Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 003_འདུལ་བ།_ག
Văn bản gốc(Tây Tạng)
Trang 18 / 19 (50.000 ký tự/trang)
དེ་རྩེ་ བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཁ་དོག་བཟང་མོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བཙས་སོ། །དེ་བཙས་པ་ན་གྲོང་ཁྱེར་དེ་དག་ཐམས་ཅད་སྣང་བ་རྒྱ་ཆེན་པོས་སྣང་བར་བྱས་ཏེ། སྒྱུ་འཕྲུལ་ལ་ཇི་ལྟ་བ་བཞིན་དུ་དེའི་གཟུགས་བཟང་བ་རྣམ་པ་ཐམས་ཅད་དུ་དཔྱད་པར་མི་ནུས་སོ། །དེའི་བཙས་པའི་བཙས་སྟོན་ཡང་རྒྱ་ཆེར་བྱས་ནས་བུ་མོ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དེ། །བློན་པོ་རྣམས་ཀྱིས་སྨྲས་པ། སྒྱུ་འཕྲུལ་པས་འདི་ལྷག་པར་ གཟུགས་བཟང་བས་དེ་བས་ན་སྒྱུ་འཕྲུལ་ཆེན་མོ་ཞེས་བགྱི་བར་གདགས་སོ་ཞེས་བཏགས་སོ། །དེ་ཡང་བསྐྱེད་བསྲིངས་ནས་ཆེན་མོར་གྱུར་པ་དང་དེ་ལ་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་ཞིག་བཙའ་བར་འགྱུར་ཏེ། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་བསྟན་ཏོ། །རྒྱལ་པོ་ལེགས་པར་རབ་སད་ཀྱིས་རྒྱལ་པོ་སེང་གེའི་འགྲམ་ལ་ཕོ་ཉ་བཏང་སྟེ། བདག་ལ་བུ་མོ་གཉིས་ཤིག་བཙའ་བ་ནི་སྒྱུ་འཕྲུལ་དང་། སྒྱུ་འཕྲུལ་ཆེན་མོ་ལགས་ཏེ། དེ་ལ་གཅིག་ལ་ནི་མཚན་ཐམས་ཅད་ཕུན་སུམ་ ཚོགས་པའི་བུ་ཞིག་བཙའ་བར་འགྱུར་ཞིང་དེ་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ཅིག་ཤོས་ལ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པའི་བུ་ཞིག་བཙའ་བར་འགྱུར་ཞིང་དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ ཞེས་ལུང་བསྟན་གྱིས། འདི་གཉིས་ལས་གང་བཞེད་པ་གཞོན་ནུ་ཟས་གཙང་གི་ཆུང་མར་སྣོམས་ཤིག་སེང་གེ་འགྲམ་གྱིས་སླར་སྤྲིང་བ། གཉིས་ཀ་ཡང་གཞོན་ནུ་ལ་དགོས་མོད་ཀྱི། འོན་ཀྱང་ཆུང་མ་འདྲ་བ་གཉིས་གཅིག་ལ་གཞག་པར་མི་བྱ་བས་གང་ལ་སྐྱེས་བུ་ཆེན་ པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པའི་བུ་བཙའ་བར་འགྱུར་ཞིང་དེ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་པ་རེ་ཞིག་འདོད་དོ། །ཅིག་ཤོས་ཀྱང་ཚོགས་ལ་བརྟག་པར་བྱའོ། །དེས་དེ་འཁོར་ལྔ་བརྒྱ་དང་བཀྲིའོ། །དེའི་ཚེ་ཤཱཀྱ་ རྣམས་ཀྱི་ཕྱིར་རྒོལ་བ་སྐྱ་བསེང་ཞེས་བྱ་བ་རི་ཁྲོད་པ་དག་ཅིག་ཡོད་ནས་ཤཱཀྱ་རྣམས་འདུས་ཏེ་རྒྱལ་པོ་སེང་གེ་འགྲམ་གྱི་དྲུང་དུ་སོང་ནས་ལྷ་སྐྱ་བསེང་རི་ཁྲོད་པ་བདག་ཅག་ལ་གནོད་པ་བགྱིད་ཀྱིས་གྲོགས་མཛད་དུ་གསོལ། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་རྒས་པས་དེ་རྣམས་ དང་ལྷན་ཅིག་གཡུལ་སྤྲད་པར་མི་ནུས་སོ། །ལྷ་གཞོན་ནུ་ཟས་གཙང་གཏང་དུ་གསོལ། དམ་ཞིག་བཅའ་སྟེ། གལ་ཏེ་གཞོན་ནུ་ཇི་ལྟ་བུ་འདོད་པའི་དམ་པ་གཅིག་བསླངས་པ་དེ་སྦྱིན་པ་ལྟ་ན་གཏོང་ངོ་། །དེ་རྣམས་ཀྱིས་སྨྲས་པ། ལྷ་བཀའ་བཞིན་འཚལ་སྩལ་བར་ བགྱིའོ། །རྒྱལ་པོས་དཔུང་གི་ཚོགས་ཡན་ལག་བཞི་པ་གཞོན་ནུ་ཟས་གཙང་ལ་གཏད་ནས། དེས་རི་ཁྲོད་པ་དེ་རྣམས་བཅོམ་རབ་ཏུ་བཅོམ་སྟེ་རྨེག་བཏའོ། །དེ་ནས་ཤཱཀྱ་རྣམས་མགུ་ནས་རྒྱལ་པོ་སེང་གེ་འགྲམ་གྱི་དྲུང་དུ་དོང་སྟེ། ལྷ་གཞོན་ནུས་རི་ཁྲོད་པ་རྣམས་ བཅོམ་རབ་ཏུ་བཅོམ་སྟེ་རྨེག་བཏའ་ལགས་པས་བདག་ཅག་གློ་བ་དགའ་ན་གཞོན་ནུ་མཆོག་ཅི་བཞེད་གསུང་ཤིག་དབུལ་ལོ། །ཤེས་ལྡན་དག་ཤཱཀྱ་རྣམས་ཀྱི་ཁྲིམས་སུ་བཅའ་བ་སུས་ཀྱང་མཉམ་པ་ལས་ཆུན་མ་གཞག་པར་མི་བྱའོ་ཞེས་བཅས་སོ། །ལྷ་ཅི་ཁྲིམས་དྲལ་ལམ། དེས་སྨྲས་པ། ལྷག་པར་ཤིན་ཏུ་བསྡམ་གྱི་དྲལ་བར་མི་བྱ་ན། འོན་ཀྱང་གཞོན་ནུའི་དམ་པ་ཅིག་སློང་བ་ནི་མཉམ་པ་ལས་ཆུན་མ་བླང་བ་ཡིན་ནོ། །ལྷ་རུང་གིས་དེ་བཞིན་དུ་མཛོད་ཅིག །དེ་ནས་སེང་གེ་འགྲམ་གྱིས་ལེགས་པར་རབ་སད་ལ་ཕོ་ཉ་བཏང་ནས་ཁོ་བོས་ཚོགས་ལ་ བརྟགས་ཟིན་གྱིས། བུ་མོ་ཅིག་ཤོས་ཀྱང་བཀྲི་ཤིག །དེས་དེ་ཡང་འཁོར་ལྔ་བརྒྱ་དང་བཀྲི་སྟེ་གཞོན་ནུ་ཟས་གཙང་གིས་གཉིས་ཀ་བླངས་སོ། །ཇི་ཙམ་ན་དུས་གཞན་ཞིག་ན་རྒྱལ་པོ་སེང་གེ་འགྲམ་ཤི་ནས་སེར་སྐྱའི་གཞི་ན་རྒྱལ་པོ་ཟས་གཙང་རྒྱལ་སྲིད་བྱེད་དུ་འཇུག་སྟེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། ཆོམ་རྐུན་མེད་ཅིང་ནད་རབ་ཏུ་ཞི་བར་གྱུར་པ། འབྲས་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན་བུ་གཅིག་པ་ལ་སྡུག་པ་བཞིན་རྒྱལ་སྲིད་སྐྱོང་བར་བྱེད་དོ། །དེས་དུས་གཞན་ཞིག་ན་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་དང་། ལྷན་ཅིག་སྟེང་གི་ཁང་བཟངས་ཀྱི་གཞི་སྐྱེས་པ་མེད་པར་དོང་ནས་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་ སྤྱོད་པར་བྱེད་དོ། །འདི་ནི་ཆོས་ཉིད་ཡིན་ཏེ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན་འཇིག་རྟེན་ལ་གཟིགས་པ་ལྔས་གཟིགས་པར་མཛད་དེ། རིགས་ལ་གཟིགས་པ་དང་། ཡུལ་ལ་གཟིགས་པ་དང་། དུས་ལ་གཟིགས་པ་དང་། རྒྱུད་ལ་ གཟིགས་པ་དང་། བུད་མེད་ལ་གཟིགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་རིགས་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རིགས་ཇི་ལྟ་ བུ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། བྲམ་ཟེའི་རིགས་སམ། རྒྱལ་རིགས་ཀྱི་རིགས་སུ་ཡིན་ལ། དེ་ལ་རེས་འགའ་ནི་བྲམ་ཟེའི་རིགས་བཙུན་པར་བཀུར། རེས་འགའ་ནི་རྒྱལ་རིགས་ཏེ། ད་ལྟ་ནི་རྒྱལ་རིགས་བཙུན་པར་བཀུར་བར་གཟིགས་ནས། མ་ལ་ བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་རིགས་ངན་པར་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བར་བདག་གིས་རྒྱལ་རིགས་སུ་ཉིང་མཚམས་སྦྱོར་བ་བླང་བར་བྱའོ་སྙམ་མོ། །འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་མེད་པའི་དུས་ནས། སྨད་ པར་མི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྣམས་རིགས་ལ་གཟིགས་པར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་ གིས་ཡུལ་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཡུལ་ཇི་ལྟ་བུ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། འབྲས་དང་། བུ་རམ་ ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། སློང་མོ་བ་བརྒྱ་འདུ་བ། མཐའ་འཁོབ་ཀྱི་སྐྱེ་བོ་མེད་པ། དབུས་པའི་སྐྱེ་བོ་གནས་པའི་ཡུལ་ཡིན་པར་གཟིགས་ནས་འདི་སྙམ་དུ་དགོངས་ཏེ། ཡུལ་དབུས་འདི་ནི་བུ་རམ་ཤིང་གི་ཕྲེང་བ་དང་། འབྲས་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། སློང་མོ་བ་བརྒྱ་འདུ་བ། མཐའ་འཁོབ་ཀྱི་སྐྱེ་བོ་མེད་པ། དབུས་པའི་སྐྱེ་བོ་གནས་པ་ཡིན་གྱིས་མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔའ་ཡུལ་འཐའ་འཁོབ་རྣམས་སུ་ཉིང་མཚམས་སྦྱོར་བ་ བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བར་བདག་གིས་ཡུལ་དབུས་སུ་ཉིང་མཚམས་སྦྱོར་བ་བླང་བར་བྱ་སྙམ་མོ། །འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྣམས་ཡུལ་ལ་གཟིགས་པར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་དུས་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དུས་ཇི་ལྟ་བུ་ཞིག་ཏུ་འཛམ་བུའི་གླིང་དུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། སྐྱེ་དགུའི་ཚེ་ལོ་ཡར་སྐྱེ་བ་ན་བརྒྱད་ཁྲི་ཐུབ་པ་ཡན་ཆད་ཉིང་མཚམས་སྦྱོར་བ་མི་ལེན་ལ་མི་རྣམས་ཀྱི་ཚེ་ལོ་མར་འགྲིབ་པ་ན་བརྒྱ་ ཐུབ་པ་མན་ཆད་ཉིང་མཚམས་སྦྱོར་བ་མི་ལེན་ནོ། །བྱང་ཆུབ་སེམས་དཔའ་རྒྱུ་གང་གིས་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ཡན་ཆད་ཉིང་མཚམས་སྦྱོར་བ་ལེན་པར་མི་མཛད་ཅེ་ན། མི་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་ཡིད་འབྱུང་བར་དཀའ་ཞིང་སྐྱོ་བར་བྱ་བར་དཀའ་ལ། བླུན་ཞིང་དབང་པོ་རྟུལ་བ་དང་། བག་མེད་ཅིང་བདེ་བ་མང་བས་བདེན་པ་རྣམས་ཀྱི་སྣོད་དུ་མི་འགྱུར་བའི་ཕྱིར་རོ། །མར་འགྲིབ་པ་ལོ་བརྒྱ་མན་ཆད་དུ་ཡང་སྙིགས་མ་ལྔ་པོ་འདི་ལྟ་སྟེ། ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་ དང་། ལྟ་བའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་ཤས་ཆེ་བ་ཡིན་པས་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་སྙིགས་མ་ལྔ་ཤས་ཆེ་བའི་དུས་སུ་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་རོ་སྙམ་མོ། །འདི་ལྟར་བྱང་ཆུབ་སེམས་ དཔས་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྣམས་དུས་ལ་གཟིགས་པ་ཡིན་ནོ། །བྱང་ཆུབ་སེམས་ དཔའ་རྒྱུ་གང་གིས་རྒྱུད་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རྒྱུད་ཅི་འདྲ་བ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། རིགས་གང་ཞིག་བཙུན་པར་བཀུར་ ཞིང་མ་མེས་དང་ཕ་མེས་ཟུང་བདུན་གྱི་བར་སྤྱོད་པ་ལ་སྐྱོན་མེད་པ་ཡིན་པར་གཟིགས་ནས་དེ་འདི་སྙམ་དུ་དགོངས་ཏེ། ཤཱཀྱའི་རིགས་བརྒྱུད་འདི་ནི་བཙུན་པར་བཀུར་བ་ཡིན་ཞིང་མང་པོས་བཀུར་བ་ནས་བཟུང་སྟེ་སྤྱོད་པ་སྐྱོན་མེད་པ་ཡིན་གྱིས་མ་ལ་བདག་ལ་གཞན་དག་བྱང་ ཆུབ་སེམས་དཔས་རྒྱུད་ངན་པ་ལས་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བར་བདག་གིས་རྒྱལ་པོ་ཟས་གཙང་གི་རྒྱུད་དུ་ཉིང་མཚམས་སྦྱོར་བ་བླང་ངོ་སྙམ་མོ། །འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་མེད་པའི་དུས་ནས་སྨད་པར་མི་ འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྣམས་རྒྱུད་ལ་གཟིགས་པར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་བུད་མེད་ལ་གཟིགས་ པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་བུད་མེད་ཅི་འདྲ་བ་ཞིག་གི་རུམ་དུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། བུད་མེད་གང་ཞིག་གཟུགས་བཟང་མོ་དང་ལྡན་པ། ཚུལ་དང་ལྡན་པ། རིགས་དང་ལྡན་པ། རྒོད་བག་ཅན་མ་ཡིན་ལ་རིགས་འཕེལ་བར་འགྱུར་ཞིང་སྔོན་གྱི་སངས་རྒྱས་རྣམས་ལ་ཀྱེ་མ་བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། བྱང་ཆུབ་སེམས་དཔའ་རུམ་དུ་ཟླ་བ་བཅུར་འཛིན་ནུས་པ་དང་། རང་གི་དོན་ཡང་ཉམས་པར་མི་བྱེད་པ་ཡིན་པར་གཟིགས་ནས་འདི་སྙམ་དུ་དགོངས་ཏེ། སྒྱུ་འཕྲུལ་ཆེན་མོ་འདི་ནི་མ་མེས་དང་། ཕ་མེས་ཟུང་བདུན་གྱི་བར་སྤྱོད་པ་ལ་སྐྱོན་མེད་ཅིང་གཟུགས་དང་ལྡན་པ་དང་། ཚུལ་དང་ལྡན་པ་དང་། རྒོད་བག་ཅན་མ་ཡིན་པ་དང་། རིགས་ འཕེལ་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་རུམ་དུ་ཟླ་བ་བཅུར་འཛིན་ནུས་པ་དང་། རང་གི་དོན་ཡང་མི་ཉམས་པ་ཡིན་ལ། འདི་ལྟར་སྒྱུ་འཕྲུལ་ཆེན་མོས་སྔོན་སངས་རྒྱས་རྣམས་ལ་ཀྱེ་མ་བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ཡང་ཡིན་ པས་བདག་ལ་གཞན་དག་བྱང་ཆུབ་སེམས་དཔའ་མཚན་ངན་པ་དང་ལྡན་པའི་བུད་མེད་ཀྱི་རུམ་དུ་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་རོ་སྙམ་མོ། །འདི་ལྟར་བྱང་ཆུབ་སེམས་དཔས་སྨད་པར་མི་འགྱུར་བའི་ལས་བྱས་ཤིང་བསགས་པ་ དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྣམས་བུད་མེད་ལ་གཟིགས་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔས་གཟིགས་པ་ལྔ་གཟིགས་ནས་འདོད་པ་ན་སྤྱོད་པའི་ལྷའི་རིས་ དྲུག་ལ་ལན་གསུམ་དུ་བསྒྲགས་པ། གྲོགས་པོ་དག་དགའ་ལྡན་གྱི་ལྷའི་རིས་འདི་ནས་ང་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་རྒྱལ་པོ་ཟས་གཙང་གི་ཆུང་མ་དམ་པའི་རུམ་དུ་ཉིང་མཚམས་སྦྱོར་བ་བླངས་ལ་དེའི་བུར་གྱུར་ཏེ་བདུད་རྩི་རྟོགས་པར་བྱས། ཁྱོད་ཅག་ལས་གང་དག་ བདུད་རྩི་དོན་དུ་གཉེར་བ་དེ་ཕལ་ཆེར་ཡུལ་དབུས་ཀྱི་མི་རྣམས་སུ་ཉིང་མཚམས་སྦྱོར་བ་ལོངས་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་མཁྱེན་པར་མཛོད་ ཅིག །ད་ལྟར་འཇིག་རྟེན་ནི་སྡིག་པས་གོས་པ། སྐྱེ་དགུ་ནི་མ་རུངས་པའི་བསམ་པ་ཅན། འཛམ་བུའི་གླིང་རྟོག་གེ་པ་དྲུག་དང་། རྗེས་སུ་སྒྲོགས་པ་དྲུག་དང་། སྙོམས་པར་འཇུག་པ་དྲུག་གིས་དཀྲུགས་པ་ལགས་སོ། །དེ་ལ་རྟོག་གེ་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་འཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུའོ། །རྗེས་སུ་སྒྲོགས་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། བྲམ་ཟེ་རྒྱུས་ རྒྱལ་དང་། བྲམ་ཟེ་གནས་རྡེག་དང་། བྲམ་ཟེ་བཟང་ལྡན་དང་། བྲམ་ཟེ་ཚངས་པའི་ཚེ་དང་། བྲམ་ཟེ་པད་མའི་སྙིང་པོ་དང་། བྲམ་ཟེ་དམར་པོའོ། །སྙོམས་པར་འཇུག་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ དང་། ཀུན་དུ་རྒྱུ་ལེགས་བཟང་དང་། བྲམ་ཟེའི་ཁྱེའུ་ཀུན་རྒྱལ་དང་། དྲང་སྲོང་མ་བཅིངས་པ་དང་། ལྟེང་རྒྱས་འོད་སྲུང་རལ་བ་ཅན་ནོ། །འདིར་ནི་ཆོས་མཉན་པའི་སླད་དུ་བྱང་ཆུབ་སེམས་དཔའི་གདན་དཔག་ཚད་བཅུ་གཉིས་པ་བཤམ་པར་བགྱི་ཞིང་བདག་ཅག་འདི་ སྙམ་དུ་བདག་ཅག་ལ་དགའ་ལྡན་གྱི་གནས་ན་བྱང་ཆུབ་སེམས་དཔའ་བཞུགས་པས་ཆོས་བཤད་དེ། ཆོས་དེ་བདག་ཅག་གིས་ཐོས་ནས་ཅི་ནས་ཀྱང་བདག་ཅག་གི་ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བར་འགྱུར་བ་དེ་ལྟ་དེ་ལྟར་བསྒྲུབ་པར་བགྱི་བར་སེམས་ལགས་སོ། ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་དེའི་ཕྱིར་རོལ་མོའི་ཆ་བྱད་ཐམས་ཅད་རྡུངས་ཤིག །དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་རོལ་མོའི་ཆ་བྱད་ཐམས་ཅད་བརྡུངས་པ་དང་བྱང་ ཆུབ་སེམས་དཔས་ཀྱང་དུང་བུས་ཏེ་སྨྲས་པ། གྲོགས་པོ་དག་འདི་ལ་སྒྲ་ལྷག་པར་གང་ཆེ། བཅོམ་ལྡན་འདས་དུང་གི་སྒྲ་ལགས་སོ། །གྲོགས་པོ་དག་ཇི་ལྟར་དུང་གི་སྒྲས་རོལ་མོའི་ཆ་བྱད་ཐམས་ཅད་ཟིལ་གྱིས་མནན་ཏེ། གནས་པ་དེ་བཞིན་དུ་ངས་ཀྱང་ འཛམ་བུའི་གླིང་དུ་སོང་ལ་རྟོག་གེ་པ་དྲུག་དང་། རྗེས་སུ་སྒྲོགས་པ་དྲུག་དང་། སྙོམས་པར་འཇུག་པ་དྲུག་ཟིལ་གྱིས་མནན་ནས་བདུད་རྩི་རྟོགས་པར་བྱས་ཏེ་བདུད་རྩིས་འགྲོ་བ་ཚིམ་པར་བྱའོ། །མི་རྟག་པའི་དུང་འབུད་པར་བྱའོ། །སྟོང་པ་ཉིད་ཀྱི་རྔ་བརྡུང་བར་བྱའོ། །བདག་ མེད་པའི་སེང་གེའི་སྒྲ་བསྒྲགས་པར་བྱའོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། སེང་གེ་གཅིག་གིས་གཅན་གཟན་ཚོགས་ནི་དུ་མ་འཇོམས། །རྡོ་རྗེ་གཅིག་གིས་བྲག་གི་རྩེ་མོ་དུ་མ་འཇིག །བརྒྱ་བྱིན་གཅིག་གིས་ལྷ་མ་ཡིན་དབང་དུ་མ་འཇོམས། །ཉི་མ་གཅིག་གིས་ མུན་པ་དུ་མ་རྣམ་པར་སེལ། །གྲོགས་པོ་དག་ཁྱེད་ཅག་ལས་གང་བདུད་རྩི་དོན་དུ་གཉེར་བ་དེ་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ཉིང་མཚམས་སྦྱོར་བ་ལོང་ཤིག །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ འདི་ནི་བཙུན་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཉིང་མཚམས་སྦྱོར་བ་ལེན་པར་བཞེད་ཀྱིས། མ་ལ་བདག་གིས་དེ་ལ་གཟི་བརྗིད་བསྒྲུབ་པར་བྱ། ལྷུམས་ཀྱང་སྦྱང་བར་བྱའོ་སྙམ་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟི་བརྗིད་བསྒྲུབས་ཤིང་ ལྷུམས་ཀྱང་གཙང་མར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་གཟིགས་པ་ལྔས་གཟིགས་ཏེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ལན་གསུམ་དུ་བསྒྲགས་ནས་ནམ་གྱི་གུང་ཐུན་ལ་གླང་པོ་ཆེར་བསྟན་ཏེ། བཙུན་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་ སུ་ཞུགས་སོ། །སྨྲས་པ། འགྲོ་བ་ཡོངས་སུ་བསྐྱབ་ཕྱིར་དམ་བཞེས་ནས། །ལྷ་རྣམས་ལ་བསྒོ་དེ་ནས་ཤི་འཕོས་ཏེ། །ནང་པར་སྤྲིན་རུམ་ཉི་མ་གསར་འཆར་ལྟར། །དེ་ནི་བུ་རམ་ཤིང་པའི་ལྷུམས་སུ་ཞུགས། །འདི་ལྟར་སྒྱུ་འཕྲུལ་ཆེན་མོའི་རྨི་ལམ་བཞི་རྨིས་པ། གླང་པོ་ཆེ་དམ་པ་དཀར་པོ་ མཆེ་བ་དྲུག་པ་ཞིག་བདག་གི་རུམ་དྲལ་ནས་ཞུགས་པ་དང་། སྟེང་གི་ནམ་མཁའ་ལ་འགྲོ་བ་དང་། རི་བྲག་ཆེན་པོ་ལ་འཛེག་པ་དང་། བདག་ལ་སྐྱེ་བོའི་ཚོགས་ཆེན་པོ་ཕྱག་བྱེད་པའོ། །དེས་རྒྱལ་པོ་ཟས་གཙང་ལ་སྨྲས་པ་དང་། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་རྨི་ལམ་སྟོན་ མཁན་དང་། མཚན་མཁན་གྱི་བྲམ་ཟེ་རྣམས་ཁུག་ཤིག །དེ་དག་གིས་རྨི་ལམ་སྟོན་མཁན་དང་། མཚན་མཁན་གྱི་བྲམ་ཟེ་རྣམས་བཀུག་པ་དང་། དེ་ནས་རྒྱལ་པོས་དེ་རྣམས་ལ་རྨི་ལམ་བསྙད་པ་ལས། དེ་རྣམས་ཀྱིས་སྨྲས་པ། ལྷ་བསྟན་བཅོས་ལས་ཇི་ལྟར་གཡར་སྔར་བབ་པ་དང་སྦྱར་ན་སྲས་ སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་བལྟམ་པར་འགྱུར་ཏེ། གལ་ཏེ་ཁྱིམ་པ་ཁྱིམ་ན་གནས་པར་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་ བྱུང་བར་གྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ།། །།བར་སྡོམ་ལ། འཆི་འཕོ་ལྷ་དང་རིན་པོ་ཆེ། །ཟུར་བརྒྱད་དུབ་དང་བརྟུལ་ཞུགས་བརྟན། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་ དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ས་ཆེན་པོ་འདི་ཤིན་ཏུ་གཡོས་པར་གྱུར། འཇིག་རྟེན་འདི་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཅིང་འཇིག་རྟེན་ན་འཇིག་རྟེན་གྱི་བར་གྱི་མུན་པ་མུན་གནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་ འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་དག་གིས་ཀྱང་འོད་ཀྱིས་སྣང་བར་མི་ནུས་པ་དེ་དག་ཀྱང་དེའི་ཚེ་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཏོ། །དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་ལས་དེ་རྣམས་སྣང་བ་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་ སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་བྱ་བར་ཤེས་སོ། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་ལ་མིའམ་མི་མ་ཡིན་པ་སུས་ཀྱང་འཚེ་བར་མི་ འགྱུར་བར་ལྷའི་བུ་བཞི་ཡུམ་གྱི་སྲུང་མར་འཇོག་པ་ནི་ལག་ན་རལ་གྲི་དང་། ལག་ན་མདུང་དང་། ལག་ན་མདུང་ཐུང་དང་། ལག་ན་མདའ་བོ་ཆེའོ། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་ཞུགས་པ་ནི་མཛོད་ཀྱི་ནང་དུ་རྫས་བཞག་ པ་བཞིན་དུ་མངལ་གྱི་དྲི་མ་དང་། ཤ་མའི་དྲི་མ་དང་། ཁྲག་གི་དྲི་མ་དང་། མི་གཙང་བ་གང་ཡང་རུང་བ་སྣ་ཚོགས་ཀྱིས་མ་སྦགས་སོ། །དཔེར་ན་ནོར་བུ་རིན་པོ་ཆེ་ཀ་ཤིའི་རས་ཀྱིས་མི་གོས་པ་དང་། ཀ་ཤིའི་རས་ཀྱང་ནོར་བུ་རིན་པོ་ཆེས་མི་གོས་པ་དེ་བཞིན་དུ། གང་ གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་བཞུགས་པ་ན་མཛོད་ཀྱི་ནང་དུ་རྫས་བཞག་པ་བཞིན་དུ་མངལ་གྱི་དྲི་མ་དང་། ཤ་མའི་དྲི་མ་དང་། ཁྲག་གི་དྲི་མ་དང་། མི་གཙང་བ་གང་ཡང་རུང་བ་སྣ་ཚོགས་པས་མ་སྦགས་སོ། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་ དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ཡུམ་གྱི་ལྷུམས་ན་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པས་བཞུགས་པ་མཐོང་ངོ་། །དཔེར་ན་ནོར་བུ་རིན་པོ་ཆེ་ནི་བཻ་ཌཱུརྱ་ཟུར་བརྒྱད་པ་བཟང་པོའི་རིགས་དང་ལྡན་པ། དང་བ། གསལ་བ། དྲི་མ་མེད་པ་ཚོན་སྐུད་ སྣ་ལྔ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་ལ་བརྒྱུས་པ་དེ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན་འདི་ནི་སྐུད་པའོ། །འདི་ནི་ནོར་བུའོ། །སྐུད་པ་འདི་ལ་ནོར་བུ་བརྒྱུས་པ་ཡིན་ནོ་ཞེས་ཤེས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བཅོམ་ལྡན་ འདས་གང་གི་ཚེ་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་ཡུམ་གྱི་ལྷུམས་ན་དེ་ཐམས་ཅད་ཡོངས་སུ་རྫོགས་པས་བཞུགས་པ་མཐོང་ངོ་། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་དེའི་ཡུམ་འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའ་འཛིན་པས་ངལ་བའམ་ལུས་དུབ་པར་འགྱུར་བ་མེད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་ཡུམ་དེང་ཕན་ཆད་ཇི་སྲིད་འཚོའི་བར་དུ་བརྟུལ་ཞུགས་ལྔའི་གཞི་བླངས་པར་གྱུར་ཏེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་ པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་གོ། །མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། སྦྱར་བའི་ཆང་དང་། འབྲུའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། སྦྱར་བའི་ཆང་དང་འབྲུའི་ཆང་མྱོས་པར་འགྱུར་བ་བག་མེད་ པའི་གནས་ལས་སླར་ལྡོག་པར་བྱེད་དོ། །སྲོག་མི་གཅོད་དང་མ་བྱིན་མི་ལེན་དང་། །བརྫུན་དུ་མི་སྨྲ་ཆང་ལ་མི་བརྐམ་དང་། །འཁྲིག་པའི་མི་ཚངས་སྤྱོད་པ་སྤོང་བ་འདི། །འདི་ནི་དོན་གྲུབ་ཡུམ་གྱི་ཆོས་ཉིད་ཡིན། ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་ འདས་ཡུམ་གྱི་ལྷུམས་སུ་བཞུགས་པ་དེའི་ཚེ་དེའི་ཡུམ་འདི་ལྟ་སྟེ། སྐྱེས་པ་རྣམས་ལ་འདོད་པ་དང་ལྡན་པའི་ཡིད་གཏོད་པ་མེད་དོ། །ཉོན་མོངས་རྣམས་ལ་ཆགས་པར་མི་འགྱུར་ཞིང་། །དེ་ནི་འདོད་རྒྱུས་སེམས་གདུངས་མི་འགྱུར་ལ། །དེ་ཡུམ་འདོད་པའི་ཡོན་ཏན་ལྡན་པ་ཡི། །སྐྱེས་ པ་རྣམས་ལ་སེམས་ནི་གཏོད་པ་མེད། །སྒྱུ་འཕྲུལ་ཆེན་མོ་འདོད་པ་སྐྱེས་པ། ཀྱེ་མ་བདག་གིས་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བཏུང་ངོ་སྙམ་ནས་དེས་རྒྱལ་པོ་ཟས་གཙང་ལ་སྨྲས་པ་དང་། རྒྱལ་པོ་ཟས་གཙང་གིས་མཚན་མཁན་རྣམས་ལ་སྨྲས་པ། ཅིའི་ཕྱིར་བཙུན་མོ་འདི་འདི་ལྟ་བུའི་འདོད་པ་སྐྱེ། མཚན་མཁན་རྣམས་ཀྱིས་སྨྲས་པ། ལྷ་བཙུན་མོ་ལ་སྲས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་སྐུ་བརྒྱན་པ་ཞིག་བལྟམ་པར་འགྱུར་ཏེ། དེ་རབ་ཏུ་བྱུང་ནས་ཤེས་བྱའི་མཚོ་མཐའ་དག་འཐུང་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །རྒྱལ་པོས་སྨྲས་པ། གལ་ཏེ་འདི་ལ་མཚོ་ ཆེན་པོའི་ཆུ་མ་བླུད་ན་ཅིར་འགྱུར། སྲས་ཡན་ལག་མ་ཚང་བ་ཞིག་བཙས་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ང་མིང་ཟས་གཙང་མ་ཞེས་བྱ་བའི་བུ་ཡན་ལག་མ་ཚང་བར་བྱའམ། དེའི་ཚེ་གྲོང་ཁྱེར་སེར་སྐྱའི་གཞི་ན་ཀུན་དུ་རྒྱུ་མིག་དམར་ཞེས་བྱ་བ་མིག་འཕྲུལ་ལ་བྱང་བ་ཞིག་ འདུག་པ་དེ་རྒྱལ་པོས་བཀུག་ནས་བསྒོ་བ་དང་། དེས་དེ་སྟེང་གི་ཁང་བཟངས་ཀྱི་གཞི་ན་འདུག་པ་ལ་རྒྱ་མཚོ་ཆེན་པོ་བཞི་བསྟན་ཏེ་ཆུ་བླུད་པ་དང་། དེའི་འདོད་པ་སྐྱེས་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །གཞན་ཡང་དེའི་འདོད་པ་སྐྱེས་པ། ཀྱེ་མ་བཙོན་ཐམས་ཅད་ཐར་བར་བྱའོ། ། སྙམ་པ་དང་། རྒྱལ་པོས་བཙོན་ཐམས་ཅད་ཐར་བར་བྱས་ནས། དེའི་འདོད་པ་སྐྱེས་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །གཞན་ཡང་དེའི་འདོད་པ་སྐྱེས་པ། ཀྱེ་མ་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱའོ་སྙམ་པ་དང་། རྒྱལ་པོས་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ནས་དེའི་འདོད་པ་སྐྱེས་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །གཞན་ཡང་དེའི་འདོད་པ་སྐྱེས་པ། ཀྱེ་མ་བདག་གིས་སྐྱེད་མོས་ཚལ་བལྟའོ་སྙམ་པ་དང་། རྒྱལ་པོས་སྐྱེད་མོས་ཚལ་བསྟན་ནས་དེའི་འདོད་པ་སྐྱེས་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །གཞན་ ཡང་དེའི་འདོད་པ་སྐྱེས་པ། ཀྱེ་མ་བདག་སྐྱེད་མོས་ཚལ་དུ་འདུག་པར་བྱའོ་སྙམ་པ་དང་། རྒྱལ་པོ་ལེགས་པར་རབ་སད་ལ་ལུམ་བི་ནིའི་ཚལ་ཞེས་བྱ་བའི་སྐྱེད་མོས་ཚལ་ཡོད་ནས་དེ་ལ་རྒྱལ་པོ་ཟས་གཙང་གིས་སྤྲིང་བ། ཁྱོད་ཀྱི་བུ་མོ་སྐྱེད་མོས་ཚལ་དུ་འགྲོ་བར་འདོད་ཀྱིས་སྐྱེད་མོས་ ཚལ་བྱི་དོར་བྱོས་ཤིག །དེས་ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་ལྡན་དག་སྐྱེད་མོས་ཚལ་བྱི་དོར་བྱོས་ཤིག །དེ་རྣམས་ཀྱིས་སྐྱེད་མོས་ཚལ་བྱི་དོར་བྱས་སོ། །དེ་ནས་དེ་འཁོར་རྣམས་དང་ལྷན་ཅིག་དོང་ངོ་། །དེ་ནས་དེས་ལུམ་བི་ནིའི་ཚལ་དུ་འཆག་པ་ན་ཤིང་མྱ་ངན་འཚང་མེ་ ཏོག་ཤིན་ཏུ་རྒྱས་པ་ཞིག་མཐོང་སྟེ། དེ་བལྟམ་པར་འདོད་ནས་དེ་ལ་བཟུང་སྟེ་འདུག་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། བྱང་ཆུབ་སེམས་དཔའི་ཡུམ་ནི་ངོ་ཚ་ཤེས་པ་དང་ལྡན་པས་སྐྱེ་བོའི་ཚོགས་ཆེན་པོས་བསྐོར་ན་བལྟམ་མི་ཕོད་ཀྱིས་ཐབས་ཤིག་བཤམ་ པར་བྱའོ་སྙམ་ནས་དེས་རླུང་དང་ཆར་དྲག་པོ་ཅིག་སྤྲུལ་ནས་དེས་སྐྱེ་བོའི་ཚོགས་དེ་ཀུན་དུ་བྲོས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བདག་ཉིད་མ་མ་རྒན་མོའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་བཙུན་མོ་སྒྱུ་འཕྲུལ་ཆེན་མོའི་མདུན་དུ་བསྡད་པ་དང་། དེས་བལྟམ་པར་བརྩམས་སོ། ། བྱང་ཆུབ་སེམས་དཔའ་བལྟམ་པ་དང་། བརྒྱ་བྱིན་གྱིས་པགས་པའི་སླེབ་མོས་བཟུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། བརྒྱ་བྱིན་འདི་བདག་གིས་བྱང་ཆུབ་སེམས་དཔའ་བླངས་སོ་ཞེས་དྲེགས་པར་འགྱུར་བར་མཁྱེན་ནས་བདག་ཉིད་རྡོ་རྗེའི་སྐུར་བྱིན་ གྱིས་བརླབས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདར་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་བཀའ་སྩལ་པ། ཀཽ་ཤི་ཀ་ང་ཐོང་ཤིག །ཐོང་ཤིག །ཕར་ཐོང་ཤིག །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་བལྟམ་པ་དེའི་ཚེ་ཡང་ས་ཆེན་ པོ་འདི་ཡང་གཡོས་པར་གྱུར་ཞེས་བྱ་བ་ནས་ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། །།འདུལ་བ་གཞི། བམ་པོ་བརྒྱད་བཅུ་གཉིས་པ། ཆོས་ཉིད་ཀྱིས་ གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ནས་བལྟམ་པ་ན་རལ་གྲི་ཤུབས་ནས་ཕྱུང་བ་བཞིན་དུ་མངལ་གྱི་དྲི་མ་དང་། ཤ་མའི་དྲི་མ་དང་། ཁྲག་གི་དྲི་མ་དང་། མི་གཙང་བ་གཞན་དང་གཞན་སྣ་ཚོགས་ཀྱིས་མ་གོས་སོ། །ཆོས་ཉིད་ཀྱིས་གང་གི་ ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ནས་བལྟམ་པ་དེའི་ཚེ་དེའི་ཡུམ་མི་འདུག་མི་ཉལ་འགྲེང་བཞིན་དུ་རྒྱལ་རིགས་མ་དེས་རྒྱལ་རིགས་བལྟམ་པར་བྱེད་དོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ལ་སུས་ཀྱང་མ་བཟུང་བར་ཕྱོགས་བཞིར་ གཟིགས་ནས་གོམ་པ་བདུན་བདུན་འདོར་ཞིང་ཚིག་ཏུ་ཡང་གསུངས་པ། འདི་ནི་ཤར་ཕྱོགས་ཡིན་ཏེ། མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ། །འདི་ནི་ལྷོ་ཕྱོགས་ཡིན་ཏེ། འགྲོ་བ་མཐའ་དག་གི་ཡོན་གནས་སུ་གྱུར་པར་བྱའོ། །འདི་ནི་ནུབ་ཕྱོགས་ཡིན་ ཏེ། ངའི་སྐྱེ་བ་ཐ་མ་ནི་འདི་ཡིན་པར་འགྱུར་རོ། །འདི་ནི་བྱང་ཕྱོགས་ཡིན་ཏེ། སྲིད་པའི་མཚོ་ལས་བརྒལ་བར་བྱའོ། །དེའི་དབུའི་སྟེང་ནས་ལྷ་རྣམས་གདུགས་དཀར་པོ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དག་འཛིན་ཏོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་ མོད་ལ་བར་སྣང་ལས་ཆུ་བསིལ་བ་གཅིག་དང་། ཆུ་དྲོན་པོ་གཅིག་སྟེ་ཆུ་གཉིས་ཀྱི་རྒྱུན་སྤྱི་གཙུག་གི་སྟེང་དུ་འབབ་ཅིང་དེས་བྱང་ཆུབ་སེམས་དཔའ་ཁྲུས་མཛད་དོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ལ་བསྐྲུན་པའི་ཡུམ་གྱི་མདུན་དུ་ཆུ་མིག་ཆེན་པོ་བྱུང་ནས་ འབབ་པར་གྱུར་ཏེ། དེ་ལ་དེའི་ཡུམ་ཆུས་ཆུའི་བྱ་བ་བྱེད་དོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ལ་ལྟས་བར་སྣང་ལས་ལྷའི་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཨ་ག་རུའི་ཕྱེ་མ་དང་། རྒྱ་ སྤོས་ཀྱི་ཕྱེ་མ་དང་། ཙན་དན་གྱི་ཕྱེ་མ་དང་ཏ་མ་ལའི་འདབ་མས་འཐོར་རོ། །ལྷའི་མེ་ཏོག་མན་དཱ་ར་བས་ཀྱང་འཐོར་རོ། །ལྷའི་སིལ་སྙན་རྣམས་ཀྱིས་ཀྱང་སྒྲ་འབྱིན་ཏོ། །གོས་དག་ཀྱང་འཐོར་བར་བྱེད་དོ།། །།བར་སྡོམ་ལ། བལྟམ་དང་བཞེངས་དང་གོམ་པ་ བདུན། །ཆུ་རྒྱུན་གཉིས་དང་ཆུ་མིག་ལྷ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བལྟམ་པ་དེ་ཉིད་ཀྱི་ཚེ་རྒྱལ་པོ་བཞི་ཡང་བུ་བཙས་ཏེ། མཉན་ཡོད་དུ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱི་བུ་བཙས་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་ བཙས་པ་ན་ཡུལ་གསལ་བ་གསལ་བ་བཞིན་དུ་སྣང་བས་དེ་བས་ན་འདིའི་མིང་གསལ་རྒྱལ་ཞེས་བྱ་བར་གདགས་སོ་ཞེས་བཏགས་སོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་པད་མ་ཆེན་པོའི་བུ་བཙས་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་ རྟེན་ཉི་མའི་གཟུགས་ཤར་བ་ལྟར་སྣང་ཞིང་གཟུགས་ཅན་མའི་བུ་ཡིན་པས་འདིའི་མིང་གཟུགས་ཅན་སྙིང་པོ་ཞེས་བྱ་བར་གདགས་སོ་ཞེས་བཏགས་སོ། །ཀཽ་ཤཱམྦཱི་ན་རྒྱལ་པོ་དམག་བརྒྱ་པའི་བུ་བཙས་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་ རྟེན་ཉི་མ་ཤར་བ་ལྟར་སྣང་བར་གྱུར་པས་འདིའི་མིང་ཤར་བ་ཞེས་བྱ་བར་གདགས་སོ་ཞེས་བཏགས་སོ། །གྲོང་ཁྱེར་འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་སྒྲོན་མ་ལྟར་ སྣང་བར་གྱུར་པས་འདིའི་མིང་རབ་སྣང་ཞེས་བྱ་བར་གདགས་སོ་ཞེས་བཏགས་ཏེ་དེ་ནི་དེ་ལྟ་མ་ཡིན་ནོ། །འོན་ཀྱང་དེ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་མཐུ་ཡིན་ནོ། །རི་བོ་ཀུན་འཛིན་ལ་དྲང་སྲོང་ཉོན་མོངས་མེད་ཅེས་བྱ་བ་འཇིག་པ་ལ་མཁས་འཆགས་པ་ལ་མཁས་པ་ ཞིག་གནས་ཏེ། དེའི་ཚ་བོ་ནི་མེས་བྱིན་ཞེས་བྱའོ། །དེས་དེ་ལ་དུས་དུས་སུ་འཇིག་པའི་གཏམ་དང་འཆགས་པའི་གཏམ་སྨྲས་པས་དེ་དེ་ལས་རབ་ཏུ་བྱུང་ངོ་། །བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་བལྟམ་པ་ན་འཇིག་རྟེན་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་ གྱུར་ཏོ། །དེའི་ཚེ་མེས་བྱིན་ཕུག་ཏུ་ཞུགས་ཏེ་བསམ་གཏན་བྱེད་པ་ན་དེས་སྣང་བ་དེ་མཐོང་ནས་ཉོན་མོངས་མེད་ལ་སྨྲས་པ། མཁན་པོ། འདིར་ནི་ཉི་མ་ཐམས་ཅད་དག །ཅིག་ཆར་བྱུང་བར་གྱུར་ཏམ་ཅི། །འདི་ལྟར་རི་ནི་ཕུག་བཅས་པ། །འདི་ནི་འོད་ཀྱིས་གསལ་བར་གྱུར། ། ཉོན་མོངས་མེད་ཀྱིས་དེ་ལ་སྨྲས་པ། ཉི་མའི་འོད་ནི་རྒྱུན་དུ་རྣོ། །བུ་གཅིག་སྣང་བ་འདི་དག་ནི། །ཡན་ལག་རེག་ན་འོད་བསིལ་བས། །ངེས་པར་ཐུབ་པ་དེ་ཡི་འོད། །བྱང་ཆུབ་སེམས་དཔའ་འོད་ཆེན་ཡིན། །ངེས་པར་ལྷུམས་ནས་བལྟམ་གྱུར་ལ། །བལྟམ་ནས་སེམས་ དཔའ་ཆེན་པོ་དེའི། །འོད་ཟེར་གསེར་དང་འདྲ་བ་ནི། །དྲི་མ་མེད་པ་འདི་དག་གིས། །འཇིག་རྟེན་གསུམ་ནི་སྣང་བར་བྱས། །མེས་བྱིན་གྱིས་སྨྲས་པ། མཁན་པོ་བདག་བྱང་ཆུབ་སེམས་དཔའ་ལྟར་མཆིའོ། །དེས་སྨྲས་པ། བུ་ད་ལྟར་བྱང་ཆུབ་སེམས་དཔའ་དབང་ཆེ་ བ་དང་། དབང་ཆེ་བའི་ལྷ་རྣམས་ཀྱིས་བསྐོར་ཞིང་བཞུགས་པས་གང་ཡང་བདག་ཅག་གིས་སྐབས་མི་རྙེད་པའི་གནས་འདི་ཡོད་དོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་སེར་སྐྱའི་གཞིར་བྱོན་ནས་དེའི་མིང་འདོགས་པ་དེའི་ཚེ་བདག་ཅག་བལྟ་བའི་ཕྱིར་འདོང་ངོ་། །གང་ གི་ཉི་མ་ཁོ་ན་ལ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་བལྟམ་པ་དེ་ཉིད་ཀྱི་ཉི་མ་ཁོ་ན་ལ་རྒྱལ་པོ་ཟས་གཙང་གི་རིམ་གྲོ་བ་རྣམས་ལས་འདུན་པ་ལ་སོགས་ཏེ་ལྔ་བརྒྱ་དང་། རིམ་གྲོ་མ་རྣམས་ལས་འདུན་མ་ལ་སོགས་ཏེ་ལྔ་བརྒྱ་བཙས་སོ། །བལ་གླང་མོ་ལྔ་བརྒྱ་དང་། རྟ་རྒོད་མ་ལྔ་བརྒྱ་ལ་ཡང་ འབྲངས་སོ། །གཏེར་ལྔ་བརྒྱའི་ཁ་ཡང་ཉེ་བར་སྣང་ངོ་། །ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་དཔྱ་ཕུལ་ཏེ། བློན་པོ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་ཇི་ལྟར་གྱུར་པ་སྨྲས་པ་དང་། རྒྱལ་པོས་བསམས་པ། བདག་གི་བུ་བཙས་པ་ན་དོན་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ ཅད་ཡོངས་སུ་རྫོགས་པར་གྱུར་པས་གཞོན་ནུའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་གདགས་སོ་ཞེས་དེ་ན་བྱང་ཆུབ་སེམས་དཔའ་ལ་མིང་འདི་ཐོག་མར་བཏགས་ཏེ། འདི་ལྟ་སྟེ་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ། །གྲོང་ཁྱེར་སེར་སྐྱའི་གཞི་ན་གནོད་སྦྱིན་ཤཱཀྱ་འཕེལ་ ཞེས་བྱ་བ་ཞིག་གཉུག་མར་གནས་སོ། །ཤཱཀྱ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་ཤཱཀྱ་སུ་ཡང་རུང་བ་ལ་ཁྱེའུའམ་བུ་མོ་བཙས་པ་གང་ཡིན་པ་དེ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་རྐང་པ་ལ་ཕྱག་འཚལ་དུ་གཞུག་པའི་ཕྱིར་ཁྲིད་པ་ཡིན་པས་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་ དག་དེང་ལ་གཞོན་ནུ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་རྐང་པ་ལ་ཕྱག་འཚལ་དུ་ཆུག་ཤིག །ལྷ་བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་མཉན་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་ཁྱོགས་ཀྱི་སྟེང་དུ་བྱང་ཆུབ་སེམས་དཔའ་བཞག་ནས་གྲོང་ཁྱེར་སེར་སྐྱའི་གཞིར་འཇུག་པར་ བརྩམས་པ་ན། སེར་སྐྱའི་གཞིའི་ཤཱཀྱ་གཏུམ་པོ་གཟུ་ལུམས་ཅན། རྩུབ་པ། བཙམ་པ་མེད་པ་དེ་རྣམས་བྱང་ཆུབ་སེམས་དཔའ་ནང་དུ་ཞུགས་པ་ན་ཐུབ་པ་བཞིན་དུ་གནས་པ་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོ་ཟས་གཙང་གིས་བསམས་པ། སེར་སྐྱའི་ གཞིའི་ཤཱཀྱ་འདི་རྣམས་ནི་གཏུམ་པོ་གཟུ་ལུམས་ཅན་བཙམ་པ་མེད་པ་ཡིན་ན་གཞོན་ནུ་ནང་དུ་ཞུགས་པ་ན་ཐུབ་པ་བཞིན་དུ་གནས་པས་གཞོན་ནུའི་མིང་ཤཱཀྱ་ཐུབ་པ་ཞེས་གདགས་སོ་ཞེས་དེ་ན་བྱང་ཆུབ་སེམས་དཔའི་མིང་གཉིས་པ་བཏགས་པ་འདི་ལྟ་སྟེ་ཤཱཀྱ་ཐུབ་པ་ཞེས་བྱའོ། །བྱང་ཆུབ་ སེམས་དཔའ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་གནས་དང་ཉེ་བ་ཞིག་ཏུ་བྱོན་པ་དང་། གནོད་སྦྱིན་ཤཱཀྱ་འཕེལ་གྱིས་བྱང་ཆུབ་སེམས་དཔའ་གནས་དང་ཉེ་བར་ཕྱིན་པ་མཐོང་ངོ་། །མཐོང་ནས་ཀྱང་ཕྱིར་བྱུང་ནས་ལུས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་གཏུགས་པ་སྐྱེ་བོའི་ཚོགས་ ཀྱིས་རྒྱལ་པོ་ཟས་གཙང་ལ་སྨྲས་པ། ལྷ་གནོད་སྦྱིན་ཤཱཀྱ་འཕེལ་གྱིས་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་གཏུགས་ལགས་སོ། །རྒྱལ་པོས་ཐོས་ནས་སྨྲས་པ། ཤེས་ལྡན་དག་ལྷས་ཀྱང་གཞོན་ནུའི་རྐང་པ་གཉིས་ལ་གཏུགས་པས་འདི་ནི་ལྷའི་ཡང་ལྷ་ཡིན་པས། དེ་བས་ན་གཞོན་ ནུའི་མིང་ལྷའི་ཡང་ལྷ་ཞེས་གདགས་སོ་ཞེས་དེ་ན་བྱང་ཆུབ་སེམས་དཔའི་མིང་གསུམ་པ་བཏགས་པ་འདི་ལྟ་སྟེ་ལྷའི་ཡང་ལྷ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ལ་ཡབ་དང་ཡུམ་གྱིས་མ་མ་རྣམས་ལ་གཏད་ནས་མ་མ་ཁྱོད་ཀྱིས་གཞོན་ནུ་ལ་དུས་དུས་སུ་བསྐུ་མཉེ་ བྱོས་ཤིག །དུས་དུས་སུ་ཁྲུས་བྱོས་ཤིག །དུས་དུས་སུ་ཟས་བྱིན་ཅིག །དུས་དུས་སུ་ཡང་དག་པའི་བདེ་བས་བསྙེན་བཀུར་བྱོས་ཤིག །མ་མ་དགའ་བའི་ལག་པ་གཉིས་ཀྱིས་དེ་བླངས་ནས་དུས་དུས་སུ་བསྐུ་མཉེ་བྱེད། དུས་དུས་སུ་ཁྲུས་བྱེད། དུས་དུས་སུ་ཟས་བྱིན། དུས་ དུས་སུ་ཡང་དག་པའི་བདེ་བས་བསྙེན་བཀུར་བྱེད་དོ། །ཡང་དེའི་ཚེ་དྲི་ཤིན་ཏུ་ཡིད་དུ་འོང་བའི་ངོ་བོ་ཉིད་གང་ཡིན་པ་དེ་རྣམས་ཀྱིས་བྱུགས་ཤིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཡབ་ཟས་གཙང་ལ་ཕུལ་བ་དང་། རྒྱལ་པོ་ཟས་གཙང་གིས་དེ་བླངས་ཏེ་པང་དུ་བཞག་ནས་ ཡང་དང་ཡང་དུ་རྟོག་ཅིང་དགའ་བ་སྐྱེད་དོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ལ་ཡབ་དང་ཡུམ་གྱིས་མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་རྣམས་ལ་ཉེ་བར་སྟོན་པ་ཡིན་པས་ཤེས་ལྡན་དག་ཇི་ག་གཞོན་ནུ་གང་དག་དང་ལྡན་པའི་སྐྱེས་བུ་ཆེན་པོའི་འགྲོ་བ་གཉིས་སུ་འགྱུར་ གྱི་གཞན་དུ་ནི་མ་ཡིན་ཏེ། གལ་ཏེ་ཁྱིམ་པ་ཁྱིམ་ན་གནས་པར་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་འབྱུང་སྟེ་འདི་ལྟ་སྟེ། འཁོར་ ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་བློན་པོ་རིན་པོ་ཆེའོ། །བུ་དཔའ་བ་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པར་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པ་ཡང་ དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་བ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་ནམ། ཤེས་ལྡན་དག་གང་དག་དང་ལྡན་པའི་སྐྱེས་བུ་ཆེན་པོའི་འགྲོ་བ་གཉིས་སུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ཞེས་བྱ་བ་ནས་སྔ་མ་བཞིན་དུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་གང་དག་ཡིན། ལྷ་གཞོན་ནུའི་ ཞབས་ཤིན་ཏུ་གནས་པ་ལགས་སོ། །ཞབས་གཉིས་ཤིན་ཏུ་གནས་པ་ཉིད་ཀྱིས་ས་ལ་མཉམ་པར་འབབ་སྟེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །དེའི་ཞབས་ཀྱི་མཐིལ་གྱི་ངོས་གཉིས་ལས་འཁོར་ལོ་རྩིབས་སྟོང་པ་ལྟེ་བ་དང་མུ་ཁྱུད་དུ་བཅས་པ་རྣམ་ པ་ཐམས་ཅད་ཡོངས་སུ་རྫོགས་པ་མཆིས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་སོར་མོ་རིང་བ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་། དེའི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ལགས་ཏེ། ཕྱག་དང་ཞབས་ འཇམ་ཞིང་གཞོན་ཤ་ཆགས་པ་ནི་དཔེར་ན་ཤིང་བལ་གྱི་འདབ་མའམ་རས་བལ་གྱི་འདབ་མ་བཞིན་ནོ། །ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་ཕྱག་དང་ཞབས་དྲ་བས་འབྲེལ་བ་ལགས་ཏེ། དེའི་ཕྱག་དང་ཞབས་དྲ་བས་ འབྲེལ་བ་ནི་དཔེར་ན་ངང་པའི་རྒྱལ་པོ་གཞོན་ནུའི་བཞིན་ནོ། །ལྷ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་ཞབས་ལོང་མོའི་ཚིགས་མི་མངོན་པ་དང་། བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་དང་། སྐུ་མདུད་པ་དང་། སྐུ་བཞེངས་ བཞིན་དུ་མ་བཏུད་པར་ཕྱག་པུས་མོའི་ལྷ་ང་གཉིས་སླེབས་ཤིང་རེག་པ་སྟེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ལགས་ཏེ། དེའི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ནི་དཔེར་ན་གླང་པོ་ཅང་ཤེས་ཀྱིའམ་རྟ་ ཅང་ཤེས་བྱུང་བ་དག་གི་བཞིན་ནོ། །ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་སྐུ་ཇི་སྲིད་པར་འདོམ་ཡང་དེ་སྲིད་ལ་འདོམ་ཇི་སྲིད་པར་སྐུ་ཡང་དེ་སྲིད་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་སྐུ་རོ་སྟོད་སྤུ་རེ་རེ་ནས་སྐྱེ་ཞིང་དེའི་སྐུ་ལ་སྤུ་རེ་རེ་ནས་སྐྱེ་བ་ཡང་མཐིང་ག་ལ་གཡས་ཕྱོགས་སུ་འཁྱིལ་བར་སྐྱེ་ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་མདོག་གསེར་དང་ འདྲ་བ་དང་། འོད་འདོམ་གང་བ་དང་། པགས་པ་སྲབ་ཅིང་མདོག་གསེར་འདྲ་བ་ལགས་ཏེ། པགས་པ་སྲབ་པ་ཉིད་ཀྱིས་རྡུལ་དང་དྲི་མས་སྐུ་ལ་མི་གོས་པ་སྟེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུའི་སྐུ་ནི་བདུན་མཐོ་བ་སྟེ། སྐུ་བདུན་མཐོ་ བར་འཁྲུངས་པ་ནི་ཕྱག་གཉིས་དང་། ཞབས་གཉིས་དང་། དཔུང་མགོ་གཉིས་དང་། ལྟག་པ་ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་ཐལ་གོང་རྒྱས་པ་དང་། སྐུ་རོ་སྟོད་སེང་གེའི་འདྲ་བ་དང་། སྐུ་ དྲང་ཞིང་ཁོ་ལག་ཆེ་བ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་དང་། ཚེམས་བཞི་བཅུ་མངའ་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། མཆེ་བ་ཤིན་ཏུ་དཀར་བ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། རོ་བྲོ་བའི་མཆོག་དང་ལྡན་པ་ལགས་ཏེ། ལྷ་འདི་ནི་གཞོན་ ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་ལགས་ཏེ། ལྗགས་ཤིན་ཏུ་རིང་བ་ཉིད་དང་སྲབ་པ་ཉིད་ཀྱི་ཕྱིར་ལྗགས་ཞལ་ནས་ཕྱུང་བས་སྐྲ་མཚམས་ནས་བཟུང་སྟེ། ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་བར་དུ་ཡོག་པར་མཛད་པ་སྟེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུའི་གསུང་ནི་ཚངས་པའི་དབྱངས་དང་། ཀ་ལ་པིང་ཀའི་སྐད་ལྟར་ཡིད་དུ་འོང་བ་དང་། རྔའི་དབྱངས་ཅན་ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་སྤྱན་མཐོན་ མཐིང་ལ་བའི་རྫི་མ་ལྟ་བུ་དང་། དབུ་གཙུག་ཏོར་དང་ལྡན་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དུང་ལྟར་དཀར་ཞིང་གཡས་སུ་འཁྱིལ་བ་ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་འདི་དག་ནི་གང་དག་དང་ལྡན་པའི་ འགྲོ་བ་གཉིས་སུ་འགྱུར་གྱི་གཞན་དུ་ནི་མ་ལགས་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ལགས་སོ། །གལ་ཏེ་གཞོན་ནུ་རབ་ཏུ་མ་བྱུང་བར་གྱུར་ན་འཁོར་ལོས་སྒྱུར་བའི་ རྒྱལ་པོར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བལྟམ་ནས་ཞག་བདུན་ལོན་པ་དང་། དེ་བསྐྲུན་པའི་ཡུམ་ནོངས་པར་འགྱུར་ཏེ། ནོངས་མ་ཐག་ཏུ་སུམ་བཅུ་རྩ་གསུམ་པའི་ལྷའི་རིས་གྱ་ནོམ་པར་སྐྱེ་བར་འགྱུར་རོ། ། ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ནི་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། མིའི་ཁ་དོག་ལས་འདས་ལ་ལྷའི་ཁ་དོག་མ་ཐོབ་པ་སྐྱེས་པ་དང་བུད་མེད་རྣམས་ཀྱིས་བལྟས་པ་ན་ངོམས་མི་ཤེས་ཤིང་དགའ་བ་འཐོབ་སྟེ། དཔེར་ན་འཛམ་བུ་ཆུ་བོའི་ གསེར་ལས་མགར་བ་མཁས་པས་རྒྱན་བརྡུངས་པ་ལ་བ་དཀར་པོ་སར་བའི་སྟེང་དུ་བཞག་ན་ཤིན་ཏུ་གསལ་ཞིང་འབར་ལ་རྣམ་པར་འཚེར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། མིའི་ཁ་དོག་ལས་འདས་ཤིང་ ལྷའི་ཁ་དོག་ནི་མ་ཐོབ་པ་ཡིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་སྐྱེ་བོའི་ཚོགས་ཆེན་པོའི་སྙིང་དུ་སྡུག་པ་དང་། ཡིད་དུ་འོང་བར་འགྱུར་ཏེ། སྐྱེ་བོའི་ཚོགས་ཆེན་པོས་དེ་ཕྲག་པ་ནས་ཕྲག་པར་སྦེད་པ་ནི་དཔེར་ན་སྟོན་ཀའི་པད་མ་ནི་སྐྱེ་བོའི་ཚོགས་ཆེན་པོའི་ སྙིང་དུ་སྡུག་ཅིང་ཡིད་དུ་འོང་བས་སྐྱེ་བོའི་ཚོགས་ཆེན་པོས་དེ་ལག་པ་ནས་ལག་པར་བརྒྱུད་པར་བྱེད་པ་བཞིན་ཏེ་སྔ་མ་བཞིན་ནོ།། །།བར་སྡོམ་ལ། མིག་མི་འཛུམས་དང་རྣམ་སྨིན་དང་། །གསུང་སྙན་འཇེབས་པ་མཁས་པ་བསྡུས། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་ དཔའ་བལྟམ་པའི་མོད་ནས་སྤྱན་མི་འཛུམས་པར་གཟུགས་རྣམས་ལ་བལྟ་སྟེ། དེ་སྤྱན་མི་འཛུམས་པ་ནི་དཔེར་ན་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་བཞིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ནས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལྷའི་ སྤྱན་དང་ལྡན་པས་དེས་ན་དེ་ཉིན་དང་མཚན་དུ་དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་གཟིགས་སོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ནས་གསུང་སྙན་ཞིང་འཇེབས་པ་དང་། གསུང་སྙན་པ་དང་། གསུང་ཡིད་དུ་འོང་བ་ཡིན་ཏེ། དཔེར་ན་གངས་ ཅན་གྱི་བྱ་སྐད་སྙན་ཞིང་འཇེབས་པ་དང་། སྐད་སྙན་པ་དང་། ཡིད་དུ་འོང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ནས་གསུང་སྙན་ཞིང་འཇེབས་པ་དང་། གསུང་སྙན་པ་དང་། གསུང་ཡིད་དུ་འོང་བ་ཡིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ བལྟམ་པའི་མོད་ནས་མཁས་པ་གསལ་བ་ཡིད་གཞུངས་པ་རྒྱུད་ལས་འབྱུང་བའི་ཤེས་རབ་དཔྱོད་པ་དང་ལྡན་པ་ཡིན་ཏེ། དེའི་ཚེ་རྒྱལ་པོ་ཟས་གཙང་གི་དགོས་པའི་ཆེད་ལ་འདུག་ནས་དོན་ཟབ་མོའི་ཚིག་དང་ཡི་གེ་དང་ཤེས་རབ་ཀྱིས་སོ་སོར་འབྱེད་པར་བྱེད་དོ། །དེ་ནས་མེས་བྱིན་ གྱིས་སྨྲས་པ། མཁན་པོ་བྱང་ཆུབ་སེམས་དཔའ་སེར་སྐྱའི་གཞིར་བྱོན་ནས་དེའི་མཚན་ཡང་གསུམ་བཏགས་ཀྱིས། ད་ནི་བྱང་ཆུབ་སེམས་དཔའ་བལྟ་བའི་ཕྱིར་བཞུད་དོ། །དེས་སྨྲས་པ། དེ་བཞིན་བྱའོ། །དེ་གཉིས་ཆས་པ་དང་། བྱང་ཆུབ་སེམས་དཔའི་མཐུས་རྫུ་ འཕྲུལ་ཉམས་ནས་རྐང་པ་ཁོ་ནས་གྲོང་ཁྱེར་སེར་སྐྱའི་གཞིར་ཞུགས་ནས་རྒྱལ་པོ་ཟས་གཙང་གི་ཁྱིམ་གྱི་སྒོར་སོན་པ་དང་། དྲང་སྲོང་ཉོན་མོངས་མེད་ཀྱིས་སྒོ་སྲུང་གི་མི་ལ་སྨྲས་པ། ཀྱེ་ནང་རྗེ་སོང་ལ་རྒྱལ་པོ་ཟས་གཙང་ལ་དྲང་སྲོང་ཉོན་མོངས་མེད་ལྷ་ཞལ་མཐོང་བར་འཚལ་ ནས་སྒོ་ན་སྡོད་ཅིང་མཆིས་སོ་ཞེས་གསོལ་ཅིག །དེ་སོང་ནས་རྒྱལ་པོ་ལ་རིག་པར་བྱས་པ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་ཉོན་མོངས་མེད་ལ་སུ་ཞིག་འགོག་ནང་དུ་ཞུགས་ཤིག །དེ་ཞུགས་པ་དང་། རྒྱལ་པོ་ཟས་གཙང་གིས་བཀུར་སྟི་སྔོན་དུ་འགྲོ་ བའི་མཆོད་ཡོན་སྦྲེང་བས་མཆོད་ནས་སྟན་བསྟབས་ཏེ་འདུག་པ་དང་། རྒྱལ་པོ་ཟས་གཙང་གིས་བཤེས་པའི་གཏམ་གྱིས་ཀུན་དུ་དགའ་བར་བྱས་ནས་སྨྲས་པ། དྲང་སྲོང་ཆེན་པོ་དགོས་པ་ཅི་ཞིག་ལ་འོངས། དེས་སྨྲས་པ། རྒྱལ་ཆེན་བདག་ཅག་ འདིར་མཆིས་པ། །ཁྱོད་ཀྱི་སྲས་ནི་མཐོང་བར་འཚལ། །འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་དེ་ནི་མཐོང་བར་འཚལ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་གཞོན་ནུ་ཉལ་གྱིས་མ་སད་ཀྱི་བར་དུ་རེ་ཞིག་སྐད་ཅིག་སྡོད་ཅིག །དེས་སྨྲས་པ། ལྷ་མནལ་ ལོག་པ་ཉིད་བལྟའོ། །དེ་བཞིན་གྱིས་ཤིག །དེས་ཇི་ཙམ་ན་བྱང་ཆུབ་སེམས་དཔའ་མིག་མ་བཙུམས་པར་གཟུགས་རྣམས་ལ་བལྟ་བ་མཐོང་ནས་དེས་ཚིགས་སུ་བཅད་དེ་སྨྲས་པ། རིགས་དང་ལྡན་པའི་རྟ་རྣམས་ནི། །མཚན་མོའི་བཞི་ཆ་ཉལ་བ་ལྟར། །དགོས་པ་དོན་ གཉེར་རྣམས་ཀྱི་གཉིད། །མིག་ལ་ཡུན་རིང་མི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ཀྱི་མ་མས་པང་དུ་བླངས་ནས་དྲང་སྲོང་ལ་བྱིན་པ་དང་། དྲང་སྲོང་ཉོན་མོངས་མེད་ཀྱིས་ལག་པ་གཉིས་ཀྱིས་བླངས་ནས་ཡུད་ཙམ་ཞིག་བརྟགས་ཏེ་སྨྲས་པ། ལྷ་ གཞོན་ནུ་མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་རྣམས་ལ་བསྟན་ལགས་སམ། རྒྱལ་པོས་སྨྲས་པ། བསྟན་ཏོ། །དེ་རྣམས་ཀྱིས་ཇི་སྐད་དུ་ལུང་བསྟན། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་བྱ་བ་ནས་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་ བར་གོང་མ་བཞིན་དུའོ། །དེ་ནས་དྲང་སྲོང་ཉོན་མོངས་མེད་ཀྱིས་བྱང་ཆུབ་སེམས་དཔའ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་ན་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །མཚན་མི་གསལ་དང་ལྡན་ན་མི་དབང་པོ། །གླིང་བཞི་རྣམས་ཀྱི་བདག་པོ་དབང་ཕྱུག་འགྱུར། །ཐུབ་དབང་མཚན་ནི་ཤིན་ཏུ་གསལ་བས་ན། །མི་མཆོག་སངས་རྒྱས་ཆོས་ཀྱི་འཁོར་ལོས་སྒྱུར། །ཞེས་སྨྲས་ནས་བདག་ཉིད་ཀྱི་ ཚེའི་མཐའ་དང་། བྱང་ཆུབ་སེམས་དཔའི་མངོན་པར་བྱང་ཆུབ་པ་ལ་བརྟག་པ་ལ་ཞུགས་པ་དང་། བྱང་ཆུབ་སེམས་དཔའ་ལོ་ཉི་ཤུ་རྩ་དགུ་བཞེས་ནས་ཁབ་ནས་བྱུང་ནས་ལོ་དྲུག་ཏུ་དཀའ་བ་སྤྱོད་པར་འགྱུར་ཏེ། དེ་ནས་བདུད་རྩི་ཐོབ་པར་འགྱུར་བར་མཐོང་ངོ་། །བདག་ ནི་བར་སྐབས་དེར་ཤི་བའི་དུས་བྱེད་པར་འགྱུར་བར་མཐོང་ནས་དེ་མིག་མཆི་མས་གང་སྟེ་འདུག་པ་རྒྱལ་པོ་ཟས་གཙང་གིས་མཐོང་ནས་སྔང་ནས་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་པ་བུད་མེད་རྣམས་ཀྱིས་གང་མཐོང་ན། །ངོམས་པར་མི་འགྱུར་དགའ་བ་ཐོབ་འགྱུར་བ། །ལུས་ བཟང་དགེ་བྱེད་དེ་ནི་འདིར་མཐོང་ནས། །དྲང་སྲོང་ཆེན་པོ་ཅི་སླད་དུ་བཞིན་གྱུར། །ག་ལས་བདག་གི་གཞོན་ནུ་འཇིགས་པའམ། །ཚེ་ཟད་འགྱུར་བ་ཉེ་བར་མི་གནས་གྲང་། །དེ་ནི་མྱུར་དུ་ལེགས་པར་བདག་ལ་སྨྲོས། །ཁྱོད་ཀྱི་མཆི་མས་བདག་ནི་འདར་བར་འགྱུར། ། དྲང་སྲོང་ཉོན་མོངས་མེད་ཀྱིས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། གལ་ཏེ་འདི་ཡི་སྟེང་དུ་ནམ་མཁའ་ལས། །རྡོ་རྗེ་སེར་དྲག་འཕངས་པ་བབ་གྱུར་ཀྱང་། །ཐུབ་པ་ཆེན་པོའི་སྐུ་ལས་བ་སྤུ་ནི། །ཉག་མ་གཅིག་ཀྱང་གཡོ་བར་མི་ནུས་སོ། །མེ་ཆེན་རླུང་གི་ཤུགས་ ཀྱིས་བདས་པ་དང་། །མཚོན་ཆ་རྣོན་པོ་ཤིན་ཏུ་མི་བཟད་དང་། །དྲག་པོའི་དུག་དང་སྦྲུལ་གྱི་དུག་རྣོན་དག །གཞོན་ནུ་ལ་བབ་སྐད་ཅིག་འཇིག་པར་འགྱུར། །ཐུགས་རྗེ་ཉིད་ལ་གནས་གྱུར་གང་ལགས་པ། །འཇིགས་པས་ཉེན་པ་རྣམས་ལ་མི་འཇིགས་སྩོལ། ། དེ་ནི་འཇིག་རྟེན་ཀུན་གྱི་འཇིགས་འཇོམས་ན། །མི་དབང་འདི་ལ་འཇིགས་པ་ག་ལ་འབྱུང་། །འཇིག་རྟེན་ན་ནི་བདག་ཉིད་ཆེ་རྣམས་ཀྱི། །གཙོར་གྱུར་བདག་ཉིད་ཆེན་པོ་གང་ཞིག་ལ། །ཚངས་བཅས་ལྷ་ཡང་རྟག་ཏུ་སྲུང་བྱེད་པ། །མི་དབང་དེ་ལ་འཇིགས་པ་ ག་ལ་འབྱུང་། །མི་དབང་བདག་གི་རྒུད་པ་མཐོང་ནས་ནི། །གང་ཕྱིར་ཞི་བ་མི་འཐོབ་བདག་སྡུག་མོད། །ཆོས་ཀྱི་མཆོག་མཛོད་འདི་དང་ཕྲད་ནས་ནི། །དོན་མ་ཐོབ་པར་བདག་ནི་འཆི་བར་འགྱུར། །གང་དག་སྨྲ་བའི་དམ་པ་མཚུངས་མེད་པ། །འདི་ཡི་ཆོས་ ཐོས་འགྱུར་ཞིང་ཐོས་ནས་ཀྱང་། །རབ་ཏུ་ཞི་བའི་ཕ་རོལ་འགྲོ་དེ་དག །སྐྱིད་ཅིང་བསོད་ནམས་ལྡན་ལ་རིམས་ནད་བྲལ། །དྲང་སྲོང་ཉོན་མོངས་མེད་རྒྱུད་ཉོན་མོངས་པ་ཅན་གྱིས་བསམས་པ། བྱང་ཆུབ་སེམས་དཔའི་མཐུས་བདག་གི་རྫུ་འཕྲུལ་ཉམས་ཏེ་ གལ་ཏེ་བདག་གི་རྐང་གིས་སོང་ན་སྐྱེ་བོའི་ཚོགས་ཆེན་པོ་དང་རྒྱལ་པོས་འཕྱ་བར་འགྱུར་རོ་སྙམ་དུ་རིག་ནས་སྨྲས་པ། ལྷ་ཁྱོད་ཡུན་རིང་པོ་ནས་ཀྱེ་མའོ་དྲང་སྲོང་ཉོན་མོངས་མེད་རྐང་ཁོ་ནས་སེར་སྐྱའི་གཞིར་ཞུགས་པར་གྱུར་ཀྱང་ཅི་མ་རུང་སྙམ་པའི་དགོངས་པ་བསྐྱེད་པ། བདག་ གིས་རྐང་གིས་སེར་སྐྱའི་གཞིར་ཞུགས་ཏེ་ད་ནི་རྐང་ཁོ་ནས་ཕྱིར་འབྱུང་གིས་ཁྱོད་ཀྱིས་ལམ་བསྟར་བ་དང་། གྲོང་ཁྱེར་བྱི་དོར་བགྱིད་དུ་སྩོལ་ཅིག །རྒྱལ་པོ་ཟས་གཙང་གིས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་གྲོང་ཁྱེར་གྱི་བྱི་དོར་དང་ལམ་སྟོར་དུ་ཆུག་ལ་ལམ་པོ་ ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་དྲང་སྲོང་ཉོན་མོངས་མེད་རྐང་གིས་གྲོང་ཁྱེར་སེར་སྐྱའི་གཞི་ནས་ཕྱིར་འབྱུང་གིས། ཁྱེད་ཅག་གིས་བྱ་བ་དང་བྱེད་པ་གང་ཡིན་པ་དེ་བྱོས་ཤིག་ཅེས་དྲིལ་སྒྲོགས་ཤིག །ལྷ་བཀའ་བཞིན་འཚལ་ཞེས་ བློན་པོ་རྣམས་ཀྱིས་རྒྱལ་པོ་ལས་མཉན་ནས་གྲོང་ཁྱེར་སེར་སྐྱའི་གཞི་རྡོ་བ་དང་། གསེག་མ་དང་གྱོ་མོ་རྣམས་བསལ་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ། ཤིན་ཏུ་དྲི་ཞིམ་པོའི་པོག་ཕོར་ཉེ་བར་བཞག །དར་གྱི་ཆུན་འཕྱང་མང་པོ་དཔྱངས་རྒྱལ་མཚན་དང་བ་དན་བསྒྲེང་ ནས་ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་དྲིལ་སྒྲོགས་སུ་བཅུག་པ། སེར་སྐྱའི་གཞིའི་ཤཱཀྱ་ཤེས་ལྡན་དག་ཉོན་ཅིག །དྲང་སྲོང་ཉོན་མོངས་མེད་གྲོང་ཁྱེར་སེར་སྐྱའི་གཞི་ནས་ཕྱིར་འབྱུང་གིས། ཁྱེད་ཅག་གིས་བྱ་བ་དང་བྱེད་ པ་གང་ཡིན་པ་དེ་བྱོས་ཤིག །དེ་ནས་དེ་ཉོན་མོངས་པའི་བློ་དང་ངན་གཡོའི་སྤྱོད་པས་རྒྱལ་པོ་ཟས་གཙང་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་། སེར་སྐྱ་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་དུ་མ་རྗེས་བཞིན་དུ་འབྲང་ཞིང་འབྱོར་པ་མཆོག་གིས་གྲོང་ཁྱེར་གྱི་ དབུས་ནས་དབུས་སུ་བྱུང་སྟེ། གྲོང་ཁྱེར་སེར་སྐྱའི་སྒོར་བྱུང་ནས་རྒྱལ་པོ་སླར་བཟློག་སྟེ་ཇི་ལྟར་དགའ་བའི་སྤྱོད་ལམ་གྱིས་སོང་སྟེ། རིམ་གྱིས་རི་བོ་ཀུན་འཛིན་གྱི་དྲུང་དུ་ཕྱིན་པ་དང་། དེ་དེ་ལ་འཛེགས་ནས་ཕན་ཚུན་ཉུལ་ཞིང་ཇི་ལྟར་འདོད་པའི་གནས་ཤིག་བཙལ་ནས་ ཕྱོགས་ཞིག་ཏུ་འདུག་གོ། །དེ་ནས་དེ་ལམ་གྱིས་དུབ་པ་ངལ་བསོ་སྟེ། བསམ་གཏན་བསྐྱེད་ནས་རྫུ་འཕྲུལ་ཡང་བསྐྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་དྲང་སྲོང་ཉོན་མོངས་མེད་ནད་ཀྱིས་ཐེབས་ནས་དེ་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་ སྨན་གྱིས་བསྙེན་བཀུར་བྱས་ན་འོན་ཀྱང་ཕྱིར་ཐུ་བར་གྱུར་ཏོ། །དེ་ནས་མེས་བྱིན་གྱིས་དེའི་ལུས་ཀྱི་གནས་རྣམས་བརྟགས་ནས་སྨྲས་པ། མཁན་པོ་བདག་ཅག་རབ་ཏུ་བྱུང་བ་དེ་ཐམས་ཅད་ནི་བདུད་རྩིའི་ཆེད་དང་། བདུད་རྩི་བཙལ་བའི་ཕྱིར་ལགས་ན། གལ་ཏེ་མཁན་པོས་ བདུད་རྩི་རྟོགས་པར་གྱུར་ན་བདུད་རྩི་དེ་ལས་བདག་ཅག་ལ་ཡང་བགོས་ཤིག །དེས་སྨྲས་པ། བྲམ་ཟེའི་ཁྱེའུ་ཁོ་བོ་ཡང་ཅུང་ཟད་རབ་ཏུ་བྱུང་བ་དེ་ཐམས་ཅད་བདུད་རྩིའི་ཆེད་དང་། བདུད་རྩི་བཙལ་བའི་ཕྱིར་ཡིན་ན། ཁོ་བོས་ཀྱང་བདུད་རྩི་མ་རྟོགས་སོ། །དེ་ལྟ་མོད་ཀྱི་ ཤཱཀྱ་རྣམས་ཀྱི་ནང་དུ་བྱུང་བའི་གཞོན་ནུ་གང་ཡིན་པ་དེས་བདུད་རྩི་རྟོགས་པར་འགྱུར་ཞིང་། བདུད་རྩིས་ཀྱང་འགྲོ་བ་ཚིམ་པར་བྱེད་པར་འགྱུར་གྱིས་དེའི་དྲུང་དུ་རབ་ཏུ་བྱུང་ཤིག །ཁྱོད་རབ་ཏུ་བྱུང་ནས་ཀྱང་རིགས་བརྗོད་པར་མི་བྱ། རུས་བརྗོད་པར་མི་བྱ། བྲམ་ཟེའི་ཁྱེའུ་ བརྗོད་པར་མི་བྱ་སྟེ། རབ་ཏུ་བྱུང་ནས་ཀྱང་ཚངས་པར་སྤྱོད་པ་འབའ་ཞིག་སྤྱད་པར་བྱ་ཞིང་། བདུད་རྩི་རྟོགས་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། །དེ་ནས་ཁྱེད་ཀྱིས་བདུད་རྩི་རྟོགས་པར་འགྱུར་རོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། དེ་བཞིན་གཤེགས་པ་ཚོལ་འདོད་ ན། །ཤར་གྱི་ཕྱོགས་སུ་ཁྱོད་འདུག་དང་། །ཡང་དག་སངས་རྒྱས་གྲགས་ལྡན་པ། །རྙེད་པར་དཀའ་བ་མཐོང་བར་འགྱུར། །ཞེས་བྱ་བ་སྨྲས་ནས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། ། གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་སྨྲས་ཏེ། དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེ་ནས་མེས་བྱིན་གྱིས་དེའི་ལུས་ལ་ལུས་ཀྱི་མཆོད་པ་བྱས་ནས་བཱ་རཱ་ཎ་སཱིར་སོང་སྟེ་གནས་སོ། །དེ་དེ་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་བྲམ་ཟེའི་གསང་ཚིག་ ཀློག་ཏུ་འཇུག་གོ། །མེས་བྱིན་གྱི་རུས་ཀ་ཏྱ་ཡ་ན་ཡིན་པས་དེའི་མིང་ཀ་ཏྱའི་བུ་ཀ་ཏྱའི་བུ་ཞེས་བྱ་བར་གྱུར་ཏོ། །དེ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པ་ན་སྤྱན་སྔར་འགྲོ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀ་ཏྱའི་བུ་དེ་ལ་གདམས་ངག་ཕོག་ནས་འཁོར་ བའི་དགོན་པ་ལས་བསྒྲལ་ཏེ། ཤིན་ཏུ་མཐར་ཕྱིན་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལས་འཇོག་པར་འགྱུར་ཏེ། དེའི་མིང་ནི་ཀ་ཏྱའི་བུ་ཆེན་པོ་ཀ་ཏྱའི་བུ་ཆེན་པོ་ཞེས་བྱ་བར་འགྱུར་རོ། །དེ་ནས་དུས་གཞན་ཞིག་ན་བྱང་ཆུབ་སེམས་དཔའ་འཁྲུངས་ནས་རིང་པོ་མ་ ལོན་པར་མ་མའི་པང་དུ་བཞུགས་ནས་གསེར་གྱི་གཞོང་པར་འབྲས་དང་ཤར་བསྲེས་པའི་ཆན་གསོལ་པ་ན། དེ་མ་མས་བཀག་ཀྱང་མ་ཐུབ་པར་མང་པོར་གསོལ་ནས་དབྲོག་པར་བརྩམས་པ་དང་། དབྲོག་པར་མ་ནུས་ནས་དེས་རྒྱལ་པོ་ཟས་གཙང་ལ་སྦྲན་པ་དང་། རྒྱལ་པོས་ བཙུན་མོ་དང་ལྷན་ཅིག་གིས་དབྲོག་པར་བརྩམས་པ་དང་དེས་ཀྱང་མ་ནུས་སོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་དང་སེར་སྐྱ་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ལ་བསྒོ་བ་ན་དེ་རྣམས་ཀྱིས་ཀྱང་དབྲོག་པར་མ་ནུས་སོ། །དེ་ནས་གླང་པོ་ཆེ་ལྔ་བརྒྱ་ལ་བཏགས་པ་དང་། བྱང་ཆུབ་ སེམས་དཔས་བསམས་པ། འདི་རྣམས་ཀྱིས་བདག་གི་སྟོབས་ཉམས་ན་མི་རུང་གིས། མ་ལ་བདག་གི་མཛུབ་མོ་བཀུག་པས་གསེར་གྱི་གཞོང་པ་ནས་བཟུང་ངོ་སྙམ་ནས་དེས་མཛུབ་མོ་བཀུག་པས་གསེར་གྱི་གཞོང་པ་བཟུང་ནས་དྲངས་པ་དང་། གླང་པོ་ཆེ་ལྔ་བརྒྱ་པོ་དེ་དག་ ཁ་ཕྱིར་བསྒྱུར་ཏེ་དྲངས་ནས་དེ་དག་གིས་ཀྱང་གསེར་གྱི་གཞོང་པ་དབྲོག་པར་མ་ནུས་སོ། །རྒྱལ་པོ་ཟས་གཙང་གིས་བསམས་པ། ཇི་ལྟར་བྱང་ཆུབ་སེམས་དཔའི་ལག་པ་གཡོན་པས་གླང་པོ་ཆེ་ལྔ་བརྒྱ་དྲངས་པ་དང་སྦྱར་ན། གདོན་མི་ཟ་བར་ལག་པ་གཉིས་ཀྱིས་ནི་གླང་ པོ་ཆེ་སྟོང་ཐུབ་ཀྱིས་དེ་བས་ན་གཞོན་ནུའི་མིང་གླང་པོ་ཆེ་སྟོང་གི་སྟོབས་ཅན་ཞེས་གདགས་སོ་ཞེས་བཏགས་སོ།། །།བར་སྡོམ་ལ། ཁྱེའུ་དང་རྩེད་མོ་དག་དང་ནི། །རིག་པ་ཁང་བཟངས་ཉིད་དང་ནི། །ངང་པ་མཚོན་ཆ་དགེ་བའི་སྙིང་། །དམག་དང་བཙུན་མོ་རྣམས་ ཡིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་འཁོར་ལྔ་བརྒྱ་དང་ཡི་གེའི་སློབ་དཔོན་སྲིན་བུ་གོ་ཆ་ལ་ཡི་གེ་སློབ་པར་གཏད་ནས། ཡི་གེའི་སློབ་དཔོན་སྲིན་བུ་གོ་ཆས་བྱང་ཆུབ་སེམས་དཔའ་ལ་ཡི་གེ་བྲིས་ནས་ཕོག་པ་དང་། བྱང་ཆུབ་སེམས་དཔས་ སྨྲས་པ། འདི་ནི་ངས་ཤེས་སོ། །དེ་ནས་དེ་ཡི་གེ་གཉིས་དང་། གསུམ་ནས་དེ་བཞིན་དུ་ལྔ་བརྒྱའི་བར་བྲིས་ནས་ཕོག་པ་དང་། བྱང་ཆུབ་སེམས་དཔས་སྨྲས་པ། འདི་དག་ཀྱང་ངས་ཤེས་ཀྱིས་གཞན་དག་སྨྲོས་ཤིག །སྲིན་བུ་གོ་ཆས་སྨྲས་པ། འཇིག་རྟེན་ ན་ནི་ཡི་གེ་འདི་ཙམ་སྤྱོད་ཀྱི་གཞན་ནི་བདག་གིས་མ་འཚལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཡི་གེ་བྲིས་ཏེ་སྲིན་བུ་གོ་ཆ་ལ་བྱིན་ནས་གསུངས་པ། ཡི་གེ་འདིའི་མིང་ཅི་ཡིན་སྨྲོས་ཤིག །དེས་སྨྲས་པ། མ་འཚལ་ཏོ། །བྱང་ཆུབ་སེམས་དཔས་གསུངས་ པ། འཇིག་རྟེན་དུ་གཉིས་ཤིག་བྱུང་ན་ཡི་གེ་འདི་མངོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་འམ་འཁོར་ལོས་སྒྱུར་བའོ། །ནམ་མཁའི་ངོས་ལ་གནས་པའི་ཚངས་པས་སྨྲས་པ། སྲིན་བུ་གོ་ཆ་བྱང་ཆུབ་སེམས་དཔས་ཇི་སྐད་གསུངས་པ་དེ་དེ་བཞིན་ཏེ། ཡི་གེ་ འདི་ཤེས་པ་ནི་འཇིག་རྟེན་དུ་གཉིས་ཤིག་བྱུང་ན་མངོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་འམ་འཁོར་ལོས་སྒྱུར་བའི་རྒྱལ་པོའོ། །བྱང་ཆུབ་སེམས་དཔས་ཡི་གེ་དེ་ཚངས་པའི་དབྱངས་ཀྱིས་བཀླགས་པ་ལ་ནམ་མཁའི་ངོས་ལ་གནས་པའི་ཚངས་པས་དབང་བྱས་ པས་ཚངས་པའི་ཡི་གེ་ཚངས་པའི་ཡི་གེ་ཞེས་བྱ་བར་གྱུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡི་གེའི་མཐར་ཕྱིན་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་ཞང་པོ་བཟང་ལེན་ཞེས་བྱ་བ་དེས་གླང་པོ་ཆེའི་གཉའ་བར་ཞོན་པ་བསླབས་ནས་འཕོང་གི་སློབ་དཔོན་ལྷར་བཅས་ཞེས་བྱ་བ་དེས་འཁོར་ ལྔ་བརྒྱ་དང་སྤྱོད་པ་སློབ་པ་ལ་ཞུགས་པ་ན་བཟང་ལེན་གྱིས་ལྷར་བཅས་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་དང་དེ་བཞིན་དུ་གཞོན་ནུ་གཞན་དག་ནི་སྙིང་རྗེ་ཅན་ཡིན་པས་བསླབ་པར་བྱ་བ་ཐམས་ཅད་སློབས་ཤིག །ལྷས་བྱིན་འདི་ནི་གདུག་པའི་ལས་བྱེད་ པ་ཡིན་གྱིས་འཇིག་རྟེན་ཐམས་ཅད་ལ་གནོད་པར་གྱུར་ན་མི་རུང་གིས་འདི་ལ་གནད་དུ་སྣུན་པ་མ་བསྟན་ཅིག །གང་གི་ཚེ་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་ལེགས་པར་བསླབས་པས་གནས་ལྔ་པོ་འདི་ལྟ་སྟེ། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་ པ་དང་། གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེ་བ་དག་ལ་ཡང་བྱང་བར་གྱུར་པ་དེའི་ཚེ་ཕྱོགས་ཀུན་དུ་སྒྲ་གྲགས་པ་ཤཱཀྱ་རྣམས་ཀྱི་ནང་དུ་བྱུང་བའི་གཞོན་ནུ་ཞེས་བྱ་བ་ནས་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་ བཞིན་དུའོ། །དེའི་ཚེ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་གླང་པོ་ཆེ་མཚན་དང་ལྡན་པ་ཞིག་རྙེད་ནས་དེ་རྣམས་ཀྱིས་བསམས་པ། རྒྱལ་པོ་ཟས་གཙང་གི་སྲས་མཚན་མཁན་རྣམས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་མཐུས་གླང་པོ་ རིན་པོ་ཆེ་འདི་བྱུང་གིས་དོང་ཁ་དེ་ཁོ་ན་ལ་དབུལ་ལོ་སྙམ་ནས། དེ་རྣམས་ཀྱིས་གླང་པོ་རིན་པོ་ཆེ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཁྲིད་དེ་དོང་བ་ལས་རིམ་གྱིས་སེར་སྐྱའི་གཞིར་ཕྱིན་ནས་རྒྱལ་པོའི་ཕོ་བྲང་གི་སྒོར་གླང་པོ་ཆེ་དམ་པ་བཞག་ནས་སྡོད་པ་དང་། མ་སྟེས་ཏེ་གདུག་ པའི་ལས་ཅན་ལྷས་བྱིན་ཕྱིར་བྱུང་བ་དེས་གླང་པོ་ཆེ་དམ་པ་དེ་དེ་ལྟར་རྒྱན་གྱིས་བརྒྱན་པ་མཐོང་ནས་དེ་དེས་ཕྲག་དོག་ཆེན་པོ་སྐྱེས་ཏེ། དེ་ཕྲག་དོག་དང་མི་བཟོད་པ་སྐྱེས་པས་དྲིས་པ། གླང་པོ་དམ་པ་འདི་སུའི་ཡིན། དེ་རྣམས་ཀྱིས་སྨྲས་པ། གཞོན་ནུ་ཤཱཀྱ་ཐུབ་པ་ མཚན་མཁན་རྣམས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་པ་དེ་ལ་ཡངས་པ་ཅན་གྱི་ཚོགས་རྣམས་ཀྱིས་གླང་པོ་རིན་པོ་ཆེ་འདི་སྐྱེས་སུ་ཕུལ་ལོ། །ལྷས་བྱིན་ལྷག་པར་མི་བཟོད་པ་སྐྱེས་ནས་སྨྲས་པ། རེ་ཞིག་དེ་འཁོར་ལོས་སྒྱུར་བར་མ་གྱུར་པར་ཇེ་ཁྱེད་ ཅག་དེ་ལ་གླང་པོ་རིན་པོ་ཆེ་འབུལ་ལམ་ཞེས་སྨྲས་ནས་ཐལ་ལྕག་གིས་གླང་པོ་ཆེ་བསད་དོ། །ཇི་ཙམ་ན་ཕྱོགས་དེར་དགའ་བོ་འོངས་པ་དེས་དེ་མཐོང་ནས་དྲིས་པ། ཤེས་ལྡན་དག་གླང་པོ་ཆེ་བཟང་པོ་འདི་སུས་བསད། དེ་རྣམས་ཀྱིས་སྨྲས་པ། ལྷས་བྱིན་གྱིས་སོ། ། དེས་བསམས་པ། གདོན་མི་ཟ་བར་འདི་ལ་ལྷས་བྱིན་གྱི་མཐུ་སད་ཀྱིས་མ་ལ་བདག་གིས་ཀྱང་འདི་ལ་མཐུ་སད་པར་བྱའོ་སྙམ་ནས་མཇུག་མ་ནས་བཟུང་སྟེ་དྲི་མི་ཞིམ་པར་མི་འགྱུར་བར་བྱ་བར་མཐའ་གཅིག་ཏུ་བོར་རོ། །ཇི་ཙམ་ན་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཕྱིར་བྱུང་བ་ དེས་དེ་གཟིགས་ནས་དྲིས་པ། གླང་པོ་ཆེ་འདི་གང་ནས་འོངས། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་སྨྲས་སོ། །སུས་བསད། ལྷས་བྱིན་གྱིས་སོ། །མགྲོན་རྣམས་ལ་མགྲོན་གྱི་མཆོད་པ་བྱ་བ་ཡིན་ན་མ་ལེགས་པ་ཞིག་བྱས་སོ། །ཕྱོགས་གང་དུ་བསད། འོ་ནིར་ རོ། །འདི་སུས་འདིར་ཁྱེར་ཏེ་འོངས། དགའ་བོས་སོ། །དེས་དགོངས་པ། གདོན་མི་ཟ་བར་དེ་གཉིས་ཀྱིས་འདི་ལ་མཐུ་སད་ཀྱིས། མ་ལ་ངས་ཀྱང་འདི་ལ་མཐུ་སད་པར་བྱའོ་སྙམ་དུ་དགོངས་ནས། མཇུག་མ་ནས་བཟུང་སྟེ་ར་བའི་ཁར་འཕངས་པ་ལས་ར་བ་རིམ་པ་ བདུན་དང་། འོབས་རིམ་པ་བདུན་ལས་བཟླས་ཏེ་བོར་རོ། །དེ་ལྟུང་བས་གཤོང་བཏོད་པ་གླང་པོ་ཆེའི་གཤོང་གླང་པོ་ཆེའི་གཤོང་ཞེས་བྱ་བར་གྱུར་ཏོ། །དེར་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་མཆོད་རྟེན་བརྩིགས་པས་དེང་སང་དུ་ཡང་དགེ་སློང་མཆོད་ རྟེན་ལ་ཕྱག་བྱེད་པ་དག་ཕྱག་བྱེད་དོ། །འདིར་སྨྲས་པ། ལྷས་བྱིན་གྱིས་ནི་གླང་ཆེན་དབང་པོ་བསད། །དགའ་བོས་དེ་ནི་གོམ་པ་བདུན་དུ་ཁྱེར། །བྱང་ཆུབ་སེམས་དཔས་ཕྱག་གིས་བར་སྣང་ལ། །རྡོ་བ་བཞིན་དུ་ཕྱི་རོལ་རྒྱང་རིངས་འཕངས། །གཞོན་ནུ་ རྣམས་ཀྱིས་སྨྲས་པ། གཅོད་པ་བྱེད་དུ་འདོང་ངོ་ཞེས་དེ་རྣམས་ཕྱིར་བྱུང་བ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་ཀྱང་གསན་ནས་འཁོར་ལྔ་བརྒྱ་དང་གཅོད་པ་བྱེད་དུ་ཕྱིར་བྱུང་ངོ་། །གཞོན་ནུ་རྣམས་འབྲས་རྔ་བ་བཞིན་དུ་གཅོད་པར་བྱེད་དེ། དེ་རྣམས་ཀྱིས་ཤིང་བཅད་ཅིང་ བཅད་པ་རྣམས་འགྱེལ་ཏོ། །བྱང་ཆུབ་སེམས་དཔའ་ནི་བྲེའི་ཁ་གཅོད་པ་བཞིན་དུ་གཅོད་པར་མཛད་དོ། །དེས་ཤིང་བཅད་ཅིང་བཅད་པ་རྣམས་མ་འགྱེལ་ཏེ། དེ་བཞིན་དུ་འདུག་པ་དང་། གཞོན་ནུ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་བྱང་ ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་སྟོབས་དང་ལྡན་ཞིང་གནས་ལྔ་ལ་བྱང་ངོ་ཞེས་ཐོས་ན་འདི་གཅོད་པར་བྱེད་པ་ཡང་མི་ཤེས་པ་ལས་ན། འདི་བདག་ཅག་པས་སྟོབས་དང་ལྡན་པ་ནི་མ་ཡིན་ཏེ། འདི་ལྟར་བདག་ཅག་གིས་ཤིང་གང་དག་བཅད་པ་དེ་ཐམས་ཅད་ནི་འགྱེལ་ལ། འདིས་ གང་དག་བཅད་པ་དེ་དག་ནི་དེ་བཞིན་དུ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་མངོན་པར་དད་པའི་ལྷ་གང་ཡིན་པ་དེ་འདི་སྙམ་དུ་སེམས་ཏེ། ཤཱཀྱ་འདི་དག་ནི་བྱང་ཆུབ་སེམས་དཔའི་མཐུ་དང་བཟོ་ལ་བྱང་བ་མ་ཤེས་པས་བྱང་ཆུབ་སེམས་དཔའ་ལ་བརྙས་ཤིང་ མཐུ་ལ་ཡང་སྨོད་པར་འགྱུར་གྱིས་དེ་ལ་ཐབས་ཤིག་བཤམ་པར་བྱའོ་སྙམ་ནས། དེས་དེ་དང་མཐུན་པའི་རླུང་ཞིག་བཏང་བས་དེས་ཤིང་དེ་དག་ཐམས་ཅད་ཆེམ་ཆེམ་ཟེར་ནས་འགྱེལ་ཏེ། ཤཱཀྱ་རྣམས་ཀྱིས་མཐོང་ནས་མཆོག་ཏུ་ངོ་མཚར་སྐྱེས་སོ། །དེ་རྣམས་ཚབས་ བྱེད་པ་ལ་ཞུགས་ཏེ། དེ་རྣམས་ཀྱིས་དེ་ན་འབེན་དུ་ལྕགས་ཀྱི་ཏ་ལ་བདུན་དང་། རྔ་དང་། ཕག་བཙུགས་སོ། །ལྷས་བྱིན་གྱིས་རྐང་ཐབས་བྱས་ཏེ་ལྕགས་མདའ་འཕངས་པ་དང་། ལྕགས་ཀྱི་ཤིང་ཏ་ལ་གཅིག་ཕིགས་སོ། །དགའ་བོས་གཉིས་ལའོ། །བྱང་ ཆུབ་སེམས་དཔས་ལྕགས་མདའ་འཕངས་པ་དང་ཤིང་ཏ་ལ་བདུན་དང་། རྔ་དང་། ཕག་ལས་ཐལ་ནས་ལྕགས་ཀྱི་མདའ་དེ་ས་ལ་ཟུག་པ་ཀླུས་ཕྱུང་བ་དང་ཆུ་རོ་ཕུན་སུམ་ཚོགས་པ་ཞིག་བྱུང་ནས་དེ་ལ་སྐྱེ་བོའི་ཚོགས་ཆེན་པོས་འཐུང་བར་བརྩམས་སོ། །བྲམ་ཟེ་ དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་དེར་མཆོད་རྟེན་བརྩིགས་ཏེ། དེང་སང་དུ་ཡང་དགེ་སློང་དག་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱག་བྱེད་དོ། །གཞོན་ནུ་རྣམས་ཤིང་རྟར་ཞུགས་ནས་སེར་སྐྱའི་གཞིར་ཞུགས་པ་དང་། མཚན་མཁན་གྲོང་ཁྱེར་ནས་ཕྱིར་བྱུང་བ་ དེ་རྣམས་ཀྱིས་གཞོན་ནུ་ཤཱཀྱ་ཐུབ་པ་ཤིང་རྟར་ཞུགས་པ་ནས། ནང་དུ་ཞུགས་པ་ལ་ལུང་བསྟན་པ། གལ་ཏེ་འདི་ལོ་བཅུ་གཉིས་སུ་རབ་ཏུ་མ་བྱུང་བར་གྱུར་ན། །གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །རྒྱལ་པོ་ཟས་གཙང་གིས་གཞོན་ནུ་ མཚན་མཁན་རྣམས་ཀྱིས་ལུང་བསྟན་ཏོ་ཞེས་བྱ་བ་ཐོས་སོ། །ཐོས་ནས་ཀྱང་དགའ་བ་དང་མགུ་བ་སྐྱེས་ཏེ་ཤཱཀྱ་རྣམས་བ་སོགས་ནས་སྨྲས་པ། ཤེས་ལྡན་དག་མཚན་མཁན་རྣམས་ཀྱིས་གལ་ཏེ་གཞོན་ནུ་ལོ་བཅུ་གཉིས་སུ་རབ་ཏུ་མ་བྱུང་བར་གྱུར་ན་འཁོར་ལོས་སྒྱུར་བའི་ རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་པ་ཁོ་བོས་ཐོས་སོ། །གཞོན་ནུ་འདི་གལ་ཏེ་ལོ་བཅུ་གཉིས་སུ་རབ་ཏུ་མ་བྱུང་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ན། བདག་ཅག་ནམ་མཁའི་ངོས་ལ་རྒྱུ་ཞིང་གླིང་བཞིར་ཕྱི་བཞིན་འདོང་གིས་འདི་ཁྱིམ་ཕུབ་ཅིག །བློན་པོ་རྣམས་ ཀྱིས་སྨྲས་པ། ལྷ་གཞོན་ནུ་འདོད་པ་རྣམས་དོན་དུ་མི་གཉེར་རོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། གཞོན་ནུ་ལ་བུད་མེད་ཐམས་ཅད་བསྟན་ལ་འདི་གང་ལ་དགའ་བར་གྱུར་པ་དེ་ཆུང་མར་བླང་བར་བྱའོ། །དེ་ནས་ཁ་ཅིག་གིས་སྨྲས་པ། ལྷ་གཞོན་ནུ་ནི་སྦྱིན་པ་ ལ་དགའ་བས་རྒྱན་རྣམས་བུད་མེད་ལ་སྩོལ་དུ་སྩལ་ལ། དེ་གང་ལ་མགུ་བར་སྐྱེད་པར་གྱུར་པ་དེ་བཙུན་མོར་བླང་བར་བགྱིའོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། དེ་བཞིན་དུ་གྱིས་ཤིག །བློན་པོ་རྣམས་ཀྱིས་རྒྱན་རྣམ་པ་སྣ་ཚོགས་རིན་པོ་ཆེས་སྤྲས་པའི་ཕུང་པོ་སྤུངས་ སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཁྱིམ་དང་གྲོང་ཁྱེར་ཕྱག་དར་དང་བྱི་དོར་བྱེད་དུ་བཅུག་ནས་རྒྱུ་སྐར་དང་། ཚེས་གྲངས་དང་། ཡུད་ཙམ་དག་བསྟུན་ཏེ་གདན་སེང་གེའི་ཁྲི་བཤམས་པ་ལ་གཞོན་ནུ་ཤཱཀྱ་ཐུབ་པ་བཞག་ནས་སེང་གེའི་ཁྲི་དང་ཉེ་བར་རྒྱན་སྣ་ཚོགས་ཀྱི་ཕུང་པོ་སྤུངས་ཏེ་ བློན་པོ་རྣམས་དང་། གཞན་ཡང་སེར་སྐྱའི་གཞིའི་སྐྱེ་བོའི་ཚོགས་གཙོ་བོར་བཀུར་བ་རྣམས་ནང་དུ་ཞུགས་སོ། །དེ་ནས་བུད་མེད་ཐམས་ཅད་རང་གི་ཁྱིམ་གྱི་འབྱོར་པ་དང་མཐུན་པའི་ཆ་བྱད་དང་། རྒྱན་དང་གོས་གྱོན་ནས་ཞུགས་པ་དང་། བྱང་ཆུབ་སེམས་དཔའ་ སྦྱིན་པ་ལ་དགའ་བས་རྒྱན་དེ་དག་དེ་རྣམས་ལ་བྱིན་ནོ། །ཤཱཀྱ་ལག་ན་དབྱུག་པ་ཅན་གྱི་བུ་མོ་གྲགས་འཛིན་མ་ཞེས་བྱ་བ་གཟུགས་བཟང་བ་དང་། ལང་ཚོ་ལ་བབ་པ། དེ་མ་སོང་ནས་ཤཱཀྱ་ལག་ན་དབྱུག་པ་ཅན་གྱིས་སྨྲས་པ། བུ་མོ་བྱང་ཆུབ་སེམས་ དཔའ་རྒྱན་སྦྱིན་གྱིས་སོང་ཤིག །དེས་སྨྲས་པ། ཡབ་ཅིའོ་སྐོལ་ཅག་ལ་རྒྱན་མ་མཆིས་སམ། བུ་མོ་རྒྱན་མེད་པ་ནི་མ་ཡིན་མོད་ཀྱི། བྱང་ཆུབ་སེམས་དཔའ་བུད་མེད་གང་བཞེད་པ་དེ་འདམ་པར་མཛད་དོ། །ཡབ་འདམ་ཡང་རུང་མི་འདམ་ཡང་རུང་། དེ་ཁོ་ན་བདག་ གི་སྡུམ་ཐབ་ལགས་སོ། །བུ་མོ་གལ་ཏེ་དེ་ལྟ་ན་ཤིན་ཏུ་འགྲོ་དགོས་པས་སོང་ཤིག །དེ་ནས་གྲགས་འཛིན་མ་ན་ཚོད་གཞོན་ཞིང་ཆ་ལུགས་བཟང་བ། སྐྱེ་བོའི་ཚོགས་ཆེན་པོའི་ཡིད་དང་མིག་འཕྲོག་པ། བུད་མེད་ཐམས་ཅད་ཀྱི་ནང་ན་ལྷའི་བུ་མོ་བཞིན་དུ་གཟི་བརྗིད་ དང་ལྡན་པས་ནང་དུ་ཞུགས་ནས་སྤྱོད་ལམ་དུལ་བས་བྱང་ཆུབ་སེམས་དཔའི་སྤྱན་སྔར་འདུག་གོ། །བྱང་ཆུབ་སེམས་དཔས་རྒྱན་ཐམས་ཅད་བྱིན་ནས་སོར་གདུབ་བརྒྱ་ཁོ་ན་ལུས་པ་བྱང་ཆུབ་སེམས་དཔས་དེ་ལ་བསྟན་པ་དང་། དེས་ཐོག་མ་མེད་པའི་དུས་ནས་མཆོག་ཏུ་མཉེས་པ་བྱས་ པ་དེས་སེང་གེའི་ཁྲིའི་སྐས་ལ་འཛེགས་ནས་བྱང་ཆུབ་སེམས་དཔའི་ཕྱག་ནས་རང་གིས་ཕྱུང་ངོ་། །བློན་པོ་རྣམས་དང་སེར་སྐྱའི་གཞིའི་སྐྱེ་བོའི་ཚོགས་གཙོ་བོར་བཀུར་བ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་འདི་ནི་བུད་མེད་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། འདིས་ གཞོན་ནུའི་ཐུགས་དང་བསྟུན་པར་ནུས་པས་འདི་བླང་བར་བྱའོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་གྲགས་འཛིན་མ་བུད་མེད་ཀྱི་འཁོར་ཉི་ཁྲི་དང་གཞོན་ནུ་ཤཱཀྱ་ཐུབ་པའི་བཙུན་མོར་བླངས་སོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་བ་ དེའི་ཚེ་ཤིང་དགེ་བའི་སྙིང་པོ་ཞེས་བྱ་བ་སྐྱེ་བར་འགྱུར་ཏེ། དེ་ཉི་མ་གཅིག་ཅིང་ཁྲུ་བརྒྱར་སྐྱེ་བར་འགྱུར་ལ། ཇི་ཙམ་ཉི་མ་མ་ཤར་བ་དེ་སྲིད་དུ་ནི་སེན་མོས་ཀྱང་གཅད་དུ་རུང་ལ། ཉི་མ་ཤར་ནས་ནི་མཚོན་གྱིས་ཀྱང་མི་ཆོད་ཅིང་མེས་ཀྱང་མི་ཚིག་པ་ཞིག་སེར་སྐྱའི་གཞི་དང་ལྷས་ བསྟན་གྱི་བར་ན་འབབ་ཆུ་རོ་ཧི་ཀ་ཞེས་བྱ་བའི་འགྲམ་ན་སྐྱེས་ཏེ། དུས་དུས་སུ་ཆུ་ཕྲུག་པས་དེའི་རྩ་བ་བྲུས་ནས་རླུང་གི་ཤུགས་ཀྱིས་འགྱེལ་ཏེ་གགས་བཞིན་དུ་ཆུ་བཅད་དེ་འདུག་གོ། །དེ་ནས་ཆུས་རྒྱལ་པོ་ལེགས་པར་རབ་སད་ཀྱི་ཡུལ་ནི་ཆུ་མེད་པས་མ་རུང་ལ། ཟས་གཙང་ གི་ཡང་ཆུས་མ་རུང་སྟེ། རྒྱལ་པོ་ལེགས་པར་རབ་སད་ཀྱིས་རྒྱལ་པོ་ཟས་གཙང་ལ་སྤྲིང་བ། ཤིང་དགེ་བའི་སྙིང་པོ་འགྱེལ་ནས་འབབ་ཆུ་རོ་ཧི་ཀའི་གགས་སུ་གྱུར་ཏེ་མཆིས་ན་གཞོན་ནུ་མཐུ་དང་ལྡན་ཞེས་ཐོས་ཀྱིས་དེ་བཏང་བའི་རིགས་སོ། །རྒྱལ་པོ་ཟས་གཙང་གིས་སྨྲས་ པ། ཁོ་བོ་གཞོན་ནུ་ལ་བཀའ་མི་སྩོལ་ལོ། །འདུན་པས་སྨྲས་པ། ལྷ་བདག་ལ་གནང་བ་འབའ་ཞིག་སྩོལ་ཅིག །ཅི་ནས་ཀྱང་གཞོན་ནུ་ལ་ཡང་བཀའ་མ་སྩལ་བཞིན་དུ་རང་ཉིད་གཤེགས་པར་འགྱུར་བ་དེ་ལྟར་བགྱིའོ། །རྒྱལ་པོ་ཟས་གཙང་གིས་ཁས་བླངས་སོ། ། འདུན་པས་འབབ་ཆུ་རོ་ཧི་ཀའི་འགྲམ་དུ་གཞོན་ནུ་རྣམས་ཀྱི་སྐྱེད་མོས་ཚལ་རེ་རེ་བརྩིགས་ནས་སྨྲས་པ། གཞོན་ནུ་དག་སྐྱེད་མོས་ཚལ་དུ་འདོང་། དེ་རྣམས་སོ་སོའི་ཤིང་རྟར་ཞུགས་ནས་སྐྱེད་མོས་ཚལ་དུ་དོང་བ་ལས་ལྷས་བྱིན་གྱི་སྐྱེད་མོས་ཚལ་གྱི་སྟེང་ནས་ངང་པ་ཞིག་འཕུར་ བ་དེ་ལྷས་བྱིན་གྱིས་མདས་བསྣུན་ནས་བྱང་ཆུབ་སེམས་དཔའི་སྐྱེད་མོས་ཚལ་དུ་ལྷུང་བ་དང་། བྱང་ཆུབ་སེམས་དཔས་བཟུང་ནས་མདའ་ཕྱུང་སྟེ་སྨན་གྱིས་གླན་ནས་སོས་སོ། །ལྷས་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་སྤྲིང་བ། ངང་པའོ་ནི་སྔར་ངས་བཟུང་བ་ཡིན་གྱིས་ སྐུར་ཅིག །བྱང་ཆུབ་སེམས་དཔས་སླར་སྤྲིང་བ། ངས་གང་གི་ཚེ་ཁོ་ན་སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཁོ་ནའི་ཚེ་ངས་སེམས་ཅན་ཐམས་ཅད་བཟུང་བ་ཡིན་ནོ། །དེར་བྱང་ཆུབ་སེམས་དཔའ་དང་ལྷས་བྱིན་ ལྷན་ཅིག་སྲིད་པ་ཐ་མ་ལ་ཐོག་མར་ཤ་ཁོན་དེ་བྱུང་སྟེ། སྲིད་པ་གཞན་རྣམས་སུ་ནི་ཕལ་མོ་ཆེ་ཞིག་ཀྱང་བྱུང་ངོ་། །ལེགས་པར་རབ་སད་ཀྱིས་གཞོན་ནུ་རྣམས་ཤིང་དགེ་བའི་སྙིང་པོ་དབྱུང་བའི་ཕྱིར་ལྷགས་སོ་ཞེས་ཐོས་ནས་དེས་སྐྱེ་བོའི་ཚོགས་ཆེན་པོ་མངགས་ཏེ། སྐྱེ་བོའི་ ཚོགས་ཆེན་པོའི་སྒྲ་ཆེན་པོ་དང་སྒྲ་མཐོན་པོ་གྲག་ནས་བྱང་ཆུབ་ས