Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 001_འདུལ་བ།_ཀ
Văn bản gốc(Tây Tạng)
Trang 16 / 19 (50.000 ký tự/trang)
། བདག་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ནས་འདིར་དབྱར་གནས་པར་དམ་བཅས་པ་དེ་མི་མ་ཡིན་པས་བཟུང་ངམ། བཙོན་དུ་བཟུང་ངམ། བསད་དམ། དེའི་ནོར་འཕྲོགས་སམ། མི་མ་ཡིན་པའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ ཤི་བར་གྱུར་པས། གལ་ཏེ་བདག་གནས་འདིར་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་ བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་གདུག་པ་གནས་པའི་ཕྱོགས་ཤིག་ཏུ་གཙུག་ལག་ཁང་བརྩིགས་ལ། དེ་ན་རྒན་ཞུགས་མི་ཤེས་པ། རྨོངས་པ། མི་གསལ་བ། མི་མཁས་པ་གཞན་ཞིག་གིས་མི་རུང་བའི་ཕྱོགས་ ཤིག་ཏུ་བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། འཁྲུ་བ་དག་བོར་ཞིང་མི་གཙང་བས་སྦགས་པའི་གནས་མལ་བཞག་པར་གྱུར་ནས་གདུག་པ་ཁྲོས་ཏེ་སྤྱོད་ཡུལ་ལམ། སྤྱོད་ཡུལ་གྱི་ལམ་ཀའམ། འཆག་སའམ། ཁྱམས་ སམ། སྒོ་ཁང་རྣམས་སུ་འདུག་ནས་དགེ་སློང་རྣམས་ལ་འབབ་པར་བྱེད་དེ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་གོང་མ་བཞིན་ཏེ། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། ། འདི་ལྟར་ཡང་དགེ་སློང་གིས་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ནས་དབྱར་གནས་པར་དམ་བཅས་པར་གྱུར་པ་དེ་གཏུམ་པོ་དག་གིས་བཟུང་ངམ། བཙོན་དུ་བཟུང་ངམ། བསད་དམ། གཏུམ་པོའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་ལ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། བདག་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ཏེ་འདིར་དབྱར་གནས་པར་དམ་བཅས་པ་དེ་གཏུམ་པོ་རྣམས་ཀྱིས་བཟུང་ ངམ། བཙོན་དུ་བཟུང་ངམ། དེའི་ནོར་འཕྲོགས་སམ། གཏུམ་པོའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་པས། གལ་ཏེ་བདག་གནས་འདིར་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་ཀླུ་གནས་པའི་ཕྱོགས་ཤིག་ཏུ་གཙུག་ལག་ ཁང་བརྩིགས་ཏེ་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དགེ་སློང་གིས་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ནས་དབྱར་གནས་པར་དམ་བཅས་པར་ གྱུར་པ་དེ་ཀླུ་རྣམས་ཀྱིས་བཟུང་ངམ། བཙོན་དུ་བཟུང་ངམ། བསད་དམ། དེའི་ནོར་འཕྲོགས་སམ། ཀླུའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་ལ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་ དུ་སེམས་ཏེ། བདག་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ནས་འདིར་དབྱར་གནས་པར་དམ་བཅས་པ་དེ་ཀླུ་རྣམས་ཀྱིས་བཟུང་ངམ། བཙོན་དུ་བཟུང་ངམ། བསད་དམ། དེའི་ནོར་འཕྲོགས་སམ། ཀླུའི་འཇིགས་པས་ཡུལ་འཁོར་ གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་པས། གལ་ཏེ་གནས་འདིར་བདག་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་ འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་ནགས་ཁྲོད་ཅིག་ཏུ་གཙུག་ལག་ཁང་བརྩིགས་ལ་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་ དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དགེ་སློང་གིས་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ནས་དབྱར་གནས་པར་དམ་བཅས་པར་གྱུར་པ་དེ་མེས་ཚིག་གམ། དེའི་ནོར་མེས་ཚིག་གམ། མེའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་ གཞན་དུ་བྲོས་སམ་ཤི་བར་གྱུར་ལ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། བདག་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ཏེ་འདིར་དབྱར་གནས་པར་དམ་བཅས་པ་དེ་མེས་ཚིག་གམ། དེའི་ནོར་མེས་ཚིག་གམ། མེའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་པས། གལ་ཏེ་གནས་འདིར་བདག་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་གཤོང་ཞིག་གི་དབུས་སུ་གཙུག་ལག་ཁང་བརྩིགས་ལ་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། དེས་དེ་ལྟ་བུས་རྐྱེན་བྱས་ ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དགེ་སློང་གིས་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅས་པར་གྱུར་པ་དེ་ཆུས་ཁྱེར་རམ། དེའི་ནོར་ཆུས་ཁྱེར་རམ། ཆུའི་འཇིགས་པས་ཡུལ་འཁོར་ གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་ལ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། བདག་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ནས་དབྱར་གནས་པར་དམ་བཅས་པ་དེ་ཆུས་ཁྱེར་རམ། དེའི་ནོར་ཆུས་ ཁྱེར་རམ། ཆུའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་པས། གལ་ཏེ་བདག་གནས་འདིར་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་ བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ།། །།སྡོམ་ལ། དབྱར་རལ་ལྟུང་བ་མེད་པ་དང་། །གནས་པར་དམ་ནི་འཆའ་བ་དག །སྔ་མ་ཡི་ནི་བཅུ་ གཉིས་དང་། །ཕྱི་མ་ཡི་ནི་བཅུ་གཉིས་སོ། །འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་གིས་དགེ་སློང་ཞིག་དགེ་འདུན་གྱི་དབྱེན་བྱ་བར་རྩོལ་ཞིང་དེ་ལྟ་དེ་ལྟ་བུར་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་ པར་བྱེད་ཅིང་། གང་ཡང་གནས་འདིར་དབྱར་གྱི་ནང་ལོགས་ཉིད་དུ་དགེ་འདུན་བྱེ་བར་འགྱུར་བའི་གནས་འདི་ཡོད་པར་མཐོང་ནས། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདིར་བདག་དབྱར་གནས་པར་དམ་བཅས་ན། དགེ་སློང་འདི་དགེ་འདུན་གྱི་དབྱེན་བྱ་བར་རྩོལ་ཞིང་དེ་ལྟ་དེ་ལྟ་བུར་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་གང་ཡང་གནས་འདིར་དབྱར་གྱི་ནང་ལོགས་ཉིད་དུ་དགེ་འདུན་བྱེ་བར་འགྱུར་བའི་གནས་འདི་ཡོད་དེ། གལ་ཏེ་གནས་འདིར་བདག་དབྱར་གནས་ན་གང་ཡང་མི་མཐུན་པའི་སེམས་སྐྱེས་སམ། མ་བརྟགས་པའི་ཚིག་བྱུང་ན་བདག་གི་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་བར་ཆད་དུ་འགྱུར་ བའི་གནས་འདི་ཡོད་པས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་གིས་གནས་ག་གེ་མོ་ཞིག་ཏུ་དགེ་སློང་ ཞིག་གིས་དགེ་འདུན་གྱི་དབྱེན་བྱ་བར་རྩོལ་ཞིང་དེ་ལྟ་དེ་ལྟ་བུར་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། གང་ཡང་གནས་དེར་དབྱར་གྱི་ནང་ལོགས་ཉིད་དུ་དགེ་འདུན་བྱེ་བར་འགྱུར་བའི་གནས་འདི་ཡོད་པར་ ཐོས་ལ། དགེ་སློང་དེ་དང་ནི་བདག་ཏུ་གཏམ་འདྲེས་པ། ཕེབས་པར་སྨྲ་བ། སྨོས་འདྲིན་པ། འགྲོགས་བཤེས་པ་ཡིན་གྱིས། གལ་ཏེ་བདག་དེར་སོང་ན་བདག་གིས་ཇི་ལྟར་གནས་དེར་དབྱར་གྱི་ནང་ལོགས་སུ་དགེ་འདུན་བྱེ་བར་མི་འགྱུར་བ་དེ་ལྟ་དེ་ལྟར་བྱ་ནུས་སོ་སྙམ་ ན། དགེ་སློང་གིས་ཞག་བདུན་བྱིན་གྱིས་བརླབས་ལ་དགེ་འདུན་གྱི་བྱ་བའི་ཕྱིར་འགྲོ་བར་བྱ་སྟེ། གལ་ཏེ་དེར་སོང་ན་ལེགས། མ་སོང་ན་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་དགེ་འདུན་གྱི་བྱ་བའི་ཕྱིར་དེར་སོང་བ་ལས་ཞག་བདུན་འདས་ཏེ་དབྱར་རལ་ན་ལྟུང་བ་ མེད་དོ། །འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་གིས་གནས་ག་གེ་མོ་ཞིག་ཏུ་དགེ་སློང་ཞིག་གིས་དགེ་འདུན་གྱི་དབྱེན་བྱ་བར་རྩོལ་ཞིང་དེ་ལྟ་དེ་ལྟ་བུར་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ ཅིང་། གང་ཡང་གནས་དེར་དབྱར་གྱི་ནང་ལོགས་ཉིད་དུ་དགེ་འདུན་བྱེ་བར་འགྱུར་བའི་གནས་འདི་ཡོད་པར་ཐོས་ལ། དགེ་སློང་དེ་དང་བདག་ཏུ་ནི་གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་པ་དང་། འགྲོགས་བཤེས་པ་མ་ཡིན་མོད་ཀྱི། འོན་ཀྱང་ དགེ་སློང་དེ་གང་དང་གཏམ་འདྲིས་པ། ཕེབས་པར་སྨྲ་བ། སྨོས་འདྲིན་པ། འགྲོགས་བཤེས་པའི་དགེ་སློང་དེ་དང་བདག་ཏུ་གཏམ་འདྲེས་པ། ཕེབས་པར་སྨྲ་བ། སྨོས་འདྲིན་པ། འགྲོགས་བཤེས་པ་ཡིན་གྱིས། བདག་དེར་སོང་ལ་བདག་གིས་ཇི་ལྟར་གནས་ དེར་དབྱར་གྱི་ནང་ལོགས་སུ་དགེ་འདུན་བྱེ་བར་མི་འགྱུར་བ་དེ་ལྟ་དེ་ལྟར་བྱ་ནུས་སོ་སྙམ་ནས། དགེ་སློང་གིས་ཞག་བདུན་བྱིན་གྱིས་བརླབས་ལ་དགེ་འདུན་གྱི་བྱ་བའི་ཕྱིར་འགྲོ་བར་བྱ་སྟེ། གལ་ཏེ་སོང་ན་ལེགས། མ་སོང་ན་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་ དགེ་འདུན་གྱི་བྱ་བའི་ཕྱིར་དེར་སོང་བ་ལས་ཞག་བདུན་འདས་ཏེ་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དགེ་སློང་གིས་གནས་ག་གེ་མོ་ཞིག་ཏུ་དབྱར་སྔ་མ་ཟླ་བ་གསུམ་གནས་པར་དམ་བཅས་པ་ལས་གནས་དེ་གཉིས་ན་རྙེད་པ་ནི་ཐུན་མོང་། གསོ་སྦྱིན་ནི་ཐ་དད་ པ་དང་དེ་འདི་སྙམ་དུ་སེམས་ཏེ། བདག་འདིར་གནས་ཀྱང་རྙེད་པ་ནི་དེར་ཟད། བདག་དེར་གནས་ཀྱང་རྙེད་པ་ནི་དེར་ཟད་དོ་སྙམ་ནས། དེ་དམ་བཅས་པར་མ་སོང་ན་དེའི་གནས་དེར་སྔ་མའི་ཟླ་བ་གསུམ་ཡང་མ་ཡིན་ལ། དམ་བཅས་པས་ཉེས་བྱས་སུ་ཡང་འགྱུར་རོ། ། འདི་ལྟར་ཡང་དགེ་སློང་གིས་གནས་ག་གེ་མོ་ཞིག་ཏུ་སྔ་མའི་ཟླ་བ་གསུམ་གནས་པར་དམ་བཅས་ཏེ། དེ་དམ་བཅས་པར་སོང་ནས་ཚུལ་ཤིང་མ་བླངས་ལ་བྱ་བའི་ཕྱིར་དེ་སོང་ན་དེའི་གནས་དེར་སྔ་མའི་ཟླ་བ་གསུམ་ཡང་མ་ཡིན་ལ། དམ་བཅས་པས་ཉེས་བྱས་སུ་ཡང་ འགྱུར་རོ། །འདི་ལྟར་ཡང་དགེ་སློང་གིས་གནས་ག་གེ་མོ་ཞིག་ཏུ་སྔ་མའི་ཟླ་བ་གསུམ་གནས་པར་དམ་བཅས་ཏེ། དེ་དམ་བཅས་པར་སོང་ནས་ཚུལ་ཤིང་ནི་བླངས་ཀྱིས་གནས་མལ་ནི་མ་བླངས་ལ་བྱ་བའི་ཕྱིར་དེ་སོང་ན་དེའི་གནས་དེར་སྔ་མའི་ཟླ་བ་གསུམ་ཡང་མ་ཡིན་ལ། དམ་བཅས་པས་ཉེས་བྱས་སུ་ཡང་འགྱུར་རོ། །འདི་ལྟར་ཡང་དགེ་སློང་གིས་གནས་ག་གེ་མོ་ཞིག་ཏུ་སྔ་མའི་ཟླ་བ་གསུམ་གནས་སོ་ཞེས་དམ་བཅས་ཏེ། དེ་དམ་བཅས་པར་སོང་ནས་ཚུལ་ཤིང་ཡང་བླངས་གནས་མལ་ཡང་བླངས་ཀྱི། དབྱར་གནས་པར་དམ་བཅས་ ལ། བྱ་བའི་ཕྱིར་དེ་སོང་ན་དེའི་གནས་དེར་སྔ་མའི་ཟླ་བ་གསུམ་ཡང་མ་ཡིན་ལ། དམ་བཅས་པས་ཉེས་བྱས་སུ་ཡང་འགྱུར་རོ། །འདི་ལྟར་ཡང་དགེ་སློང་གིས་གནས་ག་གེ་མོ་ཞིག་ཏུ་སྔ་མའི་ཟླ་བ་གསུམ་གནས་པར་དམ་བཅས་ཏེ། དེ་དམ་བཅས་པར་སོང་ནས་ཚུལ་ ཤིང་ཡང་བླངས། གནས་མལ་ཡང་བླངས། དབྱར་གནས་པར་དམ་བཅས་ལ། བྱ་བའི་ཕྱིར་བྱིན་གྱིས་མ་བརླབས་པར་ཞག་བདུན་མཚམས་ཀྱི་ཕྱི་རོལ་དུ་དེ་སོང་ན་དེའི་གནས་དེར་སྔ་མའི་ཟླ་བ་གསུམ་ཡང་མ་ཡིན་ལ། དམ་བཅས་པས་ཉེས་བྱས་སུ་ཡང་འགྱུར་རོ། ། འདི་ལྟར་ཡང་དགེ་སློང་གིས་གནས་ག་གེ་མོ་ཞིག་ཏུ་སྔ་མའི་ཟླ་བ་གསུམ་གནས་སོ་ཞེས་དམ་བཅས་ལ། དེ་དམ་བཅས་པར་སོང་ནས་ཚུལ་ཤིང་ཡང་བླངས། གནས་མལ་ཡང་བླངས། དབྱར་གནས་པར་དམ་ཡང་བཅས་ནས་བྱ་བའི་ཕྱིར་ཞག་བདུན་བྱིན་གྱིས་བརླབས་ལ་ མཚམས་ཀྱི་ཕྱི་རོལ་དུ་སོང་བ་ན་དེའི་གནས་དེར་སྔ་མའི་ཟླ་བ་གསུམ་ཡང་ཡིན་ལ། དམ་བཅས་པ་ལ་ཉེས་བྱས་སུ་ཡང་མི་འགྱུར་ཏེ། གལ་ཏེ་བྱ་བ་དེ་ཉིད་ཀྱི་ཕྱིར་དེའི་ཞག་བདུན་འདས་པ་ལ་དབྱར་རལ་བའི་ལྟུང་བ་མེད་དོ། །བྱ་བའི་ཕྱིར་དྲུག་པོ་ཇི་ལྟ་བ་དེ་བཞིན་དུ་བྱ་བ་མ་ ཡིན་པ་ཡང་དྲུག་གོ། །སྔ་མ་ཟླ་བ་གསུམ་ཇི་ལྟ་བ་དེ་བཞིན་ཕྱི་མ་ཡང་ཟླ་བ་གསུམ་མོ། །དབྱར་གྱི་གཞི་རྫོགས་སོ།། །།ཀོ་ལྤགས་ཀྱི་གཞིའི་སྡོམ་ལ། ལྔས་ནི་བསྙེན་པར་རྫོགས་པ་དང་། །གནས་མལ་ཆེ་དང་བེའུ་དང་ནི། །བཞོན་པ་ཁྲུས་དང་བ་ལང་འཇུག ། ཤིང་ལྷམ་རི་མོ་ཅན་མིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རྡོ་ཅན་ཞེས་བྱ་བའི་ཡུལ་གྱི་མཐའ་ན་གནས་པ་ཞེས་བྱ་བའི་གྲོང་ན་ཁྱིམ་བདག་སྟོབས་ཀྱི་སྡེ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཀྱང་བུ་ཕོ་ཡང་མེད། བུ་མོ་ཡང་མེད་ནས། ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་བདག་ལ་བུ་ཕོ་ཡང་མེད། བུ་མོ་ཡང་མེད་པས་ནོར་རྫས་འདི་རྙེད་བདག་གིས་ ཁྱིམ་དུ་བསགས་ཀྱང་། བདག་ཤི་ནས་བདོག་པ་ཐམས་ཅད་བདག་ལ་བུ་མེད་དོ་ཞེས་ནས་རྒྱལ་པོས་དབང་བྱས་པར་འགྱུར་རོ་སྙམ་དུ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེའི་མཛའ་བཤེས་དང་ཉེ་དུ་དང་གཉེན་རྣམས་ཀྱིས་སྨྲས་པ། ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ ལྷ་ལ་གསོལ་བ་བྱོས་ཤིག །ཁྱོད་ལ་བུ་ཡོད་པར་འགྱུར་རོ། །དེས་བསམས་པ། ལེགས་པ་ཞིག་སྨྲས་ཀྱིས། མ་ལ་བདག་གིས་བུའི་ཕྱིར་ལྷ་རྣམས་ལ་གསོལ་བ་བྱའོ་སྙམ་ནས་བུ་མེད་པ་དེ་བུ་མངོན་པར་འདོད་པའི་ཕྱིར་ཞི་བ་དང་། ཆུ་ལྷ་དང་། ལུས་ངན་ དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་རྣམས་ལ་ཡང་གསོལ་བ་བྱེད་དེ། འདི་ལྟ་སྟེ་ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་མཐུན་པ་དང་། རྟག་པར་རྗེས་སུ་འབྲང་བའི་ལྷ་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་གང་དག་གསོལ་བ་འདེབས་པའི་རྒྱུ་ལས་བུ་ཕོ་དང་བུ་མོ་སྐྱེ་བར་འགྱུར་བའི་གཏམ་དེ་ལྟ་བུ་གྲག་སྟེ། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་འགྱུར་དུ་ཟིན་ན་རེ་རེ་ལ་ཡང་འདི་ལྟ་སྟེ། དཔེར་ན་འཁོར་ ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་གསུམ་པོ་དག་མངོན་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གནས་གསུམ་གང་ཞེ་ན། འདི་ལྟར་ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་དང་། མ་ཡང་རུང་ཞིང་ཟླ་མཚན་དང་ ལྡན་པ་དང་། དྲི་ཟ་ཉེ་བར་གནས་པ་སྟེ། གནས་གསུམ་པོ་དེ་དག་མངོན་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་སྐྱེ་བར་འགྱུར་རོ། །དེ་དེ་ལྟར་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ལས་སྲིད་པ་ཐ་མ་པའི་སེམས་ཅན་སྤྱོད་པ་ཚོལ་བ། ཐར་པའི་སྙིང་པོ་བཟུང་བ། མྱ་ངན་ ལས་འདས་པ་ལ་མངོན་དུ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པ་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་སྐྱེ་བ་དོན་དུ་མི་གཉེར་བ། ལུས་ཐ་མ་འཛིན་པ་ཞིག་ལྷའི་རིས་ཤིག་ནས་ཤི་འཕོས་ནས་དེའི་ཆུང་མའི་རུམ་དུ་ཞུགས་སོ། །བུད་མེད་མཁས་ པས་རང་བཞིན་ཅན་ཁ་ཅིག་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དོ། །ལྔ་གང་ཞེ་ན། སྐྱེས་པ་ཆགས་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་དུ་ཞུགས་པ་ཤེས་པ་དང་། གང་ལས་མངལ་དུ་ཞུགས་པ་དེ་ ཡང་ཤེས་པ་དང་། བུ་ཕོ་ཤེས་ཤིང་བུ་མོ་ཤེས་པའོ། །གལ་ཏེ་ཁྱེའུར་འགྱུར་ན་དཀུ་གཡས་པར་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོར་འགྱུར་ན་དཀུ་གཡོན་པར་རྟེན་ཅིང་གནས་སོ། །དེ་ཡིད་དགའ་ཞིང་མགུ་ནས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་དགྱེས་པ་བསྐྱེད་དུ་ གསོལ། བདག་ལ་སེམས་ཅན་ཞུགས་པ་ནི་འདི་ལྟར་བདག་གི་དཀུ་གཡས་པར་རྟེན་ཅིང་གནས་པ་ལས་ན་གདོན་མི་ཟ་བར་ཁྱེའུར་འགྱུར་རོ། །དེ་ཡང་དགའ་ཞིང་མགུ་བས་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། འདི་ལྟར་བདག་གིས་ཡུན་རིང་མོ་ཞིག་ནས་མངོན་པར་ འདོད་པའི་བུའི་ངོ་མཐོང་བར་འགྱུར་གྱིས། བདག་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། བདག་གི་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། བགོ་སྐལ་ལ་སྤྱོད་པ་དང་། བདག་གི་རིགས་ཀྱི་རྒྱུད་ཡུན་རིང་དུ་གནས་པར་སྒྲུབ་པ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་ན་ཉུང་ངུའམ་མང་པོ་ཡང་རུང་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་བདག་ཅག་གཉིས་ཀྱི་མིང་ནས་བརྗོད་ཅིང་ཡོན་སྔོ་བ་བྱེད་པར་འགྱུར་རོ་ཞེས་སྨྲས་སོ། ། དེ་ལ་སེམས་ཅན་ཞུགས་པར་ཤེས་ནས་གང་ཡང་མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟངས་ཀྱི་གཞིར་གྲང་བ་ན་གྲང་བའི་ཡོ་བྱད་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དང་། སྨན་པས་བཅས་པའི་ཟས་ཧ་ཅང་མི་ཁ་བ་དང་། ཧ་ཅང་མི་སྐྱུར་བ་དང་། ཧ་ ཅང་ལན་ཚྭ་མི་ཆེ་བ་དང་། ཧ་ཅང་མི་མངར་བ་དང་། ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་བསྐ་བ་དང་། ཁ་བ་དང་། སྐྱུར་བ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་རྣམས་སྤངས་པའི་ཟས་དང་། སེ་མོ་དོ་དང་། དོ་ཤལ་དག་གིས་བརྒྱན་པའི་ལུས་ལྷའི་བུ་མོ་དགའ་ཚལ་ ན་རྣམ་པར་སྤྱོད་པ་བཞིན་དུ་ཁྲི་ནས་ཁྲི་དང་། ཁྲིའུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱིས་གཞིར་མི་འབབ་སྟེ། སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་གྲག་པར་བྱས་སོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། པགས་པའི་ མདོག་གསེར་འདྲ་བ། མགོ་གདུགས་ལྟ་བུ་ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ། རིན་པོ་ཆེས་སྤྲས་པའི་རྣ་ཆ་རྣ་བ་ལ་བཏགས་པའི་ཁྱེའུ་ཞིག་བཙས་སོ། །གནས་པ་ཞེས་བྱ་བའི་གྲོང་ན་རིན་པོ་ཆེ་དཔྱོད་པ་ ཇི་སྙེད་ཅིག་གནས་པ་དེ་ཐམས་ཅད་ཁྱིམ་བདག་སྟོབས་ཀྱི་སྡེས་རིན་པོ་ཆེ་བརྟག་པའི་ཕྱིར་བཀུག་ནས་སྨྲས་པ། ཤེས་ལྡན་དག་རིན་པོ་ཆེ་རིན་ཐང་ཆོད་ཅིག །དེ་དག་གིས་སྨྲས་པ། རིན་པོ་ཆེའི་རིན་ཐང་གཅད་པར་མི་ནུས་སོ། །ཆོས་ཉིད་ཀྱིས་རིན་ཐང་གཅད་པར་མི་ ནུས་པའི་རིན་པོ་ཆེ་གང་ཡིན་པ་དེ་ནི་བྱེ་བ་རི་བ་ཡིན་པས། དེ་དག་གིས་སྨྲས་པ། ཁྱིམ་བདག་རིན་པོ་ཆེ་འདི་ནི་བྱེ་བ་རིའོ། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་མིང་འདོགས་པར་བྱེད་དེ། ཤེས་ ལྡན་དག་ཁྱེའུའི་མིང་ཅིར་གདགས། གཉེན་དག་གིས་སྨྲས་པ། ཁྱེའུ་འདི་རིན་པོ་ཆེ་བྱེ་བ་རི་བས་སྤྲས་པའི་རྣ་ཆ་རྣ་བ་ལ་བཏགས་ཤིང་རྒྱུ་སྐར་གྲོ་བཞིན་ལ་བཙས་པས་ཁྱེའུའི་མིང་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིར་གདགས་སོ་ཞེས་དེའི་མིང་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིར་བཏགས་ སོ། །གང་གི་ཉི་མ་ལ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་བཙས་པ་དེའི་ཉི་མ་ལ་ཁྱིམ་བདག་སྟོབས་ཀྱི་སྡེའི་མངག་གཞུག་པའི་ཁྱེའུ་གཉིས་བཙས་ཏེ། དེས་གཅིག་གི་མིང་ནི་བྲན་ཞེས་བྱ་བར་བཏགས་སོ། །གཅིག་གི་མིང་ནི་སྐྱོང་བ་ཞེས་བྱ་བར་བཏགས་སོ། །གྲོ་བཞིན་ སྐྱེས་རྣ་བ་བྱེ་བ་རི་མ་མ་བརྒྱད་ལ་རྗེས་སུ་གཏད་དེ། པང་ན་མཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ཏེ། མ་མ་བརྒྱད་ཀྱིས་དེ་འོ་མ་དང་། ཞོ་དང་། མར་སར་པ་དང་། ཞུན་མར་ དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་དེ། རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། རྩིས་དང་། གྲངས་དང་། ལག་ རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་དང་། ལེན་པ་དང་། གཞི་བརྟག་པ་དང་། རས་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། བུད་མེད་བརྟག་པ་དང་། སྐྱེས་པ་བརྟག་པ་དང་། ཤིང་བརྟག་པ་ལ་ཉེ་བར་ཞུགས་ཏེ། དེ་བརྟག་པ་བརྒྱད་རྣམས་ལ་བྱང་ཞིང་འབྱེད་པ་དང་། ཀློག་པ་ལ་གཡེར་པོར་གྱུར་ཏོ། །དེའི་ཕས་འདུག་པའི་ཁང་པ་གསུམ་པོ་དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་གྱི་བརྩིགས་སོ། །སྐྱེད་མོས་ཚལ་གསུམ་ པོ་དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་གྱི་བཙུགས་ནས་ཆུང་མ་གསུམ་པོ་ཆེན་མ་དང་། བར་མ་དང་། ཆུན་མ་ཉེ་བར་བཞག་ནས། དེ་སྟེང་གི་ཁང་བཟངས་ཀྱི་གཞི་ལ་སྐྱེས་པ་མེད་པར་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་ སྤྱོད་པར་བྱེད་དོ། །ཁྱིམ་བདག་སྟོབས་ཀྱི་སྡེ་ནི་རྟག་ཏུ་ཞིང་ལས་ཀྱི་མཐའ་ལ་འབད་དོ། །དེས་ཕ་དེ་རྟག་པར་ཞིང་ལས་ཀྱི་མཐའ་ལ་འབད་པ་མཐོང་ནས་དེ་ལ་སྨྲས་པ། ཡབ་ཁྱོད་ཅིའི་ཕྱིར་རྟག་ཏུ་ཞིང་ལས་ཀྱི་མཐའ་ལ་འབད། དེས་སྨྲས་པ། བུ་ཁྱོད་ ཇི་ལྟར་སྟེང་གི་ཁང་བཟངས་ཀྱི་གཞི་ན་སྐྱེས་པ་མེད་པར་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེ་བཞིན་དུ་ངས་ཀྱང་རྩེད་མོ་བྱས། དགའ་བར་བྱས། དགའ་མགུར་སྤྱད་ན་རིང་པོར་མི་ཐོགས་པར་བདག་ཅག་གི་ལོངས་སྤྱོད་ འགྲིབས་ཤིང་ཡོངས་སུ་ཟད་པ་དང་གཏུགས་པར་འགྱུར་རོ། །དེས་སྨྲས་པ། ཡབ་གལ་ཏེ་དེ་ལྟ་ན་བདག་ཟོང་ཐོགས་ཏེ་ཡུལ་གྱི་མཐར་མཆིའོ། །བུ་རེ་ཞིག་ང་ལ་རིན་པོ་ཆེའི་རིགས་གལ་ཏེ་ཁྱོད་ཀྱིས་ཏིལ་དང་། འབྲས་དང་། རྒྱ་ཤུག་དང་། མོན་ སྲན་བཞིན་དུ་རིན་པོ་ཆེ་ཡོངས་སུ་སྤྱད་ཀྱང་རིན་པོ་ཆེ་དག་ཡོངས་སུ་ཟད་པར་མི་འགྱུར་བ་ང་ལ་ཡོད་དོ། །དེས་ཡང་དང་ཡང་དུ་སྨྲས་པ། ཡབ་བདག་ནི་ཟོང་ཐོགས་ལ་ཡུལ་གྱི་མཐར་མཆིའོ། །དེས་དེ་ངེས་པར་གལ་གྱིས་འཆུ་བར་ཤེས་ནས་གནང་ངོ་། ། ཁྱིམ་བདག་སྟོབས་ཀྱི་སྡེས་གནས་པའི་གྲོང་དུ་དྲིལ་བསྒྲགས་ནས། གནས་པའི་གྲོང་ན་གནས་པའི་ཤེས་ལྡན་ཚོང་པ་དག་ཉོན་ཅིག །གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་རྒྱ་མཚོ་ཆེན་པོར་འཇུག་པར་འགྱུར་གྱིས། ཤེས་ལྡན་ཁྱེད་ལས་གང་ཞིག་གྲོ་ བཞིན་སྐྱེས་རྣ་བ་བྱེ་བ་རི་དང་ལྷན་ཅིག་ཤོ་གམ་མེད་པ་དང་། བསེལ་བའི་རྔན་པ་མི་དགོས་པ་དང་། གྲུ་བཙས་མི་དགོས་པར་རྒྱ་མཚོ་ཆེན་པོར་འཇུག་པར་སྤྲོ་བ་དེ་དག་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་སྡོགས་ཤིག །ཚོང་པ་ལྔ་བརྒྱས་རྒྱ་མཚོ་ཆེན་པོར་འཇུག་པའི་ཟོང་ སྟ་གོན་བྱས་སོ། །ཁྱིམ་བདག་སྟོབས་ཀྱི་སྡེས་ཚོང་པ་ལྔ་བརྒྱ་པོ་རང་གི་ཁྱིམ་དུ་མགྲོན་དུ་བོས་ཏེ་ཟས་བྱིན་ནས་སྨྲས་པ། ཤེས་ལྡན་ཚོང་པ་དག་ཉོན་ཅིག །གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཇི་ལྟར་བདག་གི་བུ་ཡིན་པ་དེ་བཞིན་དུ་ཁྱེད་ཀྱི་ཡང་ཡིན་གྱིས་འདི་ལ་ ཁྱེད་རྣམས་ཀྱིས་གནོད་པ་སྤང་བར་བྱ་ཞིང་ཕན་པ་ལ་སྦྱར་བར་བྱའོ། །དཔོན་པོ་བཀའ་བཞིན་འཚལ་ཞེས་ཚོང་པ་རྣམས་ཀྱིས་ཁྱིམ་བདག་སྟོབས་ཀྱི་སྡེའི་ལྟར་མཉན་ཏོ། །དེ་ནས་ཁྱིམ་བདག་སྟོབས་ཀྱི་སྡེས་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ལ་འདི་སྐད་ཅེས་སྨྲས་སོ། ། བུ་ཁྱོད་ཀྱིས་ཇི་ལྟར་ང་ལས་ཚིག་མཉན་པར་བྱ་ཞིང་བསྒྲུབ་པར་བྱ་བར་སེམས་པ་དེ་བཞིན་དུ་ཚོང་པ་ལྔ་བརྒྱ་པོ་འདི་རྣམས་ཀྱི་ཡང་མཉན་པར་བྱ་ཞིང་བསྒྲུབ་པར་སོམས་ཤིག །ཁྱིམ་བདག་སྟོབས་ཀྱི་སྡེས་བསམས་པ། གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་བཞོན་པ་ཅི་ འདྲ་བ་ཞིག་གིས་གཏང་སྙམ་མོ། །དེས་བསམས་པ། གལ་ཏེ་གླང་པོ་ཆེའི་བཞོན་པས་འགྲོ་ན་ནི་དེ་ཤིན་ཏུ་བསྐྱང་དཀའ་ཞིང་དགང་དཀའོ། །རྟ་ཡང་བསྐྱང་དཀའ་ལ་དགང་དཀའོ། །བོང་བུ་ནི་གསོ་སླ་ཞིང་དྲན་པ་དང་ལྡན་པས་བོང་བུའི་བཞོན་པས་བཏང་ངོ་། ། སྙམ་ནས་དེས་དེ་ལ་སྨྲས་པ། བུ་གྲོགས་ཀྱི་ཐོག་མ་དང་ཐ་མ་ནས་མ་འགྲོ་ཞིག །གལ་ཏེ་ཆོམ་རྐུན་པ་མཐུ་དང་ལྡན་པར་གྱུར་ན་ནི་འགྲོན་པའི་ཐོག་མ་ནས་འཇོམས་སོ། །གལ་ཏེ་མཐུ་ཆུང་བར་གྱུར་ན་ནི་ཐ་མ་ནས་འཇོམས་ཀྱིས་ཁྱོད་ཚོང་པའི་དབུས་ནས་འགྲོ་ བར་བྱ་སྟེ། དེད་དཔོན་བཅོམ་པས་ནི་ཚོང་པ་རྣམས་བཅོམ་ཞེས་བྱའོ། །བྲན་དང་། སྐྱོང་བ་ལ་སྨྲས་པ། ཁྱེད་གཉིས་ཀྱིས་རྣམ་གྲངས་གང་གིས་ཀྱང་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་གཏང་བར་མི་བྱའོ། །དེ་ནས་དུས་གཞན་ཞིག་ན་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་དགེ་ མཚན་དང་། བཀྲ་ཤིས་དང་། བདེ་ལེགས་སུ་འགྱུར་བ་དག་བྱས་ནས་མའི་གན་དུ་སོང་སྟེ། ཡུམ་བདག་མཆི་ཕྱག་འཚལ་ལོ། །དེས་ངུ་བར་བརྩམས་པ་དང་། དེས་སྨྲས་པ། ཡུམ་ཅིའི་ཕྱིར་བཤུམས། བུ་ཁྱོད་གསོན་པོར་ཁོ་མོ་དང་ནམ་ཞིག་ཕྲད་ སྙམ་མོད། དེས་བསམས་པ། བདག་བཀྲ་ཤིས་པར་བྱས་ཏེ། ཆས་པ་ལ་འདི་འདྲ་བའི་བཀྲ་མི་ཤིས་པ་སྨྲའོ་སྙམ་ནས་དེ་མི་བཟོད་པ་སྐྱེས་ཏེ་སྨྲས་པ། ངན་སོང་ལ་ཅིའི་ཕྱིར་མི་གཟིགས། དེས་སྨྲས་པ། བུ་ཁྱོད་ཀྱིས་ངག་གི་ལས་རྩུབ་པོ་བྱུང་གིས་ ཉེས་པ་ལ་ཉེས་པར་ཤོགས་ཤིག་དང་། དེས་ན་ལས་དེ་ཉིད་བསྲབས་པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་འགྱུར་རོ། །དེས་དེ་ལ་ཉེས་པ་ལ་ཉེས་པར་བཟོད་པར་གསོལ་ཏེ། དེ་ནས་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་དགེ་མཚན་དང་། བཀྲ་ཤིས་ དང་། བདེ་ལེགས་སུ་འགྱུར་བ་བྱས་ནས་ཤིང་རྟ་དང་། ཁུར་དང་། པང་ཚད་དང་། གཟེབ་རྣམས་དང་། རྔ་མོ་རྣམས་དང་། བ་ལང་དང་། བོང་བུ་རྣམས་ལ་ཟོང་མང་པོ་བཀལ་ནས་རྒྱ་མཚོ་ཆེན་པོར་ཆས་ཏེ། དེ་དག་རིམ་གྱིས་གྲོང་དང་། གྲོང་ཁྱེར་ དང་། གྲོང་འདབ་དང་། ཚོང་དུས་རྣམས་རྒྱུ་ཞིང་རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ནས། རྒྱ་མཚོའི་གྲུ་བོ་ཆེ་ཕུན་སུམ་ཚོགས་པ་ཞིག་བསྒྲུབས་ཏེ། ནོར་བསྒྲུབ་པའི་ཕྱིར་རྒྱ་མཚོ་ཆེན་པོར་ཞུགས་པ་དང་། དེ་རྗེས་སུ་མཐུན་པའི་རླུང་གིས་བདས་ཏེ་རིན་པོ་ཆེའི་ གླིང་དུ་ཕྱིན་ཏོ། །དེས་དེར་བརྟགས་བརྟགས་ནས་རིན་པོ་ཆེ་རྣམས་ཀྱིས་གྲུ་བོ་ཆེ་དཔེར་ན་ཏིལ་ལམ། འབྲས་སམ། རྒྱ་ཤུག་གམ། མོན་སྲན་བཞིན་དུ་བཀང་ནས་དེ་རྗེས་སུ་མཐུན་པའི་རླུང་གིས་བདས་ཏེ་གྲུ་བོ་ཆེ་ཉེ་ཞོ་མེད་པར་འཛམ་བུའི་གླིང་དུ་ཕྱིན་ནས་ཚོང་པ་དེ་དག་རྒྱ་མཚོའི་ འགྲམ་དེ་ཉིད་དུ་འབྲང་བཏབ་བོ། །དེས་ཀྱང་བྲན་དང་སྐྱོང་བ་ཁྲིད་དེ། ཕྱོགས་གཅིག་ཏུ་དོང་ནས་འདུ་བ་དང་འགོད་པའི་རྩིས་བྱ་བར་བརྩམས་སོ། །ཕྱི་ཞིག་ནས་དེས་བྲན་ལ་སྨྲས་པ། བྲན་ཚོང་པ་རྣམས་ཅི་དག་བྱེད་ལྟོས་ཤིག །དེ་དེར་སོང་ན་ ཅི་ཙམ་ན་ཚོང་པ་རྣམས་གཉིད་ལོག་པ་མཐོང་ནས། དེ་ཡང་དེ་ཉིད་དུ་ཉལ་ལོ། །བྲན་རིང་ཞིག་ཐོགས་ནས་དེས་སྐྱོང་བ་ལ་སྨྲས་པ། སྐྱོང་བ་ཚོང་པ་རྣམས་ཅི་དག་བྱེད་པ་ལྟོས་ཤིག །དེས་དེར་སོང་ན་ཇི་ཙམ་ན་ཚོང་པ་རྣམས་ཁལ་འགེལ་བ་མཐོང་ནས་དེས་ཀྱང་ ཁལ་དགལ་བར་བརྩམས་སོ། །བྲན་གྱིས་བསམས་པ། སྐྱོང་བས་དེད་དཔོན་སྦྲན་གྲང་སྙམ་མོ། །སྐྱོང་བས་བསམས་པ། བྲན་གྱིས་དེད་དཔོན་སྦྲན་གྲང་སྙམ་མོ། །ཚོང་པ་དེ་དག་ནི་ཁལ་བཀལ་ནས་དོང་ངོ་། །གྲོ་བཞིན་སྐྱེས་རྣ་བ་བྱ་བའི་ བ་ནི་གཉིད་ཀྱིས་མྱོས་ནས་ཉལ་ལོ། །ཚོང་པ་དེ་རྣམས་དོང་བ་ལས་ཅི་ཙམ་ན་ནམ་ནངས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་དེད་དཔོན་ག་རེ། དེད་དཔོན་སྔར་སོང་ངོ་། །སྔོན་དུ་སོང་ནས་དེད་དཔོན་ག་རེ་ཞེས་དྲིས་པ་དང་མཇུག་ནས་འོང་ངོ་། ། མཇུག་ཏུ་སོང་སྟེ་དེད་དཔོན་ག་རེ་ཞེས་དྲིས་པ་དང་བར་ནས་སོང་ངོ་། །བར་དུ་སོང་སྟེ་དྲིས་པ་ལས་གང་ན་ཡང་མི་སྣང་ནས། བྲན་གྱིས་སྨྲས་པ། བདག་གི་བློ་སྐྱེས་པ་སྐྱོང་བས་དེད་དཔོན་སྦྲན་གྲང་སྙམ་མོ། །སྐྱོང་བས་སྨྲས་པ། བདག་ གི་བློ་སྐྱེས་པ། བྲན་གྱིས་དེད་དཔོན་སྦྲན་གྲང་སྙམ་མོ། །ཤེས་ལྡན་དག་གང་ཡང་བདག་ཅག་གིས་དེད་དཔོན་བོར་ནས་དོང་བས་ནི་བཟང་པོ་མ་ཡིན་གྱིས་ཕྱིར་འདོང་གིས་ཚུར་ཤེག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་གལ་ཏེ་བདག་ཅག་ཕྱིར་ ལོག་ན་ཐམས་ཅད་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་གྱིས་ཚུར་ཤེག །རེ་ཞིག་ནང་ཁྲིམས་ཤིག་བཅའ་བར་བྱ་སྟེ། གང་ཡང་བདག་ཅག་གི་རྫས་རྣམས་མ་བྲུབས་ཀྱི་བར་དུ་རེ་ཞིག་སུས་ཀྱང་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིའི་ཕ་མ་ལ་གཏམ་བསྙད་པར་ མི་བྱའོ་ཞེས་དེ་རྣམས་ཀྱིས་ནང་ཁྲིམས་སུ་བཅའ་བ་དག་བྱས་ནས་དོང་ངོ་། །གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་བའི་ཕ་མས་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་འོངས་སོ་ཞེས་ཐོས་ནས་དེ་གཉིས་བསུར་དོང་ནས། དེད་དཔོན་ག་རེ་སྔར་སོང་ངོ་། །དེ་གཉིས་སྔོན་དུ་སོང་ནས་དེད་དཔོན་ ག་རེ་ཞེས་དྲིས་པ་དང་མཇུག་ནས་འོང་ངོ་། །མཇུག་ཏུ་དོང་ནས་དེད་དཔོན་ག་རེ་ཞེས་དྲིས་པ་དང་བར་ནས་སོང་ངོ་ཞེས་རྫས་རྣམས་བྲུབས་ཀྱི་བར་དུ་མགོ་རྨོངས་སུ་བཅུག་ནས། དེའི་འོག་ཏུ་སྨྲས་པ། ཡབ་ཡུམ་བདག་ཅག་གིས་དེད་དཔོན་བརྗེད་དོ། །དེ་ གཉིས་ཀྱི་དྲུང་དུ་གཅིག་ཅིག་འོངས་ནས་ཡབ་ཡུམ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་མཆིས་སོ་ཞེས་སྨྲས་པ་དང་། དེ་དག་གིས་དེ་ལ་རྔན་པ་བྱིན་ནས་བསུར་དོང་ནས་མ་མཐོང་ངོ་། །ཡང་གཞན་ཞིག་འོངས་ནས་ཡབ་ཡུམ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་མཆིས་སོ་ཞེས་ སྨྲས་པ་དང་། དེ་དག་གིས་དེ་ལ་རྔན་པ་བྱིན་ནས་བསུར་དོང་ན་ཅང་མ་མཐོང་སྟེ། དེ་ལྟར་སུ་ལ་ཡང་ཡིད་མི་ཆེས་སོ། །དེ་གཉིས་ཀྱིས་སྐྱེད་མོས་ཚལ་དང་། ལྷ་ཁང་དང་། འདུན་ཁང་རྣམས་སུ་གདུགས་དང་། དྲིལ་བུ་དང་། རྔ་ཡབ་རྣམས་ཕུལ་ནས་ གལ་ཏེ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་གསོན་པར་གྱུར་ན་མྱུར་དུ་འོང་བ་དང་། ལ་གོར་འོང་བར་གྱུར་ཅིག །གལ་ཏེ་དུས་ལས་འདས་ཏེ་ཤི་འཕོས་པར་གྱུར་ན་འགྲོ་བའི་གནས་གནས་ཁྱད་པར་ཅན་དུ་སྐྱེ་བར་གྱུར་ཅིག་ཅེས་ཡི་གེར་བྲིས་སོ། །དེ་གཉིས་ནི་མྱ་ངན་དང་ ངུད་མོས་ལོང་བར་གྱུར་ཏོ། །དེ་ཡང་ཉི་མ་འཆར་ཀའི་ཚེ་ཉི་མའི་ཟེར་གྱིས་ཕོག་ནས་སང་ན་དེ་ན་བོང་བུ་གཉིས་འདུག་པ་མ་གཏོགས་པར་ཚོང་པ་གང་ཡང་མ་མཐོང་ངོ་། །དེས་དེ་གཉིས་སྦྲེལ་ཏེ་དེད་དེ་སོང་བ་ན་རླུང་ལངས་པས་ལམ་བྱེ་མས་ཡོག་པ་བོང་བུ་དྲན་པ་དང་ ལྡན་པས་ལམ་སྣས་སྣོམ་ཞིང་དལ་གྱིས་སོང་བ་དང་། དེས་ལྕག་གཟེར་བུ་ཅན་གྱིས་གཞུས་ཤིང་དེད་པ་ལས་དེ་གཉིས་ཀྱི་དྲན་པ་འཁྲུགས་ནས་ཤིང་སཱ་ལའི་དགོན་པ་ཞིག་ཏུ་ཕྱིན་ཏོ། །དེ་གཉིས་སྐོམ་པས་སྲོ་ཤི་ཞིང་ལྕེ་ཕྱུང་སྟེ་ཕན་ཚུན་འཐོམ་པ་དེས་མཐོང་ནས་ སྙིང་རྗེ་སྐྱེས་ཏེ། དེས་བསམས་པ། གལ་ཏེ་བདག་གིས་མ་བཞག་ན་འདི་དང་ལྷན་ཅིག་ཏུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་རོ་སྙམ་ནས་དེས་དེ་གཉིས་བོར་ཏེ་རྐང་པས་སོང་བ་ལས། དེས་ཇི་ཙམ་ན་ལྕགས་ཀྱི་གྲོང་ཁྱེར་མཐོ་ཞིང་རྒྱ་ཆེ་བ་དེའི་ སྒོ་ན་སྐྱེས་བུ་གནག་ལ་ཆེ་བ། མིག་དམར་བ། བྱིན་སྙིང་རློ་བ་ལག་ན་དབྱུག་པ་ཐོགས་པ་ཞིག་འདུག་པ་མཐོང་ནས། དེ་དེའི་དྲུང་དུ་སོང་སྟེ། ཀྱེ་ནང་རྗེ་འདི་ན་ཆུ་ཡོད་དམ། དེ་ཡང་ཅང་མི་སྨྲ་བར་འདུག་གོ། །དེས་ཡང་དྲིས་པ། ཀྱེ་ནང་རྗེ་འདི་ན་ཆུ་ཡོད་དམ། འོན་ཀྱང་དེ་ཡང་མི་སྨྲ་བར་འདུག་གོ། །དེས་དེར་ཞུགས་ཏེ་ཆུ་ཆུ་ཞེས་བྱ་བའི་སྒྲ་ཕྱུང་བ་དང་ཡི་དགས་ལུས་སྡོང་དུམ་ཚིག་པ་འདྲ་བ། རུས་གོང་བསྒྲེང་བ་ལྟ་བུ་རང་གི་སྤུ་དང་སྐྲས་ཡོག་པ། ལྟོ་རི་སུལ་ལྟར་འདུག་པ། ཁབ་ཀྱི་མིག་ཙམ་གྱི་ཁ་ཡོད་པ་བརྒྱ་སྟོང་ དུ་མས་ཡོངས་སུ་བསྐོར་ནས་གྲོ་བཞིན་སྐྱེས་སྙིང་རྗེ་དང་ལྡན་པ་ཁྱོད་ཀྱིས་བདག་ཅག་སྐོམ་པ་ལ་ཆུ་ལུད་ཅིག །དེས་སྨྲས་པ། ཤེས་ལྡན་དག་བདག་ཀྱང་ཆུ་སློང་ན་བདག་གིས་ཆུ་བླུད་དུ་ག་ལ་ཡོད། དེ་དག་གིས་སྨྲས་པ། གྲོ་བཞིན་སྐྱེས་ཡི་དགས་ཀྱི་གྲོང་ ཁྱེར་འདི་ན་ཆུ་ག་ལ་ཡོད། བདག་ཅག་གིས་ལོ་བཅུ་གཉིས་ཀྱི་བར་དུ་ཆུ་ཆུ་ཞེས་བྱ་བའི་མིང་དེང་ཐོས་སོ། །ཤེས་ལྡན་དག་ཁྱེད་ཅག་སུ་ཞིག་ལས་གང་གིས་འདིར་སྐྱེས། གྲོ་བཞིན་སྐྱེས་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའ་བས་ཡིད་མི་ ཆེས་སོ། །ཤེས་ལྡན་དག་བདག་གིས་མངོན་སུམ་དུ་མཐོང་ན་ཇི་ལྟར་ཡིད་མི་ཆེས་པར་འགྱུར། དེ་དག་གིས་ཚིགས་སུ་བཅད་དེ་སྨྲས་པ། བདག་ཅག་ངག་རྩུབ་ཁྲོ་ལྡན་ཞིང་། །བདག་ཅག་སེར་སྣ་འཇུངས་པ་ཅན། །སྦྱིན་པ་ཅུང་ཟད་མ་བཏང་དེས། །བདག་ ཅག་ཡི་དགས་འཇིག་རྟེན་ལྷགས། །གྲོ་བཞིན་སྐྱེས་ཁྱོད་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་གྱིས་སོང་ཤིག །ཡི་དགས་ཀྱི་གྲོང་ཁྱེར་དུ་ཞུགས་པ་ལ་གསོན་པོར་འགྲོ་བ་འགའ་ཡང་ཁྱོད་ཀྱིས་མཐོང་བ་ཡོད་དམ། དེ་སོང་བ་དང་། ཇི་ཙམ་ན་སྐྱེས་བུ་ དེ་མཐོང་ནས་དེས་དེ་ལ་སྨྲས་པ། ཨེ་མའོ་བཞིན་བཟངས་ཁྱོད་ཀྱིས་ཁོ་བོ་ལ་འདི་ལྟ་སྟེ། འདི་ནི་ཡི་དགས་ཀྱི་གྲོང་ཁྱེར་ཡིན་ནོ། །ཞེས་སྨྲས་པ་དང་། ཁོ་བོ་དེར་མི་འཇུག་པ་ཞིག །དེས་སྨྲས་པ། གྲོ་བཞིན་སྐྱེས་ཁྱོད་བསོད་ནམས་ཀྱི་མཐུ་ ཆེན་པོ་དང་ལྡན་གྱིས་སོང་ཤིང་། །ཡི་དགས་ཀྱི་གྲོང་ཁྱེར་དུ་ཞུགས་པ་ལ་གསོན་པོར་འགྲོ་བ་འགའ་ཡང་ཁྱོད་ཀྱིས་མཐོང་བ་ཡོད་དམ། དེས་སོང་བ་ལས་ཇི་ཙམ་ན་ལྕགས་ཀྱི་གྲོང་ཁྱེར་མཐོ་ཞིང་རྒྱ་ཆེ་བ་ཞིག་གི་སྒོ་ན་སྐྱེས་བུ་གནག་ལ་ཆེ་བ། མིག་ དམར་བ། བྱིན་སྙིང་རློ་བ། ལག་ན་དབྱིག་པ་ཐོགས་པ་ཞིག་འདུག་པ་མཐོང་ནས། དེ་དེའི་དྲུང་དུ་སོང་སྟེ། ཀྱེ་ནང་རྗེ་འདི་ན་ཆུ་ཡོད་དམ། དེ་ཅང་མི་སྨྲ་བར་འདུག་པ་དང་། དེ་ལ་ཡང་ཀྱེ་ནང་རྗེ་འདི་ན་ཆུ་ཡོད་དམ། དེ་འོན་ཀྱང་ཅང་མི་སྨྲ་བར་འདུག་གོ། ། དེས་དེར་ཞུགས་ཏེ་ཆུ་ཆུ་ཞེས་བྱ་བའི་སྒྲ་ཕྱུང་བ་དང་། ཡི་དགས་སྡོང་དུམ་ཚིག་པ་འདྲ་བ་རུས་གོང་བསྒྲེང་བ་ལྟ་བུ་རང་གི་སྐྲ་དང་སྤུས་ཡོག་པ། ལྟོ་རི་སུལ་ལྟར་འདུག་པ། ཁབ་ཀྱི་མིག་ཙམ་གྱི་ཁ་ཡོད་པ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ནས་གྲོ་བཞིན་སྐྱེས་སྙིང་ རྗེ་དང་ལྡན་པ་ཁྱོད་ཀྱིས་བདག་ཅག་སྐོམ་པ་རྣམས་ལ་ཆུ་ལུད་ཅིག །དེས་སྨྲས་པ། ཤེས་ལྡན་དག་བདག་ཉིད་ཀྱང་ཆུ་སློང་ན་བདག་གིས་ཆུ་བླུད་དུ་ག་ལ་ཡོད། དེ་དག་གིས་སྨྲས་པ། གྲོ་བཞིན་སྐྱེས་ཡི་དགས་ཀྱི་གྲོང་ཁྱེར་འདི་ན་ཆུ་ག་ལ་ཡོད། བདག་ཅག་ གིས་ལོ་བཅུ་གཉིས་ལོན་ན་ཆུ་ཆུ་ཞེས་བྱ་བའི་སྒྲ་ཁྱོད་ལས་དེང་ཐོས་སོ། །ཤེས་ལྡན་དག་ཁྱེད་ཅག་སུ་ཞིག །ལས་གང་གིས་འདིར་སྐྱེས། དེ་དག་གིས་སྨྲས་པ། གྲོ་བཞིན་སྐྱེས་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའ་བས་ཡིད་མི་ཆེས་སོ། ། ཤེས་ལྡན་དག་བདག་གིས་མངོན་སུམ་དུ་མཐོང་ན་ཇི་ལྟར་ཡིད་མི་ཆེས་པར་འགྱུར། དེ་དག་གིས་ཚིགས་སུ་བཅད་དེ་སྨྲས་པ། ནད་མེད་རྒྱགས་པས་མྱོས་པ་དང་། །ལང་ཚོ་ལོངས་སྤྱོད་དྲེགས་མྱོས་ཏེ། སྦྱིན་པ་ཅི་ཡང་མ་བཏང་བས། །བདག་ཅག་ཡི་དགས་ འཇིག་རྟེན་ལྷགས། །གྲོ་བཞིན་སྐྱེས་ཁྱོད་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པས་སོང་ཤིག །ཡི་དགས་ཀྱི་གྲོང་ཁྱེར་དུ་ཞུགས་པ་ལ་གསོན་པོར་འགྲོ་བ་འགའ་ཡང་ཁྱོད་ཀྱིས་མཐོང་བ་ཡོད་དམ། དེ་སོང་བ་དང་ཅི་ཙམ་ན་སྐྱེས་བུ་དེ་མཐོང་ནས་ དེས་དེ་ལ་སྨྲས་པ། ཨེ་མའོ་བཞིན་བཟངས་ཁྱོད་ཀྱིས་ཁོ་བོ་ལ་འདི་ལྟ་སྟེ། འདི་ནི་ཡི་དགས་ཀྱི་གྲོང་ཁྱེར་ཡིན་ནོ་ཞེས་སྨྲས་པ་དང་། ཁོ་བོ་དེར་མི་འཇུག་པ་ཞིག །དེས་སྨྲས་པ། གྲོ་བཞིན་སྐྱེས་ཁྱོད་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པས་སོང་ཤིག ། ཡི་དགས་ཀྱི་གྲོང་ཁྱེར་དུ་ཞུགས་པ་ལ་གསོན་པོར་འགྲོ་བ་འགའ་ཡང་ཁྱོད་ཀྱིས་མཐོང་བ་ཡོད་དམ། དེ་སོང་བ་དང་། ཅི་ཙམ་ན་ཉི་མ་ནུབ་ཀའི་དུས་སུ་གཞལ་མེད་ཁང་ཞིག་མཐོང་སྟེ། དེ་ན་ལྷ་མོ་གཟུགས་བཟང་བ་མཛེས་པ། བལྟ་ན་སྡུག་པ་བཞི་དང་། སྐྱེས་ བུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་དཔུང་རྒྱན་དང་། རྣ་ཆ་གདུབ་ཀོར་དང་། བྱུག་པ་དང་། ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་དང་དེ་དག་ཏུ་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ དག་གིས་དེ་རྒྱང་རིང་པོ་ཁོ་ན་ནས་མཐོང་ནས། དེ་དག་གིས་སོ་སོ་ནས་སྨྲ་བར་བརྩམས་པ། གྲོ་བཞིན་སྐྱེས་འོངས་པ་ལེགས་སོ། །མི་སྐོམ་མམ། མི་བཀྲེས་སམ། དེས་བསམས་པ། གདོན་མི་ཟ་བར་ལྷའམ། ཀླུའམ། གནོད་སྦྱིན་ཞིག་ཡིན་ ནོ་སྙམ་ནས་བདག་སྐོམ་མོ། །བདག་བཀྲེས་སོ། །དེ་དག་གིས་ཁྲུས་བྱས་ནས་ཟན་བྱིན་ཏེ་གཞལ་མེད་ཁང་དེ་ཉིད་དུ་ཇི་ཙམ་ཉི་མ་མ་ཤར་གྱི་བར་དུ་འདུག་པ་དང་། དེ་ལ་དེ་དག་གིས་སྨྲས་པ། གྲོ་བཞིན་སྐྱེས་འདིར་ཉེས་དམིགས་དག་འབྱུང་བར་འགྱུར་ གྱིས་བྱུང་ཤིག །དེ་བྱུང་ནས་མཐའ་གཅིག་ཏུ་སོང་སྟེ་གནས་སོ། །དེ་ནས་ཕྱི་ཞིག་ན་ཉི་མ་ཤར་བའི་དུས་ཀྱི་ཚེ་གཞལ་མེད་ཁང་དེ་ཡང་མི་སྣང་། ལྷའི་བུ་མོ་ཡང་མི་སྣང་བར་གྱུར་ཏེ། ཁྱི་སྲེ་བོ་བཞི་ཞིག་བྱུང་ནས་དེ་དག་གིས་སྐྱེས་པ་དེ་ཁས་བུབ་ཏུ་བསྙལ་ ཏེ་རྒྱབ་ཀྱི་ཤ་ལྤགས་ཁམ་ཚད་ཁམ་ཚད་དུ་བཅད་དེ། ཇི་ཙམ་ཉི་མ་ནུབ་ཀྱི་བར་དུ་ཟོས་སོ། །དེའི་འོག་ཏུ་ཡང་གཞལ་མེད་ཁང་ཡང་སླར་བྱུང་། ལྷའི་བུ་མོ་ཡང་བྱུང་བར་གྱུར་ཏེ། སྐྱེས་པ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། དཔུང་རྒྱན་ དང་། རྣ་ཆ་གདུབ་ཀོར་དང་། བྱུག་པ་དང་། ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་པ་དེ་དང་དེ་དག་ཏུ་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དག་གི་དྲུང་དུ་སོང་ནས་ཤེས་ལྡན་དག་ཁྱེད་ཅག་སུ་ཞིག །ལས་གང་ གིས་འདིར་སྐྱེས། གྲོ་བཞིན་སྐྱེས་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའ་བས་ཡིད་མི་ཆེས་སོ། །ཤེས་ལྡན་དག་བདག་གིས་མངོན་སུམ་དུ་མཐོང་ན་ཇི་ལྟར་ཡིད་མི་ཆེས་པར་འགྱུར། གྲོ་བཞིན་སྐྱེས་བདག་གནས་པའི་གྲོང་གི་ཤེན་པར་ གྱུར་པ་ན་ལུག་བསད་དེ་བསད་པའི་ཤ་བཙོངས་པས་འཚོ་བར་བྱེད་པ་ལས་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་བདག་ལ་ཐུགས་བརྩེ་བའི་ཕྱིར་བྱོན་ནས། བཞིན་བཟངས་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡིད་དུ་མི་འོང་བ་ཡིན་གྱིས་དམ་པ་མ་ཡིན་པའི་ཆོས་ སྡིག་པ་སྤོང་ཤིག་ཅེས་གསུངས་ན། དེས་གསུངས་པ་བཞིན་དུ་བདག་གིས་མ་སྤངས་པ་དང་། དེས་བདག་ལ་སྤོང་དུ་གཞུག་པའི་ཕྱིར་ཡང་དང་ཡང་དུ་བཞིན་བཟངས་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡིད་དུ་མི་འོང་བ་ཡིན་གྱིས་དམ་པ་ མ་ཡིན་པའི་ཆོས་སྡིག་པ་སྤོང་ཤིག་ཅེས་གསུངས་ན། འོན་ཀྱང་བདག་གིས་མ་སྤངས་ནས་དེས་བདག་ལ་སྨྲས་པ། བཞིན་བཟངས་ཁྱོད་ཅི་ལུག་ཉིན་པར་རམ། ནུབ་མོ་གསོད། བདག་གིས་སྨྲས་པ། འཕགས་པ་ཉིན་པར་རོ། །དེས་ཅིའི་ ཕྱིར་ནུབ་མོ་ཚུལ་ཁྲིམས་ཡང་དག་པར་མནོད་པ་མི་གཟུང་ཞེས་གསུངས་ནས། དེ་ལས་བདག་གིས་ནུབ་མོ་ཚུལ་ཁྲིམས་ཡང་དག་པར་མནོས་ཏེ་བཟུང་བ་དེའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུས་ནུབ་མོ་འདི་ལྟ་བུའི་བདེ་བ་ཉམས་སུ་མྱོང་ངོ་། །གང་ཡང་ཉིན་ པར་ལུག་བསད་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཉིན་པར་འདི་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་ངོ་། །ཚིགས་སུ་བཅད་དེ། ཡང་སྨྲས་པ། ཉིན་པར་གཞན་གྱི་སྲོག་གཅོད་ཅིང་། །ནུབ་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་ འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །གྲོ་བཞིན་སྐྱེས་ཁྱོད་གནས་པའི་གྲོང་དུ་འགྲོའམ། དེ་ན་བདག་གི་བུ་ཤེན་པ་བགྱིད་པ་དེ་ལ་ཁྱོད་ཀྱི་ཕ་ངས་མཐོང་སྟེ། དེ་ན་རེ་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡིད་དུ་མི་འོང་བ་ཡིན་ གྱིས་དམ་པ་མ་ཡིན་པའི་ཆོས་སྡིག་པ་སྤོང་ཤིག་ཅེས་ཟེར་རོ་ཞེས་གསུང་ཤིག །ཀྱེ་ནང་རྗེ་ཁྱོད་ཀྱིས་ཁོ་བོ་ལ་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའོ་ཞེས་སྨྲས་པས་ཡིད་ཆེས་པར་མི་འགྱུར་རོ། །གྲོ་བཞིན་སྐྱེས་གལ་ཏེ་ཡིད་མི་ཆེས་ན་ དེ་ལ་ཁྱོད་ཀྱི་ཕ་དེ་ན་རེ་རལ་གྲིས་བསད་པའི་སའི་འོག་ན་གསེར་ཕྱེ་བུམ་པ་གང་བཞག་གིས་དེ་ཕྱུང་སྟེ། བདག་ཉིད་ལ་ཡུན་དུ་བདེ་བས་ཚིམ་པར་བྱ་བ་དང་། དུས་དུས་སུ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་བསོད་སྙོམས་ཕུལ་ལ་བདག་ཅག་གི་མིང་ནས་ ཕྱུང་སྟེ་ཡོན་བསྔོ་བ་བྱོས་ཤིག་དང་། དེ་ན་ལས་དེ་བསྲབས་པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་འགྱུར་རོ་ཞེས་གསུང་ཤིག །དེ་སོང་བ་ལས་ཇི་ཙམ་ན་ཉི་མ་འཆར་ཀའི་དུས་སུ་གཞལ་མེད་ཁང་གཞན་ཞིག་མཐོང་སྟེ། དེ་ན་ལྷ་མོ་གཟུགས་ བཟང་བ། མཛེས་པ། བལྟ་ན་སྡུག་པ་གཅིག་དང་། སྐྱེས་པ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། དཔུང་རྒྱན་དང་། རྣ་ཆ་གདུབ་ཀོར་དང་། བྱུག་པ་དང་། ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་དང་ དེར་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དེ་དག་གིས་རྒྱང་རིང་པོ་ནས་མཐོང་ནས་སོ་སོ་ནས་སྨྲ་བར་བརྩམས་པ། གྲོ་བཞིན་སྐྱེས་འོངས་པ་ལེགས་སོ། །མི་སྐོམ་མམ། མི་བཀྲེས་སམ། དེས་ བསམས་པ། གདོན་མི་ཟ་བར་ལྷའམ། ཀླུའམ། གནོད་སྦྱིན་ཞིག་ཡིན་ནོ་སྙམ་ནས་བདག་སྐོམ་མོ། །བདག་བཀྲེས་སོ། །དེ་དག་གིས་དེ་ཁྲུས་བྱས་ནས་ཟན་བྱིན་ཏེ། དེ་གཞལ་མེད་ཁང་དུ་ཇི་ཙམ་ཉི་མ་ནུབ་ཀྱི་བར་དུ་འདུག་པ་དང་། དེ་ལ་དེ་དག་ གིས་སྨྲས་པ། གྲོ་བཞིན་སྐྱེས་འདིར་ཉེས་དམིགས་དག་འབྱུང་བར་འགྱུར་གྱིས་བྱུང་ཤིག །དེས་ཉེས་དམིགས་དག་མཐོང་བས་བྱུང་སྟེ་མཐའ་གཅིག་ཏུ་འདུག་གོ། །དེའི་འོག་ཏུ་ཉི་མ་ནུབ་ཀའི་དུས་ཀྱི་ཚེ་དེ་ན་གཞལ་མེད་ཁང་ཡང་མི་སྣང་། ལྷ་མོ་དེ་ཡང་མི་ སྣང་གི། སྲིན་གྱི་མེད་ཆེན་པོ་ཞིག་བྱུང་སྟེ། དེས་སྐྱེས་པ་དེའི་ལུས་ལ་ལུས་ཀྱིས་ལན་བདུན་དུ་དཀྲིས་ནས་སྟེང་དུ་བྱུང་སྟེ། དེས་ནམ་ཉི་མ་ཤར་བའི་བར་དུ་ཀླད་རྒྱས་ཟ་བར་བྱེད་དོ།། །།འདུལ་བ་གཞི། བམ་པོ་ཉི་ཤུ་གཅིག་པ། དེ་ ནས་དེའི་འོག་ཏུ་གཞལ་མེད་ཁང་ཡང་སླར་བྱུང་། ལྷ་མོ་དེ་ཡང་སླར་བྱུང་ནས་སྐྱེས་པ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། དཔུང་རྒྱན་དང་། རྣ་ཆ་གདུབ་ཀོར་དང་། བྱུག་པ་དང་། ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་པ་དེ་དང་དེར་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དེ་དག་གི་དྲུང་དུ་སོང་སྟེ་སོང་ནས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་སུ་ཞིག །ལས་གང་གིས་འདིར་སྐྱེས། གྲོ་བཞིན་སྐྱེས་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའ་བས་ཡིད་མི་ཆེས་སོ། ། བདག་གིས་མངོན་སུམ་དུ་མཐོང་ན་ཇི་ལྟར་ཡིད་མི་ཆེས་པར་འགྱུར། དེས་སྨྲས་པ། གནས་པའི་གྲོང་ན་བདག་བྲམ་ཟེར་གྱུར་ཏེ། བྱི་བོ་བྱེད་པ་ལས་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་བདག་ལ་ཐུགས་བརྩེ་བའི་ཕྱིར་བྱོན་ནས་གསུངས་པ། བཞིན་བཟངས་ལས་ འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡིད་དུ་མི་འོང་བ་ཡིན་གྱིས་དམ་པ་མ་ཡིན་པའི་ཆོས་སྡིག་པ་སྤོང་ཤིག་ཅེས་གསུངས་ན། དེ་གསུངས་པ་བཞིན་དུ་བདག་གིས་མ་སྤངས་པ་དང་། དེས་བདག་ལ་སྤོང་དུ་གཞུག་པའི་ཕྱིར་ཡང་དང་ཡང་དུ་བཞིན་བཟངས་ལས་ འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡིད་དུ་མི་འོང་བ་ཡིན་གྱིས་དམ་པ་མ་ཡིན་པའི་ཆོས་སྡིག་པ་སྤོང་ཤིག་ཅེས་གསུངས་ན་འོན་ཀྱང་བདག་གིས་དེ་མ་སྤངས་སོ། །དེས་བདག་ལ་སྨྲས་པ་བཞིན་བཟངས་ཁྱོད་ཉིན་པར་བྱི་བོ་ལ་འགྲོའམ་ནུབ་མོ། བདག་གིས་དེ་ལ་སྨྲས་པ། འཕགས་པ་ནུབ་མོའོ། །དེས་བཞིན་བཟངས་ཅིའི་ཕྱིར་ཉིན་པར་ཚུལ་ཁྲིམས་ཡང་དག་པར་མནོས་ཏེ་མི་གཟུང་དེས་ན་ལས་དེ་བསྲབས་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་རོ། །ཞེས་གསུངས་ ནས། དེ་ལས་བདག་གིས་ཉིན་པར་ཚུལ་ཁྲིམས་ཡང་དག་པར་མནོས་ཏེ་བཟུང་ངོ་། །གང་ཡང་ཉིན་པར་ཚུལ་ཁྲིམས་ཡང་དག་པར་མནོས་ཏེ་བཟུང་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཉིན་པར་བདེ་བ་འདི་ལྟ་བུ་ཉམས་སུ་མྱོང་ངོ་། །གང་ཡང་མཚན་མོ་ བྱི་བོ་བྱེད་དུ་སོང་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་མཚན་མོ་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བར་གྱུར་ཏོ། །ཚིགས་སུ་བཅད་དེ་ཡང་སྨྲས་པ། མཚན་མོ་བྱི་བོ་བྱེད་ལ་ཆགས། །ཉིན་པར་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་ པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །གྲོ་བཞིན་སྐྱེས་ཁྱོད་གནས་པའི་གྲོང་དུ་འགྲོ་འམ། དེ་ན་བདག་གི་བུ་བྲམ་ཟེ་བྱི་བོ་བྱེད་པ་ལ་ཁྱོད་ཀྱི་ཕ་ངས་མཐོང་སྟེ། དེ་ན་རེ་ལས་འདིའི་རྣམ་པར་སྨིན་པ་ནི་ཡིད་དུ་མི་འོང་བ་ཡིན་གྱིས། དམ་པ་མ་ ཡིན་པའི་ཆོས་སྡིག་པ་སྤོང་ཤིག་ཅེས་ཟེར་རོ། །ཞེས་གསུང་ཤིག །དེས་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ན་རེ་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའོ་ཞེས་སྨྲས་པས་ཡིད་ཆེས་པར་མི་འགྱུར་རོ། །གྲོ་བཞིན་སྐྱེས་གལ་ཏེ་ཡིད་མི་ཆེས་ན་དེ་ ལ་ཁྱོད་ཀྱི་ཕ་ན་རེ་མེ་ཐབ་ཀྱི་འོག་ན་གསེར་ཕྱེ་བུམ་པ་གང་བཞག་གིས་དེ་ཕྱུང་སྟེ། བདག་ཉིད་ལ་ཡུན་དུ་བདེ་བས་ཚིམ་པར་བྱ་བ་དང་། དུས་དུས་སུ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་བསོད་སྙོམས་ཕུལ་ལ་བདག་ཅག་གི་མིང་ནས་ཕྱུང་སྟེ་ཡོན་བསྔོ་བ་གྱིས་ ཤིག་དང་། དེས་ན་ལས་དེ་བསྲབས་པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་འགྱུར་རོ་ཞེས་ཟེར་རོ་ཞེས་གསུང་ཤིག །དེ་སོང་བ་དང་ཇི་ཙམ་ན་གཞལ་མེད་ཁང་གཞན་ཞིག་མཐོང་སྟེ། དེ་ན་བུད་མེད་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ དཔུང་རྒྱན་དང་། རྣ་ཆ་གདུབ་ཀོར་དང་། བྱུག་པ་དང་། ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་འདུག་པ་དེའི་ཁྲིའི་རྐང་པ་བཞི་ལ་ཡི་དགས་བཞི་བཏགས་ཤིང་འདུག་གོ། །དེ་དེས་རྒྱང་རིང་པོ་ནས་མཐོང་ནས་སྨྲས་པ། གྲོ་བཞིན་སྐྱེས་འོངས་པ་ལེགས་ སོ། །འོངས་པ་ལེགས་སོ། །མི་སྐོམ་མམ། མི་བཀྲེས་སམ། དེས་བསམས་པ། གདོན་མི་ཟ་བར་ལྷ་མོའམ། ཀླུ་མོའམ། གནོད་སྦྱིན་མོ་ཞིག་ཡིན་ནོ་སྙམ་ནས། དེས་སྨྲས་པ། བདག་སྐོམ་མོ། །བདག་བཀྲེས་སོ། །དེས་དེ་ཁྲུས་ བྱས་ནས་ཟན་བྱིན་ཏེ་དེ་ལ་སྨྲས་པ། གྲོ་བཞིན་སྐྱེས་གལ་ཏེ་ཁྱོད་ལ་འདི་དག་ཆུང་ཟད་སློང་ན་མ་སྦྱིན་ཅིག་ཅེས་སྨྲས་ནས། སེམས་ཅན་དེ་རྣམས་ཀྱི་ལས་བདག་གིར་བྱ་བ་མངོན་སུམ་དུ་བྱ་བར་འདོད་ནས་གཞལ་མེད་ཁང་གི་ནང་དུ་ཞུགས་ཏེ་འདུག་གོ། །དེ་ དག་གིས་བསླང་བར་བརྩམས་ཏེ། གྲོ་བཞིན་སྐྱེས་སྙིང་རྗེ་དང་ལྡན་པ་ཁྱོད་ཀྱིས་བདག་ཅག་བཀྲེས་པས་ཉེན་པ་ལ་བྱིན་ཅིག །དེས་གཅིག་ལ་ཁམ་གཅིག་བྱིན་པ་དང་ཕུབ་མར་གྱུར་ཏོ། །ཡང་གཅིག་ལ་ཁམ་གཅིག་བྱིན་པ་དང་ལྕགས་ཀྱི་ཐུ་ལུམ་ཟ་བར་ གྱུར་ཏོ། །ཡང་གཅིག་ལ་ཁམ་གཅིག་བྱིན་པ་དང་དེ་རང་གི་ཤ་ལ་ཟ་བར་གྱུར་ཏོ། །ཡང་གཅིག་ལ་ཁམ་གཅིག་བྱིན་པ་དང་རྣག་ཁྲག་ཏུ་གྱུར་ཏོ། །དེ་དྲི་ཚོར་ནས་བྱུང་སྟེ། གྲོ་བཞིན་སྐྱེས་ཁྱོད་ལ་ཁོ་མོས་མ་ཟློག་གམ། ཅིའི་ཕྱིར་འདི་དག་ལ་སྦྱིན་ཅི་ཁོ་ མོའི་སྙིང་རྗེ་ལས་ཁྱོད་ཀྱི་སྙིང་རྗེ་ལྷག་གམ། དེས་སྨྲས་པ། སྲིང་མོ་འདི་དག་ཁྱོད་ཀྱི་ཅིར་འོང་། དེས་སྨྲས་པ། འདི་ནི་ཁོ་མོའི་ཁྱིམ་ཐབ་ཡིན། འདི་ནི་བུ་ཡིན། འདི་ནི་མནའ་མ་ཡིན། འདི་ནི་ཁོ་མོའི་བྲན་མོ་ཡིན་ནོ། །ཁྱེད་ཅག་སུ་དག་ཅིག ། ལས་གང་གིས་འདིར་སྐྱེས། གྲོ་བཞིན་སྐྱེས་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའ་བས་ཡིད་མི་ཆེས་སོ། །སྲིང་མོ་བདག་གིས་མངོན་སུམ་དུ་མཐོང་ན་ཇི་ལྟར་ཡིད་མི་ཆེས་པར་འགྱུར། དེས་སྨྲས་པ། གྲོ་བཞིན་སྐྱེས་ ཁོ་མོ་གནས་པ་ཞེས་བྱ་བའི་གྲོང་གི་བྲམ་ཟེ་མོར་གྱུར་པ་ན་རྒྱུ་སྐར་ལ་བབ་པའི་ནུབ་མོ་ཁ་ཟས་བསོད་པ་དག་སྟ་གོན་བྱས་པ་དང་། འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཁོ་མོ་ལ་ཐུགས་བརྩེ་བའི་ཕྱིར་གནས་པའི་གྲོང་དུ་བསོད་སྙོམས་ལ་གཤེགས་ཏེ་རིམ་གྱིས་ཁོ་ མོའི་ཁྱིམ་དུ་བྱོན་པ་དང་། ཁོ་མོས་དེའི་སྐུ་འཛེས་ཤིང་ཐུགས་དང་བ་མཐོང་ངོ་། །མཐོང་ནས་ཀྱང་ཁོ་མོ་མངོན་པར་དད་པར་གྱུར་ཏེ། དེ་ལ་ཁོ་མོ་དད་པ་སྐྱེས་ནས་བསོད་སྙོམས་ཕུལ་ཏེ་ཁོ་མོའི་བློ་སྐྱེས་པ། དེ་ལ་ཁྱིམ་ཐབ་རྗེས་སུ་ཡི་རང་བ་འབུལ་དུ་ བཅུག་ན་རབ་ཏུ་དགའ་བ་སྐྱེ་བར་འགྱུར་རོ་སྙམ་པ་ལས་དེས་ཁྲུས་བྱས་ཏེ་འོངས་པ་དང་། དེ་ལ་ཁོ་མོས་སྨྲས་པ། རྗེའི་སྲས་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་ཁོ་མོས་བསོད་སྙོམས་ཕུལ་གྱིས་རྗེས་སུ་ཡི་རང་བ་ཕུལ་ཅིག །དེ་ཁྲོས་ནས་སྨྲས་པ། ཇི་སྲིད་བྲམ་ཟེ་རྣམས་ ལ་མ་ཕུལ། གཉེན་བཤེས་རྣམས་ལ་གཉེན་གྱི་སྲི་ཞུ་མ་བྱས་པར་ཇེ་ཁྱོད་ཀྱིས་དགེ་སྦྱོང་མགོ་རེག་དེ་ལ་བསོད་སྙོམས་ཀྱི་ཕུད་སྦྱིན་ནམ་ཞེས་དེ་མི་བཟོད་པ་སྐྱེས་ནས་དགེ་སྦྱོང་མགོ་རེག་དེ་ཅིའི་ཕྱིར་ཕུབ་མ་མི་འགམ་ཞེས་སྨྲས་པས། དེ་ལས་དེའི་རྣམ་པར་སྨིན་ པས་ཕུབ་མ་འགམ་པར་གྱུར་ཏོ། །ཁོ་མོའི་བློ་སྐྱེས་པ། ཁྱིམ་ཐབ་ཀྱིས་རྗེས་སུ་ཡི་རང་བ་མ་ཕུལ་གྱིས། རེ་ཞིག་བུ་རྗེས་སུ་ཡི་རང་བ་འབུལ་དུ་བཅུག་ན་དགའ་བ་སྐྱེ་བར་འགྱུར་རོ་སྙམ་ནས་ཁོ་མོས་དེ་ལ་ཡང་སྨྲས་པ། བུ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་ པོ་ལ་ཁོ་མོས་བསོད་སྙོམས་ཕུལ་གྱིས་རྗེས་སུ་ཡི་རང་བ་ཕུལ་ཅིག །དེ་ཡང་ཁྲོས་ཏེ་སྨྲས་པ། ཇི་སྲིད་བྲམ་ཟེ་རྣམས་ལ་མ་བྱིན་པར་ཇེ་ཁྱོད་ཀྱིས་དགེ་སྦྱོང་མགོ་རེག་དེ་ལ་བསོད་སྙོམས་ཀྱི་ཕུད་བྱིན་ནམ་ཞེས་དེ་མི་བཟོད་པ་སྐྱེས་ནས་དགེ་སྦྱོང་མགོ་རེག་ དེ་ཅིའི་ཕྱིར་ལྕགས་ཀྱི་ཐུ་ལུམ་མི་ཟ་ཞེས་སྨྲས་པ། དེ་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་ཐུ་ལུམ་ཟ་བར་གྱུར་ཏོ། །གྲོ་བཞིན་སྐྱེས་རྒྱུ་སྐར་ལ་བབ་པའི་ནུབ་མོ་གཉེན་དག་གིས་ཁོ་མོ་ལ་གཡར་གཟིགས་ཤིག་བསྐུར་བ་དེ་ཁོ་མོས་མནའ་མ་ལ་ གཏད་ན། དེས་གཡར་གཟིགས་བསོད་པ་བསོད་པ་དག་ནི་ཟོས་ལ། ངན་པ་དག་ཁོ་མོ་ལ་བྱིན་ནོ། །ཁོ་མོས་གཉེན་དེ་དག་ལ་ཁྱེད་ཅག་ལོ་ཉེས་སམ་ཅི། འདི་ལྟ་བུ་གཡར་གཟིགས་ངན་པ་བསྐུར། དེ་རྣམས་ཀྱིས་ཁོ་མོ་ལ་བདག་ཅག་གིས་གཡར་ གཟིགས་ངན་པ་ནི་མ་བསྐུར་ཏེ། དེ་ལྟ་མོད་ཀྱི་གཡར་གཟིགས་བསོད་པ་ཞིག་བསྐུར་རོ་ཞེས་སྤྲིང་པ་འོངས་ནས་ཁོ་མོས་མནའ་མ་ལ་སྨྲས་པ། བག་སར་ཁྱོད་ཀྱིས་གཡར་གཟིགས་བསོད་པ་དག་ནི་ཟོས་ལ་ངན་པ་དག་ཁོ་མོ་ལ་མ་བྱིན་གྲང་དེས་སྨྲས་པ། ཁྱོད་ཀྱི་གཡར་གཟིགས་ཟན་བདག་རང་གི་ཤ་ཅིའི་ཕྱིར་མི་ཟ་ཞེས་སྨྲས་པ། དེ་ལས་དེའི་རྣམ་པར་སྨིན་པས་རང་གི་ཤ་ཟ་བར་གྱུར་ཏོ། །རྒྱུ་སྐར་ལ་བབ་པའི་ནུབ་མོ་ཁོ་མོས་བྲན་མོ་གཡར་གཟིགས་བསོད་པ་དག་ཅིག་ལག་ཏུ་བསྐུར་ཏེ་གཉེན་བཤེས་ ཀྱི་གན་དུ་བཏང་བ་ལས། དེས་ལམ་ཀར་གཡར་གཟིགས་བསོད་པ་དག་ཟོས་ནས་དེ་དག་ལ་ངན་པ་དག་བྱིན་པ་དང་། དེ་དག་གིས་ཁོ་མོ་ལ་ཁྱོད་ལོ་ཉེས་སམ་ཅི། བདག་ཅག་ལ་གཡར་གཟིགས་ངན་པ་དག་བསྐུར་ཞེས་སྤྲིང་བ་འོངས་ན། ཁོ་ མོས་དེ་དག་ལ་ཁོ་མོས་ཁྱེད་ཅག་ལ་གཡར་གཟིགས་ངན་པ་ནི་མ་བསྐུར་ཏེ། དེ་ལྟ་མོད་ཀྱི་གཡར་གཟིགས་བསོད་པ་ཞིག་བསྐུར་རོ་ཞེས་སྤྲིང་ངོ་། །ཁོ་མོས་བྲན་མོ་ལ་དྲིས་པ། བྲན་མོ་གཡར་གཟིགས་བསོད་པ་དག་ཁྱོད་ཀྱིས་ཟོས་ལ་དེ་དག་ལ་ ངན་པ་དག་མ་བྱིན་གྲང་། དེས་སྨྲས་པ། ཁྱོད་ཀྱི་གཡར་གཟིགས་ཟ་ན་རྣག་ཁྲག་ཅིའི་ཕྱིར་མི་འཐུང་ཞེས་སྨྲས་པས། དེ་ལས་དེའི་རྣམ་པར་སྨིན་པས་རྣག་ཁྲག་འཐུང་བར་གྱུར་ཏོ། །བདག་གི་བློ་སྐྱེས་པ་གང་དུ་སེམས་ཅན་འདི་དག་རང་རང་གི་ལས་ཀྱི་ འབྲས་བུ་ཉམས་སུ་མྱོང་བར་འགྱུར་བ་དེར་ཉིང་མཚམས་སྦྱོར་ཞིང་ལྟ་བར་གྱུར་ཅིག་སྙམ་མོ། །ཁོ་མོས་གང་ཡང་འཕགས་པ་ཀ་ཏྱཱ་ཡ་ན་ཆེན་པོ་ལ་བསོད་སྙོམས་ཕུལ་བས་སུམ་བཅུ་རྩ་གསུམ་པའི་གནས་བཟང་པོར་སྐྱེ་བར་འགྱུར་ བ་ལས་བདག་གིས་སྨོན་ལམ་ལོག་པར་བཏབ་པས། ད་ལྟར་ཡི་དགས་མཐུ་ཆེན་པོ་ཞིག་ཏུ་སྐྱེས་སོ། །གྲོ་བཞིན་སྐྱེས་ཡང་གནས་པ་ཞེས་བྱ་བའི་གྲོང་དུ་འགྲོ་ན་དེ་ན་ཁོ་མོའི་བུ་མོ་སྨད་འཚོང་བྱེད་པ་དེ་ལ། ཁྱོད་ཀྱི་ཕ་དང་། མ་དང་། མིང་ པོ་དང་། མནའ་མ་དང་། བྲན་མོ་དག་ངས་མཐོང་སྟེ། དེ་དག་ན་རེ་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡིད་དུ་མི་འོང་བ་ཡིན་གྱིས་དམ་པ་མ་ཡིན་པའི་ཆོས་སྡིག་པ་སྤོང་ཤིག་ཅེས་ཟེར་རོ། །ཞེས་གསུང་ཤིག །སྲིང་མོ་ཁྱེད་ཉིད་ ན་རེ་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའོ་ཞེས་སྨྲས་པས་ཡིད་ཆེས་པར་མི་འགྱུར་རོ། །དེས་སྨྲས་པ། གྲོ་བཞིན་སྐྱེས་གལ་ཏེ་ཡིད་མི་ཆེས་ན་ཁྱོད་ཀྱི་ཕའི་སྔོན་གྱི་ཁང་པ་ན་ལྕགས་ཟངས་གསེར་གྱིས་གང་བ་ཟུང་བཞི་དང་། དབུས་ ན་གསེར་གྱི་ཁར་བ་དང་། རིལ་བ་སྤྱི་བླུགས་ཤིག་ཡོད་ཀྱིས་དེ་དག་ཕྱུང་སྟེ། བདག་ཉིད་ལ་ཡུན་དུ་བདེ་བས་ཚིམ་པར་བྱ་བ་དང་། དུས་དུས་སུ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་བསོད་སྙོམས་དབུལ་ཞིང་བདག་ཅག་གི་མིང་ནས་ཕྱུང་སྟེ་ཡོན་བསྔོ་བ་ བྱོས་ཤིག་དང་། དེས་ན་ལས་དེ་བསྲབས་པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་འགྱུར་རོ་ཞེས་ཟེར་རོ་ཞེས་གསུང་ཤིག །དེས་དེ་ལས་ཁས་བླངས་ཏེ། དེ་དེ་ལྟར་འཁྱམ་པ་ལ་ལོ་བཅུ་གཉིས་འདས་སོ། །དེས་དེ་ལ་སྨྲས་པ། གྲོ་བཞིན་ སྐྱེས་ཁྱོད་གནས་པའི་གྲོང་དུ་འགྲོ་འམ། སྲིང་མོ་འགྲོའོ་ཞེས་དེ་གཞལ་མེད་ཁང་དུ་ཞུགས་པ་དང་དེས་ཡི་དགས་དེ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཉལ་བཞིན་དུ་གནས་པའི་གྲོང་གི་ཕའི་སྐྱེད་མོས་ཚལ་དུ་ཞོག་ ལ་སླར་གཤེགས་ཤིག །དེ་དག་གིས་དེ་གནས་པའི་གྲོང་དུ་ཕའི་སྐྱེད་མོས་ཚལ་དུ་བཞག་གོ། །དེ་གཉིད་སད་པ་དང་ཇི་ཙམ་ན་དྲིལ་བུ་དང་། གདུགས་དང་། བསིལ་ཡབ་རྣམས་ཕུལ་ནས་གལ་ཏེ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་གསོན་པོ་ཞིག་ན་ལ་གོར་ འོང་ཞིང་མྱུར་དུ་འོང་བར་ཤོག་ཤིག །འོན་ཏེ་དུས་ལས་འདས་ཏེ་ཤི་འཕོས་པར་གྱུར་ན་འགྲོ་བའི་གནས་གནས་ཁྱད་པར་ཅན་དུ་སྐྱེ་བར་གྱུར་ཅིག་ཅེས་ཡི་གེ་བྲིས་པ་མཐོང་ནས། དེས་བསམས་པ། འདི་ལྟར་བདག་ཕ་དང་མས་ཤི་བའི་ཁོངས་སུ་བརྩིས་ན་ ཅིའི་ཕྱིར་སླར་ཁྱིམ་དུ་འཇུག །བདག་སོང་ལ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་དྲུང་དུ་རབ་ཏུ་འབྱུང་བར་བྱའོ་སྙམ་མོ། །དེ་ནས་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་གང་ན་བ་དེར་སོང་བ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་གྲོ་ བཞིན་སྐྱེས་རྣ་བ་བྱེ་བ་རི་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ལ་འདི་སྐད་ཅེས་སྨྲས་སོ། །གྲོ་བཞིན་སྐྱེས་ཚུར་ཤོག །གྲོ་བཞིན་སྐྱེས་ཁྱོད་འོངས་པ་ལེགས་སོ། །གྲོ་བཞིན་སྐྱེས་ཁྱོད་ཀྱིས་འཇིག་རྟེན་འདི་དང་ འཇིག་རྟེན་ཕ་རོལ་མཐོང་ངམ། བཙུན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་མཐོང་ངོ་། །བཙུན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བཙུན་པ་ཀཱ་ཏྱཱ་ཡ་ན་ ཆེན་པོ་བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་ལ་སྤྱད་པར་འཚལ་ལོ། །གྲོ་བཞིན་སྐྱེས་རེ་ཞིག་སྔོན་གྱི་དམ་བཅས་པ་དྲན་པར་བྱོས་ལ་ཐ་ན་ཇི་སྐད་སྤྲིང་ཞིང་བཟུང་བ་ཆུབ་པར་སྐྱོལ་ཅིག །དེ་ཤེན་པ་དེའི་དྲུང་དུ་སོང་ནས་བཞིན་ བཟངས་ཁྱོད་ཀྱི་ཕ་ངས་མཐོང་སྟེ། དེ་ན་རེ་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡིད་དུ་མི་འོང་བ་ཡིན་གྱིས་དམ་པ་མ་ཡིན་པའི་ཆོས་སྡིག་པ་སྤོང་ཤིག་ཅེས་ཟེར་རོ། །དེས་སྨྲས་པ། ཀྱེ་ནང་རྗེ་བདག་གི་ཕ་ནི་ཤི་ནས་དེང་དུ་ལོ་བཅུ་གཉིས་ལོན་ན། ཁྱོད་ཀྱིས་འཇིག་རྟེན་ཕ་རོལ་ནས་སླར་འོངས་པ་འགའ་མཐོང་བ་ཡོད་དམ། བཞིན་བཟངས་བདག་དེར་སོན་ཏོ། །དེ་ཡིད་མ་ཆེས་པ་དང་བཞིན་བཟངས་ཅི་སྟེ་ཡིད་མི་ཆེས་ན་དེ་ན་རེ་ཁྱོད་ཀྱི་ཕའི་རལ་གྲིས་བསད་པའི་འོག་ན་གསེར་ཕྱེ་མ་བུམ་ པ་གང་བཞག་གིས་དེ་ཕྱུང་ལ་བདག་ཉིད་ལ་ཡུན་དུ་བདེ་བས་ཚིམ་པར་བྱ་བ་དང་། དུས་དུས་སུ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་བསོད་སྙོམས་ཕུལ་ལ། བདག་ཅག་གི་མིང་ནས་ཕྱུང་སྟེ་ཡོན་བསྔོ་བ་བྱོས་ཤིག་དང་། དེས་ན་ལས་དེ་བསྲབས་པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་འགྱུར་རོ་ཞེས་ཟེར་རོ། །དེས་བསམས་པ། བདག་གིས་སྔོན་ཆད་ནི་དེ་ལྟ་བུ་ལན་འགའ་ཡང་མ་ཐོས་ན་རེ་ཞིག་བལྟས་ཏེ་གལ་ཏེ་བྱུང་བར་གྱུར་ན་ཟེར་བ་དེ་ཐམས་ཅད་བདེན་ནོ་སྙམ་ནས། དེས་སོང་སྟེ་བརྐོས་ནས་ཇི་ ཙམ་ན་མཐོང་བ་དང་དེ་ཐམས་ཅད་དེ་ཁོ་ན་བཞིན་དུ་གྱུར་ཏེ། དེས་ཡིད་ཆེས་པར་གྱུར་ཏོ། །དེའི་འོག་ཏུ་བྱི་བོ་བྱེད་པ་དེའི་དྲུང་དུ་སོང་སྟེ་སོན་ནས་སྨྲས་པ། བཞིན་བཟངས་ཁྱོད་ཀྱི་ཕ་ངས་མཐོང་སྟེ། དེ་ན་རེ་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡིད་དུ་མི་འོང་ བ་ཡིན་གྱིས་དམ་པ་ཡིན་པའི་ཆོས་སྡིག་པ་སྤོང་ཤིག་ཅེས་ཟེར་རོ་དེས་སྨྲས་པ། ཀྱེ་ནང་རྗེ་བདག་གི་ཕ་ཤི་ནས་དེང་དུ་ལོ་བཅུ་གཉིས་ལོན་ན་ཁྱོད་ཀྱིས་འཇིག་རྟེན་ཕ་རོལ་ནས་འོངས་པ་འགའ་མཐོང་བ་ཡོད་དམ། བཞིན་བཟངས་བདག་དེར་སོན་ཏོ། །དེ་ཡིད་མ་ ཆེས་ཏེ་དེས་སྨྲས་པ། བཞིན་བཟངས་གལ་ཏེ་ཡིད་མི་ཆེས་ན་ཕ་ན་རེ་ཁྱོད་ཀྱི་ཕའི་མེ་ཐབ་ཀྱི་འོག་ན་གསེར་ཕྱེ་བུམ་པ་གང་བཞག་གིས་དེ་ཕྱུང་ལ་བདག་ཉིད་ཡུན་དུ་བདེ་བས་ཚིམ་པར་བྱ་བ་དང་། དུས་དུས་སུ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་བསོད་སྙོམས་ ཕུལ་ལ་བདག་ཅག་གི་མིང་ནས་ཕྱུང་སྟེ་ཡོན་བསྔོ་བ་བྱོས་ཤིག་དང་། དེས་ན་ལས་དེ་བསྲབས་པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་འགྱུར་རོ་ཞེས་དེ་སྐད་ཟེར་རོ། །དེས་བསམས་པ། བདག་གིས་དེ་སྐད་སྔོན་ཆད་ནི་ལན་འགའ་ཡང་མ་ཐོས་ ན་གལ་ཏེ་བྱུང་བར་གྱུར་ན་ཟེར་བ་དེ་ཐམས་ཅད་བདེན་ནོ་སྙམ་ནས། དེས་སོང་སྟེ་བརྐོས་ནས་ཇི་ཙམ་ན་མཐོང་བ་དང་དེ་ཐམས་ཅད་དེ་ཁོ་ན་བཞིན་དུ་གྱུར་ཏེ་དེས་ཡིད་ཆེས་པར་གྱུར་ཏོ། །དེའི་འོག་ཏུ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་སྨད་འཚོང་མ་དེའི་དྲུང་དུ་སོང་སྟེ་ སྨྲས་པ། སྲིང་མོ་ཁྱོད་ཀྱི་ཕ་དང་། མ་དང་། མིང་པོ་དང་། མནའ་མ་དང་། བྲན་མོ་དག་ངས་མཐོང་སྟེ། དེ་དག་ན་རེ་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡིད་དུ་མི་འོང་བ་ཡིན་གྱིས་དམ་པ་མ་ཡིན་པའི་ཆོས་སྡིག་པ་སྤོང་ཤིག་ཅེས་ཟེར་རོ། ། དེས་སྨྲས་པ། ཀྱེ་སྐྱེས་བུ་བདག་གི་ཕ་དང་མ་དག་ཤི་ནས་དེང་དུ་ལོ་བཅུ་གཉིས་ལོན་ན་ཁྱོད་ཀྱིས་འཇིག་རྟེན་ཕ་རོལ་ནས་འོངས་པ་འགའ་མཐོང་བ་ཡོད་དམ། དེས་སྨྲས་པ། བདག་དེར་སོན་ཏོ། །དེ་ཡིད་མ་ཆེས་པ་དང་། དེས་སྨྲས་པ། སྲིང་མོ་གལ་ཏེ་ཡིད་ མི་ཆེས་ན་དེ་དག་ན་རེ་ཁྱོད་ཀྱི་ཕའི་སྔོན་གྱི་ཁང་པ་རྙིང་པ་ན་ལྕགས་ཟངས་གསེར་ཕྱེས་གང་བ་ཟུང་བཞི་དང་། དབུས་ན་གསེར་གྱི་ཁར་བ་དང་། རིལ་བ་སྤྱི་བླུགས་ཡོད་ཀྱིས་དེ་དག་ཕྱུང་ལ་བདག་ལ་ཡུན་དུ་བདེ་བས་ཚིམ་པར་བྱ་བ་དང་། དུས་དུས་སུ་འཕགས་པ་ ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་བསོད་སྙོམས་ཕུལ་ལ། བདག་ཅག་གི་མིང་ནས་ཕྱུང་སྟེ་ཡོན་བསྔོ་བ་བྱོས་ཤིག་དང་། དེས་ན་ལས་དེ་བསྲབས་པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་འགྱུར་རོ་ཞེས་ཟེར་རོ། །དེས་བསམས་པ། བདག་གིས་སྔོན་ཅད་ ནི་དེ་ལྟ་བུ་ལན་འགའ་ཡང་མ་ཐོས་ན་བལྟ་བར་བྱ་སྟེ། གལ་ཏེ་བྱུང་བར་གྱུར་ན་ཟེར་བ་དེ་ཐམས་ཅད་བདེན་ནོ་སྙམ་ནས། དེས་སོང་སྟེ་བརྐོས་ནས་ཇི་ཙམ་ན་མཐོང་བ་དང་དེ་ཐམས་ཅད་དེ་ཁོ་ན་བཞིན་དུ་གྱུར་ཏེ་ཡིད་ཆེས་པར་གྱུར་ཏོ། །གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་བསམས་ པ། འཇིག་རྟེན་འདི་དག་ཐམས་ཅད་ནི་གསེར་གྱིས་ཡིད་ཆེས་ཀྱིས། བདག་ལ་ནི་འགའ་ཡང་ཡིད་ཆེས་པར་མ་གྱུར་ཏོ་སྙམ་ནས་དེས་འཛུམ་ཕྱུང་བ་དང་། དེ་བྱིས་པ་ན་མཆེ་བ་གསེར་གྱིས་བརྒྱན་པ་དེ་དེས་ངོ་ཤེས་པར་གྱུར་ནས་དཔོན་པོ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཡིན་ ནམ། སྲིང་མོ་བདག་ནི་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །དེ་སོང་ནས་དེའི་ཕ་མ་ལ་ཡབ་ཡུམ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་མཆིས་སོ་ཞེས་སྦྲན་པ་ནས་དུ་མ་ཞིག་གིས་སྦྲན་ན་ཡང་དེ་དག་ཡིད་མ་ཆེས་ནས། ཇི་ཙམ་ན་དེ་རང་ཉིད་འོངས་ཏེ་ཡབ་ཡུམ་ ཕྱག་འཚལ་ལོ་ཞེས་སྨྲས་པ་དང་། དེ་དབྱིག་གི་ང་རོ་ཅན་ཞིག་པས་དེ་གཉིས་ཀྱིས་སྐད་ལས་ངོ་ཤེས་ནས་དེ་གཉིས་ཀྱིས་དེའི་མགུལ་ནས་འཇུས་ཏེ་ངུ་བར་བརྩམས་པ་དང་། དེ་གཉིས་མཆི་མ་བྱུང་བས་མིག་གི་ལིང་ཏོག་བྱིད་ནས་བལྟ་བར་བརྩམས་སོ། །དེས་ སྨྲས་པ། ཡབ་ཡུམ་བདག་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་གིས་གནང་བར་མཛོད་ཅིག །དེ་གཉིས་ཀྱིས་སྨྲས་པ། བུ་ཁྱོད་ཀྱི་མྱ་ངན་དང་ངུད་མོས་བདག་ཅག་མིག་ལྡོངས་པར་གྱུར་པ་ལས། ད་ཁྱོད་ཉིད་འོངས་ནས་བདག་ཅག་གི་མིག་ སོར་ཆུད་ཀྱིས། བདག་ཇི་སྲིད་གསོན་པ་དེ་སྲིད་དུ་རབ་ཏུ་མ་འབྱུང་བར་ནམ་ཤི་བར་གྱུར་པ་དེའི་ཚེ་རབ་ཏུ་བྱུང་ཤིག །དེས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་དྲུང་དུ་ཆོས་མཉན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཕ་དང་མ་གཉིས་ཀྱང་ སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་བཀོད་དོ། །ལུང་བཞིན་རྟོགས་པར་བྱས་ཏེ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཕ་དང་མ་གཉིས་ཀྱང་བདེན་པ་རྣམས་ལ་བཀོད་དོ། །དུས་གཞན་ཞིག་ན་དེའི་ཕ་དང་མ་ཤི་ནས་དེས་ ནོར་དེ་དག་ཕོངས་པ་དང་། མགོན་མེད་པ་དང་། བཀྲེན་པ་དང་། ཉམ་ཐག་པ་རྣམས་ལ་བྱིན་ཏེ། བཀྲེན་པ་ཕལ་མོ་ཆེ་ཞིག་དབུལ་བོར་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་རྐང་པ་གཉིས་ལ་ མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོ་གནང་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་དེ་རབ་ཏུ་ཕྱུང་ངོ་། །དེས་རབ་ཏུ་ཕྱུང་ནས་མ་མོ་རྟོགས་པར་བྱས་ཏེ། ཕྱིར་ མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །རྡོ་ཅན་ཞེས་བྱ་བའི་ཡུལ་གྱི་མཐའ་ན་དགེ་སློང་གི་ཚོགས་ཉུང་སྟེ་གྲངས་བཅུར་བསྐང་བ་དཀའ་ནས། དེས་དེ་ཟླ་བ་གསུམ་དུ་དགེ་ཚུལ་དུ་བཞག་གོ། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ ཀྱི་ཉན་ཐོས་རྣམས་ཀྱི་འདུས་པ་ནི་གཉིས་སུ་འགྱུར་ཏེ། འདུས་པ་ཆེན་པོ་ནི་དབྱར་ཟླ་འབྲིང་པོའི་དབྱར་ཉེ་བར་སྒྲུབ་པ་ལ་གང་ཡིན་པ་དང་། སྟོན་ཟླ་འབྲིང་པོའི་ཉ་ལ་གང་ཡིན་པའོ། །དེ་ལ་གང་དག་དབྱར་ཟླ་འབྲིང་པོའི་དབྱར་ཉེ་བར་སྒྲུབ་པ་ལ་འདུས་པ་དེ་ དག་ནི་ཡིད་ལ་བྱེད་པའི་ཁྱད་པར་དེ་དང་དེ་དག་བཟུང་ནས་ཆུབ་པར་བྱས་ཏེ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དེ་དང་དེ་རྣམས་སུ་དབྱར་གནས་པར་དམ་འཆའོ། །གང་དག་སྟོན་ཟླ་འབྲིང་པོའི་ཉ་ ལ་འདུས་པ་དེ་དག་ནི་ཇི་ལྟར་རྟོགས་པ་དག་སྨྲས་ནས་གོང་མ་དག་འདྲི་བར་བྱེད་དེ། ཉན་ཐོས་ཆེན་པོ་རྣམས་ཀྱི་ཡང་དེ་དང་འདྲའོ། །དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་ལྷན་ཅིག་གནས་པ་དང་། ཉེ་གནས་ཀྱི་དགེ་སློང་དག་གིས་ཡིད་ལ་བྱེད་པའི་ ཁྱད་པར་དེ་དང་དེ་དག་བཟུང་ནས་ཆུབ་པར་བྱས་ཏེ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དེ་དང་དེ་རྣམས་སུ་དབྱར་གནས་པར་དམ་བཅས་སོ། །དེ་དག་གིས་དབྱར་ཟླ་བ་གསུམ་པོ་དག་འདས་ནས་ཆོས་ གོས་བྱས་པ་དང་ལྡན་ཆོས་གོས་ཟིན་པ་དང་ལྡན་ནས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་གང་ན་བ་དེར་དོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ ནས་དེ་དག་གིས་ཇི་ལྟར་རྟོགས་པ་དག་སྨྲས་ཏེ། གོང་མ་དག་ཀྱང་འདྲིའོ། །ཚོགས་ཀྱི་གྲངས་ཀྱང་བཅུར་བསྐངས་ནས་དེས་དེ་བསྙེན་པར་རྫོགས་པར་བྱས་སོ། །དེས་སྡེ་སྣོད་གསུམ་རྟོགས་པར་བྱས་ནས་ཉོན་མོངས་པ་ཐམས་ཅད་སྤངས་ ཤིང་དགྲ་བཅོམ་པ་མངོན་སུམ་དུ་བྱས་ཏེ་དགྲ་བཅོམ་པར་གྱུར་ནས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་གྱོ་མོ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཉམ་པའི་སེམས་ཅན་དན་དང་སྟེའུར་མཉམ་པ། རིག་པས་མ་རིག་པའི་སྒོ་ངའི་ སྦུབས་དྲལ་བ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལས་ཕྱིར་ཕྱོགས་པ། དབང་པོ་ཉེ་དབང་པོའི་ལྷ་དང་བཅས་པ་རྣམས་ཀྱིས་མཆོད་པར་བྱ་ བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་ལྷན་ཅིག་གནས་པ་དང་། ཉེ་གནས་ཀྱི་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་བསྙེན་བཀུར་བྱས་ནས། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་ནི་བདག་ཅག་གིས་མཐོང་སྟེ། བསྙེན་བཀུར་ཡང་བགྱིས་ལགས་ཀྱིས། བཅོམ་ལྡན་འདས་ལ་བདག་ཅག་རྣམས་བསྙེན་བཀུར་བགྱིད་དུ་མཆིའོ། །བུ་དག་དེ་བཞིན་དུ་གྱིས་ཤིག །དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བསྙེན་བཀུར་བྱ་བ་ཁོ་ན་ཡིན་ནོ། །དེའི་ཚེ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་འཁོར་དེ་ཉིད་ཀྱི་ནང་དུ་ཚོགས་ཤིང་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་སྟན་ལས་ལངས་ནས་ བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་མཁན་པོ་ཡང་མཐོང་། བཅོམ་ལྡན་འདས་ཀྱང་ཆོས་ཀྱི་སྐུར་ནི་མཐོང་ན། གཟུགས་ཀྱི་ སྐུ་མ་མཐོང་བས། མཁན་པོ་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་ལྟར་མཆིའོ། །བུ་དེ་བཞིན་དུ་གྱིས་ཤིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་བ་ནི་རྙེད་པར་དཀའ་སྟེ། དཔེར་ན་མེ་ཏོག་ཨུ་དུམ་བཱ་ར་དང་ མཚུངས་སོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱོས་ལ། བདག་གི་ཚིག་འདིས་རེག་པར་སྤྱོད་དམ་ཞེས་བྱ་བའི་བར་དང་། ཞུ་བ་ལྔ་པོ་འདི་དག་ཀྱང་ཞུས་ཤིག །བཙུན་པ་རྡོ་ཅན་ཞེས་བགྱི་བའི་ཡུལ་གྱི་མཐའ་ན་དགེ་སློང་ཉུང་བས་གྲངས་ བཅུར་བསྐང་བ་དཀའ་ན་དེ་ལ་ཇི་ལྟར་བདག་གིས་བསྒྲུབ་པར་བགྱི། བཙུན་པ་བ་ལང་གི་རྗེས་ཀྱིས་ས་རྩུབ་པོར་གྱུར་པ་དང་། རྡོ་ཅན་ཞེས་བགྱི་བའི་ཡུལ་གྱི་མཐའ་ན་འདི་ལྟ་བུའི་གདིང་བ་དང་། དགབ་པ་འདི་ལྟ་སྟེ། ལུག་གི་པགས་པ་དང་། བའི་ཀོ་བ་ དང་། རི་དགས་ཀྱི་པགས་པ་དང་། རའི་པགས་པ་ལས་བགྱིད་དོ། །ཇི་ལྟར་ཡུལ་གཞན་དག་ན་འདི་ལྟ་བུའི་གདིང་བ་དང་། དགབ་པ་འདི་ལྟ་སྟེ། བལ་སྟན་དང་། ཤིང་ཤུན་གྱི་སྟན་དང་། སྲིན་བལ་གྱི་སྟན་དང་། རས་བལ་གྱི་སྟན་དག་མཆིས་པ་དེ་ བཞིན་དུ་རྡོ་ཅན་ཞེས་བགྱི་བའི་ཡུལ་གྱི་མཐའ་ན་འདི་ལྟ་བུའི་གདིང་བ་དང་། དགབ་པ་འདི་ལྟ་སྟེ། ལུག་གི་པགས་པ་དང་ཞེས་བྱ་བ་གོང་མ་བཞིན་ནོ། །ཆུས་འདག་པར་འཚལ་བའི་མི་རྣམས་རྟག་པར་ཁྲུས་ལ་སྤྱོད་པ་དང་། དགེ་སློང་གིས་དགེ་སློང་ལ་ ཆོས་གོས་བསྐུར་བ་ཚུ་རོལ་ནས་ནི་སྤགས་ལ་དེར་ནི་མ་མཆིས་ན། དེ་གང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེས་ཞུས་ཤིག །ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་ཅང་མི་སྨྲ་བས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལས་མཉན་ཏོ། །དེ་ནས་ཚེ་དང་ལྡན་པ་གྲོ་ བཞིན་སྐྱེས་རྣ་བ་བྱེ་བ་རིས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་དྲུང་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོའི་དུས་སུ་ཤམ་ཐབས་བགོས་ ལྷུང་བཟེད་དང་ཆོས་གོས་ཐོགས་ནས་གནས་པ་ཞེས་བྱ་བའི་གྲོང་དུ་བསོད་སྙོམས་ལ་ཞུགས་ཏེ། ཇི་ཙམ་ན་རིམ་གྱིས་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས་རྐང་ པ་གཉིས་བཀྲུས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་ དགའ་བོ་སོང་ལ་དེ་བཞིན་གཤེགས་པ་དང་། གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་གཙུག་ལག་ཁང་གཅིག་ཏུ་ཁྲི་ཤོམས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་བཞིན་གཤེགས་པ་ དང་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་གཙུག་ལག་ཁང་གཅིག་ཏུ་ཁྲི་བཤམས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་བཞིན་གཤེགས་པ་དང་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་གཙུག་ལག་ ཁང་གཅིག་ཏུ་ཁྲི་བཤམས་ལགས་ཏེ། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་དང་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་གཙུག་ལག་ཁང་གང་ན་བ་དེར་གཤེགས་ཏེ་བྱོན་ནས། གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་ གཉིས་བཀྲུས་ཏེ་གཙུག་ལག་ཁང་དུ་ཞུགས་ནས་དགོངས་པ་མངོན་དུ་བཞག་སྟེ་བཞུགས་སོ། །ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཡང་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་གཉིས་བཀྲུས་ནས་གཙུག་ལག་ཁང་དུ་ཞུགས་ཏེ་སྐྱིལ་མོ་ཀྲུང་བཅས་ལུས་ བསྲང་ནས་དྲན་པ་མངོན་དུ་ཕྱོགས་པར་བཞག་ནས་འདུག་སྟེ། བཅོམ་ལྡན་འདས་དང་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་འཕགས་པའི་མི་སྨྲ་བས་དེའི་མཚན་མོ་འདས་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་ནངས་སུ་ཉེ་བ་ན་ཚེ་དང་ལྡན་པ་གྲོ་ བཞིན་སྐྱེས་རྣ་བ་བྱེ་བ་རི་ལ་བཀའ་སྩལ་པ། གྲོ་བཞིན་སྐྱེས་ཆོས་གང་ལ་བདག་གིས་མངོན་པར་ཤེས་ཏེ་མངོན་པར་སངས་རྒྱས་ནས་གསུངས་པ་ལ་ཁྱོད་སྤོབས་པར་གྱིས་ཤིག །དེ་ནས་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་དང་རྡོ་ཅན་ ཞེས་བྱ་བའི་མཐའི་དབྱངས་ཀྱི་ང་རོས་ཆེད་དུ་བརྗོད་པ་དང་། ཕ་རོལ་འགྲོ་བྱེད་དང་། བདེན་པ་མཐོང་བ་དང་། རི་གནས་ཀྱི་ཚིགས་སུ་བཅད་པ་དང་། ཐུབ་པའི་ཚིགས་སུ་བཅད་པ་དང་། གནས་བརྟན་གྱི་ཚིགས་སུ་བཅད་པ་དང་། གནས་བརྟན་མའི་ཚིགས་ སུ་བཅད་པ་དང་། དོན་གྱི་ཚོམས་ཀྱི་མདོ་སྡེ་དག་གསང་བསྟོད་དེ་བཏོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་བརྗོད་པ་རྫོགས་པར་མཁྱེན་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོ་བཞིན་སྐྱེས་ ཁྱོད་ཀྱིས་གང་ལ་བདག་གིས་མངོན་པར་ཤེས་ཏེ་མངོན་པར་སངས་རྒྱས་ནས་གསུངས་པའི་ཆོས་གྱ་ནོམ་པ་དང་སྙན་པར་བསྒྲགས་པ་ལེགས་སོ། །དེ་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་འདི་སྙམ་དུ་སེམས་ཏེ། ད་བཅོམ་ལྡན་འདས་ལ་བདག་གི་མཁན་ པོས་ཕྲིན་གསོལ་བ་སྨྲ་བའི་དུས་ལ་བབ་པོ་སྙམ་དུ་རིག་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྡོ་ཅན་ཞེས་ བགྱི་བའི་ཡུལ་གྱི་མཐའ་གནས་པ་ཞེས་བགྱི་བའི་གྲོང་ན། བཙུན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་མཆིས་པ་དེ་བདག་གི་མཁན་པོ་ལགས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ