང་འདོད་པ་དེ་དག་ཐམས་ཅད་ལྷུང་བཟེད་དེ་ལས་གྲུབ་པར་གྱུར་པ་དང་། བྲམ་ཟེ་དེ་ངོ་མཚར་སྐྱེས་ཏེ་དེས་སྨྲས་པ། བཙུན་པ་འཆར་ ཀ་ཅིའི་སླད་དུ་འདི་ལྟར་འགྱུར། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོས་ལྷུང་བཟེད་ཀྱི་རིག་པ་ཤེས་སོ། །དེས་སྨྲས་པ། བཙུན་པ་འཆར་ཀ་ལྷུང་བཟེད་ཀྱི་རིག་པ་དེ་བདག་ལ་སྩོལ་ཅིག །ཚེ་དང་ལྡན་པ་འཆར་ཀས་ཚིགས་སུ་བཅད་པ་སྨྲས་པ། རིག་ པ་སུ་ལའང་སྦྱིན་མི་བྱ། །རིག་དང་བཅས་ཏེ་འཆི་བར་བྱ། །རིག་པ་རིག་དང་གུས་པ་དང་། །ནོར་གྱི་ཕྱིར་ནི་སྦྱིན་པར་བྱ། །བྲམ་ཟེས་སྨྲས་པ། བདག་ཁྱོད་ལ་གུས་པར་བགྱིད་དོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོ་ཁྱིམ་པ་ལས་ བསྙེན་བཀུར་བདག་གིར་མི་བྱེད་ཀྱི། ཁོ་བོ་ནི་རབ་ཏུ་བྱུང་བ་ལས་བསྙེན་བཀུར་བདག་གིར་བྱེད་དོ། །དེས་སྨྲས་པ། བདག་རབ་ཏུ་འབྱུང་ངོ་། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་ཕྱུང་ཤིག་ཅེས་དེས་དེ་རབ་ཏུ་ཕྱུང་། རྫོགས་པར་བསྙེན་པར་བྱས་ཏེ་གདམས་ ངག་བྱིན་ནོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་གཅིག་པུ་དབེན་པ་བག་ཡོད་པ། བརྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ། བརྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ ཏེ་གོས་ངུར་སྨྲིག་དག་བགོས་ནས། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ། ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ། དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་ སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུར་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་ རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། ཡུལ་མིའི་གྱད་གཅིག་གིས་ཡུལ་དག་ཏུ་གྱད་རྣམས་བརྡབས་ནས་མཉན་ཡོད་དུ་འོངས་ཏེ། མཉན་ ཡོད་ན་སྒོ་ཁར་རྐང་པ་བརྐྱང་སྟེ་འདུག་ཅིང་། དེ་གང་ལ་ལ་འོང་བ་དེ་ལ་འདི་སྐད་ཅེས། ཡང་ན་ནི་ཁོ་བོ་ལ་སྟོབས་རྒོལ་ཅིག །ཡང་ན་ནི་ཁོ་བོའི་རླིག་བར་དུ་སོང་ཤིག་ཅེས་ཟེར་རོ། །དེ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུ་བ་དག་ལས། འགའ་ཡང་དེ་ལ་སྟོབས་ཀྱང་མི་ རྒོལ། དེའི་རླིག་བར་དུ་ཡང་མི་འགྲོའོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གྱད་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས། ཚེ་དང་ལྡན་པ་འཆར་ཀ་ཕྱོགས་དེར་སོང་སྟེ་སྨྲས་པ། འདི་སུ་ཞིག་ཡིན། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་སྨྲས་པ། གྱད་འདིའི་ མཆིད་ནས་འདི་སྐད་ཅེས། ཡང་ན་ནི་ཁོ་བོ་ལ་སྟོབས་རྒོལ་ཅིག །ཡང་ན་ནི་ཁོ་བོའི་རླིག་བར་དུ་སོང་ཤིག་ཅེས་མཆིའོ། །ཚེ་དང་ལྡན་པ་འཆར་ཀས་དེ་ལ་སྨྲས་པ། ཅི་ཇེ་ཁོ་བོ་དང་ལྷན་ཅིག་སྟོབས་བྱའམ། འོན་ཏེ་ཁོ་བོས་བརྡབས་པའི་གྱད་གསུམ་པོ་གང་དག་ ཡིན་པ་དེ་དག་དང་ལྷན་ཅིག་སྟོབས་འགྱེད། དེས་སྨྲས་པ། ཁྱོད་ཀྱིས་བརྡབས་པའི་གྱད་གསུམ་པོ་གང་དག་ཡིན་པ་དེ་དག་དང་ལྷན་ཅིག་སྟོབས་བྱའོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོས་འདོད་ཆགས་ཀྱི་གྱད་བརྡབས། ཞེ་སྡང་གི་གྱད་བརྡབས། གཏི་ མུག་གི་གྱད་བརྡབས་ཀྱིས། ཁྱོད་དེ་དག་དང་ལྷན་ཅིག་སྟོབས་ཁྱེ་ཤིག་ཅེས། ཚེ་དང་ལྡན་པ་འཆར་ཀས་དེ་བཏུལ་ནས་དེས་དེ་རབ་ཏུ་ཕྱུང་། རྫོགས་པར་བསྙེན་པར་བྱས་ཏེ་གདམས་ངག་བྱིན་ནོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་གཅིག་པུ་དབེན་པ་བག་ཡོད་པ། བརྟུན་པ་ དང་ལྡན་པ་བདག་ཉིད་བཏང་བར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ། བརྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་ མེད་པར་རབ་ཏུ་འབྱུང་བར་བྱེད་པ། ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་ སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་ བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །གཏུམ་མོ་དེས་བུའི་ཆུང་མ་བླངས་ནས། དུས་གཞན་ཞིག་ན་གཏུམ་མོ་ཡང་དུས་ལ་བབ། དེའི་ཁྱིམ་ཐབ་ཀྱང་དུས་ལ་བབ་བོ། །གཏུམ་མོའི་བུ་དེ་ཁ་ཏོན་གྱི་ཞོར་ལ་ཡུལ་གཞན་དུ་སོང་ངོ་། ། གཏུམ་མོའི་མནའ་མ་དེ་གོས་དང་ཟས་བཟང་ཞིང་ཞིམ་པ་ལ་ལོངས་སྤྱོད་སྤྱོད་པས། ཉོན་མོངས་པ་དག་གིས་གདུངས་པར་གྱུར་ནས། དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་སོང་ལ་སྐྱེས་པ་ལུས་བརྟན་པ། མཁྲང་བ། དམ་པ་འགའ་ཅི་སྣང་ཚོལ་ཅིག་དང་དེ་ དང་ལྷན་ཅིག་དགའ་མགུར་སྤྱད་པར་བྱའོ། །བུ་མོ་མངག་གཞུག་མས་སྨྲས་པ། ཇོ་མོ་ཁྱོད་ཀྱི་གྱོས་པོ་དང་སྒྱུག་མོ་གཉིས་ནི་བདེན་པ་མཐོང་བ་ལགས་ན། ཁྱོད་དྲང་སྲོང་གི་ཁྱིམ་འདི་ལྟ་བུར་བྱོན་ན་ཉེས་པར་སྤྱོད་པ་དེ་ལྟ་བུ་ཇི་ལྟར་བགྱིར་རུང་། དྲང་སྲོང་གི་ཁྱིམ་གྱི་མི་སྙན་ པ་སྐྱེད་པར་མཛད་དམ་ཅི། དེས་སྨྲས་པ། ཀྭའི་ཁྱོད་ལ་བསམ་པ་དེས་ཅི་བྱ། ཇེ་སོང་ལ་ཁྲིད་དེ་ཤོག་ཤིག །གལ་ཏེ་ཁྲིད་དེ་མ་འོངས་ན་ཁྱོད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །བུ་མོས་བསམས་པ། བུ་ཟན་མའི་བུ་མོ་འདིས་དྲང་སྲོང་གི་ཁྱིམ་བཙོག་གིས་ དགང་བར་ཆད་དེ། བདག་ལ་དཀའ་བ་མེད་ཀྱིས་དགུག་གོ་སྙམ་ནས། དེ་སྲང་དུ་སོང་བ་དང་། དེས་དེ་ན་ཆོམ་རྐུན་པའི་དམག་དཔོན་ལུས་བརྟན་པ། མཁྲང་བ་དམ་པ་ཞིག་མཐོང་ནས། དེས་དེ་ལ་སྨྲས་པ། ཀྱེ་བཙུན་པོ་ཁྱོད་ཁོ་མོའི་ཇོ་མོ་དང་ལྷན་ཅིག་དགའ་ མགུར་སྤྱོད་ཕོད་དམ། དེས་སྨྲས་པ། ཕོད་དོ། །དེས་དེ་ཁྲིད་དེ་ཇོ་མོ་དང་སྤྲད་ནས། དེ་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་དོ། །ཚེ་དང་ལྡན་པ་འཆར་ཀ་དེར་དུས་དང་དུས་སུ་འགྲོ་བས་དེ་མཐོང་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བུད་མེད་ཀྱི་ ཡུལ་འདི་ནི་འདོད་ཆགས་སྤྱོད་པ་ཞིག་ཡིན་ནོ་སྙམ་ནས། དེས་དེ་ལ་འདོད་ཆགས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་དོ། །དེས་བསམས་པ། འཕགས་པ་འཆར་ཀ་ནི་གཞན་གྱི་སེམས་ཤེས་པ་ལ་མཁས་པ་ཡིན་པས་དེས་བདག་འཕྲིགས་ཀྱིས། གལ་ཏེ་དེ་མ་བསད་ན་ དེས་བདག་གི་ཁྱིམ་ཐབ་ལ་བྱས་ཤིང་། དེ་བདག་ལ་གནོད་པ་བྱེད་པར་འགྱུར་དུ་འོང་གིས། བདག་གིས་དེ་བསད་དོ་སྙམ་ནས། དེས་ཆོམ་རྐུན་པའི་དམག་དཔོན་ལ་སྨྲས་པ། འཕགས་པ་འཆར་ཀ་ནི་གཞན་གྱི་སེམས་ཤེས་པ་ལ་མཁས་པ་ཡིན་པས། དེས་བདག་ ཅག་འཕྲིགས་ཀྱིས། གལ་ཏེ་དེ་མ་བསད་ན་བདག་གི་ཁྱིམ་ཐབ་ལ་བྱས་ཤིང་། དེ་བདག་ཅག་ལ་གནོད་པ་བྱེད་པར་འགྱུར་དུ་འོང་གིས། ཁྱོད་ཀྱིས་དེ་སོད་ཅིག །ཆོམ་རྐུན་པའི་དམག་དཔོན་གྱིས་སྨྲས་པ། ཁོ་བོ་དེ་མི་གསོད་དེ། དེ་ནི་ཀོ་ས་ལར་བྱུང་བའི་རྒྱལ་པོ་ གསལ་རྒྱལ་གྱི་ནི་ཆུང་པོ་གྲོགས། བཙུན་མོ་ཕྲེང་ལྡན་མའི་ནི་སློབ་དཔོན་ཡིན་གྱིས། ཁོ་བོས་དེ་བསད་པར་གྱུར་ན་ཁོ་བོ་རྒྱལ་པོས་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ། བསྲེགས་པས་འཆི་བར་བྱ་དགོས་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །དེས་སྨྲས་པ། གལ་ཏེ་ཁྱོད་དེ་གསོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་གསོད་ན་ཁྱོད་ཕྱིན་ཆད་ཁོ་མོའི་ཁྱིམ་དུ་འཇུག་པར་མི་བྱའོ། །འདོད་པ་སྟེན་པ་དག་གིས་ནི་སྡིག་པའི་ཆོས་མི་བྱ་བ་ཅི་ཡང་མེད་པས་ཆོམ་རྐུན་པའི་དམག་དཔོན་དེས་སྨྲས་པ། གལ་ཏེ་དེ་གཞན་གྱི་སེམས་ཤེས་པ་ལ་མཁས་པ་ ཡིན་ན་ཁོ་བོས་ཇི་ལྟར་གསད་པར་བྱ། དེས་སྨྲས་པ། ཐབས་ཀྱི་རྣམ་པ་ཞིག་བྱའོ་ཞེས་དེས་དུས་མ་ཡིན་པར་ཚེ་དང་ལྡན་པ་འཆར་ཀའི་གན་དུ་མངག་པ་བཏང་སྟེ། བཙུན་པ་འཆར་ཀ་བདག་བྲོ་འཚལ་བར་གྱུར་ན་ཁྱོད་ཀྱིས་བདག་གཟིགས་པར་ཅི་གནང་ཞེས་སྤྲིང་ངོ་། །དགྲ་ བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས། ཚེ་དང་ལྡན་པ་འཆར་ཀ་ཡང་དུས་མ་ཡིན་པར་ཞུགས་ཏེ། དེ་ལ་ཆོས་བསྟན་པ་བྱས་ནས་དེ་ཕྱིར་འབྱུང་བར་བརྩམས་པ་དང་། དེས་སྨྲས་པ། འཕགས་པ་བདག་ཁྱོད་མཐོང་ན་གློ་བ་དགའ་ བས་ཡུད་ཙམ་ཞིག་བཞུགས་སུ་གསོལ་ཞེས། དེས་ཚེ་དང་ལྡན་པ་འཆར་ཀ་ཇི་སྲིད་ཀྱིས་ཤིན་ཏུ་ནམ་སྲོས་པར་གྱུར་པ་དེ་སྲིད་དུ་བཟུང་ནས། ཆོམ་རྐུན་པའི་དམག་དཔོན་ཡང་རལ་གྲི་ཤུབས་ནས་ཕྱུང་སྟེ་སྒོ་ན་སྡོད་དོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་ཕྱིར་བྱུང་བ་དང་། ཆོམ་རྐུན་པའི་ དམག་དཔོན་སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་དེས་ཚེ་དང་ལྡན་པ་འཆར་ཀའི་མགོ་དྲུང་བ་ནས་བཅད་དེ་ས་ལ་བསྒྱེལ་ཏོ། །དེ་འཕགས་པ་གསོད་ཅིང་འདུག་པ་བུད་མེད་རྒན་མོ་ཞིག་གིས་མཐོང་ནས། དེས་སྨྲས་པ། གཟུ་ལུམས་བྱེད་པ་འདི་སུ་ཞིག་ཡིན། ཆོམ་རྐུན་པའི་དམག་དཔོན་གྱིས་སྨྲས་པ། སུ་ལ་ཡང་མ་ཟེར་ཅིག །ཁོ་བོས་ཁྱོད་ཀྱང་འདིའི་གནས་སྐབས་ལྟ་བུར་བྱས་པར་གྱུར་ཏ་རེ། དེ་སྐྲག་ནས་འཕྲལ་དུ་སྨྲ་མ་ཕོད་དེ། བདག་ཉིད་ཆེན་པོ་འདིའི་རྗེས་གཅོད་པ་འགའ་ཞིག་ཕྱིས་འོང་གྲང་སྙམ་ནས། དེ་ཉིད་ན་ཅང་མི་སྨྲ་བར་ འདུག་གོ། །སྙིང་རྗེ་མེད་པའི་སེམས་དང་ལྡན་པ་འཇིག་རྟེན་ཕ་རོལ་བཏང་བ་དེ་གཉིས་ཀྱིས་ཚེ་དང་ལྡན་པ་འཆར་ཀའི་ལུས་དེ་ཕྱག་དར་གྱི་ཕུང་པོ་ཞིག་ཏུ་སྦས་ཏེ་བཞག་གོ། །དེའི་ཉིན་མོ་གསོ་སྦྱོང་གི་ཞལ་ཏ་བ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། འགའ་ཞིག་གིས་བཙུན་པ་ འཆར་ཀའི་འདུན་པ་བླངས་སམ། བཙུན་པ་འཆར་ཀ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ་བསད་ཀྱིས། ཆོས་གོས་དག་ལོང་ཤིག་དང་དེའི་ལུས་ལ་མཆོད་པ་བྱའོ། །བཅོམ་ལྡན་ འདས་འཕགས་པ་དང་ཇི་ཙམ་ན་མཉན་ཡོད་ཀྱི་སྒོ་ཆོད་ནས། བཅོམ་ལྡན་འདས་ཀྱིས་གསེར་གྱི་འོད་ལྟ་བུའི་འོད་བཏང་བ་མཛད་པ་དང་། དེས་མཉན་ཡོད་ཐམས་ཅད་གསེར་བཙོ་མའི་འོད་ལྟ་བུས་སྣང་བར་གྱུར་ཏོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། ཅིའི་ ཕྱིར་མཉན་ཡོད་ཐམས་ཅད་གསེར་བཙོ་མའི་འོད་ལྟ་བུས་སྣང་བར་གྱུར་སྙམ་ནས། དེས་ཡང་བསམས་པ། བཅོམ་ལྡན་འདས་གཤེགས་པར་བཞེད་གོར་མ་ཆག་སྙམ་ནས། དེ་བཙུན་མོའི་འཁོར་དང་བཅས་པས་མཉན་ཡོད་ཀྱི་ལྡེ་མིག་ཁྱེར་ཏེ། སྒོ་ཕྱེ་བ་དང་བཅོམ་ལྡན་འདས་ མཉན་ཡོད་དུ་གཤེགས་སོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། ཅིའི་ཕྱིར་བཅོམ་ལྡན་འདས་དུས་མ་ཡིན་པར་མཉན་ཡོད་དུ་གཤེགས་སྙམ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་བ་དང་། བཟོད་པར་དཀའ་བ་ཡིན་པས་ དེས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བར་མ་ནུས་སོ། །བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མདུན་དུ་གཤེགས་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་སླད་བཞིན་སླད་བཞིན་དུ་རྗེས་སུ་འབྲང་ཞིང་སོང་བ་དང་། ཇི་ཙམ་ན། ཕྱག་དར་གྱི་ཕུང་པོའི་ཕྱོགས་དེར་བྱོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ་འདིར་སྦས་ཀྱིས་ཕྱུང་ཤིག །དེ་ཕྱུང་བ་དང་དེ་ན་གང་དག་ཚེ་དང་ལྡན་པ་འཆར་ཀ་ལ་བརྟེན་ནས། འཕགས་པའི་བདེན་པ་དག་མཐོང་བ་དེ་དག་གིས་གསོལ་པ། འདི་བདག་ཅག་གི་དགེ་བའི་བཤེས་གཉེན་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་ཅག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །ཀོ་ས་ལར་བྱུང་བའི་རྒྱལ་ པོ་གསལ་རྒྱལ་གྱིས་གསོལ་པ། འདི་བདག་གི་ཆུང་པོ་གྲོགས་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །བཙུན་མོ་ཕྲེང་ལྡན་མས་གསོལ་པ། འདི་བདག་གི་སློབ་དཔོན་ ལགས་ན། བཅོམ་ལྡན་འདས་ཀྱིས་བདག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་གནང་ངོ་། །དེ་ནས་བཙུན་མོ་ཕྲེང་ལྡན་མས། ཚེ་དང་ལྡན་པ་འཆར་ཀའི་ལུས་དེ་ས་དཀར་གྱིས་དྲིལ་ཕྱི་བྱེད་དུ་བཅུག་ནས། སྤོས་ཆུས་ འཁྲུར་བཅུག་སྟེ། རས་ཁ་དོག་སྣ་ཚོགས་དག་གིས་ཁྱོགས་སྤྱི་ལ་བརྒྱན་ནས། དེར་བཅུག་སྟེ་བཞག་གོ། །དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མདུན་དུ་གཤེགས་ནས། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དེའི་ཕྱི་ བཞིན་ཕྱི་བཞིན་དུ་རྗེས་སུ་འབྲང་ཞིང་སོང་སྟེ། ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་བཞག་ནས། བཙུན་མོ་ཕྲེང་ལྡན་མས་སྤོས་ཀྱི་ཤིང་ཐམས་ཅད་ཀྱིས་ཕུང་པོར་བཅེར་ཏེ་བསྲེགས་ནས། ཕུང་པོ་དེ་འོ་མས་ཞི་བར་བྱས་ཏེ། རུས་པ་དེ་དག་གསེར་གྱི་བུམ་པར་བཅུག་ནས་ ལམ་པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་ཏུ་བཅུག་སྟེ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་ཞིང་། དྲི་དང་། ཕྲེང་བ་རྒྱུ་དང་། བདུག་སྤོས་དང་། ཕྱེ་མ་དང་། སིལ་སྙན་དག་གིས་མཆོད་པ་བྱས། རྐང་པ་གཉིས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་དེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་ པ། དགེ་སློང་དག་ཉེས་དམིགས་འདི་དང་གཞན་དག་ཀྱང་། དགེ་སློང་དག་དུས་མ་ཡིན་པར་གྲོང་དུ་འཇུག་པ་ལས་གྱུར་པས། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་ བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། ། དགེ་སློང་ནད་ངན་ཅན་དག་འཁོད་པ་དག་གིས་ཡུན་རིང་དུ་འདུག་པར་མི་ནུས་པ་ནས། དགེ་སློང་ནད་གཡོག་དག་གིས་ཀྱང་ནད་པ་དག་གི་བྱ་བ་ཉམས་པར་བྱེད། དགེ་སློང་ཞལ་ཏ་བྱེད་པ་དག་གིས་ཀྱང་དགེ་འདུན་གྱི་བྱ་བ་ཉམས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་འདུག་པ་ལ་སྨྲས་ཏེ་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་འདུག་པ་ལ་སྨྲ་བར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ཞིག་གིས་ཁྱིམ་གཞན་དུ་ལྷུང་བཟེད་དང་ཆོས་གོས་ བཞག་ནས། ཇི་ཙམ་ན་དེར་མེ་ཤོར་ནས་དགེ་སློང་དེས་དེར་འགྲོ་