Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 008_འདུལ་བ།_ཉ
Văn bản gốc(Tây Tạng)
Trang 3 / 17 (50.000 ký tự/trang)
་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་ གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཡོན་བཤད་པ་མཛད་དེ། གདན་ལས་བཞེངས་ཏེ་གཤེགས་ནས་ཕྱོགས་དེར་བྱོན་ཏོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་བཏུལ་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ནི་གང་གིས་ཀླུ་ཨ་མྲའི་ཆུ་ངོགས་པ་བཏུལ་བའི་དགེ་སློང་ལེགས་འོངས་ཞེས་བྱ་བ་དེ་ཡིན་ན། དགེ་སློང་དག་ཇི་སྙམ་དུ་སེམས། དགེ་སློང་ལེགས་འོངས་ འདིས་ད་ལྟར་སྦྲུལ་ཕྲུག་ཀྱང་ཐུལ་བར་ནུས་སམ། བཙུན་པ་རྔོ་མི་ཐོག་གོ། །དགེ་སློང་དག་དེ་ལྟར་ན་ཉེས་དམིགས་འདི་དང་གཞན་དག་ཀྱང་མྱོས་པར་འགྱུར་བ་འཐུང་བ་ལས་འབྱུང་བས་དགེ་སློང་དག་ང་ལ་སྟོན་པའོ་ཞེས་ཟེར་བ་དག་གིས་མྱོས་པར་འགྱུར་བ་ཐ་ན་རྩྭའི་རྩེ་མོས་ཀྱང་བཏུང་ བར་མི་བྱ་ཞིང་བླུད་པར་ཡང་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ལེགས་འོངས་སད་པར་མཛད་ནས་བཀའ་སྩལ་པ། ལེགས་འོངས་ཅིའི་ཕྱིར་འདི་ལྟར་གྱུར། བཅོམ་ལྡན་འདས་མ་བསམས་སོ། །བདེ་བར་གཤེགས་པ་མ་བསམས་སོ། །དེ་ནས་བཅོམ་ལྡན་ འདས་གཙུག་ལག་ཁང་དུ་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ། །འབྲུའི་ ཆང་ཞེས་བྱ་བ་ནི་ཆན་གྱི་བཏུང་བ་དང་། ཕྱེའི་བཏུང་བ་དང་། ཕབས་ཀྱི་བཏུང་བའོ། །བཅོས་པའི་ཆང་ཞེས་བྱ་བ་ནི་རྩ་བའི་བཏུང་བ་དང་། སྡོང་བུའི་བཏུང་བ་དང་། འདབ་མའི་བཏུང་བ་དང་། མེ་ཏོག་གི་བཏུང་བ་དང་། འབྲས་བུའི་བཏུང་བའོ། །དེ་གཉི་ག་བསྲེས་པ་ ནི་འབྲུའི་ཆང་དང་བཅོས་པའི་ཆང་ཞེས་བྱ་བའོ། །དེ་འཐུང་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་ བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མྱོས་པར་འགྱུར་བའི་ཁ་དོག་དང་ལྡན་པ་དང་། མྱོས་པར་ འགྱུར་བའི་དྲི་དང་ལྡན་པ་དང་། མྱོས་པར་འགྱུར་བའི་རོ་དང་ལྡན་པ་དང་། མྱོས་པར་འགྱུར་བའི་མྱང་བ་དང་ལྡན་པ་འཐུང་ན། འཐུངས་ནས་མྱོས་པར་འགྱུར་ན་ལྟུང་བྱེད་དུ་འགྱུར་ལ། འཐུངས་ནས་མྱོས་པར་མི་འགྱུར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མྱོས་པར་འགྱུར་བའི་ཁ་དོག་ དང་ལྡན་པ་དང་། མྱོས་པར་འགྱུར་བའི་དྲི་དང་ལྡན་པ་དང་། མྱོས་པར་འགྱུར་བའི་རོ་དང་ལྡན་པ་འཐུང་ན། འཐུངས་ནས་མྱོས་པར་འགྱུར་ན་ལྟུང་བྱེད་དུ་འགྱུར་ལ། འཐུངས་ནས་མྱོས་པར་མི་འགྱུར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མྱོས་པར་འགྱུར་བའི་ཁ་དོག་དང་ལྡན་པ་དང་། མྱོས་པར་འགྱུར་བའི་དྲི་དང་ལྡན་པ་འཐུང་ན། འཐུངས་ནས་མྱོས་པར་འགྱུར་ན་ལྟུང་བྱེད་དུ་འགྱུར་ལ། འཐུངས་ནས་མྱོས་པར་མི་འགྱུར་ན་ཉེས་བྱས་སུ་འགྱུར་རོ། །མྱོས་པར་འགྱུར་བའི་ཁ་དོག་འབའ་ཞིག་མ་འདྲེས་པ་དང་ལྡན་པ་འཐུང་བ་ལ་ནི་ལྟུང་བ་མེད་དེ་དེ་ཡང་ཚྭ་ཉིད་དུ་གྱུར་ པའོ། །དགེ་སློང་འབྲུའི་ཆང་འཐུང་ན་ལྟུང་བྱེད་དུ་འགྱུར་རོ། །བཅོས་པའི་ཆང་འཐུང་ན་ལྟུང་བྱེད་དུ་འགྱུར་རོ། །འབྲུའི་ཆང་དང་བཅོས་པའི་ཆང་འཐུང་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་འབྲུའི་ཆང་གི་ནུ་རྩི་འཐུང་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་སྦང་མ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། ། དགེ་སློང་ཚིགས་མ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཕབས་ཀྱི་ཆང་བུ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མེ་ཏོག་དང་འབྲས་བུ་མྱོས་པར་འགྱུར་བ་དག་ཟ་ན་ཉེས་བྱས་སུ་འགྱུར་རོ། །བསྐོལ་བ་འཐུང་བ་དང་། ཁའི་ནད་ཡོད་པ་ལ་སྨན་པའི་ལུང་གིས་ཁུར་བར་སྲེལ་བ་དང་། ལུས་དག་སྐུད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ ལྡན་པ་ལེགས་འོངས་ཀྱིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་པ། ནོར་མང་ལ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་མུ་ལྟོ་བ་རྣམས་ཀྱི་ནང་དུ་ཞུགས་ཤིང་། ཉེས་འོངས་ཞེས་བགྱི་བའི་མིང་དུ་གྱུར། ལས་ཅི་བགྱིས་ན་ ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བགྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་ལེགས་འོངས་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་ལེགས་འོངས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་ རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་བྲགས་ཤིག་ན་ཁྱིམ་བདག་ཕྱུག་པ། ནོར་མང་ བ། ལོངས་སྤྱོད་ཆེ་བ་ཞིག་འདུག་པ་དེ་འཁོར་དང་བཅས་ཏེ་སྐྱེད་མོས་ཚལ་གྱི་སར་བྱུང་ངོ་། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང་། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་ འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །རང་སངས་རྒྱས་ན་བ་ཞིག་རི་བྲགས་དེར་བསོད་སྙོམས་ལ་ཞུགས་པ་དང་། ཁྱིམ་བདག་དེས་རང་སངས་རྒྱས་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ནས། དེས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་རབ་ཏུ་བྱུང་བ་ འདི་སྐྲོད་ཅིག །དེ་དག་ལས་འགའ་ཡང་རང་སངས་རྒྱས་དེ་སྐྲོད་པར་སྤྲོ་བ་མེད་ནས། ཁྱིམ་བདག་དེས་སྤྱོས་ཏེ་སྟན་ལས་ལངས་ནས་རང་ཉིད་ཀྱིས་རང་སངས་རྒྱས་དེའི་གཉའ་བ་ནས་བཟུང་སྟེ་བསྐྲད་ནས་སྨྲས་པ། ཉེས་འོངས་མུ་ལྟོ་བ་རྣམས་ཀྱི་ནང་དུ་ཞུགས་ཤིག་ཅེས་ཕུལ་བ་དང་། དེ་ ཕྱག་དར་གྱི་ཕུང་པོའི་ནང་དུ་སྒྱེལ་ཏོ། །རང་སངས་རྒྱས་བདག་ཉིད་ཆེན་པོ་དེས་བསམས་པ། ཁྱིམ་བདག་ཉོན་མོངས་པ་འདི་ཧ་ཅང་སྨས་པ་དང་། ཉམས་པར་གྱུར་ན་མི་རུང་གིས་འདི་ལ་ལག་ནས་དྲང་བ་སྦྱིན་ནོ་སྙམ་ནས། དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་ མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་ཁྱིམ་བདག་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་ དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་དུ་འགྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་གི་སུག་པ་ནས་དྲང་བ་སྩལ་དུ་གསོལ། རང་སངས་རྒྱས་དེ་ཁྱིམ་བདག་ དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །ཁྱིམ་བདག་དེས་དེ་ལ་མཆོད་པ་བྱས་ནས་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། སྨོན་ལམ་འདི་སྐད་ཅེས། བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ ལས་དེའི་ཆ་དང་མཐུན་པར་མི་འགྱུར་བར་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་ཞིང་། འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་ཁྱིམ་བདག་གང་ཡིན་པ་དེ་ནི་ལེགས་འོངས་འདི་ཡིན་ཏེ། འདིས་རང་སངས་རྒྱས་དེ་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ནི་ད་ལྟར་ཕྱུག་ལ་ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་སོ། །གནོད་པ་བྱས་པ་དང་ཉེས་འོངས་ཞེས་བརྗོད་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ནི་བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གདུངས་ནས་ལས་དེ་ཉིད་ཀྱི་ལྷག་མས་ཚེ་རབས་ལྔ་བརྒྱར་མུ་ལྟོ་བ་ཉིད་ཀྱིས་འཕྱན་པར་གྱུར་ཅིང་ ཉེས་འོངས་ཞེས་བྱ་བར་གྱུར་ཏེ། ད་ལྟར་གྱི་བར་དུ་ཡང་མུ་ལྟོ་བ་རྣམས་ཀྱི་ནང་དུ་ཞུགས་ཤིང་། ཉེས་འོངས་ཞེས་བྱ་བའི་མིང་དུ་གྱུར་ཏོ། །བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མི་འགྱུར་བར་འདི་བས་ཆེས་ཁྱད་ པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་། ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ནི་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་ བཅོམ་པ་ཉིད་མངོན་དུ་བྱས་ཤིང་། འདིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །བཙུན་པ་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བཅོམ་ ལྡན་འདས་ཀྱིས་ཡང་དང་ཡང་དུ་མེའི་ཁམས་ལ་སྙོམས་པར་འཇུག་པ་རྣམས་ཀྱི་མཆོག་ཏུ་བསྟན། དེ་ཡང་སྨོན་ལམ་གྱི་དབང་གིས་ཏེ། གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་བརྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་གང་གིས་དེ་རབ་ཏུ་ཕྱུང་བའི་དགེ་སློང་དེ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ གིས་ཡང་དང་ཡང་དུ་མེའི་ཁམས་ལ་སྙོམས་པར་འཇུག་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས། དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས། བདག་གིས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་ བཅོམ་པ་ཉིད་མངོན་དུ་བྱེད་ཅིང་། ཇི་ལྟར་མཁན་པོ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཡང་དང་ཡང་དུ་མེའི་ཁམས་ལ་སྙོམས་པར་འཇུག་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ ཐུབ་པ། ཤཱཀྱའི་སེང་གེ །ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས་ཡང་དང་ཡང་དུ་མེའི་ཁམས་ལ་སྙོམས་པར་འཇུག་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་པར་བརྩམས་པས་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་ཡང་དང་ཡང་དུ་མེའི་ཁམས་ལ་ སྙོམས་པར་འཇུག་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་ པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་དེ་བདུན་བཅུ་ རྩ་དགུ་པ་རྫོགས་སྷོ།། །།བར་སྡོམ་ལ། ཞི་བ་རལ་པ་ནོར་བུ་དང་། །སྨན་པ་དགེ་འདུན་ལྟོ་དང་སྐས། །ཟ་དང་ཉེས་གྱུར་གཏུམ་མོ་དང་། །གཞོན་ནུ་ལྷུང་བཟེད་སྟོབས་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་ དགའ་ར་བ་ན་བཞུགས་སོ། །རི་བྲགས་ཤིག་ན་བྲམ་ཟེ་ཞིག་འདུག་པ་དེས་མཉན་ཡོད་པའི་བུ་མོ་ཞིག་བག་མར་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་མོ་ཞིག་བྱུང་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། ། བྲམ་ཟེ་དེ་ལ་རེ་ཞིག་མཉན་ཡོད་དུ་བྱ་བ་ཞིག་བྱུང་ནས་དེས་ཤིང་རྟ་བཅས་ཏེ་འཕགས་པ་དང་། བུ་མོ་དེས་མཐོང་ནས་དེས་སྨྲས་པ། ཡབ་གར་བཞུད། བྲམ་ཟེས་སྨྲས་པ། བུ་མོ་མཉན་ཡོད་དུའོ། །བུ་མོས་སྨྲས་པ། ཡབ་བདག་ཀྱང་མཆིའོ། །བྲམ་ཟེས་སྨྲས་པ། བུ་མོ་ཁྱོད་ ད་མཆོག་ཐོབ་པ་ཡིན་པས་ཁྱོད་ཀྱི་ལག་པ་འམ་རྐང་པ་ལ་འགའ་ཞིག་གིས་རེག་པར་གྱུར་ན། བདག་ཅག་ལ་མི་སྙན་པར་འགྱུར་གྱིས་ཁྱོད་འདི་ཉིད་ན་འདུག་ཤིག །བུ་མོ་དེས་ངུ་བར་བརྩམས་པ་དང་། བྲམ་ཟེ་མོས་སྨྲས་པ། བུ་མོ་ཅིའི་ཕྱིར་ངུ་། བུ་མོས་སྨྲས་པ། ཡབ་ མཉན་ཡོད་དུ་བཞུད་ན། བདག་དེར་ཁྲིད་པར་མི་བཞེད་དོ། །བྲམ་ཟེ་མོས་སྨྲས་པ། རྗེའི་སྲས་བུ་མོ་ཡང་ཁྲིད་ཅིག་དང་ཉེ་དུ་དག་མཐོང་བར་འགྱུར་རོ། །བྲམ་ཟེས་སྨྲས་པ། བུ་མོ་ད་མཆོག་ཐོབ་པར་འགྱུར་བས་འདིའི་ལག་པའམ། རྐང་པ་ལ་འགའ་ཞིག་གིས་ རེག་པར་གྱུར་ན་བདག་ཅག་ལ་མི་སྙན་པར་འགྱུར་གྱིས་འདི་ཉིད་དུ་ཞོག་ཤིག །བྲམ་ཟེ་མོས་སྨྲས་པ། རྗེའི་སྲས་དང་ཐབས་ཅིག་མཆིས་ན་ལེགས་པར་སྦས་པ་དང་། ལེགས་པར་བསྲུངས་པར་འགྱུར་རོ། །བྲམ་ཟེ་དེས་བུ་མོ་དེ་ཤིང་རྟར་བཅུག་སྟེ་འཕགས་པ་དང་། བུ་མོ་དེ་ ལྟད་མོའི་རང་བཞིན་ཅན་ཡིན་པས་ཕ་ལ་དྲིས་པ། ཡབ་འདི་སུའི་ཀུན་དགའ་ར་བ་ལགས། འདི་སུའི་རྫིང་བུ་ལགས། འདི་སུའི་ལྷ་ཁང་ལགས། འདི་སུའི་སྐྱེད་མོས་ཚལ་ལགས། འདི་སུའི་ཁྲོན་པ་ལགས། འདི་སུའི་གཙུག་ལག་ཁང་ལགས། བྲམ་ཟེས་སྨྲས་པ། བུ་མོ་འདི་ནི་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་བསྟི་གནས་ཡིན་ནོ། །བུ་མོས་སྨྲས་པ། ཡབ་ལྟར་མཆིའོ། །བྲམ་ཟེས་སྨྲས་པ། བུ་མོ་བསྟི་གནས་འདི་ན་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་ལས་རབ་ཏུ་བྱུང་བ་དག་འཁོད་པས་ཁྱོད་ཀྱི་ལག་པའམ་རྐང་པ་ལ་འགའ་ཞིག་གིས་ རེག་པར་གྱུར་ན་བདག་ཅག་ལ་མི་སྙན་པར་འགྱུར་གྱིས། ཚུར་ཤོག་འདོང་ངོ་ཞེས་དེ་འཕགས་པ་དང་། ཇི་ཙམ་ན་གྲོང་བར་དེ་ཉིད་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་གཙུག་ལག་ཁང་ལྟ་འདོད་པ་དག་མཉན་ཡོད་ཀྱི་ཕྱི་རོལ་དུ་བྱུང་བ་དེ་དག་གིས་བྲམ་ཟེ་དེ་མཐོང་ ནས་དེ་དག་གིས་སྨྲས་པ། སྣམ་ཟུངས་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ། །ཁྱོད་ཡུན་རིང་མོ་རིང་མོ་ཞིག་གིས་གར་བཞུད། བྲམ་ཟེས་སྨྲས་པ། ཁོ་བོ་ཁྱོད་ཅག་ཉིད་ལྟར་འོངས་ན་ཁྱོད་ཅག་གར་འདོང་། རྒྱལ་བྱེད་ཀྱི་ཚལ་དུ་གཙུག་ལག་ཁང་ལྟར་མཆིའོ། །སྲུ་ཅག་ཚ་མོ་ འདི་ཡང་ཁྲིད་དེ་དེང་ལ། འདི་ལ་ཡང་གཙུག་ལག་ཁང་སྟོན་ཅིག །བུ་མོ་དེ་ཡང་དེ་དག་དང་ལྷན་ཅིག་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་ དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲགས་པར་བྱའོ་སྙམ་པས་དྲུག་སྡེ་དག་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས། ཚེ་དང་ལྡན་པ་འཆར་ཀ་ནང་པར་སྔར་ལངས་ཏེ་སོ་ཤིང་བོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ། རྒྱལ་བྱེད་ཀྱི་ཚལ་ གྱི་སྒོ་ན་འཆག་ཅིང་འདུག་གོ། །དྲུག་སྡེ་དག་གིས་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ན་འཁོད་པའི་མི་རྣམས་འདི་ལྟ་སྟེ། རིགས་ལས་སམ། རུས་ལས་སམ། རྒྱུད་ལས་སམ། མིང་ལས་སམ། གཟུགས་ལས་སམ། བཟོ་ལས་སམ། འཚོ་བ་ལས་མི་ཤེས་པའམ། མ་མཐོང་ བའམ། མ་ཐོས་པའམ། མ་རིག་པའམ། རྣམ་པར་མི་ཤེས་པ་འགའ་ཡང་མེད་པས་ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །ཆེ་གེ་མོའི་མ། ཆེ་གེ་མོའི་ཆུང་མ། ཆེ་གེ་མོའི་མནའ་མ། ཆེ་གེ་མོའི་བུ་མོ། ཆེ་གེ་མོའི་སྲིང་མོ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱེད་ཅག་ཅིའི་ཕྱིར་ཡུན་རིང་མོ་རིང་མོ་ནས་ཟླ་བ་ལྟར་རྒྱུ་བར་བྱེད། དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་བཅོམ་ལྡན་འདས་ཀྱིས་མི་ཁོམ་པ་བརྒྱད་ནི་གང་ཟག་གི་ཚངས་ པར་སྤྱད་པའི་དུས་མ་ལགས་སོ་ཞེས་ལེགས་པར་གསུངས་ན། བདག་ཅག་ནི་འདི་ལྟ་སྟེ། ཁྱིམ་གྱི་འདུ་འཛི་དང་ལྡན་པས་མི་ཁོམ་པ་དགུ་པ་ལགས་སོ། །འཆར་ཀས་སྨྲས་པ། སྲིང་མོ་དག་ཁྱེད་ཀྱིས་འགའ་ཞིག་གིས་འདི་སྐད་ཅེས། དུག་ཅན་ལ་སོགས་རྒྱལ་པོ་ཡིས། ། བྱ་བ་དག་ནི་མ་བྱས་པར། །དེ་དག་ཉིད་དང་བྱ་བ་རྣམས། །ཞིག་པ་ཉིད་དུ་གྱུར་པ་ཡིན། །བྱ་བ་དེ་དག་ཉིད་ཀྱང་ནི། །ཡོངས་སུ་རྫོགས་པར་མ་གྱུར་པར། །འཇིག་རྟེན་དགྲ་བོ་འཆི་བདག་དེ། །འོང་བ་ཉིད་དུ་འགྱུར་བ་ཡིན། །ཞེས་སྨྲས་པ་མ་ཐོས་སམ། དེ་དག་གིས་སྨྲས་ པ། བཙུན་པ་འཆར་ཀ་དེའི་སླད་དུ་བདག་ཅག་སྐྱེད་མོས་ཚལ་དུ་མཆིས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་འཇུག་པ་དང་། གཙུག་ལག་ཁང་བལྟ་བ་དང་། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་བའི་སླད་དུ་མཆིས་པ་ལགས་སོ། ། འཆར་ཀས་སྨྲས་པ། སྲིང་མོ་དག་གལ་ཏེ་ཁྱེད་ཅག་དེའི་ཕྱིར་འོངས་ན། བཅོམ་ལྡན་འདས་ཀྱིས་ཀྱང་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བར་བྱའོ་ཞེས་གསུངས་པས་ལེགས་སོ་ལེགས་སོ། །སྲིང་མོ་དག་དེ་ནི་མཇལ་གྱིས་འདི་ལྟར་ལྟད་མོ་ཇི་ལྟར་བལྟ་བ་དྲི་བར་བྱའོ། ། སྲིང་མོ་དག་ཁྱེད་ཅག་གང་དུ་འཇུག་པར་བྱེད། བཙུན་པ་འཆར་ཀ་བདག་ཅག་ཀུན་དགའི་ར་བར་འཇུག་ཅིང་གཙུག་ལག་ཁང་བལྟ་བར་འཚལ་ལོ། །སྲིང་མོ་དག་བཅོམ་ལྡན་འདས་ཀྱིས། མཁས་པ་གང་ཞིག་རབ་ཏུ་སེམས་དད་པས། །སངས་རྒྱས་མཆོད་རྟེན་དག་ལ་གོམ་ འདོར་ན། །འཛམ་བུ་ཆུ་བོ་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་གསུངས་པས་དེ་ཡང་ལེགས་སོ། །སྲིང་མོ་དག་ཁྱེད་ཀྱིས་གང་ཁྱེད་ཅག་ལ་གཙུག་ལག་ཁང་སྟོན་པར་བྱེད་པའི་དགེ་སློང་འགའ་ཞིག་བཙལ་ཏམ། འཕགས་པ་ཅི་བདག་ཅག་སྒྲོན་ མ་སུག་པ་ན་ཐོགས་བཞིན་དུ་ཞུགས་གཞན་དུ་འཚོལ་ལམ། བཙུན་པ་འཆར་ཀ་སྤངས་ཏེ་དགེ་སློང་གཞན་ག་ལ་ཚོལ། ཁྱོད་པས་གཞན་ཁྱད་པར་དུ་འཕགས་པ་སུ་ཞིག་མཆིས་ཀྱིས་ཁྱོད་ཉིད་ཀྱིས་བསྟན་དུ་གསོལ། དེ་ནས་ཚེ་དང་ལྡན་པ་འཆར་ཀ་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་ དག་གཙུག་ལག་ཁང་བསྟན་པར་བྱ་ན་ནི་བདག་གི་དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་ཡང་འགྱུར། གལ་ཏེ་བསྟན་པར་མི་བྱ་ན་ནི་ཚིག་པའི་བསོད་སྙོམས་ཀྱང་སྟེར་བར་མི་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ཀྱང་མ་དད་པ་རྣམས་དད་པ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་ གཞུག་པར་བྱ། གདུལ་བར་བྱ། གཟུང་བར་བྱ། རབ་ཏུ་དགོད་པར་བྱའོ་ཞེས་གསུངས་པས། དེའི་ཕྱིར་འདི་དག་དགེ་བ་ལ་ངེས་པར་སྦྱར་བར་བྱས། རྣམ་པ་ཐམས་ཅད་དུ་བསྟན་པར་བྱའོ་སྙམ་དུ་རིག་ནས་དེས་མེ་ཏོག་དང་། བདུག་སྤོས་ལ་སོགས་པ་མཆོད་པ་སྣ་ཚོགས་ཐོགས་ ཏེ་པོག་ཕོར་ལག་ཏུ་བླངས་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་བསྟན་པར་བརྩམས་ཏེ། སྲིང་མོ་དག་འདི་ནི་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་སྟེ། གང་དུ་བཅོམ་ལྡན་འདས་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས་གང་ནི་ ཉམས་པར་གྱུར། གང་ནི་འཕེལ་བར་གྱུར། གང་ནི་གནོད་པར་གྱུར། གང་ནི་ཉམ་ང་བར་གྱུར། གང་ནི་མི་བདེ་བར་གྱུར། གང་ནི་གནོད་པ་དང་ཉམ་ང་བ་དང་མི་བདེ་བར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། གང་ནི་ ངན་སོང་གི་འདམ་ནས་བསླང་སྟེ་མཐོ་རིས་དང་། ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། འདོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་བ་གང་ནི་འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་གི་སངས་རྒྱས་ འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་བཅས་པར་བྱ། གང་གི་དགེ་བའི་རྩ་བ་དག་མ་བསྐྱེད་པ་ནི་བསྐྱེད་པར་བྱ། དགེ་བའི་རྩ་བ་དག་བསྐྱེད་པ་གང་ནི་ཡོངས་སུ་སྨིན་པར་བྱ། ཡོངས་སུ་སྨིན་པ་གང་ནི་རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག་ཅིང་འདི་ལྟར། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། ། རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡི། །བཞོན་མ་གདུལ་བའི་བེའུ་ཚོལ་མི་སྐྱོ་སྟེ། །སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །རབ་ཉམས་བེའུ་ལ་བྱམས་པའི་བ་བཞིན་ནོ། །ཞེས་བྱ་བ་འཇུག་པ་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་བཅུའི་སྟོབས་དང་ལྡན་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་བ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་པ་ གང་ཡིན་པ་དེའི་ཡིན་གྱིས་འདིའི་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱའི་གཙུག་ལག་ཁང་སྟེ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་མི་ཤེས་པའི་མུན་པ་དང་། འདྲེན་པ་མེད་པ་དང་། ཡོངས་སུ་འདྲེན་པ་མེད་པ་ན་དེའི་དང་པོར་ཡེ་ཤེས་ ཀྱི་མིག་སྨན་གྱི་ཐུར་མས་གང་གི་ཆོས་ཀྱི་མིག་རྣམ་པར་སྦྱངས་པ་བཅོམ་ལྡན་འདས་ཀྱིས་གནས་བརྟན་རྣམས་དང་། རྒྱལ་ཚབ་ལྟ་བུ་རྣམས་དང་། ཡུན་རིང་པོ་ནས་རབ་ཏུ་བྱུང་བ་རྣམས་དང་། ཚངས་པར་སྤྱོད་པ་མངོན་པར་སྤྱོད་པ་རྣམས་དང་། སྣམ་སྦྱར་གྱི་རྒྱལ་མཚན་ ཐོགས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་གང་ཡིན་པ་གང་གི་རྒྱུད་ལ་དེའི་དང་པོར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་དུ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་མི་ནུས་པ་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་སྐྱེ་ བོ་མང་པོའི་དོན་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བ་དང་། འཇིག་རྟེན་ལ་རྗེས་སུ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དེའི་ཡིན་གྱིས། འདིར་ཡང་ཞབས་ལ་ཕྱག་དག་ འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་གཙུག་ལག་ཁང་སྟེ། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྨོན་པ་དོར་སྟོང་དུ་གཅིག་གིས་མ་ཆོག་པ་སྤངས་ཏེ་རབ་ཏུ་བྱུང་བ། དབྱིག་བྱེ་བ་ཕྲག་དྲུག་བཅུ་དང་ལྡན་པ། གསེར་གྱི་ནས་བང་ཆུང་བརྒྱད་བཅུ་བདོག་པ། བྲན་གྱི་གྲོང་ བཅྭ་བརྒྱད་བདོག་པ། སྦྱོར་བའི་གྲོང་བཅུ་དྲུག་བདོག་པ། སེར་སྐྱ་བཟང་མོ་ལུས་གསེར་བས་ལྷག་པ་དང་ལྡན་པ་མཆིལ་མའི་ཐལ་བ་སྨིན་པ་ལྟར་སྤངས་ཏེ། མཚན་མོའི་ཐུན་ཐ་མ་ལ་རས་སྦྱར་མའི་སྣམ་སྦྱར་རིན་ཐང་འབུམ་རི་བ་ཐོགས་ཏེ་འཇིག་རྟེན་ན་དགྲ་བཅོམ་པ་གང་དག་ བཞུགས་པ་དེ་དག་གི་ཕྱིར་རབ་ཏུ་བྱུང་བ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསྐྱེད་པའི་ཕྱིར་ནགས་ན་བརྟེན་པ་གང་ཡིན་པ། གང་མཐོང་ན་སྤོས་ཀྱི་གླང་པོ་ཆེ་དག་ཀྱང་རྒྱགས་པ་དང་བྲལ་བར་འགྱུར་བ། གང་གིས་བུ་མངས་ ཀྱི་མཆོད་རྟེན་དུ་སྟོན་པར་ཁས་བླངས་ནས་དགེ་སློང་གི་སྡོམ་པ་ཐོབ་པ། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་འདོད་པ་ཆུང་བ། ཆོག་ཤེས་པ། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ། དགེ་སློང་འོད་སྲུང་ ཆེན་པོའོ་ཞེས་གསུངས་ཤིང་བཅོམ་ལྡན་འདས་ཀྱིས་རྗེས་སུ་བསྔགས་པ་གང་ཡིན་པ་དེའི་ཡིན་གྱིས་འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་ཤཱ་རིའི་བུའི་གཙུག་ལག་ཁང་སྟེ། མཆོག་ཐོབ་པའི་བུ་གང་ཡིན་པ། གང་ལོ་བརྒྱད་གཉིས་སུ་དབང་པོའི་བརྡ་ སྤྲོད་པ་བཀླགས་པ། རྒོལ་བ་ཐམས་ཅད་ཚར་བཅད་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཆེན་པོ་རྣམས་དང་། སྤོབས་པ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ཐམས་ ཅད་གང་གི་ཆ་བཅུ་དྲུག་པར་བཞག་ཅིང་། བཅོམ་ལྡན་འདས་ཀྱིས། དེ་བཞིན་གཤེགས་པ་མ་གཏོགས་པར། །འཇིག་རྟེན་ཀུན་གྱི་ཤེས་རབ་གང་། །ཤཱ་རིའི་བུ་ཡི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡང་མི་ཆོག་གོ། །གལ་ཏེ་ལྷར་བཅས་འཇིག་རྟེན་འདི། །ཤཱ་རིའི་བུ་ དང་མཉམ་གྱུར་པས། །དེ་བཞིན་གཤེགས་པའི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡང་མི་ཆོག་གོ། །ཞེས་གསུངས་པ་གང་ཡིན་པ་དེའི་ཡིན་གྱིས་འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་གཙུག་ལག་ཁང་སྟེ། མདུན་ ན་འདོན་གྱི་བུ་ཅོད་པན་མེད་པའི་རྒྱལ་སྲིད་སྤངས་ཏེ་རབ་ཏུ་བྱུང་བ་གང་ཡིན་པ་གང་གིས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་རྐང་པ་གཡས་པའི་མཐེ་བོས་ལན་གསུམ་དུ་བསྒུལ། ཀུན་དུ་བསྒུལ། ཀུན་དུ་རབ་ཏུ་བསྒུལ་བ་གང་གི་རྫུ་འཕྲུལ་གྱིས་བཅོམ་ ལྡན་འདས་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་ཉིན་མཚན་བདུན་གྱིས་གཤེགས་པ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཆེན་པོ་རྣམས་དང་། མཐུ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱིས་འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ ཚེ་དང་ལྡན་པ་མ་འགགས་པའི་གཙུག་ལག་ཁང་སྟེ། མི་སྐལ་བ་བཟང་པོ་ལས་རབ་ཏུ་བྱུང་བ་གང་ཡིན་པ་བཅོམ་ལྡན་འདས་ཀྱི་ཡབ་ཀྱི་མཆེད་ཀྱི་སྲས་གང་གི་མིང་ཡང་དག་པར་བསྒྲགས་པས། ཚོང་པ་དག་རྒྱ་མཚོ་ཆེན་པོ་ནས་བཞོན་པའི་སྣོད་ལེགས་པར་གྲུབ་ཅིང་འོང་བར་ འགྱུར་བ་བཅོམ་ལྡན་འདས་ཀྱིས་ལྷའི་མིག་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱིས་འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་ཀུན་དགའ་བོའི་གཙུག་ལག་ཁང་སྟེ། ཡུན་རིང་པོ་ནས་བཅོམ་ལྡན་འདས་ཀྱི་བསྙེན་ བཀུར་བ་གང་ཡིན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་ན་ཉེ་བར་སྤྱོད་པ། སྟོན་པས་ཡང་དག་པར་བསྔགས་པ། ཚངས་པ་མཚུངས་པར་སྤྱོད་པ། མཁས་པ་རྣམས་ཀྱིས་ཡང་དག་པར་བཀུར་བ་གང་ཡིན་པ་བཅོམ་ལྡན་འདས་ཀྱི་ཡབ་ཀྱི་མཆེད་ཀྱི་སྲས་ལས་རབ་ཏུ་བྱུང་ བ་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་རྣམས་དང་། ཐོས་པ་འཛིན་པ་རྣམས་དང་། ཐོས་པ་བསགས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱིས་འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་མཛེས་དགའི་གཙུག་ལག་ཁང་སྟེ། བཅོམ་ ལྡན་འདས་ཀྱི་གཅུང་པོ་སྲུའི་སྲས་ལས་རབ་ཏུ་བྱུང་བ་གལ་ཏེ་རབ་ཏུ་མ་བྱུང་ན་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ། བཅོམ་ལྡན་འདས་ཀྱིས་དབང་པོ་དག་གི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱིས་འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ ཅིག །འདི་ནི་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱི་གཙུག་ལག་ཁང་སྟེ། བཅོམ་ལྡན་འདས་ཀྱི་སྲས་ལས་རབ་ཏུ་བྱུང་བ། གལ་ཏེ་རབ་ཏུ་མ་བྱུང་ན་མཐུ་དང་ལྡན་པའི་རྒྱལ་པོར་འགྱུར་བ་གང་ཡིན་པ་གང་རབ་ཏུ་བྱུང་ན་རྒྱལ་པོ་མང་པོས་བཀུར་གྱི་རྒྱུད་གཅིག་ནས་གཅིག་ཏུ་རྒྱུད་པ་ཡང་ དག་པར་རྒྱུན་ཆད་པ། བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་རྣམས་དང་། བསླབ་པ་ལ་གུས་པ་རྣམས་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱིས་འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་ པ་དགའ་བོའི་གཙུག་ལག་ཁང་ངོ་། །འདི་ནི་ཉེ་དགའིའོ། །འདི་ནི་འདུན་པའིའོ། །འདི་ནི་འགྲོ་མགྱོགས་ཀྱིའོ། །འདི་ནི་ནབ་སོའིའོ། །འདི་ནི་ཁོ་བོའི་གཙུག་ལག་ཁང་ངོ་། །ཅི་འདི་ཡང་ལྟ་བར་བྱེད་དམ། འཕགས་པ་ཅི་བདག་ཅག་གིས་གཙུག་ལག་ཁང་ཐམས་ཅད་ བལྟས་ནས། གདོད་འཕགས་པ་འཆར་ཀའི་གཙུག་ལག་ཁང་བལྟ་བར་མི་བགྱིའམ། བདག་ཅག་གིས་འཕགས་པ་འཆར་ཀའི་གཙུག་ལག་ཁང་འདི་ད་ཤིན་ཏུ་བལྟ་བར་བགྱིའོ། །སྲིང་མོ་དག་དེ་བཞིན་གྱིས་ཤིག །ཚེ་དང་ལྡན་པ་འཆར་ཀ་དེ་འདོད་ཆགས་སྤྱད་པ་ཡིན་པས་ དེའི་གཙུག་ལག་ཁང་ནས་ས་གཞི་མོན་སྲན་གྲེའུའི་ཕྱེ་མས་བསྐུས་པ་དང་། རྩིག་པ་བཀྲ་ཞིང་ཉེ་བར་བཀྲ་བ་དང་། མལ་སྟན་བེའུ་ཕྲུག་གི་སྙིང་པོ་ཅན་བཤམས་པ་དང་། བུམ་པ་བཏུང་བས་བཀང་བ་བཅུ་སྣོད་དང་བཅས་པ་བཞག་པ་དང་། སྐོན་པའི་ནང་ན་བཅའ་བ་སྣ་ཚོགས་ ཀྱིས་གང་བ་དག་ཡོད་དོ། །ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་རང་གི་གཙུག་ལག་ཁང་དུ་འོངས་པ་རྣམས་ལ་སྨྲས་པ། སྲིང་མོ་དག་ཅི་ཇེ་ཁྱེའུ་སུས་བྱའམ། འོན་ཏེ་བཏུང་བ་འཐུང་། འཕགས་པ་ཅི་ཆུ་ཀླུང་ཟློག་ཕྱོགས་སུ་འབབ་བམ། བདག་ཅག་གིས་འཕགས་པ་ལ་གསོལ་བར་བགྱི་བ་གང་ལགས་པ་དེ་ཉིད་འཕགས་པས་བདག་ཅག་ལ་སྩོལ་ཏམ། འདི་ལྟར་བདག་ཅག་ལ་གང་དཀོན་པ་དེ་སྩོལ་ཅིག །སྲིང་མོ་དག་ཁྱེད་ཅག་ལ་ཅི་ཞིག་དཀོན། འཕགས་པ་ཆོས་མཉན་པའོ། །སྲིང་མོ་དག་བཅོམ་ལྡན་ འདས་ཀྱིས་གནས་དྲུག་པོ་དག་འཇིག་རྟེན་དུ་བྱུང་བ་ནི་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། དྲུག་པོ་དེ་དག་གང་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་དང་། མི་ཉིད་དང་། དབུས་པའི་གནས་སུ་སྐྱེ་བ་དང་། དབང་པོ་མ་ཚང་བ་མེད་པ་དང་། དགེ་བའི་ཆོས་ལ་འདུན་པའོ་ཞེས་ལེགས་པར་གསུངས་པས་དེའི་ཕྱིར་ཁྱེད་ཅག་དགེ་བའི་ཆོས་ལ་འདུན་པ་སྐྱེས་པ་འདི་ནི་སངས་རྒྱས་འབྱུང་བ་དང་འདྲ་སྟེ། ལེགས་སོ་ལེགས་སོ། །སྲིང་མོ་དག་འཁོད་ཅིག་ དང་ཁོ་བོས་ཁྱེད་ལ་ཆོས་བསྟན་པར་བྱའོ། །དེ་དག་གིས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་པ་དང་། དེས་དེ་དག་ལ་ཆོས་བསྟན་པར་བརྩམས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་བཅུ་རྩ་དྲུག་པ། བུ་ མོ་དེ་ཡང་ལྟད་མོའི་རང་བཞིན་ཅན་ཡིན་པས་རི་མོ་ལྟ་ཞིང་གཞན་དུ་སོང་ངོ་། །དེ་དག་གིས་ཀྱང་ཆོས་མཉན་ནས། ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་གཙུག་ལག་ཁང་ནས་བྱུང་ངོ་། །བུ་མོ་དེས་གཞན་དག་བྱུང་བ་མ་ཚོར་ནས་སྒོ་ཁང་དེ་ཉིད་ན་རི་མོ་ ལྟ་ཞིང་འདུག་གོ། །ཚེ་དང་ལྡན་པ་འཆར་ཀས་དེ་དག་བསྐྱལ་ནས་གཙུག་ལག་ཁང་དུ་འཇུག་པར་བརྩམས་པ་དང་། དེས་བུ་མོ་དེ་སྒོ་ཁང་ན་འདུག་པ་མཐོང་ནས་དེས་དེ་ལ་སྨྲས་པ། བུ་མོ་ཁྱོད་མ་སོང་ངམ། དེས་འཛུམ་ཕྱུང་བ་དང་འཆར་ཀས་དེ་ལ་འོ་བྱས་ཏེ་ཡན་ལག་དང་ཉིང་ ལག་དག་མནམས། ཀུན་དུ་མནམས་སོ། །བུ་མོ་དེ་ངུ་ཞིང་ཕྱིར་བྱུང་ནས་ཕའི་གན་དུ་སོང་སྟེ་སྨྲས་པ། ཡབ་བདག་དགེ་སྦྱོང་འཆར་ཀས་གཞོན་ནུ་མ་དང་བྲལ་བར་བགྱིས་སོ། །བྲམ་ཟེ་དེས་བསམས་པ། གལ་ཏེ་ད་ཅུང་ཟད་སྨྲར་ནི་བདག་གཅིག་པུ་ཡིན་ལ། འདི་དག་ ནི་མང་བས་བདག་ལ་གནོད་པ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས། གང་དུ་གྲོགས་རྙེད་པར་གྱུར་པ་ན་ར་མདའ་བ་བཟློག་པར་བྱའོ་སྙམ་མོ། །རྒྱལ་བྱེད་ཀྱི་ཚལ་དང་མཉན་ཡོད་ཀྱི་བར་ན་གནས་ཀྱི་ཤིང་ལྗོན་པ་ཞིག་ཡོད་པ་དེའི་དྲུང་ན་བྲམ་ཟེ་ཞིག་ བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་ཅིང་འདུག་ནས། བྲམ་ཟེ་དེས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་དགེ་སྦྱོང་འཆར་ཀས་ཁོ་བོའི་བུ་མོ་གཞོན་ནུ་མ་དང་བྲལ་བར་བྱས་ཀྱིས། ཁྱེད་ཅག་ཁོ་བོའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས་གྲོགས་ གྱིས་ཤིག །བྲམ་ཟེ་དག་ནི་ཡོངས་སུ་མི་རྟོག་པ་ཡིན་པས་དེ་དག་དབྱུག་པ་དག་ཐོགས་ཏེ་དེར་དོང་ངོ་། །ཚེ་དང་ལྡན་པ་འཆར་ཀ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་པ་དེ་དེ་དག་གིས་བཟུང་ཞིང་བཀྲི་བར་བརྩམས་པ་དང་། དེ་དག་གིས་དེ་བསྒུལ་བར་ཡང་མ་ནུས་སོ། ། བཅོམ་ལྡན་འདས་ཀྱིས་གདུལ་བའི་དུས་མཁྱེན་ནས་དེའི་སྟོབས་དབྲི་བར་མཛད་པ་དང་། དེ་དག་གིས་ཚེ་དང་ལྡན་པ་འཆར་ཀ་ཕར་དྲངས་ཚུར་དྲངས་ཏེ་ཁྲིད་དོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། བཅོམ་ལྡན་འདས་ཀྱིས་བདག་གནོད་པ་དང་། ཉམ་ང་བ་དང་། མི་ བདེ་བ་བྱུང་བ་ལ་མི་དགོངས་སམ་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་འདི་ལ་གདམས་པའི་ཐ་མ་ནི་འདི་ཡིན་པས་ཁྲིད་ཀྱང་བླའོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་ གཉིད་ལོག་ཅིང་འདུག་པ་སེ་གོལ་གྱི་སྒྲས་སད་པར་མཛད་ནས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གྱ་ཚོམ་དུ་མི་བྱ་བར་ལེགས་པར་བརྟག་པར་བྱའོ་ཞེས་གོ་བར་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་ པ་ན་གཉིད་ལོག་ཅིང་འདུག་པ་ལན་གཉིས་ལན་གསུམ་དུ་སེ་གོལ་གྱི་སྒྲས་སད་པར་མཛད་ནས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གྱ་ཚོམ་དུ་མི་བྱ་བར་ལེགས་པར་བརྟག་པར་བྱའོ་ཞེས་གོ་བར་མཛད་དོ། །བྲམ་ཟེ་དེ་དག་གིས་ཀྱང་ཚེ་དང་ལྡན་པ་འཆར་ཀ་རྒྱལ་པོའི་ཕོ་བྲང་གི་ སྒོར་ཁྲིད་དོ། །དེ་ནས་རྒྱལ་པོའི་ཕོ་བྲང་གི་སྒོ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དག་བྲམ་ཟེ་རྣམས་ཀྱིས་དགེ་སྦྱོང་འཆར་ཀ་བཟུང་སྟེ་རྒྱལ་པོའི་སྒོར་ཁྲིད་དེ་འོངས་སོ་ཞེས་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་འབྱིན་ཏོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟངས་ཀྱི་གཞིར་ གཏོགས་པ་ན་གཉིད་ལོག་པ་སྐྱེ་བོ་ཕལ་པོ་ཆེའི་སྒྲ་དེས་སད་ནས། དེས་ཞོ་ཤས་འཚོ་བ་དག་ལ་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདི་དག་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་འབྱིན་པར་བྱེད། དེ་དག་གིས་སྨྲས་པ། ལྷ་བཙུན་པ་འཆར་ཀ་དང་། བྲམ་ཟེའི་བུ་མོ་ ཞིག་དང་། བྲམ་ཟེ་ཞིག་དང་། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་རྒྱལ་པོའི་ཕོ་བྲང་གི་ཆབ་སྒོ་ན་བླག་ཅོར་མཆི་ཞིང་མཆིས་སོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། བཅོམ་ལྡན་འདས་ཀྱིས་འདི་ལས་དགོངས་ནས་བདག་ལ་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གྱ་ཚོམ་ དུ་མི་བྱ་བར་ལེགས་པར་བརྟག་པར་བྱའོ་ཞེས་བཀའ་སྩལ་ཏོ་སྙམ་དུ་རིག་གོ། །མཉན་ཡོད་ན་ཆོས་ཉིད་ཀྱིས་གང་གི་ཚེ་རྩོད་པ་ཆེན་པོ་བྱུང་བ་དེའི་ཚེ་ན་རྔ་བོ་ཆེ་རྡུང་ཞིང་དུང་སྒྲིལ་མ་ཡང་འབུད་པར་བྱེད་པས་རྒྱལ་པོ་གསལ་རྒྱལ་གྱིས་ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་ལྡན་དག་ རྔ་བོ་ཆེ་ཡང་རྡུངས་ཤིག །དུང་སྒྲིལ་མ་ཡང་བུས་ཤིག །དེ་དག་གིས་རྔ་བོ་ཆེ་བརྡུངས་ཤིང་དུང་སྒྲིལ་མ་བུས་པ་དང་། རྒྱལ་པོ་དང་བཅས་པའི་འཁོར་འདུས་པར་གྱུར་ཏོ། །རྒྱལ་པོས་སྨྲས་པ། བྲམ་ཟེ་དེ་དང་བཙུན་པ་འཆར་ཀ་ནང་དུ་ཐོང་ཤིག །དེ་གཉིས་ ནང་དུ་འོངས་པ་དང་། རྒྱལ་པོས་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་ཁྱེད་ཅི་ཟེར། ལྷ་དགེ་སྦྱོང་འཆར་ཀས་བདག་གི་བུ་མོ་གཞོན་ནུ་མ་དང་བྲལ་བར་བགྱིས་སོ། །རྒྱལ་པོས་སྨྲས་པ། བཙུན་པ་འཆར་ཀ་བྲམ་ཟེ་འདི་དེ་སྐད་མཆི་ན་ཁྱོད་ཅི་གསུང་། ལྷ་བདག་གིས་དེ་ལ་སྡིག་ པའི་ལས་མ་བགྱིས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འདི་ཇི་ལྟར་དཔྱད་པར་བྱ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་བཅོམ་ལྡན་འདས་ཀྱིས་ཁྱོད་ཉིད་སྤོབས་པ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་པས་ལྷ་ཉིད་ཀྱི་ཞལ་མཆུ་འདི་དགུམ་དུ་གསོལ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་འདི་ལ་ཇི་ལྟར་ཤེས་པར་བྱ། མིག་གི་རྣམ་པར་ཤེས་པས་ནི་གཟུགས་དག་མཐོང་མོད། བཙུན་མོའི་འཁོར་གྱིས་ནི་བུ་མོ་བརྟག་མོད། བུ་མོ་དེ་བཙུན་མོའི་འཁོར་གྱི་ནང་དུ་ཐོང་ལ་རྟོག་ཏུ་ཆུག་ཤིག །དེ་དག་གིས་བུ་མོ་དེ་བཙུན་མོའི་འཁོར་ གྱི་ནང་དུ་བཏང་བ་དང་། བཙུན་མོ་ཕྲེང་ལྡན་མས་བུ་མོ་དེ་པང་བར་བསྙལ་ཏེ་སྨྲས་པ། བུ་མོ་བདེན་པར་སྨྲོས་ཤིག །གལ་ཏེ་ཁྱོད་བཙུན་པ་འཆར་ཀས་གཞོན་ནུ་མ་དང་བྲལ་བར་བྱས་ན་ཡང་དེ་ནི་བྲམ་ཟེ་མདུན་ན་འདོན་གྱི་བུ་ལས་རབ་ཏུ་བྱུང་བ་ཡིན་པས། ཁྱོད་ཀྱི་ཁྱིམ་ཐབ་ཀྱི་ཐབ་རིར་ འབབ་པར་འགྱུར་རོ། །འོན་ཏེ་ཁྱོད་ཕྱུགས་ཅུང་མ་སྨྲས་པ་ཚུལ་ཁྲིམས་དང་ལྡན་པ་ཡིན་ན་ནི་དགེ་སློང་ལ་ཡང་དག་པ་མ་ཡིན་པས་སྐུར་ན་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ། །བུ་མོ་དེས་སྨྲས་པ། ཇོ་མོ་བདག་དེས་གཞོན་ནུ་མ་དང་བྲལ་བར་མ་བགྱིས་ཏེ། འདི་ལྟར་ དེས་འོ་བགྱིས་ཤིང་ཡན་ལག་དང་ཉིང་ལག་དག་མནམས། ཀུན་དུ་མནམས་སོ། །བཙུན་མོ་ཕྲེང་ལྡན་མས་སྨྲས་པ། བུ་མོ་ཁྱོད་ཀྱིས་དོན་དེ་ཙམ་ཞིག་ལ་རྒྱལ་པོ་དང་བཅས་པའི་འཁོར་ཀུན་དུ་དཀྲུགས་སོ། །ཅི་ཕ་དག་ཀྱང་བུ་མོ་དག་ལ་འོ་བྱེད་ཅིང་ཡན་ལག་དང་ཉིང་ལག་དག་ལ་ ནམ། ཀུན་དུ་མི་ནམ་མམ། དེ་ནས་བུད་མེད་རྒན་མོ་རྣམས་ཀྱིས་བུ་མོ་དེ་བརྟགས་ན་ཇི་ཙམ་ན་ཕྱུགས་ཆུང་མ་ཉམས་པར་གྱུར་ནས། དེ་དག་གིས་རྒྱལ་པོ་ལ་སྨྲས་པ། ལྷ་བུ་མོ་འདི་ཕྱུགས་ཆུང་མ་ཉམས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འདི་ལ་གང་ ཡུས། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་བཙུན་པ་འཆར་ཀ་ཡུས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེང་ལ་བྲམ་ཟེ་འདི་རྒྱ་སྐྱེགས་ཀྱི་ཁང་པར་ཆུག་ལ་མེས་སྲེགས་ཤིག །བུ་མོ་དེ་ཡང་རྟེའུ་དམུ་རྒོད་ཀྱི་རྐང་པ་གཉིས་ལ་ཐོགས་ཤིག །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་ དག་ཀྱང་ལག་པ་དང་རྐང་པ་དག་ཆོད་ཅིག །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ལྷ་དེ་གལ་ཏེ་བདག་ལས་བརྟེན་ཏེ་སེམས་ཅན་དེ་སྙེད་ཅིག་ཆབ་སྩལ་བར་གྱུར་ན། དོན་གྱིས་ལྷས་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལས་ཕྱུང་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་ དག་འོ་ན་དེང་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་ཐོང་ལ། བྲམ་ཟེ་འདི་ནི་རྒྱ་སྐྱེགས་ཀྱི་ཁང་པར་ཆུག་ལ་མེས་སྲེགས་ཤིག །བུ་མོ་དེ་ཡང་རྟེའུ་དམུ་རྒོད་ཀྱི་རྐང་པ་གཉིས་ལ་ཐོགས་ཤིག །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ལྷ་གལ་ཏེ་བདག་ལས་བརྟེན་ཏེ་ཐ་ན་གྲོག་མ་ ཕྲ་མོ་འགའ་ཞིག་ལ་གནོད་པར་གྱུར་ན་ཡང་། དོན་གྱིས་ལྷས་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལས་ཕྱུང་བ་ཁོ་ན་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ཀྱི་ཉན་ཐོས་འདོད་ཆགས་དང་མ་བྲལ་ན་ཡང་སོ་སོར་རྟོག་པའི་སྟོབས་ ལ་ལྟོས། གལ་ཏེ་བྲམ་ཟེ་དག་གིས་བཙུན་པ་འཆར་ཀ་ཐུབ་པར་གྱུར་ན་ནི་རྡོ་གཅིག་གིས་ཀྱང་བསད་པར་འགྱུར་རོ། །ཤེས་ལྡན་དག་དེང་ལ་ཐམས་ཅད་ཁྱེ་ཤིག །དེ་དག་བཀྱེ་ནས་གྱེས། རྔ་བརྡུངས་ཤིང་ཡོལ་བས་བཅད་པ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས་དག་སོ་སོར་ གྱེས་སོ། །རྒྱལ་པོ་དང་། བཙུན་མོ་ཕྲེང་ལྡན་མ་དང་། ཚེ་དང་ལྡན་པ་འཆར་ཀ་གསུམ་འདུག་པ་ན། རྒྱལ་པོས་བཙུན་མོ་ཕྲེང་ལྡན་མ་ལ་སྨྲས་པ། ཕྲེང་ལྡན་མ། བཙུན་པ་འཆར་ཀས་ཇི་ལྟ་བུའི་ཕུན་ཕུན་བྱས་པས་རྒྱལ་པོ་དང་བཅས་པའི་འཁོར་ཀུན་དུ་དཀྲུགས་པ་ལ་ལྟོས། བཙུན་ མོ་ཕྲེང་ལྡན་མས་ཚེ་དང་ལྡན་པ་འཆར་ཀ་ལ་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་པས་སླད་ཀྱིས་རབ་ཏུ་བྱུང་བ་དགེ་སློང་མ་ཨུཏྤ་ལའི་མདོག་དང་། དགེ་ཚུལ་མ་སྐུལ་བྱེད་དང་། དགེ་ཚུལ་མ་ཙི་རི་ཀ་དང་། གཞན་ཡང་མང་པོ་གང་ལགས་པ་དེ་དག་ཐམས་ཅད་ཀྱིས་ ཉོན་མོངས་པ་ཐམས་ཅད་སྤངས་པས། དགྲ་བཅོམ་པ་ཉིད་མངོན་དུ་བགྱིས་ན། ཁྱོད་ཀྱིས་ནི་རྒྱལ་པོ་དང་བཅས་པའི་འཁོར་གྱི་ནང་དུ་མི་མཛེས་པ་འདི་ལྟ་བུ་བགྱིས་པར་གྱུར་ཀྱང་། ད་དུང་སྐྱོ་བ་མི་མངའ་འམ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཕྲེང་ལྡན་མ། ད་ཕྱིན་ཆད་འཁོར་བར་ འཁོར་བ་ན་ཉོན་མོངས་པ་དེ་ལྟ་བུ་དག་ཀུན་དུ་སྤྱོད་པར་མི་འགྱུར་བ་དེ་ལྟར་བྱའོ་ཞེས་སྨྲས་ནས་དེ་སྟན་ལས་ལངས་ཏེ་སོང་ངོ་། །དེ་ངོ་ཚ་བས་བཅོམ་ལྡན་འདས་དང་ཕྲད་པར་མ་ནུས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་ སྨྲས་སོ། །མཁན་པོ་ཇི་ལྟར་བདག་འཁོར་བར་འཁོར་བ་ན། ཉོན་མོངས་པ་དེ་ལྟ་བུ་དག་ཀུན་དུ་སྤྱོད་པར་མི་འགྱུར་བ་དེ་ལྟར་བདག་ལ་ཆོས་བསྟན་དུ་གསོལ། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། ལྟུང་བ་ལྷག་མ་མེད་པ་བྱུང་བར་མ་གྱུར་ཏམ་སྙམ་ན། ཇི་ཙམ་ན་དེས་ལྷག་ མ་ཡོད་པར་མཐོང་ནས། དེས་དེ་བཤགས་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་འཆགས་སུ་བཅུག །བསྡམ་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་སྡོམ་དུ་བཅུག་ནས། དེས་དེ་ལ་འདི་དང་འདི་ལྟར་ཡིད་ལ་གྱིས་ལ་བག་ཡོད་པས་སྒྲུབས་ཤིག་ཅེས་གདམས་ ངག་བྱིན་ནོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་གཅིག་པུ་དབེན་པ་བག་ཡོད་པ། རྟུན་པ་དང་ལྡན་པ། བདག་ཉིད་བཏང་བར་གནས་པ་ན་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ བར་བྱེད་པ། ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་ པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་ པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་དགྲ་བཅོམ་པ་ཉིད་ ཐོབ་ཅིང་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་བ་ན་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ནི་བདག་ལ་ཕན་པ་མཛད་པ། བདེ་བར་གཤེགས་པ་ནི་བདག་ལ་ལེགས་པར་མཛད་པ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་བདག་གི་སྡུག་བསྔལ་གྱི་ཆོས་མང་པོ་ དག་སེལ་བར་མཛད་པ། བཅོམ་ལྡན་འདས་དེ་ནི་བདག་གི་བདེ་བའི་ཆོས་མང་པོ་དག་སྒྲུབ་པར་མཛད་པ། བཅོམ་ལྡན་འདས་དེ་ནི་བདག་གི་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་དག་སེལ་བར་མཛད་པ། བཅོམ་ལྡན་འདས་དེ་ནི་བདག་གི་དགེ་བའི་ཆོས་རྣམ་པ་དུ་མ་དག་སྒྲུབ་ པར་མཛད་པ་ལགས་ན། བདག་གིས་ཅི་ཞིག་བྱས་ན་དེས་བདག་གིས་བཅོམ་ལྡན་འདས་ལ་ལན་བྱས་པ་དང་། ཉེ་བར་བྱས་པ་དང་། རབ་ཏུ་བྱས་པར་འགྱུར་སྙམ་ནས། དེས་ཡང་བསམས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དཀའ་བ་མཛད་པ་བརྒྱ་སྟོང་དུ་མ་ དག་གིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་སེམས་ཅན་ལ་ཕན་པའི་ཕྱིར་ཡིན་པས། བདག་གིས་ཀྱང་སེམས་ཅན་ལ་ཕན་པ་བྱའོ་སྙམ་མོ། ། དེས་བསམས་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་འགའ་ཡོད་དམ་སྙམ་ན། དེས་ཇི་ཙམ་ན་མེད་པར་མཐོང་ངོ་། །སུ་ལ་ལྟོས་སྙམ་ན་བདག་ཉིད་ལ་ལྟོས་པར་མཐོང་ནས་ལེགས་ཀྱིས་བདག་གིས་སྟོན་པའི་ཐུགས་ལ་དགོངས་པ་ཡོངས་ སུ་རྫོགས་པར་བྱའོ་སྙམ་མོ། །གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཞི་བ་ལ་དད་པ། ཞི་བ་ལ་བསྙེན་བཀུར་བྱེད་པ་ཞིག་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བྲམ་ཟེ་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས་དེ་དེའི་གན་དུ་སོང་བ་དང་། བྲམ་ཟེ་དེས་ཀྱང་ཞི་བ་ལ་བསྙེན་བཀུར་བྱས་ནས། ཀྱེ་བྲམ་ཟེ་བྲམ་ཟེ་ཞེས་བྲམ་ཟེ་ཚོལ་བར་བྱེད་དོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོ་བྲམ་ཟེ་ཡིན་ནོ། །དེས་སྨྲས་པ། བྲམ་ཟེ་ནི་ཐོར་ཚུགས་ཅན་ཡིན་གྱི་ཁྱོད་ནི་དགེ་སྦྱོང་མགོ་རེག་ཡིན་ནོ། །ཚེ་དང་ལྡན་པ་འཆར་ཀས་ སྨྲས་པ། འདི་ལྟར་ཁོ་བོ་བྲམ་ཟེ་ཡིན་ཞིང་། ཁོ་བོའི་སྟོན་པ་ཡང་བྲམ་ཟེའི་མཆོག་ཡིན་ན་ཁྱོད་ཞི་བ་འདི་ལ་མངོན་པར་དད་དམ། དེས་སྨྲས་པ། མངོན་པར་དད་དོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཀྭའི་ཞི་བ་སྨྲོས་ཤིག །ཇི་ལྟར་ཁོ་བོ་བྲམ་ཟེ་ཡིན་ཞིང་ཁོ་བོའི་སྟོན་པ་ ཡང་བྲམ་ཟེའི་མཆོག་ཡིན་ནམ། ཞི་བས་སྨྲས་པ། འཕགས་པ་འཆར་ཀ་དེ་དེ་བཞིན་ཏེ། ཁྱོད་ནི་བྲམ་ཟེ་ལགས་ཤིང་ཁྱོད་ཀྱི་སྟོན་པ་ཡང་བྲམ་ཟེའི་མཆོག་ལགས་སོ། །བྲམ་ཟེ་དེས་བསམས་པ། བདག་གིས་ཡུན་རིང་པོ་ནས་ཞི་བ་ལ་བསྙེན་བཀུར་བྱས་ན། འདིས་ལན་ འགའ་རྨི་ལམ་དུ་ཡང་མ་བསྟན་ན། བཙུན་པ་འཆར་ཀས་སྨྲས་ན་ཚིག་སྨྲ་བར་བྱེད་པས། ཀྱེ་མ་བཙུན་པ་འཆར་ཀ་ནི་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་ཡིན་ནོ་སྙམ་ནས་དེས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་བྱོན། ཁྱོད་ཉིད་གདུལ་བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་ སླད་དུ་འདི་ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག །ཚེ་དང་ལྡན་པ་འཆར་ཀ་དེ་ཉིད་དུ་འདུག་སྟེ། ཟས་ཀྱི་བྱ་བ་བྱས་པ་དང་། བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་ པ་དང་། བག་ལ་ཉལ་དང་། ཁམས་དང་རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་ བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་ རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་ བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་ དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། །དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་ སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་དང་པོ་གཉི་ག་ནས་བཏུལ་ཅིང་བཞག་གོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཞི་བ་ལ་དད་པ། ཞི་བ་ལ་ བསྙེན་བཀུར་བྱེད་པ་ཞིག་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བྲམ་ཟེ་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས་དེ་དེའི་གན་དུ་སོང་བ་དང་། བྲམ་ཟེ་དེས་ཀྱང་ཞི་བ་ལ་བསྙེན་བཀུར་བྱས་ནས། ཀྱེ་བྲམ་ཟེ་བྲམ་ཟེ་ཞེས་བྲམ་ཟེ་ཚོལ་བར་བྱེད་དོ། །ཚེ་ དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོ་བྲམ་ཟེ་ཡིན་ནོ། །དེས་སྨྲས་པ། མགོ་རེག་འདི་ལྟ་བུ་བྲམ་ཟེ་ག་ལ་ཡིན། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བྲམ་ཟེ་ཇི་ལྟ་བུ་ཡིན། དེས་སྨྲས་པ། བྲམ་ཟེ་ནི་རལ་པ་ཅན་ཡིན་ནོ། །ཚེ་དང་ལྡན་པ་འཆར་ཀས་རལ་པ་ཅན་དུ་སྤྲུལ་པ་ དང་། ཇི་ཙམ་ན་བྲམ་ཟེ་དེ་ངོ་མཚར་སྐྱེས་ནས། དེས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་བྱོན། ཁྱོད་ཉིད་གདུལ་བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་སླད་དུ་འདི་ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག །ཚེ་དང་ལྡན་པ་འཆར་ཀ་དེར་འདུག་སྟེ་ཟས་ཀྱི་བྱ་བ་བྱས་ པ་དང་། བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར། བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་ དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་ གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་ དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་ དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་འཆར་ཀ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་ བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་ བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་ དུ་བྲམ་ཟེའི་ཁྱིམ་གཉིས་པ་གཉི་ག་ནས་བཏུལ་ཅིང་བཞག་གོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་སེར་སྣ་ཅན་ཞིག་འདུག་པ་དེའི་ཆུང་མ་ནོར་བུ་ལ་དགའ་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བྲམ་ ཟེ་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས། ཚེ་དང་ལྡན་པ་འཆར་ཀ་ནོར་བུ་མཁན་གྱི་ཆ་ལུགས་སུ་བྱས་ཏེ་དེའི་ཁྱིམ་དུ་སོང་ནས། ནོར་བུ་སུ་ཉོ་ནོར་བུ་སུ་ཉོ་ཞེས་བྱས་པ་དང་། བྲམ་ཟེ་མོ་དེས་ཐོས་ནས་དེས་སྨྲས་པ། ནོར་བུ་དག་རིན་ཇི་ཙམ་དུ་འཚོང་། ཚེ་དང་ལྡན་པ་འཆར་ཀས་ སྨྲས་པ། ནོར་བུ་འདི་དག་རིན་ཆེ་མོད་ཀྱི། འོན་ཀྱང་རིན་ཆུང་ངུའི་ཕྱིར་སྦྱིན་ནོ་ཞེས་ཚེ་དང་ལྡན་པ་འཆར་ཀས་ནོར་བུ་མཁན་གྱི་ཆ་ལུགས་མི་སྣང་བར་བྱས་ཏེ། རང་གི་ཆ་ལུགས་ཀྱིས་འདུག་པ་དང་། བྲམ་ཟེ་དེ་ངོ་མཚར་སྐྱེས་ནས་དེས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་ དུ་འདིར་བྱོན། ཁྱོད་ཉིད་གདུལ་བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་སླད་དུ་འདི་ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག །ཚེ་དང་ལྡན་པ་འཆར་ཀས་དེར་འདུག་སྟེ་ཟས་ཀྱི་བྱ་བ་བྱས་པ་དང་། བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ ཆོས་མཉན་པའི་ཕྱིར་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར་བྲམ་ཟེ་དེ་ཆུང་མ་དང་བཅས་པས། སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་ བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་ བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་ བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་ མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་ འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་གསུམ་པ་གཉི་ག་ནས་བཏུལ་ཅིང་བཞག་གོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་ བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ནད་པ་ཞིག་འདུག་པ། དེ་སྨན་པ་དག་གིས་སྨན་ཁ་བ་དང་། ཚ་བ་དང་། བསྐ་བ་དག་གིས་ཡིད་བྱུང་ནས། དེས་སྒོ་བ་ལ་ཁྱོད་ཀྱིས་སྨན་པ་འགའ་ཡང་ནང་དུ་མ་བཏང་ཤིག་ཅེས་བསྒོ་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་ པ། བྲམ་ཟེ་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས། ཚེ་དང་ལྡན་པ་འཆར་ཀ་སྨན་པའི་ཆ་ལུགས་སུ་བྱས་ཏེ། བྲམ་ཟེ་དེའི་ཁྱིམ་སྒོར་སྨན་པ་འོངས་སོ་ཞེས་བྱས་ཏེ་བསྡད་པ་དང་། སྒོ་བས་སྨྲས་པ། ཁོ་བོ་ལ་བྲམ་ཟེས་ཁྱོད་ཀྱིས་སྨན་པ་འགའ་ཡང་ནང་དུ་མ་བཏང་ཤིག་ཅེས་ བསྒོ་སྟེ། ཁོ་བོ་དེ་ཉིད་ཀྱི་ཕྱིར་བཞག་གོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁྱོད་སོང་ལ་བྲམ་ཟེ་ལ་སྨན་པ་འོངས་ཏེ་དེ་ན་རེ་སྨན་ཡང་མི་སྦྱིན། བྱ་དགའ་ཡང་མི་སློང་བར་གསང་སྔགས་དག་གིས་སོས་པར་བྱའོ་ཞེས་ཟེར་རོ་ཞེས་བྱོས་ཤིག །སྒོ་བ་སོང་སྟེ་བྲམ་ཟེ་དེ་ལ་དེ་ སྐད་རྒྱས་པར་བརྗོད་པ་དང་། དེས་སྨྲས་པ། ནང་དུ་ཐོང་ཤིག །ཚེ་དང་ལྡན་པ་འཆར་ཀ་ནང་དུ་ཞུགས་ནས། དེས་གསང་སྔགས་དག་གིས་དེ་སོས་པར་བྱས་ནས། ཚེ་དང་ལྡན་པ་འཆར་ཀས་སྨན་པའི་ཆ་ལུགས་མི་སྣང་བར་བྱས་ཏེ། རང་གི་ཆ་ལུགས་ཀྱིས་འདུག་པ་དང་། བྲམ་ཟེ་དེ་ངོ་མཚར་སྐྱེས་ནས་དེས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་འདིར་བྱོན། ཁྱོད་ཉིད་གདུལ་བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་སླད་དུ་འདི་ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག །ཚེ་དང་ལྡན་པ་འཆར་ཀ་དེར་འདུག་སྟེ་ཟས་ཀྱི་བྱ་བ་བྱས་པ་དང་། བྲམ་ ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར་བྲམ་ཟེ་དེ་ཆུང་མ་དང་བཅས་པས་ སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་ བགྱིས། བྱམས་པ་དང་མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་ རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་ མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་ དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་བཞི་པ་གཉི་ག་ནས་བཏུལ་ཅིང་བཞག་གོ། །ཚེ་དང་ལྡན་པ་ འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། སེར་སྣ་ཅན་མིག་ཕྲ་བ། བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ། ཡོ་བྱད་ཀུན་དུ་འཛིན་པ་ཞིག་ འདུག་པ་དེ་སྒོ་དྲུང་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་དག་ཀློག་ཏུ་འཇུད་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བྲམ་ཟེ་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས། ཚེ་དང་ལྡན་པ་འཆར་ཀས་གདུལ་བ་ལ་ལྟོས་པས། ཡང་དང་ཡང་དུ་དེར་བསོད་སྙོམས་ལ་ ཞུགས་ན། དེས་དེར་ལན་འགའ་ཡང་བསོད་སྙོམས་མ་ཐོབ་ནས། དེ་དེ་ནས་ཕྱིར་བྱུང་བ་བྲམ་ཟེ་དེས་མཐོང་ནས། དེས་སྨྲས་པ། ཀྱེ་དགེ་སྦྱོང་ཁྱོད་ཡང་དང་ཡང་དུ་དེར་འཇུག་ན་རྙེད་པ་ཅུང་ཟད་ཡོད་དམ། ཚེ་དང་ལྡན་པ་འཆར་ཀས་དེའི་དད་པའི་ནོར་ལས་བསམས་ཏེ་སྨྲས་ པ། བྲམ་ཟེ་ཁྱོད་ཉིད་ལ་ཡང་མེད་ན་ཅི་ཞིག་སྦྱིན་པར་བྱེད། བྲམ་ཟེ་དེས་སྤྱོས་ཏེ་སྨྲས་པ། དགེ་སྦྱོང་ཁྱོད་ཁྱིམ་མི་དང་བཅས་པ་ཐམས་ཅད་ལ་སྦྱིན་པར་བྱའོ། །ཚེ་དང་ལྡན་པ་འཆར་ཀས་ཐབས་ཡིན་ནོ་ཞེས་སྨྲས་ཏེ་སོང་ངོ་། །དེ་ན་བྲམ་ཟེའི་ཁྱེའུ་དགེ་སློང་གི་རྒྱུས་ཤེས་ པ་ཞིག་གིས་བྲམ་ཟེ་དེ་ལ་སྨྲས་པ། མཁན་པོས་དེ་དག་གི་ཐབས་ཡིན་ནོ་ཞེས་བགྱི་བ་དེའི་དོན་ཅི་ལགས་མཁྱེན་ཏམ། དེས་སྨྲས་པ། མི་ཤེས་སོ། །སྐོལ་གྱིས་དང་དུ་བླང་ངོ་ཞེས་སྨྲས་པ་གང་ལགས་པ་དེའི་དོན་ནི་དེ་དག་གི་ཐབས་ཡིན་ནོ་ཞེས་སྨྲས་པ་དེ་ལགས་སོ། །དེས་ ཡང་སྨྲས་པ། མཁན་པོས་དེ་དག་གི་ཁྱིམ་མི་དང་བཅས་པ་ཐམས་ཅད་ཅེས་བགྱི་བ་དེའི་དོན་ཅི་ལགས་མཁྱེན་ཏམ། དེས་སྨྲས་པ། མི་ཤེས་སོ། །དེ་དག་གི་ཁྱིམ་མི་དང་བཅས་པ་ཐམས་ཅད་ཅེས་བགྱི་བ་ནི། རྒྱལ་རིགས་དགེ་སྦྱོང་གཽ་ཏ་མ་འཁོར་སྟོང་ཉིས་བརྒྱ་ལྔ་ བཅུ་དང་བཅས་པ་ལགས་ཏེ། དེ་ལྟར་ན་མཁན་པོས་དོན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་པར་གྱུར་ཏོ། །བྲམ་ཟེ་དེས་སྨྲས་པ། ཁོ་བོས་བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པ་དག་མ་མཐོང་ངམ། ཅི་ན་གང་གི་ཕྱིར། དགེ་ སྦྱོང་མགོ་རེག་དག་ལ་སྦྱིན་པར་བྱེད། དེས་སྨྲས་པ། དགེ་སྦྱོང་དེས་དེང་མཁན་པོའི་མཚན་གྱིས་སངས་རྒྱས་ལ་སོགས་པ། དགེ་སློང་གི་དགེ་འདུན་སང་མཁན་པོའི་སྡུམ་པར་སྤྱན་འདྲེན་པར་བགྱིད་དོ། །བྲམ་ཟེས་སྨྲས་པ། ཅིའི་ཕྱིར་དེ་དེ་ལྟར་བྱེད། དེས་སྨྲས་ པ། མཁན་པོ་གལ་ཏེ་བདག་ལ་ཐུགས་མི་ཆེས་ན། བྲམ་ཟེའི་ཁྱེའུ་ཞིག་རྟོག་ཏུ་གཏང་དུ་གསོལ། དེས་བྲམ་ཟེའི་ཁྱེའུ་ཞིག་རྟོག་ཏུ་བཏང་བ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་འཆར་ཀས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཚོགས་པ་ན། རྒན་པའི་ མཐའ་ལོགས་སུ་འདུག་སྟེ། བྲམ་ཟེ་ཆེ་གེ་མོ་ཞིག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་འདྲེན་ནོ་ཞེས། བྲམ་ཟེ་དེའི་མིང་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་སྤྱན་དྲངས་པ་དེས་ཐོས་སོ། །བྲམ་ ཟེའི་ཁྱེའུ་དེས་དེ་ཐོས་ནས་ཕྱིར་འོངས་ཏེ། བྲམ་ཟེ་དེ་ལ་སྨྲས་པ། མཁན་པོ་དེ་བཞིན་ཏེ། བཙུན་པ་འཆར་ཀས་མཁན་པོའི་མཚན་གྱིས་སངས་རྒྱས་ལ་སོགས་པ། དགེ་སློང་གི་དགེ་འདུན་སང་མཁན་པོའི་སྡུམ་པར་སྤྱན་དྲངས་ཀྱིས། ཞལ་ཟས་སྟ་གོན་བགྱིད་ དུ་སྩོལ་ཅིག །དེས་སྨྲས་པ། ཁོ་བོས་བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པ་དག་མ་མཐོང་ངམ་ཅི་ན། གང་གི་ཕྱིར་དགེ་སྦྱོང་མགོ་རེག་དག་ལ་སྦྱིན་པར་བྱེད། དེ་དག་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་ཟ་བར་འགྱུར་གྲང་། ཇི་ཙམ་དེ་ནང་པར་ལངས་པ་ དང་། དགེ་སློང་ཆུའི་གཙང་སྦྱོར་དག་བྲམ་ཟེ་དེའི་ཁྱིམ་དུ་ལྷགས་ཏེ་སྨྲས་པ། བྲམ་ཟེ་ཆུ་གང་དུ་གཞག་པར་བྱ། བྲམ་ཟེ་དེས་སྨྲས་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྡུམ་པར་རོ། །དེ་བཞིན་དུ་བཤོས་ཀྱི་གཙང་སྦྱོར་དག་ལྷགས་ཏེ་སྨྲས་པ། བྲམ་ཟེ་ ཞལ་ཟས་གང་དུ་བརྟག་པར་བྱ། བྲམ་ཟེ་དེས་སྨྲས་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྡུམ་པར་རོ། །བཅོམ་ལྡན་འདས་ཀྱིས་གང་གི་ངོར་མགྲོན་དུ་བོས་པ་དེས། དུས་སྔར་འགྲོ་བར་བྱ་ཞིང་མ་ཟིན་པ་དག་ཟིན་པར་བྱའོ་ཞེས་བཀའ་སྩལ་པས། ཚེ་དང་ལྡན་པ་ འཆར་ཀ་ནང་པར་སྔར་ལངས་ཏེ་འཕགས་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལམ་ཀར་དེ་མཐོང་ནས་སྨྲས་པ། བཙུན་པ་འཆར་ཀ་གར་བཞུད། དེས་སྨྲས་པ། བྲམ་ཟེ་ཞིག་གིས་བདག་ལས་བརྟེན་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་ འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པས་དེར་འགྲོའོ། །ཁྱིམ་བདག་གིས་སྨྲས་པ། བྲམ་ཟེ་དེ་ནི་མ་དད་པ་ལགས་ཀྱིས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་གདུགས་ཚོད་བཅད་པར་གྱུར་ན་མི་རུང་གིས་བདག་ཀྱང་མཆིའོ། །དེ་གཉིས་དེར་ དོང་བ་དང་། ཇི་ཙམ་ན་བྲམ་ཟེ་དེ་སྙིང་ལས་ཆུང་ངུར་འདུག་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་ལ་སྨྲས་པ། བྲམ་ཟེ་ཁྱོད་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ན། ཅིའི་ཕྱིར་སྙིང་ལས་ཆུང་ངུར་ འདུག །ཞལ་ཟས་སྟ་གོན་བྱེད་ན་ཅི་ཉེས། བྲམ་ཟེ་དེས་སྨྲས་པ། ཁོ་བོས་བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པ་དག་མ་མཐོང་ངམ་ཅི་ན། དགེ་སྦྱོང་མགོ་རེག་དག་ལ་སྦྱིན་པར་བྱེད། ཁྱོད་བདག་གི་ཁྱིམ་དུ་ཟན་ཟོ་ཞིག །ཁྱིམ་བདག་གིས་སྨྲས་པ། བྲམ་ ཟེ་ཅི་ཁོ་བོ་ལ་འབྱོར་པ་མེད་སྙམ་མམ། ཁོ་བོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཇི་སྲིད་འཚོའི་བར་དུ་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གིས་བསྙེན་བཀུར་བྱེད་པར་ཡང་སྤྲོ་མོད་ ཀྱི། འོན་ཀྱང་ཁོ་བོ་ཁྱོད་ལ་ཕན་གདགས་པའི་ཕྱིར་སྨྲས། ཁྱེད་སྙིང་ལས་ཆུང་ངུར་མ་འདུག་པར་ཞལ་ཟས་སྟ་གོན་གྱིས་ཤིག །འདི་ལྟར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ནི་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་དང་། བཙུན་མོ་ཕྲེང་ལྡན་མ་ དང་། རྒྱལ་རིགས་དབྱར་ཚུལ་མ་དང་། བླ་མཁྱེན་དྲང་སྲོང་བྱིན་དང་། རྙིང་པ་དང་། ཁོ་བོ་དང་། གཞན་ཡང་བྲམ་ཟེ་དང་། ཁྱིམ་བདག་རྒྱ་ཆེ་དགུ་དག་གིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པ་ཡིན་པས་ གལ་ཏེ་ཁྱོད་ལ་བརྟེན་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་བཅད་པར་གྱུར་ན། ཁྱོད་ལ་རྒྱལ་པོ་གདོན་མི་ཟ་བར་གནོད་པ་བྱེད་པར་འགྱུར་ཞིང་། ཁྱོད་ཕྱག་སྦལ་དུ་བཅུག་པས་འཆི་དགོས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ ཀྱང་ཡོད་པར་འགྱུར་རོ། །བྲམ་ཟེ་དེ་སྐྲག་སྟེ་བསམས་པ། དེ་ལྟར་འགྱུར་རོ་སྙམ་ནས་དེས་སྨྲས་པ། ཁྱིམ་བདག་བདག་གིས་ཞལ་ཟས་སྟ་གོན་མ་བྱས་ན་ད་ཇི་ལྟར་བྱ། ཁྱིམ་བདག་གིས་སྨྲས་པ། བྲམ་ཟེ་མཉན་ཡོད་ན་གང་ཉོ་བས་མི་རྙེད་པའི་རྫས་དེ་ལྟ་བུ་མེད་ ཀྱིས། ཀཱཪྵཱ་པ་ཎ་དག་འོན་ཅིག་དང་ཁོ་བོས་ཞལ་ཟས་སྟ་གོན་བྱའོ། །བྲམ་ཟེས་སྨྲས་པ། ཁྱིམ་བདག་ཀཱཪྵཱ་པ་ཎ་ཇི་སྙེད་དག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་གདུགས་ཚོད་འབྱོར་པར་འགྱུར། ཁྱིམ་བདག་གིས་སྨྲས་པ། ཀཱཪྵཱ་པ་ཎ་ལྔ་ བརྒྱས་སོ། །བྲམ་ཟེ་དེས་ཁྱིམ་བདག་ལ་ཀཱརྵཱ་པ་ཎ་ལྔ་བརྒྱ་ཕུལ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་དག་གི་སྟེང་དུ་ཀཱརྵཱ་པ་ཎ་གཞན་དག་གིས་ཀྱང་བསྣན་ཏེ་ཞལ་ཟས་སྟ་གོན་བྱས་སོ། །བྲམ་ཟེ་དེས་སྨྲས་པ། ཁྱིམ་བདག་བདག་ལ་བསྩང་སྡེར་དག་ཀྱང་མི་ བདོག་གོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བྲམ་ཟེ་ཁྱོད་བསྩང་སྡེར་དག་གིས་མ་འཚེར་པར་སྙིང་ལས་ཆུང་ངུར་འདུག་ཤིག་དང་། དེ་དག་དྲང་སྲོང་གི་སྣོད་དང་བཅས་ཏེ་གཤེགས་པར་འགྱུར་རོ། །དེ་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་ འདུན་གཤེགས་ཏེ་བཞུགས་ནས། དགེ་སློང་རྣམས་ཀྱིས་ལྷུང་བཟེད་དག་བྱི་དོར་བྱས་པ་བྲམ་ཟེ་དེས་མཐོང་ནས། དེས་བསམས་པ། རེ་ཞིག་སྣོད་དག་ཀྱང་བདག་གིས་བྱི་དོར་བྱ་མི་དགོས་སོ་སྙམ་ནས་དེ་མངོན་པར་དད་པར་གྱུར་ཏེ། ཚེ་དང་ལྡན་པ་འཆར་ཀ་ལ་སྨྲས་ པ། བཙུན་པ་འཆར་ཀ་ཁྱོད་བདག་གི་དགེ་བའི་བཤེས་གཉེན་ལགས་ཀྱིས། ཁྱོད་ཀྱིས་ཀྱང་བྲིམ་པ་མཛོད་ལ་སླད་ཀྱིས་བཤོས་གསོལ་ཅིག །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་དེ་གདན་ལས་ བཞེངས་ཏེ་གཤེགས་སོ། །དེ་ནས་བྲམ་ཟེ་དེས་སྨྲས་པ། བཙུན་པ་འཆར་ཀ་ད་ཁྱོད་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག །དེ་འདུག་པ་དང་། བྲམ་ཟེ་དེས་ཟས་བྲིམས་ཏེ་དེས་ཟས་ཀྱི་བྱ་བ་བྱས་པ་དང་། བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་ མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར་བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་ གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་ བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི