Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 001_འདུལ་བ།_ཀ

Văn bản gốc(Tây Tạng)

Trang 15 / 19 (50.000 ký tự/trang)
ྱེ་ལན་གཅིག་བཟླས་པ་ནི་འདི་ལྟར་ཡང་ཀླུ་གནས་

པས་ཕྱོགས་ཤིག་ཏུ་གཙུག་ལག་ཁང་བརྩིགས་ལ། དེ་ན་རྒན་ཞུགས་མི་ཤེས་པ། རྨོངས་པ། མི་གསལ་བ། མི་མཁས་པ་གཞན་ཞིག་གིས་མི་རུང་བའི་ཕྱོགས་སུ་བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་།
འཁྲུ་བ་དག་བོར་ཞིང་མི་གཙང་བས་སྦགས་པའི་གནས་མལ་བཞག་པས་ཀླུ་ཁྲོས་ཏེ་སྤྱོད་ཡུལ་ལམ། སྤྱོད་ཡུལ་གྱི་ལམ་མམ། འཆག་སའམ། ཁྱམས་སམ། སྒོ་ཁང་དག་ཏུ་འདུག་ནས་དགེ་སློང་རྣམས་ལ་འབབ་པར་བྱེད། ཉལ་ཁྲི་དག་ཀྱང་སྒྱུར་བར་
བྱེད་དོ། །དེ་ན་དགག་དབྱེ་བྱེད་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་ན། གཙུག་ལག་ཁང་འདི་ཡང་ཀླུ་གནས་པའི་ཕྱོགས་གཅིག་ཏུ་བརྩིགས་ལ། རྒན་ཞུགས་མི་ཤེས་པ། རྨོངས་པ། མི་གསལ་བ།
མི་མཁས་པ་གཞན་ཞིག་གིས་མི་རུང་བའི་ཕྱོགས་སུ་བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། འཁྲུ་བ་དག་བོར་ལ་མི་གཙང་བས་སྦགས་པའི་གནས་མལ་བཞག་པས་ཀླུ་ཁྲོས་ཏེ་སྤྱོད་ཡུལ་ལམ། སྤྱོད་ཡུལ་གྱི་
ལམ་མམ། འཆག་སའམ། ཁྱམས་སམ། སྒོ་ཁང་རྣམས་སུ་འདུག་ནས། དགེ་སློང་རྣམས་ལ་འབབ་པར་བྱེད། ཉལ་ཁྲི་དག་ཀྱང་སྒྱུར་བར་བྱེད་དེ། གལ་ཏེ་བདག་གིས་དགག་དབྱེ་ལན་གསུམ་བཟླས་པས་དགག་དབྱེ་བྱས་ན་གཞི་དེས་བདག་གི་
སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གིས་དགག་དབྱེ་ལན་གཅིག་བཟླས་པས་དགག་དབྱེ་བྱའོ་སྙམ་ནས། དེ་དགག་དབྱེ་ལན་གཅིག་བཟླས་པས་དགག་དབྱེ་བྱེད་ན། དོན་དེ་
ལ་དགག་དབྱེ་ལན་གཅིག་བཟླས་པ་ཡིན་ནོ། །དོན་གཞན་ལ་དགག་དབྱེ་ལན་གཅིག་བཟླས་པ་ནི་འདི་ལྟར་ཡང་ནགས་ཁྲོད་ཞིག་ཏུ་གཙུག་ལག་ཁང་བརྩིགས་པ་དང་། མེ་ཤོར་བས་གྲོང་དང་། གྲོང་ཁྱེར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཀྱང་སྲེག་ཅིང་

འོང་སྟེ་སྤྱོད་ཡུལ་དང་། སྤྱོད་ཡུལ་གྱི་ལམ་ཀ་ཡང་ཚིག །འཆག་ས་དང་། ཁྱམས་སམ། སྒོ་ཁང་ཡང་ཚིག །གཙུག་ལག་ཁང་དང་། གཙུག་ལག་ཁང་གི་ཉེ་འཁོར་ཡང་ཚིག་ལ་ཐུག་ནས། དེ་ན་དགེ་སློང་དགག་དབྱེ་བྱེད་པ་འདི་སྙམ་དུ་
སེམས་ཏེ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་ན། གཙུག་ལག་ཁང་འདི་ཡང་ནགས་ཁྲོད་ཞིག་ཏུ་བརྩིགས་ཏེ་མེ་ཤོར་བས་གྲོང་དང་། གྲོང་ཁྱེར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཀྱང་སྲེག་ཅིང་འོང་སྟེ་སྤྱོད་ཡུལ་དང་། སྤྱོད་ཡུལ་གྱི་ལམ་ཀ་ཡང་ཚིག །
འཆག་ས་དང་། ཁྱམས་དང་། སྒོ་ཁང་རྣམས་ཀྱང་ཚིག །གཙུག་ལག་ཁང་དང་། གཙུག་ལག་ཁང་གི་ཉེ་འཁོར་ཡང་ཚིག་ལ་ཐུག་པས། གལ་ཏེ་བདག་གིས་དགག་དབྱེ་ལན་གསུམ་བཟླས་པས་དགག་དབྱེ་བྱས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་།
དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གིས་དགག་དབྱེ་ལན་གཅིག་བཟླས་པས་དགག་དབྱེ་བྱའོ་སྙམ་ནས། དེ་དགག་དབྱེ་ལན་གཅིག་བཟླས་པས་དགག་དབྱེ་བྱེད་ན། དོན་དེ་ལ་དགག་དབྱེ་ལན་གཅིག་བཟླས་པ་
ཡིན་ནོ།། །།འདུལ་བ་གཞི། བམ་པོ་བཅུ་དགུ་པ། དོན་གཞན་ལ་དགག་དབྱེ་ལན་གཅིག་བཟླས་པ་ནི་འདི་ལྟར་ཡང་གཤོང་ཞིག་ཏུ་གཙུག་ལག་ཁང་བརྩིགས་པ་དང་། རི་གཟར་པོའི་ཁར་ཆར་མོ་ཆེ་བབ་པས་གྲོང་དང་། གྲོང་ཁྱེར་དང་། ཡུལ་
འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཡང་དེད་ཅིང་འོང་སྟེ། སྤྱོད་ཡུལ་དང་། སྤྱོད་ཡུལ་གྱི་ལམ་དང་། འཆག་ས་དང་། ཁྱམས་དང་། སྒོ་ཁང་ཡང་དེད་ལ་ཐུག །གཙུག་ལག་ཁང་ཡང་གཤེར་བར་གྱུར་པ་དང་། དེ་ན་དགག་དབྱེ་བྱེད་པའི་དགེ་སློང་འདི་སྙམ་དུ་སེམས་
ཏེ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་ན། གཙུག་ལག་ཁང་འདི་ཡང་གཤོང་ཞིག་ཏུ་བརྩིགས་ཏེ། རི་གཟར་པོའི་ཁར་ཆར་མོ་ཆེ་བབ་པས་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཡང་དེད་ཅིང་འོང་སྟེ། སྤྱོད་ཡུལ་དང་

སྤྱོད་ཡུལ་གྱི་ལམ་དང་། འཆག་ས་དང་། ཁྱམས་དང་། སྒོ་ཁང་ཡང་དེད་ལ་ཐུག །གཙུག་ལག་ཁང་ཡང་གཤེར་བར་གྱུར་པས། གལ་ཏེ་བདག་གིས་དགག་དབྱེ་ལན་གསུམ་བཟླས་པས་དགག་དབྱེ་བྱས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་
སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གིས་དགག་དབྱེ་ལན་གཅིག་བཟླས་པས་དགག་དབྱེ་བྱའོ་སྙམ་ནས། དེ་དགག་དབྱེ་ལན་གཅིག་བཟླས་པས་དགག་དབྱེ་བྱེད་ན། དོན་དེ་ལ་དགག་དབྱེ་ལན་གཅིག་བཟླས་
པ་ཡིན་ནོ། །དོན་གང་གི་ཕྱིར་དགག་དབྱེ་ལན་གཉིས་བཟླས་པ་ཡིན་ཞེ་ན། གང་ལ་དགག་དབྱེ་ལན་གསུམ་བཟླས་པའི་སྐབས་མེད་པར་གྱུར་ན། དོན་དེ་ལ་དགག་དབྱེ་ལན་གཉིས་བཟླས་པ་ཡིན་ནོ། །དོན་གང་ལ་དགག་དབྱེ་ལན་གསུམ་བཟླས་པ་ཡིན་ཞེ་ན། རྣལ་
དུ་གནས་པའི་གནས་སྐབས་ནའོ། །དོན་གང་ལ་ཚོགས་ཀྱི་དགག་དབྱེ་བྱ་ཞེ་ན། འདི་ལྟར་ཡང་དགོན་པ་འཁྲུགས་པའི་དམག་གི་འཇིགས་པ་བྱུང་ནས། ཡུལ་མི་རྣམས་ཀྱང་དེ་དང་དེ་དག་ཏུ་བྲོས་སོ། །དེ་ནས་དགེ་སློང་རྣམས་ཀྱང་གཏུར་བུ་དག་ཏུ་ཆོས་གོས་རྣམས་ཐུམ་པོ་བྱས་
ཏེ་ཐོགས་ནས་ཕན་ཚུན་བལྟས་ཏེ། ཚེ་དང་ལྡན་པ་དག་དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་མོད་ཀྱི། གང་གི་ཚེ་དགེ་འདུན་མཐུན་པ་རྙེད་པ་དེའི་ཚེ་དགག་དབྱེ་བྱའོ་ཞེས་བརྗོད་ནས་འདོད་པར་བྱ་སྟེ། དོན་དེ་ལ་ཚོགས་ཀྱི་དགག་དབྱེ་ཞེས་བྱའོ། །སངས་རྒྱས་བཅོམ་
ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་འདི་ལྟར་ཡང་དགེ་སློང་རྣམས་ཀྱིས་འདི་ལྟ་བུའི་ཁྲིམས་སུ་བཅའ་བ་དག་བགྱིས་ནས་དབྱར་གནས་ཏེ། ཚེ་དང་ལྡན་པ་དག་བདག་ཅག་གི་ནང་ན་སུ་ཡང་རུང་དབྱར་གྱི་ནང་ལོགས་སུ་ཉེ་དུ་དག་འོངས་ན་དགག་
དབྱེ་སྦྱིན་པར་བྱའོ་ཞེས་མཆི་ན། བཙུན་པ་དགག་དབྱེ་སྩལ་བར་བགྱི་འམ། མི་སྩལ་བར་བགྱི། ཉེ་བ་འཁོར་བྱིན་ཅིག །ཅི་སྟེ་དངོས་པོ་བཞག་ལ་གང་ཟག་མ་ལགས་ན་དགག་དབྱེ་སྩལ་བར་བགྱིའམ། མི་སྩལ་བར་བགྱི། ཉེ་བ་འཁོར་མ་སྦྱིན་པར་དེ་ལ་ཚིག་

འདི་སྐད་ཅེས། ཚེ་དང་ལྡན་པ་བདག་ཅག་དོན་འདི་ལ་འདུས་ཤིང་མཐུན་པར་གྱུར་པ་ནི་མ་ཡིན་ན། ཚེ་དང་ལྡན་པ་ཅིའི་ཕྱིར་དངོས་པོ་བཞག་སྟེ་གང་ཟག་མ་ཡིན། འོན་ཀྱང་བདག་ཉིད་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར་དགག་དབྱེ་བྱོས་ཤིག་ཅེས་བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་གྱིས། གལ་ཏེ་འདོད་ན་ནི་འདུག་ལ་དགག་དབྱེ་བྱའོ་ཞེས་སྨྲོས་ཤིག །གལ་ཏེ་གང་ཟག་བཞག་ལ་དངོས་པོ་མ་ལགས་ན། དགག་དབྱེ་སྩལ་བར་བགྱིའམ། མི་སྩལ་བར་བགྱི། ཉེ་བ་འཁོར་མ་སྦྱིན་པར་དེ་ལ་ཚིག་འདི་སྐད་ཅེས།
ཚེ་དང་ལྡན་པ་བདག་ཅག་དོན་འདི་ལ་འདུས་ཤིང་མཐུན་པར་གྱུར་པ་ནི་མ་ཡིན་ན། ཚེ་དང་ལྡན་པ་ཅིའི་ཕྱིར་གང་ཟག་བཞག་སྟེ་དངོས་པོ་མ་ཡིན། འོན་ཀྱང་བདག་ཉིད་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར་དགག་དབྱེ་བྱོས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
གྱིས། གལ་ཏེ་འདོད་ན་ནི་འདུག་ལ་དགག་དབྱེ་བྱའོ་ཞེས་སྨྲོས་ཤིག །གལ་ཏེ་དངོས་པོ་དང་གང་ཟག་བཞག་ན་དགག་དབྱེ་སྩལ་བར་བགྱིའམ། མི་སྩལ་བར་བགྱི། ཉེ་བ་འཁོར་མ་སྦྱིན་པར་ཚེ་དང་ལྡན་པ་བདག་ཅག་དོན་འདི་ལ་འདུས་ཤིང་མཐུན་པར་གྱུར་པ་
ནི་མ་ཡིན་ན། ཚེ་དང་ལྡན་པ་ཅིའི་ཕྱིར་གང་ཟག་དང་དངོས་པོ་བཞག་སྟེ་མ་ཡིན། འོན་ཀྱང་བདག་ཉིད་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར་དགག་དབྱེ་བྱོས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་གྱིས། གལ་ཏེ་འདོད་ན་འདུག་ལ་དགག་དབྱེ་བྱའོ་ཞེས་
སྨྲོས་ཤིག །གལ་ཏེ་དངོས་པོ་དང་གང་ཟག་མ་བཞག་ན་དགག་དབྱེ་སྩལ་བར་བགྱིའམ། མི་སྩལ་པར་བགྱི། ཉེ་བ་འཁོར་བྱིན་ཅིག། །།སྡོམ་ལ། རྒྱལ་པོས་དགེ་སློང་བཟུང་བ་དང་། །དྲན་པར་བྱ་བ་བཅུ་པོ་དང་། །ལྟུང་བས་བདུན་པོ་བྱ་བ་དང་། །གླེང་
བ་ཡིས་ནི་བདུན་པོའོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་རྒྱལ་པོའམ། ཆོམ་རྐུན་ནམ། གཡོན་ཅན་ནམ། གསོད་པའམ། ཕྱིར་རྒོལ་བའམ། ཕས་ཀྱི་དགྲ་བོས་བཟུང་བར་གྱུར་ན། དེ་ལ་དགེ་སློང་དག་གིས་ཕོ་ཉ་གཏང་བར་བྱ་

སྟེ། དགེ་སློང་འདི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས་འདི་ཐོང་ཤིག་ཅེས་སྤྲིང་ཤིག །གལ་ཏེ་བཏང་ན་ལེགས། ཅི་སྟེ་མ་བཏང་ན་ཕོ་ཉ་གཉིས་པ་གཏང་བར་བྱ་སྟེ། དགེ་སློང་འདི་བདག་ཅག་རྣམས་དང་ལྷན་ཅིག་ཏུ་བགྱི་བ་ཅུང་ཞིག་མཆིས་ཀྱིས་
འདི་ཐོང་ཤིག་ཅེས་སྤྲིང་ཤིག །གལ་ཏེ་བཏང་ན་ལེགས། ཅི་སྟེ་མ་བཏང་ན་དགེ་སློང་རྣམས་དཀྱིལ་འཁོར་གྱི་ནང་དུ་ཞུགས་ལ་དགག་དབྱེ་བྱའོ། །དེའི་འོག་ཏུ་ཕྱི་དེ་ཉིན་པར་ནས་དགེ་སློང་དེ་ཐར་བར་བྱ་བའི་ཕྱིར་བརྩོན་པར་བྱའོ། །གལ་ཏེ་བརྩོན་པར་བྱས་ན་ལེགས།
ཅི་སྟེ་བརྩོན་པར་མ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གིས་ལྟུང་བ་དྲན་ན། དགེ་སློང་དེས་ལྟུང་བ་དེ་དགེ་སློང་གི་མདུན་དུ་ཆོས་བཞིན་དུ་གྱིས་ལ་དེའི་འོག་ཏུ་དགག་དབྱེ་བྱའོ། །དགག་དབྱེ་ནི་འདི་ལྟར་བྱ་སྟེ།
ངས་དགག་དབྱེའི་བར་ཆད་དུ་འགྱུར་བ་མི་སྨྲས་ཞེས་བྱ་བ་སྔར་གསོ་སྦྱོང་གི་གཞིར་ཇི་སྐད་བསྟན་པ་བཞིན་བཅུ་ཚན་རྒྱས་པར་བྱའོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གིས་ལྟུང་བ་ཤེས་ལ་ཅི་སྟེ་ཕས་ཕམ་པ་བྱུང་བར་ཤེས་ན་བསྐྲད་ལ་དགག་དབྱེ་བྱའོ། །
གལ་ཏེ་དགེ་འདུན་ལྷག་མ་བྱུང་བར་ཤེས་ན་བྱིན་གྱིས་བརླབས་ནས་དགག་དབྱེ་བྱའོ། །གལ་ཏེ་ལྟུང་བྱེད་དང་། སོ་སོར་བཤགས་པ་དང་། ཉེས་བྱས་དག་བྱུང་བར་ཤེས་ན་བཤགས་ནས་དགག་དབྱེ་བྱའོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་དངོས་པོ་མ་ངེས་
པར་གྱུར་ནས། ཁ་ཅིག་ནི་ལྷག་མ་མེད་པར་འདུ་ཤེས་ལ། ཁ་ཅིག་ནི་ལྷག་མ་དང་བཅས་པར་འདུ་ཤེས་ན་དེ་ལ་གང་དག་ལྷག་མ་མེད་པར་འདུ་ཤེས་པ་དེ་དག་གིས་ནི་བསྐྲད་ནས་དགག་དབྱེ་བྱའོ། །གང་དག་ལྷག་མ་དང་བཅས་པར་འདུ་ཤེས་པ་དེ་དག་གིས་ནི་བྱིན་གྱིས་རློབ་ཏུ་
བཅུག་ནས་དགག་དབྱེ་བྱའོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་ལྟུང་བ་མ་ངེས་ཏེ། དེ་ལ་ཁ་ཅིག་ནི་བཤགས་པར་བྱའོ་ཞེས་ཟེར། ཁ་ཅིག་ནི་བསྡམ་པར་བྱའོ་ཞེས་ཟེར་ན། དེ་ལ་གང་དག་བཤགས་པར་བྱའོ་ཞེས་ཟེར་བ་དེ་དག་གིས་ནི་འཆགས་སུ་བཅུག་ནས་

དགག་དབྱེ་བྱའོ། །གང་དག་བསྡམ་པར་བྱའོ་ཞེས་ཟེར་བ་དེ་དག་གིས་ནི་བསྡམ་པ་བྱེད་དུ་བཅུག་ནས་དགག་དབྱེ་བྱའོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གིས་དགེ་སློང་ལ་གླེང་བར་བྱེད་ལ། གལ་ཏེ་གླེང་བ་པོ་ལུས་དང་ངག་མ་བསྡམས་
པར་གྱུར་ན། དེ་ལྟ་བུའི་གླེང་བ་པོ་ལ་བསྒོ་ཞིང་རབ་ཏུ་བསྒོ་ནས་དགག་དབྱེ་བྱའོ། །གལ་ཏེ་གླེང་བ་པོ་ལུས་ཀྱིས་བསྡམས་ལ་ངག་གིས་མ་ཡིན་པར་གྱུར་ན། དེ་ལྟ་བུའི་གླེང་བ་པོ་ལ་ཡང་བསྒོ་ཞིང་རབ་ཏུ་བསྒོ་ནས་དགག་དབྱེ་བྱའོ། །གལ་ཏེ་གླེང་བ་པོ་ངག་གིས་བསྡམས་
ལ་ལུས་ཀྱིས་མ་ཡིན་པར་གྱུར་ན། དེ་ལྟ་བུའི་གླེང་བ་པོ་ལ་ཡང་བསྒོ་ཞིང་རབ་ཏུ་བསྒོ་ནས་དགག་དབྱེ་བྱའོ། །གལ་ཏེ་གླེང་བ་པོ་ལུས་དང་ངག་གིས་བསྡམས་པར་གྱུར་ལ་མདོ་སྡེ་མི་འཛིན། འདུལ་བ་མི་འཛིན། མ་མོ་མི་འཛིན་པ་ཡིན་ན། དེ་ལྟ་བུའི་གླེང་བ་པོ་ལ་བརྡ་
སྤྲད་ཅིང་ཡང་དག་པར་བརྡ་སྤྲད་ནས་དགག་དབྱེ་བྱའོ། །གལ་ཏེ་གླེང་བ་པོ་ལུས་དང་ངག་གིས་བསྡམས་ལ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པར་གྱུར་ལ། མདོ་སྡེ་ལ་གསལ་བ་མ་ཡིན། འདུལ་བ་ལ་གསལ་བ་མ་ཡིན། མ་མོ་ལ་གསལ་བ་མ་ཡིན་
ན། དེ་ལྟ་བུའི་གླེང་བ་པོ་ལ་ཡང་བརྡ་སྤྲད་ཅིང་ཡང་དག་པར་བརྡ་སྤྲད་ནས་དགག་དབྱེ་བྱའོ། །གལ་ཏེ་གླེང་བ་པོ་ལུས་དང་ངག་གིས་བསྡམས་ཤིང་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། མདོ་སྡེ་ལ་གསལ་བ། འདུལ་བ་ལ་གསལ་བ། མ་མོ་ལ་
གསལ་བ་ཡིན་ལ། མདོ་སྡེ་ལ་མི་གཟོ། འདུལ་བ་ལ་མི་གཟོ། མ་མོ་ལ་མི་གཟོ་བ་ཡིན་ན། དེ་ལྟ་བུའི་གླེང་བ་པོ་ལ་ཡང་བརྡ་སྤྲད་ཅིང་ཡང་དག་པར་བརྡ་སྤྲད་ནས་དགག་དབྱེ་བྱའོ། །གལ་ཏེ་གླེང་བ་པོ་ལུས་དང་ངག་གིས་བསྡམས་ཤིང་མདོ་སྡེ་འཛིན་པ། འདུལ་བ་
འཛིན་པ། མ་མོ་འཛིན་པ། མདོ་སྡེ་ལ་གསལ་བ། འདུལ་བ་ལ་གསལ་བ། མ་མོ་ལ་གསལ་བ། མདོ་སྡེ་ལ་གཟོ་བ། འདུལ་བ་ལ་གཟོ་བ། མ་མོ་ལ་གཟོ་བ་ཡིན་ལ། མདོ་སྡེ་ལ་མི་མཁས་པ། འདུལ་བ་ལ་མི་མཁས་པ། མ་མོ་ལ་མི་མཁས་པ་ཡིན་ན། དེ་ལྟ་

བུའི་གླེང་བ་པོ་ལ་ཡང་བརྡ་སྤྲད་ཅིང་ཡང་དག་པར་བརྡ་སྤྲད་ནས་དགག་དབྱེ་བྱའོ། །གལ་ཏེ་གླེང་བ་པོ་ལུས་དང་ངག་གིས་བསྡམས་ཤིང་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། མདོ་སྡེ་ལ་གསལ་བ། འདུལ་བ་ལ་གསལ་བ། མ་མོ་ལ་གསལ་
བ། མདོ་སྡེ་ལ་གཟོ་བ། འདུལ་བ་ལ་གཟོ་བ། མ་མོ་ལ་གཟོ་བ། མདོ་སྡེ་ལ་མཁས་པ། འདུལ་བ་ལ་མཁས་པ། མ་མོ་ལ་མཁས་པ་ཡིན་ན། གལ་ཏེ་ཆེད་དུ་བསམས་ཏེ་དགེ་འདུན་གྱི་ནང་དུ་ཆོས་མ་ཡིན་པ་ལ་ཆོས་དང་། ཆོས་ལ་ཆོས་མ་ཡིན་པ་དང་། འདུལ་
བ་མ་ཡིན་པ་ལ་འདུལ་བ་དང་། འདུལ་བ་ལ་འདུལ་བ་མ་ཡིན་པར་སྟོན་པ་ཡིན་ན། དེ་ལྟ་བུའི་གླེང་བ་པོ་ལ་ཡང་བརྡ་སྤྲད་ཅིང་ཡང་དག་པར་བརྡ་སྤྲད་ནས་དགག་དབྱེ་བྱའོ། །གལ་ཏེ་གླེང་བ་པོ་ལུས་དང་ངག་གིས་བསྡམས་པ་ཡིན་ལ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ།
མ་མོ་འཛིན་པ། མདོ་སྡེ་ལ་གསལ་བ། འདུལ་བ་ལ་གསལ་བ། མ་མོ་ལ་གསལ་བ། མདོ་སྡེ་ལ་གཟོ་བ། འདུལ་བ་ལ་གཟོ་བ། མ་མོ་ལ་གཟོ་བ། མདོ་སྡེ་ལ་མཁས་པ། འདུལ་བ་ལ་མཁས་པ། མ་མོ་ལ་མཁས་པ་ཡིན་ན། གལ་ཏེ་ཆེད་དུ་བསམས་པ་
མ་ཡིན་པར་དགེ་འདུན་གྱི་ནང་དུ་ཆོས་མ་ཡིན་པ་ལ་ཆོས་དང་། ཆོས་ལ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ལ་འདུལ་བ་དང་། འདུལ་བ་ལ་འདུལ་བ་མ་ཡིན་ནོ་ཞེས་སྟོན་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་གླེང་བ་པོ་གང་གིས་སྨྲ། ཕས་ཕམ་པས་སམ།
དགེ་འདུན་གྱི་ལྷག་མས་སམ། ལྟུང་བྱེད་ཀྱིས་སམ། སོ་སོར་བཤགས་པས་སམ། ཉེས་བྱས་ཀྱིས་སམ། མཚན་མོ་བྱས་པས་སམ། ཉིན་མོ་བྱས་པས་སམ། ལམ་དུ་བྱས་པས་སམ། ལམ་གོལ་བར་བྱས་པས་སམ། འགྲོ་བའི་འམ། འགྲེང་བའི་འམ། འདུག་
པས་འམ། ཉལ་བའི་འམ། གལ་ཏེ་ཕས་ཕམ་པས་ཡིན་གྱི། དགེ་འདུན་ལྷག་མས་མ་ཡིན། ལྟུང་བྱེད་ཀྱིས་མ་ཡིན། སོ་སོར་བཤགས་པས་མ་ཡིན། ཉེས་བྱས་ཀྱིས་མ་ཡིན་ནམ། གལ་ཏེ་དགེ་འདུན་ལྷག་མས་ཡིན་གྱི། ཕས་ཕམ་པས་མ་ཡིན། ལྟུང་བྱེད་

ཀྱིས་མ་ཡིན། སོ་སོར་བཤགས་པས་མ་ཡིན། ཉེས་བྱས་ཀྱིས་མ་ཡིན་ནམ། གལ་ཏེ་ལྟུང་བྱེད་ཀྱིས་ཡིན་གྱི། ཕས་ཕམ་པས་མ་ཡིན། དགེ་འདུན་ལྷག་མས་མ་ཡིན། སོ་སོར་བཤགས་པས་མ་ཡིན། ཉེས་བྱས་ཀྱིས་མ་ཡིན་ནམ། གལ་
ཏེ་སོ་སོར་བཤགས་པས་ཡིན་གྱི། ཕས་ཕམ་པས་མ་ཡིན། དགེ་འདུན་ལྷག་མས་མ་ཡིན། ལྟུང་བྱེད་ཀྱིས་མ་ཡིན། ཉེས་བྱས་ཀྱིས་མ་ཡིན་ནམ། གལ་ཏེ་ཉེས་བྱས་ཀྱིས་ཡིན་གྱི། ཕས་ཕམ་པས་མ་ཡིན། དགེ་འདུན་ལྷག་མས་མ་ཡིན། ལྟུང་བྱེད་ཀྱིས་
མ་ཡིན། སོ་སོར་བཤགས་པས་མ་ཡིན་ནམ། གལ་ཏེ་ཕས་ཕམ་པ་དང་པོས་ཡིན་གྱི། གཉིས་པས་མ་ཡིན། གསུམ་པས་མ་ཡིན། བཞི་པས་མ་ཡིན་ནམ། གལ་ཏེ་གཉིས་པས་ཡིན་གྱི། དང་པོས་མ་ཡིན། གསུམ་པས་མ་ཡིན། བཞི་པས་མ་ཡིན་
ནམ། གལ་ཏེ་གསུམ་པས་ཡིན་གྱི། དང་པོས་མ་ཡིན། གཉིས་པས་མ་ཡིན། བཞི་པས་མ་ཡིན་ནམ། གལ་ཏེ་བཞི་པས་ཡིན་གྱི། དང་པོས་མ་ཡིན། གཉིས་པས་མ་ཡིན། གསུམ་པས་མ་ཡིན་ནམ། གལ་ཏེ་དགེ་འདུན་ལྷག་མ་དང་པོས་ཡིན་གྱི།
གཉིས་པས་མ་ཡིན་ཞེས་བྱ་བ་ནས་བཅུ་གསུམ་པའི་བར་གྱིས་མ་ཡིན་ནམ། གལ་ཏེ་བཅུ་གསུམ་པའི་བར་གྱིས་ཡིན་གྱི་དང་པོས་མ་ཡིན། གཉིས་པས་མ་ཡིན། གསུམ་པས་མ་ཡིན་པ་ནས་བཅུ་གཉིས་པའི་བར་གྱིས་མ་ཡིན་པའམ། གལ་ཏེ་ལྟུང་བྱེད་དང་པོས་ཡིན་གྱི།
གཉིས་པས་མ་ཡིན། གསུམ་པས་མ་ཡིན་པ་ནས་དགུ་བཅུ་པའི་བར་གྱིས་མ་ཡིན་པའམ། གལ་ཏེ་དགུ་བཅུ་པས་ཡིན་གྱི། དང་པོས་མ་ཡིན། གཉིས་པས་མ་ཡིན་པ་ནས་བརྒྱད་བཅུ་རྩ་དགུའི་བར་གྱིས་མ་ཡིན་པའམ། གལ་ཏེ་སོ་སོར་བཤགས་པ་དང་པོས་ཡིན་གྱི།
གཉིས་པས་མ་ཡིན། གསུམ་པས་མ་ཡིན། བཞི་པས་མ་ཡིན་ནམ། གལ་ཏེ་གཉིས་པས་ཡིན་གྱི། དང་པོས་མ་ཡིན། གསུམ་པས་མ་ཡིན། བཞི་པས་མ་ཡིན་ནམ། གལ་ཏེ་གསུམ་པས་ཡིན་གྱི། དང་པོས་མ་ཡིན། གཉིས་པས་མ་ཡིན། བཞི་པས་མ་

ཡིན་ནམ། གལ་ཏེ་བཞི་པས་ཡིན་གྱི། དང་པོས་མ་ཡིན། གཉིས་པས་མ་ཡིན། གསུམ་པས་མ་ཡིན་ནམ། གལ་ཏེ་ཉེས་བྱས་དང་པོས་ཡིན་གྱི། གཉིས་པས་མ་ཡིན། གསུམ་པས་མ་ཡིན། ཐ་མའི་བར་གྱིས་མ་ཡིན་ནམ། གལ་ཏེ་ཐ་མས་ཡིན་གྱི། དང་པོས་
མ་ཡིན། གཉིས་པས་མ་ཡིན་པའམ། ཐ་ལྷག་གི་བར་གྱིས་མ་ཡིན་པའམ། གལ་ཏེ་ནུབ་མོ་བྱས་པས་ཡིན་གྱི། ཉིན་པར་བྱས་པས་མ་ཡིན་ནམ། གལ་ཏེ་ཉིན་པར་བྱས་པས་ཡིན་གྱི། མཚན་མོ་བྱས་པས་མ་ཡིན་ནམ། གལ་ཏེ་ལམ་གོལ་བ་ན་བྱས་པས་ཡིན་གྱི།
ལམ་དུ་བྱས་པས་མ་ཡིན་ནམ། གལ་ཏེ་ལམ་དུ་བྱས་པས་ཡིན་གྱི། ལམ་གོལ་བར་བྱས་པས་མ་ཡིན་ནམ། གལ་ཏེ་འགྲོ་བའི་ཡིན་གྱི། འདུག་པའི་མ་ཡིན། འགྲེང་བའི་མ་ཡིན། ཉལ་བའི་མ་ཡིན་ནམ། གལ་ཏེ་འདུག་པའི་ཡིན་གྱི། འགྲོ་བའི་མ་ཡིན།
འགྲེང་བའི་མ་ཡིན། ཉལ་བའི་མ་ཡིན་ནམ། གལ་ཏེ་ཉལ་བའི་ཡིན་གྱི། འགྲོ་བའི་མ་ཡིན། འགྲེང་བའི་མ་ཡིན། འདུག་པའི་མ་ཡིན་ནམ། གལ་ཏེ་འགྲེང་བའི་ཡིན་གྱི། ཉལ་བའི་མ་ཡིན། འདུག་པའི་མ་ཡིན་ཞེས་གལ་ཏེ་གླེང་བ་པོ་ལ་དེ་ལྟར་ལེགས་པར་ཤིན་ཏུ་ཡང་དག་པར་
སྨྲས། ཡང་དག་པར་བསྟན། ཡང་དག་པར་བརྟགས་པ་ན་གནས་ནས་གནས་སུ་སྦེད་པ་ནི་གླེང་བ་པོ་མ་ཡིན། གླེངས་པས་མ་ཡིན་ནོ། །གལ་ཏེ་གླེང་བ་པོ་དེ་ལྟར་ལེགས་པར་ཤིན་ཏུ་ཡང་དག་པར་སྨྲས། ཡང་དག་པར་བསྟན། ཡང་དག་པར་བརྟགས་པས་ན་
གནས་ནས་གནས་སུ་སྦེད་པར་མི་བྱེད་ན། དེ་ནི་གླེང་བ་པོ་ཡིན། གླེངས་པ་ཡིན་ནོ། །གལ་ཏེ་གླེང་བ་པོ་གནས་ནས་གནས་སུ་མི་སྦེད་ན། གླེངས་པ་ཡིན་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དེའི་ཚེ་ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་
འདུ་བྱེད་གང་དག་ཡིན་པ་སྨྲོས་ཤིག །གལ་ཏེ་ཕས་ཕམ་པ་ཡིན་པར་ཤེས་ན་བསྐྲད་ལ་དགག་དབྱེ་བྱའོ། །གལ་ཏེ་དགེ་འདུན་གྱི་ལྷག་མ་ཡིན་པར་ཤེས་ན་བྱིན་གྱིས་བརླབས་ལ་དགག་དབྱེ་བྱའོ། །གལ་ཏེ་ལྟུང་བྱེད་དང་། སོ་སོར་བཤགས་པ་དང་། ཉེས་བྱས་ཡིན་

པར་ཤེས་ན་བཤགས་ལ་དགག་དབྱེ་བྱའོ།། །།སྡོམ་ལ། མང་པོ་བསྒྲེ་དང་བཞག་པ་དང་། །བྱ་དང་རྣམ་པ་ལྔ་པ་དང་། །འདོང་བས་རྣམ་གནས་བྱ་བ་དང་། །ཡོངས་སུ་དག་ལ་དགག་དབྱེ་བྱའོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་
ལ་གཉུག་མར་གནས་པའི་དགེ་སློང་ལྔའམ་ལྷག་པ་དག་འདུག་ཅིང་མཐུན་པར་གྱུར་ལ། དེ་དག་འདི་སྙམ་དུ་སེམས་ཏེ། དགེ་སློང་མ་འོངས་པ་དག་ཡོད་དེ། དེ་དག་མ་འོངས་ཏེ་མེད་ཀྱང་བདག་ཅག་གིས་གསོལ་བ་བྱས་ཏེ་དགག་དབྱེ་བྱར་རུང་ངོ་སྙམ་ནས། རྟོག་པས་དོན་དུ་
གཉེར་བ་རྟོག་པའི་ཡོ་བྱད་ཅན་དེ་དག་གིས་གསོལ་བ་བྱས་ཏེ་དགག་དབྱེ་བྱེད་ན། དེའི་འོག་ཏུ་གཉུག་མར་གནས་པའི་དགེ་སློང་ཉུང་ཟད་ཅིག་འོངས་ན། དེ་དག་གིས་ཀྱང་གསོལ་བ་བྱས་ཏེ་དགག་དབྱེ་བྱའོ། །དགེ་སློང་སྔ་མ་རྟོག་པའི་ཉེར་བསྡོགས་ཅན་དག་ལ་ནི་འགལ་
ཚབས་ཅན་དུ་འགྱུར་ཏེ། སྔར་གསོ་སྦྱོང་གི་གཞི་ལས་སྡོམ་གྱི་ཚིགས་སུ་བཅད་པ་ལས་ཇི་སྐད་གསུངས་པ་དེ་བཞིན་དུ་བརྗོད་པར་བྱའོ། །ཁྱད་པར་གཅིག་ཡོད་པ་ནི་དེར་གཉུག་མར་གནས་པའི་དགེ་སློང་བཞིའམ་ལྷག་པ་ཞིག་འདུག་ཅིང་མཐུན་པར་གྱུར་ལ་ཞེས་སྨོས་པ་
འདིར་ནི་ལྔའམ་ལྷག་པར་བརྗོད་པར་བྱ་བ་ཡིན་ནོ།། །།སྡོམ་ལ། དབྱར་གནས་པར་ནི་དམ་བཅས་པའི། །འཐབ་ཀྲོལ་དགེ་སློང་ཤེས་ནས་ཀྱང་། །བཤེས་པའི་ཚིག་གིས་བསུ་བྱ་དང་། །ངེས་པའི་ཟླ་བ་བཞི་པོ་དང་། །ནད་པ་དང་ནི་དངོས་པོ་སྟེ། །ཡང་དག་བསྡོམས་
པས་ཚོགས་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་རྣམས་ཀྱིས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་
པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་དག་མཆིའོ་ཞེས་ཐོས་ཏེ། དེ་དག་ངོ་ཚ་མ་མཆིས་པས་ཐོ་བཙམ་པ་ཉིད་དུ་བདག་ཅག་ལ་གླེང་བར་བགྱིད། དྲན་པར་བགྱིད་དོ་སྙམ་ན། དེ་རྣམས་ཀྱིས་དེ་དག་ལ་ཇི་ལྟར་བསྒྲུབ་པར་བགྱི། ཉེ་བ་འཁོར་དགེ་སློང་དེ་རྣམས་ཀྱིས་གསོ་སྦྱོང་

གི་ལས་གཉིས་སམ། གསུམ་འདས་པར་བྱས་ནས་དགག་དབྱེ་བྱའོ། །གལ་ཏེ་དེ་ལྟར་གྲུབ་ན་ལེགས། གལ་ཏེ་མ་གྲུབ་ན་དགེ་སློང་དེ་རྣམས་ཀྱིས་གནོད་པའི་ཆེད་ཀྱི་དཀྱིལ་འཁོར་གཉིས་སམ། གསུམ་ཁས་བླང་བར་བྱའོ། །གལ་ཏེ་དེ་ལྟར་གྲུབ་ན་ལེགས།
གལ་ཏེ་མ་གྲུབ་ན་དགེ་སློང་དེ་རྣམས་ཀྱིས་བཤེས་པའི་ཚིག་གིས་བསུ་བར་བྱ། ལྷུང་བཟེད་དང་ཆོས་གོས་བླང་བར་བྱ་སྟེ། ལྷུང་བཟེད་དང་ཆོས་གོས་དག་གིས་མགུ་ཞིང་རབ་ཏུ་མགུ་བར་བྱས་ལ་དགག་དབྱེ་བྱའོ། །གལ་ཏེ་དེ་ལྟར་གྲུབ་ན་ལེགས། གལ་ཏེ་དེ་ལྟར་མ་
གྲུབ་ན་ཁྲུས་བྱ་སྟེ། ཁྲུས་བྱ་བས་མགུ་ཞིང་རབ་ཏུ་མགུ་བར་བྱས་ལ་དགག་དབྱེ་བྱའོ། །གལ་ཏེ་དེ་ལྟར་གྲུབ་ན་ལེགས། གལ་ཏེ་མ་གྲུབ་ན་ཆོས་བསྒྲག་པར་བྱ་སྟེ། ཆོས་བསྒྲགས་པས་མགུ་ཞིང་རབ་ཏུ་མགུ་བར་བྱས་ལ་དགག་དབྱེ་བྱའོ། །གལ་ཏེ་དེ་ལྟར་གྲུབ་
ན་ལེགས། གལ་ཏེ་མ་གྲུབ་ན་ཉེ་བ་འཁོར་དགེ་སློང་དེ་དག་དཀྱིལ་འཁོར་གྱི་ནང་དུ་དོང་ལ་གསོ་སྦྱོང་བྱའོ། །གལ་ཏེ་དེ་དག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་ན། ཁྱེད་ཅག་ཅིའི་ཕྱིར་གསོ་སྦྱོང་བྱེད་ཅེས་ཟེར་ན། དེ་དག་
ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱེད་ཅག་ནི་གློ་བུར་དུ་འོངས་པ་ཡིན་ལ། དོན་འདི་ནི་གཉུག་མར་གནས་པའི་དགེ་སློང་རྣམས་ཀྱིའོ་ཞེས་སྨྲོས་ཤིག །དེ་ནས་དེ་དག་འདི་སྙམ་དུ་ཚེ་དང་ལྡན་པ་འདི་དག་ནི་ངེས་པར་ཟླ་བ་བཞི་པའི་དགག་དབྱེ་བྱེད་དོ་
སྙམ་དུ་སེམས་པ་དང་། དེའི་འོག་ཏུ་འཇིགས་པ་དང་བྲལ་ཞིང་ཕས་ཀྱི་རྒོལ་བ་དང་བྲལ་ནས་སླར་ཡང་དགག་དབྱེ་བྱའོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་ནད་པས་མི་ན་བའི་དགག་དབྱེ་འཇོག་ན་ནད་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་ནི་ནད་པ་སྟེ་
སྦྱོར་མི་བཟོད་ཀྱིས་འདུག་ཤིག་ཅེས་བརྗོད་པར་བྱའོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་མི་ན་བས་ནད་པའི་དགག་དབྱེ་འཇོག་ན་མི་ན་བ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དེ་ནི་ནད་པ་སྟེ། སྦྱོར་མི་བཟོད་ཀྱིས་ཁྱོད་ཚུར་ཞེས་བརྗོད་པར་བྱའོ། །འདི་ལྟར་

ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་ནད་པས་མི་ན་བའི་དགག་དབྱེ་ཕོ་ཉ་བཏང་སྟེ་འཇོག་ན་ཕོ་ཉ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དེ་ནི་ན་བས་སྦྱོར་མི་བཟོད་ཀྱིས་ཁྱོད་འདུག་ཤིག་ཅེས་བརྗོད་པར་བྱའོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་མི་ན་
བས་ནད་པའི་དགག་དབྱེ་ཕོ་ཉ་བཏང་སྟེ་འཇོག་ན་ཕོ་ཉ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དེ་ནི་ན་བས་སྦྱོར་མི་བཟོད་ཀྱིས་ཁྱོད་ཚུར་ཞེས་བརྗོད་པར་བྱའོ། །འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་དངོས་པོ་ཤེས་ལ་གང་ཟག་མ་ཡིན་པ་དང་། གང་ཟག་ཤེས་ལ་
དངོས་པོ་མ་ཡིན་པ་དང་། གང་ཟག་དང་དངོས་པོ་ཤེས་པ་དང་། གང་ཟག་དང་དངོས་པོ་མི་ཤེས་པ་སྟེ། དངོས་པོ་ཤེས་ལ་གང་ཟག་མ་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་རྒན་ཞུགས་མི་ཤེས་པ། རྨོངས་པ། མི་གསལ་བ། མི་
མཁས་པ་གཞན་ཞིག་གིས་སྤྱོད་ཡུལ་ལམ། སྤྱོད་ཡུལ་གྱི་ལམ་ཀར་རིགས་ཀྱི་བུད་མེད་དམ། རིགས་ཀྱི་ན་ཆུང་ལ་ཁྲོས་སམ། ཚིག་ངན་སྨྲས་སམ། རེག་པར་གྱུར་པས་མི་རྣམས་ཁྲོས་ཏེ། ཀུན་དགའ་ར་བའི་སྒོར་འོངས་ནས་འདི་སྐད་ཅེས། འཕགས་པ་འདི་དག་
ནི་མི་མཛེས་པ། མ་བརྟགས་པ་ཡིན་ཏེ། འཕགས་པ་དག་གིས་ཉེས་པ་འདི་དང་འདི་དག་བྱས་སོ་ཞེས་སྨྲས་ཀྱི། ཆེ་གེ་མོ་ཞིག་གིས་ཞེས་དེ་སྐད་དུ་མ་སྨྲས་པ་སྟེ། དེ་ལྟ་བུ་ནི་དངོས་པོ་ཤེས་ལ་གང་ཟག་མ་ཡིན་པ་ཞེས་བྱའོ། །གང་ཟག་ཤེས་ལ་དངོས་པོ་མ་ཡིན་པ་ཇི་ལྟ་
བུ་ཞེ་ན། འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་ཞེས་བྱ་བ་ནས། ཀུན་དགའ་ར་བའི་སྒོར་འོངས་ནས་འདི་སྐད་ཅེས། འཕགས་པ་འདི་དག་ནི་མི་མཛེས་པ། མ་བརྟགས་པ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། འདི་ལྟར་འཕགས་པ་ཆེ་གེ་མོ་ཞེས་བྱ་བས་ཉེས་པ་
བྱས་ཞེས་སྨོས་ཀྱི། འདི་སྐད་དུ་འདི་དང་འདི་དག་བྱས་སོ་ཞེས་ནི་མ་སྨོས་པ་སྟེ། དེ་ལྟ་བུ་ནི་གང་ཟག་ཤེས་ལ་དངོས་པོ་མ་ཡིན་པའོ། །གང་ཟག་དང་དངོས་པོ་ཤེས་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་ཡང་དགག་དབྱེ་བཅོ་ལྔ་པ་དེ་ཉིད་ལ་ཞེས་བྱ་བ་ནས། ཀུན་དགའ་ར་

བའི་སྒོར་འོངས་ནས་འདི་སྐད་ཅེས་འཕགས་པ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། འཕགས་པ་ཆེ་གེ་མོ་ཞེས་བྱ་བས་ཉེས་པ་འདི་དང་འདི་དག་བྱས་སོ་ཞེས་སྨོས་པ་སྟེ། འདི་ལྟ་བུ་ནི་གང་ཟག་དང་དངོས་པོ་ཤེས་པ་ཡིན་ནོ། །གང་ཟག་དང་དངོས་པོ་མི་ཤེས་པ་ཇི་ལྟ་བུ་ཞེ་ན།
རྣམ་པ་འདི་དག་མ་གཏོགས་པའོ། །དགག་དབྱེའི་གཞི་རྫོགས་སྷོ།། །།དབྱར་གནས་ཀྱི་གཞིའི་བསྡུས་པའི་སྡོམ་ལ། དབྱར་གནས་པ་དང་ཟས་དང་ནི། །དབྱར་རལ་བ་དང་ལྔ་པོ་དང་། །སྨིག་དང་ལོ་མ་རྩྭ་མཆིལ་ལྷམ། །དབྱར་དང་ཀོ་ལྤགས་བཞི་དག་གོ། །
སྡོམ་ལ། དབྱར་གནས་རྗེས་སུ་གནང་བ་དང་། །འཆར་ཀར་འགྲོ་བ་དག་དང་ནི། །བྱ་བ་ལ་ནི་ཞག་བདུན་དང་། །འགྲོ་བྱ་ཅི་ཞིག་བྱ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་
བཞུགས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་དགེ་སློང་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་དོང་ངོ་། །དེ་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་དོང་བ་དག་མི་སྦེད་ཅིང་མ་བསྲུངས་ལ་མ་སྦས་པར་གྱུར་པ་དག་ལ་མུ་སྟེགས་ཅན་རྣམས་ཤེས་ལྡན་དག་ཤཱཀྱའི་
བུའི་དགེ་སྦྱོང་འདི་དག་ནི་སྲོག་གཅོད་པ་ཡིན་ཏེ། སྲོག་གཅོད་པ་ལས་མ་ལོག །རྣམ་པར་མ་ལོག །ཕྱིར་མ་ལོག་པ་འདི་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འདོང་སྟེ། དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འདོང་བ་ན་སྲོག་ཆགས་ཕྲ་མོ་དང་ཤིན་ཏུ་ཕྲ་མོ་མང་
པོའི་ཚོགས་རྣམས་བརྫིས་ནས་སྲོག་དང་བྲལ་བར་བྱས་སོ། །རེ་ཞིག་བྱེའུ་ཁུག་རྟ་ཡང་དབྱར་ཟླ་བ་བཞི་རང་གི་ཚང་ན་ཞུམ་ཞུམ་པོར་བྱས། ཀུན་ཏུ་ཞུམ་ཞུམ་པོར་བྱས་ནས་བསྐུམས་ཤིང་བསྐུམས་ནས་འདུག་ན། དགེ་སྦྱོང་མགོ་རེག་འདི་དག་ནི་ཁས་ལེན་པ་ཙམ་ཡང་
མི་ཤེས་ན། དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་དེ་ལ་བྱ་བར་སེམས་པ་ལྟ་སུ་ཞིག་ཡོད་ཅེས་སྨོད་པར་བྱེད། འཕྱ་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་དབྱར་གནས་པར་དམ་བཅའ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དབྱར་གནས་པར་དམ་བཅའ་བར་བྱའོ་ཞེས་གསུངས་པ་དགེ་སློང་རྣམས་ཀྱིས་ཇི་ལྟར་གནས་པར་དམ་བཅའ་
བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཉིད་ཀྱི་དབྱར་ཟླ་འབྲིང་པོ་ཚེས་བཅོ་ལྔ་ལ་གཙུག་ལག་ཁང་ཆག་ཆག་བྱའོ། །ཕྱག་དར་བྱའོ། །བའི་ལྕི་བ་སར་པའི་བྱུག་པས་བྱུག་པར་བྱའོ། །གནས་མལ་ཐམས་ཅད་གཅིག་ཏུ་བསག་པར་བྱ་སྟེ།
ཆུང་ངུ་ན་རྐང་པ་བཀྲུ་བའི་ཆོལ་ཟངས་ཀྱང་མི་སྦའོ། །དེའི་འོག་ཏུ་གནས་མལ་སྟོབས་པའི་དགེ་སློང་བསྐོ་བར་བྱ་སྟེ། ཆོས་ལྔ་དང་ལྡན་པའི་དགེ་སློང་གནས་མལ་སྟོབས་པར་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་ནི་དབྱུང་བར་བྱའོ། །ལྔ་གང་ཞེ་ན། འདུན་
པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། གནས་མལ་བསྟབས་པ་དང་མ་བསྟབས་པ་མི་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་གནས་མལ་སྟོབས་པར་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །
བསྐོས་པ་ནི་དབྱུང་བར་བྱའོ། །ཆོས་ལྔ་དང་ལྡན་པའི་དགེ་སློང་གནས་མལ་སྟོབས་པར་མ་བསྐོས་པ་ནི་བསྐོ་བར་བྱའོ། །བསྐོས་པ་ནི་དབྱུང་བར་མི་བྱའོ། །ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་
དང་། འཇིགས་པས་མི་འགྲོ་བ་དང་། གནས་མལ་བསྟབས་པ་དང་མ་བསྟབས་པ་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་གནས་མལ་སྟོབས་པར་མ་བསྐོས་པ་ནི་བསྐོ་བར་བྱའོ། །བསྐོས་པ་ནི་དབྱུང་བར་མི་བྱའོ། །བསྐོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་
བཤམ་པ་བྱས་ལ་གཎྜཱི་བརྡུངས་ཏེ། དགེ་སློང་རྣམས་ལ་དྲིས་པའི་ལན་གྱིས་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་དང་རེ་ཞིག་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོ་འམ།

དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་མལ་སྟོབས་པའི་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོ་ན་གལ་ཏེ་དགེ་
འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་གནས་མལ་སྟོབས་པར་བསྐོ་སྟེ། གནས་མལ་སྟོབས་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་སོ། །
འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་མལ་སྟོབས་པ་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོ་ནས། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་
སྟོབས་པར་བསྐོ་སྟེ། གནས་མལ་སྟོབས་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་བགྱིད་ཀྱིས། ཚེ་དང་ལྡན་པ་དག་ལས་གང་དག་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་
དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་གནས་མལ་སྟོབས་པར་བསྐོ་སྟེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ངས་གནས་མལ་སྟོབས་པའི་དགེ་
སློང་གི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། གནས་མལ་སྟོབས་པའི་དགེ་སློང་གིས་དགེ་འདུན་གྱི་ཆེད་དུ་ཚུལ་ཤིང་རྣམས་ཡོན་པོ་མ་ཡིན་པ་དང་། འཁྱོར་པོ་མ་ཡིན་པ་དང་། ཀྱར་ཁྱོར་མ་ཡིན་པ་དང་། དྲི་ཞིམ་པོ་དང་། རེག་ན་བདེ་བར་འགྱུར་བར་བསྟར་བར་བྱའོ། །དེའི་
འོག་ཏུ་ནང་པར་སྔར་ལངས་ཏེ་གནས་མལ་བཤམ་པ་བྱས་ལ་གཎྜཱི་བརྡུངས་ནས་དགེ་སློང་རྣམས་ལ་དྲིས་པའི་ལན་གྱིས་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་དང་དགེ་སློང་གནས་མལ་སྟོབས་པས་ཚུལ་ཤིང་དྲི་ཞིམ་པོས་བསྐུས་ཏེ། སྤྲོག་མའི་

ནང་དུ་རས་དཀར་པོ་བཏིང་བའི་སྟེང་དུ་བཞག་ནས་རྒན་རིམས་ཀྱི་མཐར་གཞག་པར་བྱའོ། །དེའི་འོག་ཏུ་ཁྲིམས་སུ་བཅའ་བ་དག་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་ཁྲིམས་སུ་བཅའ་བ་འདི་དང་འདི་དག་མཆིས་
ཀྱིས། ཚེ་དང་ལྡན་པ་ཁྱེད་ཅག་ལས་གང་ཁྲིམས་སུ་བཅའ་བ་འདི་དང་འདིས་དབྱར་གནས་པར་དམ་བཅའ་བར་སྤྲོ་བ་དེ་ནི་ཚུལ་ཤིང་ལོང་ཤིག །ཁྱེད་ཅག་ལས་དགེ་སློང་སུས་ཀྱང་དབྱར་གྱི་ནང་ལོགས་སུ་དགེ་སློང་ལ་གླེང་བར་མི་བྱ། དྲན་པར་མི་བྱའོ། །ཁྱེད་
ཅག་ལས་སུ་ཡང་རུང་འགའ་ཞིག་ཅུང་ཟད་ཤེས་ན་དེ་ད་སྨྲོས་ཤིག །ཕྱིས་དབྱར་གྱི་ནང་ལོགས་སུ་མ་གླེང་ཤིག །ཁྱེད་ཅག་ལས་སུས་དབྱར་གྱི་ནང་ལོགས་སུ་གླེང་བར་གྱུར་ན། དེ་དགེ་འདུན་གྱིས་ཕྱིས་བརྟག་པར་དགོངས་སོ། །དེའི་འོག་ཏུ་གནས་མལ་སྟོབས་
པས་དགེ་སློང་གིས་ཚུལ་ཤིང་བྲིམ་པར་བྱ་སྟེ། ཇེ་ཐོག་མར་སྟོན་པའི་ཚུལ་ཤིང་བླང་བར་བྱའོ། །དེའི་འོག་ཏུ་དགེ་འདུན་གྱི་གནས་བརྟན་གྱིས་སྟན་གྱི་སྟེང་ནས་སྤགས་ཏེ། ཚུལ་ཤིང་བླངས་ལ་དལ་གྱིས་གཞག་པར་བྱ་སྟེ། དགེ་འདུན་གསར་བུ་རྣམས་ཀྱི་བར་དུ་
ཡང་དེ་བཞིན་དུ་བྱའོ། །དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་ནི་སློབ་དཔོན་ནམ། མཁན་པོས་བླང་བར་བྱའོ། །དེའི་འོག་ཏུ་གནས་སྲུང་རྣམས་ཀྱིས་ཡང་བླང་བར་བྱའོ། །དེའི་འོག་ཏུ་བགྲངས་ཏེ་གནས་འདིར་དགེ་སློང་འདི་སྙེད་ཅིག་གིས་ཚུལ་ཤིང་བླངས་སོ་ཞེས་སྨྲོས་
ཤིག །དེའི་འོག་ཏུ་གནས་མལ་སྟོབས་པའི་དགེ་སློང་གིས་ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་དག་བླངས་ལ་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་བརྟན་གནས་ཁང་ཆེ་གེ་མོ་ནི་རྙེད་པ་དང་བཅས་པ། གོས་དང་བཅས་པ་ལགས་ཀྱིས་བཞེས་ཤིག་
ཅེས་བརྗོད་པར་བྱའོ། །གལ་ཏེ་བླངས་ན་དགེ་འདུན་གྱི་གནས་བརྟན་གྱི་གནས་ཁང་གང་ཡིན་པ་དེ་གནས་བརྟན་གཉིས་པ་ལ་སྦྱིན་པར་བྱའོ། །གནས་བརྟན་གཉིས་པའི་གནས་ཁང་གང་ཡིན་པ་དེ་གནས་བརྟན་གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གསར་བུའི་

པར་དུ་ཡང་དེ་བཞིན་དུ་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་མ་བླངས་ན་གནས་བརྟན་གཉིས་པ་ལ་སྦྱིན་པར་བྱའོ། །གལ་ཏེ་གནས་བརྟན་གཉིས་པས་མ་བླངས་ན་གནས་བརྟན་གསུམ་པ་ལ་སྦྱིན་པར་བྱའོ། །གལ་ཏེ་གནས་བརྟན་གསུམ་པས་བླངས་པ་
ལ་དགེ་འདུན་གྱི་གནས་བརྟན་སློང་ན་ཚིག་དང་པོ་ལ་སྦྱིན་པར་མི་བྱའོ། །ཚིག་གཉིས་པ་ལ་ཡང་སྦྱིན་པར་མི་བྱའོ། །ཚིག་གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གྱི་གནས་བརྟན་གྱིས་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པར་བྱའོ། །དགེ་འདུན་
གསར་བུའི་བར་དུ་དེ་བཞིན་དུ་བླངས་པ་ལ། གལ་ཏེ་དགེ་འདུན་གསར་བུ་གསུམ་པ་སློང་ན་ཚིག་དང་པོ་ལ་སྦྱིན་པར་མི་བྱའོ། །ཚིག་གཉིས་པ་ལ་ཡང་སྦྱིན་པར་མི་བྱའོ། །ཚིག་གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གསར་བུ་གསུམ་པས་ཀྱང་འདུལ་བ་དང་འགལ་བའི་
ཉེས་བྱས་ཀྱི་ལྟུང་བ་བཤགས་པར་བྱའོ། །དགེ་སློང་རྣམས་ཀྱིས་གནས་ཁང་ཐམས་ཅད་བགོས་པ་དང་གློ་བུར་དུ་ལྷགས་པའི་དགེ་སློང་རྣམས་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློ་བུར་དུ་ལྷགས་པའི་དགེ་སློང་རྣམས་ཀྱི་ཕྱིར་མ་བགོས་པའི་
གནས་གཅིག་གཞག་པར་བྱའོ། །དགེ་སློང་རྣམས་ཀྱིས་སྒོ་ཁང་ཡང་བགོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་ཁང་བགོ་བར་མི་བྱའོ། །ཁྱམས་རྣམས་བགོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱམས་བགོ་བར་མི་བྱའོ། །
ཁྱམས་སྟོང་པ་རྣམས་སུ་ཁྭ་དང་། བྱེའུ་དང་། ཕུག་རོན་དག་གིས་ཚང་བཅས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྲོད་པའི་དགེ་སློང་དག་བསྐོ་བར་བྱ་སྟེ། དེས་སོ་སོར་བལྟ་བར་བྱའོ། །གལ་ཏེ་སྒོ་ང་དག་མ་ལྷགས་པར་གྱུར་ན་བསྐྲད་པར་བྱའོ། །དེ་སྟེ་
ལྷགས་ན་ནི་གཞག་པར་བྱའོ། །སྲིན་བུ་ཏྲཻ་བུ་ཀ་དང་། ཏྲཻ་ལ་ཏའི་ཚང་བཅས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོར་བརྟག་པར་བྱ་སྟེ། གལ་ཏེ་སྒོ་ང་མ་ལྷགས་པར་གྱུར་ན་བསྐྲད་པར་བྱའོ། །གལ་ཏེ་ལྷགས་པར་གྱུར་ན་སྐྱེད་པས་བཅིངས་ན་འཕེལ་

བར་མི་འགྱུར་རོ། །དེ་ནས་གནས་མལ་བགོ་བར་བྱ་སྟེ། འདི་ལྟར་རེ་ཞིག་དངོས་པོ་ཉུང་ངུ་ཞིག་ཡིན་ན་རེ་རེ་སྦྱིན་པར་བྱའོ། །འོན་ཏེ་མང་པོ་ཞིག་ཡིན་ན་གཉིས་གཉིས་གསུམ་གསུམ་སྦྱིན་པར་བྱའོ། །དངོས་པོ་ཁ་ཅིག་ཆེན་པོར་གྱུར་པས་དགེ་སློང་རྒན་རབས་
རྒན་རབས་དག་བྱི་དོར་བྱེད་པས་དུབ་ཅིང་ངལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གནས་འཆའ་བ་རྣམས་ལ་སྦྱིན་པར་བྱའོ། །དེའི་འོག་ཏུ་གནས་མལ་སྟོབས་པའི་དགེ་སློང་གིས་ཁྲིམས་སུ་བཅའ་བ་དག་བརྗོད་པར་བྱ་སྟེ། དགེ་སློང་སུས་
ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱོད་པར་མི་བྱ་སྟེ། མིང་ཐོགས་ཀྱི་གདིང་བས་མ་ཡིན། གདིང་བ་དྲི་མ་ཅན་གྱིས་མ་ཡིན། སེང་བས་མ་ཡིན་ནོ། །སྟུག་པོ་ཡིན་ན་རིམ་པ་གཅིག་གིས་སོ། །སེང་བ་ཡིན་ན་རིམ་པ་གཉིས་སོ། །ཁྱེད་ལས་
གང་གིས་དགེ་འདུན་གྱི་གནས་མལ་ལོངས་སྤྱོད་པར་བྱ་བ་མ་ཡིན་པར་ལོངས་སྤྱོད་པ་ན་དེ་ལ་དགེ་འདུན་གྱིས་ཕྱིས་བརྟག་པར་བྱ་བར་དགོངས་སོ། །གནས་མལ་སྟོབས་པའི་དགེ་སློང་གིས་ཟླ་བ་ཕྱེད་ཕྱེད་ཅིང་གནས་མལ་ལ་སོ་སོར་བརྟག་པར་བྱའོ། །འདི་ལྟར་རེ་ཞིག་
རྒན་པོ་དག་གིས་གནས་མལ་ལོངས་སྤྱད་པར་བྱ་བ་མ་ཡིན་པར་ལོངས་སྤྱད་པ་མཐོང་ན་དགེ་འདུན་ལ་གསོལ་ནས་སྦ་བར་བྱའོ། །འོན་ཏེ་གསར་བུ་ཞིག་གིས་མཐོང་ན་མཁན་པོའམ་སློབ་དཔོན་ལ་བརྗོད་དེ་སྦ་བར་བྱའོ། །དེའི་འོག་ཏུ་ཚོགས་ནས་སྦྱིན་བདག་ཆེ་གེ་མོ་ཞེས་
བགྱི་བ་དང་། ཞལ་ཏ་བགྱིད་པ་ཆེ་གེ་མོ་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་ག་གེ་མོ་ཞེས་བགྱི་བས་དགེ་འདུན་དབྱར་གནས་པར་དམ་བཅའ་བ་མཛད་དོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་རྣམས་ཀྱིས་གནས་དང་སྤྱོད་ཡུལ་བལྟས་ནས་སྐྱབས་ཡོད་པར་ཞུགས་ཏེ་
དབྱར་གནས་པར་དམ་བཅའ་བར་བྱའོ། །གནས་ཇི་ལྟར་བརྟག་པར་བྱ་ཞེ་ན། ཇི་ག་བདག་ལ་གནས་འདིར་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་གིས་གང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མ་སྐྱེས་པ་མི་སྐྱེད་པར་འགྱུར་ཞིང་། སྐྱེས་པ་ཡང་མྱུར་བ་ཁོ་ནར་སོ་སོར་ཞི་

པར་བྱེད་པར་འགྱུར་ལ། གང་བདེ་བ་དང་ཡིད་བདེ་བ་མ་སྐྱེས་པ་སྐྱེད་པར་འགྱུར་ཞིང་། སྐྱེས་པ་ཡང་ལེགས་པར་རབ་ཏུ་རྗེས་སུ་སྲུང་བར་སེམས་པ་དང་བདག་ན་བར་གྱུར་ན་ནད་གཡོག་བྱེད་པར་འགྱུར་བ་ལྟ་ཡོད་དམ་ཞེས་དེ་ལྟར་གནས་ལ་བརྟག་པར་བྱའོ། །སྤྱོད་ཡུལ་
ལ་ཇི་ལྟར་བརྟག་པར་བྱ་ཞེ་ན། ཇི་ག་སྤྱོད་ཡུལ་གྱི་གྲོང་འདི་ན་བསོད་སྙོམས་སྟེར་བ་དང་། ན་བར་གྱུར་ན་ནད་གཡོག་དང་། སྨན་སྦྱིན་པར་འགྱུར་བ་ལྟ་ཡོད་དམ་ཞེས་དེ་ལྟར་སྤྱོད་ཡུལ་ལ་བརྟག་པར་བྱའོ། །དེའི་འོག་ཏུ་སྐྱབས་ཡོད་པར་ཞུགས་ལ། དགེ་སློང་རྒན་
རིམས་ཇི་ལྟ་བ་བཞིན་གྱི་མདུན་དུ་འདུད་པ་དང་བཅས་པས་ཙོག་ཙོག་པོར་འདུག་ལ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་
དབྱར་ཉེ་བར་སྒྲུབ་པ་ཡང་དབྱར་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་གནས་རལ་བ་དང་འདྲུམས་པ་བཅོས་པའི་སླད་དུ་སྦྱིན་བདག་ཆེ་གེ་མོ་ཞེས་བགྱི་བ་དང་། ཞལ་ཏ་བགྱིད་པ་ཆེ་གེ་མོ་ཞེས་བགྱི་བ་དང་། སྤྱོད་
ཡུལ་གྱི་གྲོང་ཁྱེར་ཆེ་གེ་མོ་ཞེས་བགྱི་བར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་དམ་འཆའོ། །བདག་དབྱར་འདི་ན་མཆིས་ཤིང་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་དེ་སྐད་ལན་གཉིས་དེ་སྐད་ལན་གསུམ་དུ་བཟླས་ཏེ། དེ་ལྟར་དགེ་སློང་རྣམས་ཀྱིས་དབྱར་གནས་པར་དམ་
བཅའ་བར་བྱའོ། །དབྱར་གནས་པར་དམ་བཅས་པའི་དགེ་སློང་གིས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །གལ་ཏེ་སོང་ན་དེར་གནས་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དབྱར་གནས་པར་དམ་བཅས་པའི་དགེ་སློང་གིས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །
གལ་ཏེ་སོང་ན་དེར་གནས་པར་མི་བྱའོ་ཞེས་གསུངས་པ་དང་གླང་པོ་ཆེ་སྐྱོང་བ་ཞེས་བྱ་བའི་གྲོང་ན་ཁྱིམ་བདག་འཆར་ཀ་ཞེས་བྱ་བ་གནས་ཏེ། དེའི་ཁྱིམ་ན་རང་གི་འཆིང་བ་བག་མ་བླངས་ནས་དེས་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་མང་དུ་སྟ་གོན་བྱས་ཏེ། དེས་དགེ་སློང་རྣམས་ལ་ཕོ་

ཉ་བཏང་ནས་འཕགས་པ་དག་ལོངས་སྤྱད་པ་དག་འབུལ་གྱིས་ཚུར་སྤྱོན་ཅེས་སྤྲིང་བ་དང་། དགེ་སློང་རྣམས་ཀྱིས་དྲི་བར་བརྩམས་ཏེ། གླང་པོ་ཆེ་སྐྱོང་བའི་གྲོང་དུ་ཇི་སྲིད་ཡོད། དེར་ནི་དཔག་ཚད་གསུམ་ལྷག་ཙམ་མཆིས་སོ། །བདག་ཅག་གིས་
དེང་ཉིད་དོང་ལ་སླར་འཁོར་བར་ནུས་སམ་མི་ནུས་སྙམ་པ་ལས། དེ་དག་གིས་བསམས་པ། བཅོམ་ལྡན་འདས་ཀྱིས་དབྱར་གནས་པར་དམ་བཅས་པའི་དགེ་སློང་གིས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །གལ་ཏེ་སོང་ན་དེར་གནས་པར་མི་བྱའོ་ཞེས་གསུངས་སོ་
སྙམ་ནས་དེ་རྣམས་མ་སོང་ངོ་། །དེ་ན་གླང་པོ་ཆེ་སྐྱོང་བའི་གྲོང་གི་ཉེ་འཁོར་དུ་དགེ་སློང་གང་དག་དབྱར་གནས་པར་དམ་བཅས་པ་དེ་དག་ལ་དེས་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་མང་དུ་ཕུལ་ལོ། །དེ་དག་དབྱར་ཟླ་བ་གསུམ་འདས་ཏེ་ཆོས་གོས་བྱས་པ་དང་ལྡན། ཆོས་
གོས་ཟིན་པ་དང་ལྡན་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་དོང་ནས་རིམ་གྱིས་རྒྱུ་ཞིང་དོང་བ་ན་མཉན་ཡོད་དུ་ཕྱིན་ཏོ། །དེ་དག་དགེ་སློང་རྣམས་ཀྱིས་རྒྱང་རིང་པོ་ཁོ་ན་ནས་མཐོང་ནས་ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་
པ་ལེགས་སོ་ཞེས་ངལ་སོར་བཅུག་ནས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་གང་ནས་ད་འདིར་འོངས། གང་དུ་དབྱར་གནས་པར་དམ་བཅས། ཚེ་དང་ལྡན་པ་བདག་ཅག་ནི་གླང་པོ་ཆེ་སྐྱོང་བའི་གྲོང་ནས་ད་གཟོད་འདིར་འོངས་ཏེ། གླང་པོ་ཆེ་སྐྱོང་བའི་གྲོང་དུ་དབྱར་གནས་
པར་དམ་བཅས་སོ། །ཚེ་དང་ལྡན་པ་དག་ཇི་ག་ཁྱེད་ཅག་གླང་པོ་ཆེ་སྐྱོང་བའི་གྲོང་དུ་བདེ་བ་ལ་རེག་པར་དབྱར་གནས་པར་དམ་བཅས་སམ། དེ་ན་ཁྱེད་བསོད་སྙོམས་ཀྱིས་བྲེལ་བར་མ་གྱུར་མོད། ཚེ་དང་ལྡན་པ་དག་བདེན་ཏེ། བདག་ཅག་གླང་པོ་ཆེ་སྐྱོང་བའི་གྲོང་དུ་བདེ་བ་ལ་
རེག་པར་དབྱར་གནས་པར་དམ་བཅས་ཤིང་བསོད་སྙོམས་ཀྱིས་ཀྱང་བྲེལ་བར་མ་གྱུར་ཏོ། །ཚེ་དང་ལྡན་པ་དག་ཇི་ལྟ་བ་ཞིག་ཏུ་ཁྱེད་ཅག་གླང་པོ་ཆེ་སྐྱོང་བའི་གྲོང་དུ་བདེ་བ་ལ་རེག་པར་དབྱར་གནས་པར་དམ་བཅས་ཤིང་བསོད་སྙོམས་ཀྱིས་ཀྱང་མ་བྲེལ། ཚེ་དང་ལྡན་པ་དག་གླང་

པོ་ཆེ་སྐྱོང་བའི་གྲོང་དེ་ན་ཁྱིམ་བདག་འཆར་ཀ་ཞེས་བྱ་བ་ཞིག་གནས་ཏེ། དེའི་ཁྱིམ་ན་རང་གི་འཆིང་བ་བག་མ་བླངས་ནས། བདག་ཅག་ལ་དེས་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་མང་དུ་ཕུལ་ཏེ། དེ་ལྟར་ན་ཚེ་དང་ལྡན་པ་དག་བདག་ཅག་གླང་པོ་ཆེ་སྐྱོང་བའི་གྲོང་དུ་བདེ་བ་ལ་
རེག་པར་དབྱར་གནས་པར་དམ་བཅས་ཏེ་བསོད་སྙོམས་ཀྱིས་ཀྱང་བྲེལ་བར་མ་གྱུར་ཏོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་ལ་ཡང་ཁྱིམ་བདག་དེས་ཕོ་ཉ་བཏང་ནས་འཕགས་པ་དག་ལོངས་སྤྱད་པ་དག་འབུལ་གྱིས་འདིར་སྤྱོན་ཅིག་ཅེས་སྤྲིང་བ་ལས།
དེ་ལ་བདག་ཅག་གིས་གླང་པོ་ཆེ་སྐྱོང་བའི་གྲོང་དུ་ཇི་སྲིད་ཡོད་ཅེས་སྨྲས་ན། དེར་དཔག་ཚད་གསུམ་ལྷག་ཙམ་ཡོད་དོ་ཞེས་ཟེར་ནས་བདག་ཅག་གིས་བློ་སྐྱེས་པ། བཅོམ་ལྡན་འདས་ཀྱིས་དབྱར་གནས་པར་དམ་བཅས་པའི་དགེ་སློང་གིས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །
གལ་ཏེ་སོང་ན་དེར་གནས་པར་མི་བྱའོ་ཞེས་གསུངས་སོ་སྙམ་ནས་བདག་ཅག་མ་དོང་ངོ་། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཀྱེ་མ་ངའི་ཉན་ཐོས་རྣམས་ནི་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་དག་འདོད་
ཀྱིས། མ་ལ་ངས་དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་དང་། སྦྱིན་བདག་གིས་བྱིན་པའི་ཆོས་ཡོངས་སུ་སྤྱད་པར་བྱ་བའི་ཕྱིར་ཞག་བདུན་རྗེས་སུ་གནང་བར་བྱ་སྟེ། དེ་ལྟ་བས་ན་རྗེས་སུ་གནང་སྟེ་བྱ་བའི་ཕྱིར་ཞག་བདུན་བྱིན་གྱིས་བརླབས་ལ་འགྲོ་བར་
བྱའོ། །བཅོམ་ལྡན་འདས་ཀྱིས་བྱ་བའི་ཕྱིར་ཞག་བདུན་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ་ཞེས་གསུངས་པ་དགེ་སློང་དག་གིས་གང་གི་བྱ་བའི་ཕྱིར་མ་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། དགེ་བསྙེན་གྱི་བྱ་བ་དང་། དགེ་བསྙེན་མའི་བྱ་བ་དང་། དགེ་སློང་གི་དང་། དགེ་སློང་མའི་དང་། དགེ་ཚུལ་གྱི་དང་། དགེ་ཚུལ་མའི་བྱ་བའི་ཕྱིར་རོ། །དགེ་བསྙེན་གྱི་བྱ་བ་གང་ཞེ་ན། འདི་ལྟར་ཡང་དགེ་བསྙེན་གྱི་ཁྱིམ་དུ་རང་གི་འཆིང་བ་བག་མ་བླངས་ཏེ།

དེས་དེར་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་མང་དུ་སྟ་གོན་བྱས་ནས་དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ལོངས་སྤྱད་པ་དག་འབུལ་གྱིས་ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ནས་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་
སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །གཞན་ཡང་དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་བསྙེན་གྱིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་བརྩིག་པར་འདོད་ནས། དེས་དེར་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་མང་
དུ་སྟ་གོན་བྱས་ཏེ། དེས་དགེ་སློང་དག་ལ་ཕོ་ཉ་བཏང་ནས། འཕགས་པ་དག་ལོངས་སྤྱད་པ་དག་འབུལ་གྱིས་ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །
གཞན་ཡང་དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་བསྙེན་གྱིས་གཙུག་ལག་ཁང་དེ་ཉིད་དུ་གནས་མལ་དབུལ་བར་འདོད་པར་གྱུར་ནས། དེས་དེར་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་མང་དུ་སྟ་གོན་བྱས་ཏེ། དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་ནས། འཕགས་པ་དག་
ལོངས་སྤྱད་པ་དག་དབུལ་གྱིས་ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །གཞན་ཡང་དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་བསྙེན་གྱིས་གཙུག་ལག་
ཁང་དེ་ཉིད་དུ་མཐུན་པའི་མཆོད་སྦྱིན་བརྟན་པོ་བཅའ་བར་འདོད་ནས། དེས་དེར་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་མང་དུ་སྟ་གོན་བྱས་ཏེ། དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་ནས། འཕགས་པ་དག་ལོངས་སྤྱོད་པ་དག་དབུལ་གྱིས་ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་
གྱིས་བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །གཞན་ཡང་དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་བསྙེན་གྱིས་གཙུག་ལག་ཁང་དེ་ཉིད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་གིས་མཆོད་རྟེན་བརྩིག་པར་འདོད་

ནས། དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ཚུར་སྤྱོན་ཅིག་ཆོས་ཀྱི་གྲོགས་མཛོད་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །གཞན་ཡང་
དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་བསྙེན་གྱིས་མཆོད་རྟེན་དེ་ཉིད་ལ་སྲོག་ཤིང་གཟུགས་པ་དང་། གདུགས་གདགས་པ་དང་། རྒྱལ་མཚན་གཟུགས་པ་དང་། འཕན་གདགས་པ་དང་། དྲི་སྣ་ཚོགས་ཀྱི་བྱུག་པ་དང་། ཙན་དན་གྱི་བསྐུ་བ་དང་། གུར་ཀུམ་གྱི་
བྱུག་པ་དག་དབུལ་བར་འདོད་ནས། དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ཚུར་སྤྱོན་ཅིག །བདག་གི་ཆོས་ཀྱི་གྲོགས་མཛོད་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་
གྱི་བྱ་བ་ཡིན་ནོ། །གཞན་ཡང་དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་བསྙེན་གྱིས་མདོ་སྡེ་རིས་བཞི་ལས་མདོ་སྡེའི་རིས་གང་ཡང་རུང་བ་ཞིག་རྒྱས་པར་བཀླགས་སམ་བཏོན་པར་གྱུར་ནས། དེས་དེར་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་མང་དུ་སྟ་གོན་བྱས་ཏེ། དགེ་སློང་དག་ལ་ཕོ་ཉ་
བཏང་ནས་འཕགས་པ་དག་ལོངས་སྤྱད་པ་དག་དབུལ་གྱིས་ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །གཞན་ཡང་དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་བསྙེན་ཞིག་
འགྱོད་པར་གྱུར་ནས་དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་འགྱོད་པ་སྐྱེས་པ་སོ་སོར་བསལ་གྱིས་ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །
གཞན་ཡང་དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་བསྙེན་ཞིག་སྡིག་པ་ཅན་གྱི་ལྟ་བར་སོང་བ་སྐྱེས་པར་གྱུར་ནས། དེས་དགེ་སློང་དག་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་སྡིག་པ་ཅན་གྱི་ལྟ་བར་སོང་བ་སྐྱེས་པ་དེ་སོ་སོར་བསལ་གྱིས་ཚུར་སྤྱོན་ཅིག་ཅེས་

སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །གཞན་ཡང་དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་འདུན་གྱིས་དགེ་བསྙེན་ལ་ལྷུང་བཟེད་ཁས་དབུབ་པར་འདོད་པར་གྱུར་
པ་དང་། དེས་དགེ་སློང་དག་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ཆོས་དང་མཐུན་པའི་ཕྱོགས་སྟེན་པར་བགྱིད་ཀྱིས་ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །
གཞན་ཡང་དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་འདུན་གྱིས་དགེ་བསྙེན་ལ་ལྷུང་བཟེད་ཁས་བུབ་པར་གྱུར་པ་དང་། དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ལྷུང་བཟེད་ཁས་བུབ་པ་བཏང་བར་གསོལ། ཚུར་སྤྱོན་ཅིག་ཅེས་སྤྲིང་ན་ཞག་བདུན་བྱིན་གྱིས་
བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །གཞན་ཡང་དགེ་བསྙེན་གྱི་བྱ་བ་འདི་ལྟ་སྟེ། དགེ་བསྙེན་ན་བ་སྡུག་བསྔལ་བ་ནད་ཚབས་ཆེ་བར་གྱུར་ནས་དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་
ཚུར་སྤྱོན་ཅིག །འགའ་སྩོལ་ཅིག་ཅེས་སྤྲིང་ན་ཞག་བདུན་བྱིན་གྱིས་བརླབས་ལ་དགེ་བསྙེན་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་བསྙེན་གྱི་བྱ་བ་ཡིན་ནོ། །དགེ་བསྙེན་མའི་བྱ་བ་གང་ཞེ་ན། དེ་དག་ཐམས་ཅད་དགེ་བསྙེན་མའི་བྱ་བ་ཡིན་ཏེ། རང་གི་
འཆིང་བ་བག་མ་ལེན་པ་ནི་མ་གཏོགས་སོ། །དགེ་སློང་གི་བྱ་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཞིག་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའ་ར་བ་དབུལ་བར་འདོད་ནས། དེས་དེར་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་མང་དུ་སྟ་གོན་བྱས་ནས་དེས་དགེ་སློང་
རྣམས་ལ་ཕོ་ཉ་བཏང་སྟེ། ཚེ་དང་ལྡན་པ་དག་ལོངས་སྤྱད་པ་དག་འབུལ་གྱིས་ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་སློང་གི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་སློང་གི་བྱ་བ་ཡིན་ནོ། །གཞན་ཡང་དགེ་སློང་གི་བྱ་བ་འདི་ལྟ་སྟེ།

དགེ་སློང་གིས་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་ཁང་དང་། གནས་མལ་དང་། འཚོ་བ་བརྟན་པོ་དང་། དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་ལ་དྲི་སྣ་ཚོགས་ཀྱིས་བྱུག་པ་དང་། ཙན་དན་གྱིས་བྱུག་པ་དང་། སྲོག་ཤིང་གཟུགས་པ་དང་། རྒྱལ་
མཚན་གཟུགས་པ་དང་། མདོ་སྡེའི་རིས་བཞི་ལས་མདོ་སྡེའི་རིས་གང་ཡང་རུང་བ་དང་། འགྱོད་པ་དང་། སྡིག་པའི་ལྟ་བར་སོང་བ་སྐྱེས་ནས་དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། ཚེ་དང་ལྡན་པ་དག་སྡིག་པའི་ལྟ་བར་སོང་བ་སྐྱེས་པ་སོ་སོར་བསལ་གྱིས་ཚུར་སྤྱོན་
ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་སློང་གི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་སློང་གི་བྱ་བ་ཡིན་ཏེ། ཐམས་ཅད་གོང་མ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །གཞན་ཡང་དགེ་སློང་གི་བྱ་བ་འདི་ལྟ་སྟེ། དགེ་འདུན་གྱིས་དགེ་སློང་
ཞིག་ལ་ཆད་པའི་ལས་འདི་ལྟ་སྟེ། བསྡིགས་པའི་ལས་སམ། སྨད་པའི་ལས་སམ། བསྐྲད་པའམ། ཕྱིར་འགྱེད་པ་དང་། མི་སྣང་བར་གནས་ནས་དབྱུང་བའམ། ཕྱིར་མི་འཆོས་པ་གནས་ནས་དབྱུང་བའམ། སྡིག་པའི་ལྟ་བར་སོང་བ་མ་བཏང་བ་གནས་ནས་དབྱུང་
བའི་ལས་དེ་ལྟ་བུ་བྱ་བར་འདོད་པར་གྱུར་པ་དང་། དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། ཚེ་དང་ལྡན་པ་དག་ཆོས་དང་མཐུན་པའི་ཕྱོགས་དང་མཐུན་པར་བགྱིད་པར་འགྱུར་གྱིས་ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་སློང་གི་བྱ་བའི་ཕྱིར་དགེ་སློང་འགྲོ་
བར་བྱ་སྟེ། འདི་ནི་དགེ་སློང་གི་བྱ་བ་ཡིན་ནོ། །གཞན་ཡང་དགེ་སློང་གི་བྱ་བ་འདི་ལྟ་སྟེ། དགེ་འདུན་གྱིས་དགེ་སློང་གི་ཆད་པའི་ལས་འདི་ལྟ་སྟེ། བསྡིགས་པའི་ལས་སམ། སྨད་པའི་ལས་སམ། བསྐྲད་པའི་ལས་སམ། ཕྱིར་འགྱེད་པའི་ལས་སམ། མི་སྣང་བར་
གནས་ནས་དབྱུང་བའམ། ཕྱིར་མི་འཆོས་པ་གནས་ནས་དབྱུང་བའམ། སྡིག་པའི་ལྟ་བར་སོང་བ་གནས་ནས་དབྱུང་བའི་ལས་དེ་ལྟ་བུ་བྱས་པ་དང་། དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། ཚེ་དང་ལྡན་པ་དག་འབྱིན་པར་འགྱུར་གྱིས། ཚུར་སྤྱོན་ཅིག་ཅེས་སྤྲིང་ན།

ཞག་བདུན་བྱིན་གྱིས་བརླབས་ལ་དགེ་སློང་གི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་སློང་གི་བྱ་བ་ཡིན་ནོ། །གཞན་ཡང་དགེ་སློང་གི་བྱ་བ་འདི་ལྟ་སྟེ། དགེ་སློང་ཞིག་ལ་དགེ་འདུན་གྱིས་ལྷག་མའི་ལྟུང་བ་བྱུང་བར་གྱུར་ནས། དེས་དགེ་སློང་
རྣམས་ལ་ཕོ་ཉ་བཏང་སྟེ། ཚེ་དང་ལྡན་པ་དག་ཚུར་སྤྱོན། སྤོ་བ་སྩལ་དུ་གསོལ་ཞེས་སྤྲིང་ན་ཞག་བདུན་བྱིན་གྱིས་བརླབས་ལ་དགེ་སློང་གི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་སློང་གི་བྱ་བ་ཡིན་ནོ། །གཞན་ཡང་དགེ་སློང་གི་བྱ་བ་འདི་ལྟ་སྟེ། དགེ་སློང་གིས་
སྤོ་བ་རྫོགས་ནས་དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། ཚེ་དང་ལྡན་པ་དག་ཚུར་སྤྱོན། མགུ་བར་བགྱི་བ་སྩལ་དུ་གསོལ་ཞེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ཏེ་དགེ་སློང་གི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་སློང་གི་བྱ་བ་ཡིན་ནོ། །གཞན་
ཡང་དགེ་སློང་གི་བྱ་བ་འདི་ལྟ་སྟེ། དགེ་སློང་གིས་མགུ་བར་བྱ་བ་སྤྱད་ནས་དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། ཚེ་དང་ལྡན་པ་དག་ཚུར་སྤྱོན་དབྱུང་བ་བགྱིར་གསོལ་ཞེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ཏེ་དགེ་སློང་གི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་
དགེ་སློང་གི་བྱ་བ་ཡིན་ནོ། །གཞན་ཡང་དགེ་སློང་གི་བྱ་བ་འདི་ལྟ་སྟེ། དགེ་སློང་ན་བ་སྡུག་བསྔལ་བ་ནད་ཚབས་ཆེ་བ་ཞིག་གིས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། ཚེ་དང་ལྡན་པ་དག་ཚུར་སྤྱོན་ཅིག །འགའ་སྩོལ་ཅིག་ཅེས་སྤྲིང་ན་ཞག་བདུན་བྱིན་གྱིས་བརླབས་ལ་དགེ་
སློང་གི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་སློང་གི་བྱ་བ་ཡིན་ནོ། །དགེ་སློང་མའི་བྱ་བ་གང་ཞེ་ན། དེ་དག་ཐམས་ཅད་དགེ་སློང་མའི་བྱ་བ་ཡིན་ཏེ། ཆད་པའི་ལས་ནི་མ་གཏོགས་སོ། །གཞན་ཡང་དགེ་སློང་མའི་བྱ་བ་འདི་ལྟ་སྟེ། དགེ་སློང་མ་
ཞིག་ལ་ལྕི་བའི་ཆོས་ཀྱི་ལྟུང་བ་བྱུང་བར་གྱུར་ནས་དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ཚུར་སྤྱོན། ཟླ་བ་ཕྱེད་ཀྱི་བར་དུ་མགུ་བར་བགྱི་བ་སྩལ་དུ་གསོལ་ཞེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་སློང་མའི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ།

འདི་ནི་དགེ་སློང་མའི་བྱ་བ་ཡིན་ནོ། །དགེ་སློབ་མའི་བྱ་བ་གང་ཞེ་ན། དེ་དག་ཐམས་ཅད་དགེ་སློབ་མའི་བྱ་བ་ཡིན་ནོ། །གཞན་ཡང་དགེ་སློབ་མའི་བྱ་བ་འདི་ལྟ་སྟེ། དགེ་སློབ་མས་ལོ་གཉིས་ཀྱི་བར་དུ་བསླབ་པའི་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་བསླབས་ནས་དེས་
དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་བསྙེན་པར་རྫོགས་པར་མཛད་དུ་གསོལ། ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་སློབ་མའི་བྱ་བའི་ཕྱིར། དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་སློབ་མའི་བྱ་བ་ཡིན་ནོ། །དགེ་ཚུལ་
གྱི་བྱ་བ་གང་ཞེ་ན། དེ་དག་ཐམས་ཅད་དགེ་ཚུལ་གྱི་བྱ་བ་ཡིན་ནོ། །གཞན་ཡང་དགེ་ཚུལ་གྱི་བྱ་བ་གང་ཞེ་ན། འདི་ལྟ་སྟེ། དགེ་ཚུལ་ལོ་ཉི་ཤུ་ལོན་པར་གྱུར་ནས་དེས་དགེ་སློང་རྣམས་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཚུར་སྤྱོན་
ཅིག་ཅེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་ཚུལ་གྱི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་ཚུལ་གྱི་བྱ་བ་ཡིན་ནོ། །དགེ་ཚུལ་མའི་བྱ་བ་གང་ཞེ་ན། དེ་དག་ཐམས་ཅད་དགེ་ཚུལ་མའི་བྱ་བ་ཡིན་ནོ། །གཞན་ཡང་དགེ་ཚུལ་མའི་བྱ་བ་འདི་ལྟ་སྟེ། དགེ་
ཚུལ་མ་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པའམ། གཞོན་ནུ་མ་ལོ་བཅྭ་བརྒྱད་ལོན་ནས་དེས་དགེ་སློང་དག་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་སྩལ་དུ་གསོལ་ཚུར་སྤྱོན་ཅིག་ཅེས་སྤྲིང་ན། ཞག་བདུན་
བྱིན་གྱིས་བརླབས་ལ་དགེ་ཚུལ་མའི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་སྟེ། འདི་ནི་དགེ་ཚུལ་མའི་བྱ་བ་ཡིན་ནོ།། །།སྡོམ་ལ། ཁ་ཟས་སྨན་དང་གཡོག་དང་ནི། །བུད་མེད་སྐྱེས་པ་མ་ནིང་དང་། །མཚན་མ་གཏེར་དང་གཉེན་དག་དང་། །བར་ཆད་ཀྱིས་ནི་འགྲོ་བྱ་བའོ། །འདི་
ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདིར་བདག་དབྱར་གནས་པར་དམ་བཅས་ན་བདག་ལ་བསོད་སྙོམས་སྟེར་བ་ནི་འགའ་ཡང་མེད་དེ། བདག་གིས་བསོད་སྙོམས་མ་རྙེད་པས་བདག་ཉོན་མོངས་པའམ་ཤི་ན་བདག་གི་མ་ཐོབ་པ་

ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་དེའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་
ལྟུང་བ་མེད་དོ། །འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདིར་བདག་དབྱར་གནས་པར་དམ་བཅས་ན་བདག་ནད་ཀྱིས་ཐེབས་ན་ན་བ་ལ་ནད་ཀྱི་སྨན་སྦྱིན་པ་ནི་འགའ་ཡང་མེད་དེ། བདག་གིས་སྨན་མ་རྙེད་པས་ཉོན་མོངས་
པའམ་ཤི་ན་བདག་གི་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་དེའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་
ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདིར་བདག་དབྱར་གནས་པར་དམ་བཅས་ན་བདག་ནད་ཀྱིས་ཐེབས་ན་ནད་གཡོག་བྱེད་པ་འགའ་ཡང་མེད་དོ། །བདག་ལ་ནད་གཡོག་བྱེད་པ་མེད་
པས་ཉོན་མོངས་པའམ་ཤི་ན་བདག་གི་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་དེའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་
སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ།། །།འདུལ་བ་གཞི། བམ་པོ་ཉི་ཤུ་པ། འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་གི་དྲུང་དུ་བུད་མེད་དག་འོངས་ཏེ་མི་འཚམ་པའི་གསོལ་བས་གསོལ་བ་འདེབས་ཏེ། འཕགས་པ་བཞུགས་
ཤིག །འཕགས་པ་དགྱེས་པར་མཛོད་ཅིག །ཁྱོད་ལ་བདག་གིས་བསྙེན་བཀུར་བགྱིའོ། །ཁྱོད་ལ་བུ་མོ་དབུལ་ལོ། །ཁྱོད་ལ་མནའ་མ་དང་། ཁྱོད་ལ་བྲན་མོ་དང་། ལས་བགྱིད་པ་འབུལ་ལོ། །དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་

སེམས་ཏེ། གནས་འདིར་བདག་དབྱར་གནས་པར་དམ་བཅས་ན་བུད་མེད་འདི་བདག་གི་དྲུང་དུ་འོངས་ནས་མི་འཚམ་པའི་གསོལ་བས་གསོལ་བ་འདེབས་ཏེ། འཕགས་པ་བཞུགས་ཤིག །འཕགས་པ་དགྱེས་པར་མཛོད་ཅིག །ཁྱོད་ལ་བདག་བསྙེན་བཀུར་བགྱིའོ། །
ཁྱོད་ལ་བུ་མོ་འབུལ་ལོ། །ཁྱོད་ལ་མནའ་མ་དང་། ཁྱོད་ལ་བྲན་མོ་དང་། ལས་བགྱིད་པ་འབུལ་ལོ། །ཞེས་ཟེར་ཏེ། གལ་ཏེ་གནས་འདིར་བདག་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་
པས་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་སྟེ། དེས་དེ་ལྟ་བུས་རྐྱེན་བྱས་ནས་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་གི་དྲུང་དུ་སྐྱེས་པ་ཞིག་འོངས་ནས་མི་འཚམ་
པས་གསོལ་བས་གསོལ་བ་འདེབས་ཏེ། འཕགས་པ་བཞུགས་ཤིག །འཕགས་པ་དགྱེས་པར་མཛོད་ཅིག །ཁྱོད་ལ་བདག་བསྙེན་བཀུར་བགྱིའོ། །ཁྱོད་ལ་བུ་མོ་འབུལ་ལོ། །ཁྱོད་ལ་མནའ་མ་དང་། ཁྱོད་ལ་བྲན་མོ་དང་། ལས་བྱེད་པ་འབུལ་ལོ། །དེ་
ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདིར་བདག་དབྱར་གནས་པར་དམ་བཅས་ན་བདག་གི་དྲུང་དུ་སྐྱེས་པ་འདི་འོངས་ནས་མི་འཚམ་པའི་གསོལ་བས་གསོལ་བ་འདེབས་ཏེ། འཕགས་པ་བཞུགས་ཤིག །འཕགས་པ་དགྱེས་
པར་མཛོད་ཅིག །ཁྱོད་ལ་བདག་བསྙེན་བཀུར་བགྱིའོ། །ཁྱོད་ལ་བུ་མོ་འབུལ་ལོ། །མནའ་མ་དང་། བྲན་མོ་དང་། ལས་བགྱིད་པ་འབུལ་ལོ་ཞེས་ཟེར་ན། གལ་ཏེ་གནས་འདིར་བདག་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་
བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་གི་དྲུང་དུ་མ་

ནིང་ཞིག་འོངས་ནས་མི་འཚམ་པའི་གསོལ་བས་གསོལ་བ་འདེབས་ཏེ། འཕགས་པ་བཞུགས་ཤིག །འཕགས་པ་དགྱེས་པར་མཛོད་ཅིག །ཁྱོད་ལ་བདག་བསྙེན་བཀུར་བགྱིའོ། །ཁྱོད་ལ་བྲན་མོ་དང་། ལས་བགྱིད་པ་འབུལ་ལོ། །དེ་ན་
དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདིར་བདག་དབྱར་གནས་པར་དམ་བཅས་ན་བདག་གི་དྲུང་དུ་མ་ནིང་འདི་འོངས་ནས་མི་འཚམ་པའི་གསོལ་བས་གསོལ་བ་འདེབས་ཏེ། འཕགས་པ་བཞུགས་ཤིག །འཕགས་པ་དགྱེས་
པར་མཛོད་ཅིག །ཁྱོད་ལ་བདག་བསྙེན་བཀུར་བགྱིའོ། །ཁྱོད་ལ་བྲན་མོ་དང་། ཁྱོད་ལ་ལས་བགྱིད་པ་འབུལ་ལོ་ཞེས་ཟེར་ཏེ། གལ་ཏེ་གནས་འདིར་བདག་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་
པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་གིས་བུད་མེད་གཞོན་ནུ་མདོག་
མཛེས་པ་ཆགས་པར་འོས་པ་ཞིག་མཐོང་ནས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་མཚན་མ་བཟུང་བར་གྱུར་ཏོ། །དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདིར་བདག་དབྱར་གནས་པར་དམ་བཅས་ན་བུད་མེད་གཞོན་ནུ་
མཛེས་པ་ཆགས་པར་འོས་པ་ཞིག་མཐོང་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་མཚན་མ་བཟུང་བས་གནས་འདིར་བདག་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་
གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་གིས་ནོར་གྱི་གཏེར་ཞིག་མཐོང་ངོ་། །དེ་ན་དབྱར་གནས་པར་

དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདིར་བདག་དབྱར་གནས་པར་དམ་བཅས་ན་བདག་གིས་འདིར་ནོར་གྱི་གཏེར་ཞིག་མཐོང་བས། གནས་འདིར་བདག་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་
དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དབྱར་གནས་པར་དམ་བཅས་པའི་དགེ་སློང་གི་དྲུང་དུ་གཉེན་
དག་འོངས་ནས་མི་འཚམ་པའི་གསོལ་བས་གསོལ་བ་འདེབས་ཏེ། འཕགས་པ་ཁྱོད་ཅིའི་ཕྱིར་མགོ་བྲེགས་ཤིང་ལྷུང་བཟེད་ལག་ཏུ་ཐོགས་ཏེ། རིགས་ཀྱི་གྲོང་ནས་གྲོང་དུ་རྒྱུ་ཞིང་གོས་ངུར་སྨྲིག་གྲང་མོ་འདིས་ཀྱང་ལུས་གདུང་བར་བགྱི། འཕགས་པ་ཁྱོད་ཚུར་སྤྱོན།
འདོད་པ་ལ་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་སྩོལ་ཅིག །བསོད་ནམས་དག་གྱིས་ཤིག །དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། བདག་གནས་འདིར་དབྱར་གནས་པར་དམ་བཅས་པས་བདག་གི་དྲུང་དུ་གཉེན་དག་འོངས་ནས་མི་
འཚམ་པའི་གསོལ་བས་གསོལ་བ་འདེབས་ཏེ། འཕགས་པ་ཁྱོད་ཅིའི་ཕྱིར་མགོ་བྲེགས་ཤིང་ལྷུང་བཟེད་ལག་ཏུ་ཐོགས་ཏེ། རིགས་ཀྱི་གྲོང་ནས་གྲོང་དུ་རྒྱུ་ཞིང་གོས་ངུར་སྨྲིག་གྲང་མོ་འདིས་ཀྱང་ལུས་གདུང་བར་བགྱི། འཕགས་པ་ཁྱོད་ཚུར་སྤྱོན། འདོད་པ་ལ་
ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་སྩོལ་ཅིག །བསོད་ནམས་དག་གྱིས་ཤིག་ཅེས་ཟེར་ཏེ། གལ་ཏེ་གནས་འདིར་བདག་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས་
མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་

ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཅན་ཀུན་དགའ་ར་བའི་སྒོའི་བར་དུ་ལྷགས་ནས་སྤར་ཐབས་སུ་སྐུར་པ་སྒྲོགས་ཤིང་། ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་དག་ཟུང་ཤིག་ཅེས་བྱ་བ་ནས། གོང་དུ་གསོ་སྦྱོང་གི་གཞིར་ཇི་སྐད་བསྟན་པ་དེ་བཞིན་རྒྱས་
པར་རྫོགས་པར་བརྗོད་པར་བྱ་སྟེ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདིར་བདག་དབྱར་གནས་པར་དམ་བཅས་ན་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་ཅན་ཞེས་བྱ་
བ་གོང་མ་བཞིན་ཏེ། གལ་ཏེ་གནས་འདིར་བདག་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་
བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དགེ་སློང་གིས་སྐྱེས་པའམ། བུད་མེད་དམ། མ་ནིང་གང་ལ་བརྟེན་ནས་དབྱར་གནས་པར་དམ་བཅས་པར་གྱུར་པ་དེ་རྒྱལ་པོས་བཟུང་ངམ། བཙོན་དུ་བཟུང་ངམ། བསད་དམ།
དེའི་ནོར་འཕྲོགས་སམ། རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་ལ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། བདག་སྐྱེས་པའམ། བུད་མེད་དམ། མ་ནིང་གང་ལ་བརྟེན་
ནས་འདིར་དབྱར་གནས་པར་དམ་བཅས་པ་དེ་རྒྱལ་པོས་བཟུང་ངམ། བཙོན་དུ་བཟུང་ངམ། བསད་དམ། དེའི་ནོར་འཕྲོགས་སམ། རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་པས། གལ་ཏེ་བདག་གནས་
འདིར་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་

རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་ཆོམ་རྐུན་པ་དག་གིས་གྲོང་བཅོམ་མམ། གྲོང་ཁྱེར་བཅོམ་མམ། ཡུལ་ལྗོངས་བཅོམ་ནས་ཀུན་དགའ་ར་བའི་སྒོར་ལྷགས་ཏེ། བ་ལང་བསད་དམ། མ་ཧེ་འམ། ར་བསད་པའི་ཁྲག་གིས་ཡན་ལག་བྱུགས་ནས་དགེ་
སློང་རྣམས་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ཕྱིར་བྱུང་ཤིག །བདག་ཅག་འདིར་གནས་སོ་ཞེས་སྤྲིང་ལ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། བདག་གནས་འདིར་དབྱར་གནས་པར་དམ་བཅས་ན་ཆོམ་རྐུན་པ་འདི་དག་
གྲོང་བཅོམ་མམ་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དགེ་སློང་གིས་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ནས་དབྱར་གནས་པར་དམ་བཅས་པར་གྱུར་
པ་དེ་ཆོམ་རྐུན་པས་བཟུང་ངམ། བཙོན་དུ་བཟུང་ངམ། བསད་དམ། དེའི་ནོར་འཕྲོགས་སམ། ཆོམ་རྐུན་པའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་ལ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་
སེམས་ཏེ། བདག་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅས་པ་དེ་ཆོམ་རྐུན་པ་དག་གིས་བཟུང་ངམ། བཙོན་དུ་བཟུང་ངམ། བསད་དམ། དེའི་ནོར་འཕྲོགས་སམ། ཆོམ་རྐུན་པའི་འཇིགས་པས་ཡུལ་འཁོར་གཞན་
ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་པས། གལ་ཏེ་བདག་གནས་འདིར་དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་
སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་རྒན་ཞུགས་མི་ཤེས་པ། རྨོངས་པ། མི་གསལ་བ། མི་མཁས་པ་གཞན་ཞིག་གིས་སྤྱོད་ཡུལ་ལམ། སྤྱོད་ཡུལ་གྱི་ལམ་ཀར་རིགས་ཀྱི་བུད་

མེད་དམ། རིགས་ཀྱི་ན་ཆུང་ལ་གཤེས་སམ། ཁ་ངན་སྨྲས་སམ། རེག་པས་མི་རྣམས་ཁྲོས་ཏེ། ཀུན་དགའ་ར་བའི་སྒོར་ལྷགས་ནས་སྤར་ཐབས་སུ་སྐུར་པ་སྒྲོགས་ཤིང་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། དེས་དེ་ལྟ་བུས་རྐྱེན་བྱས་ཏེ། གནས་
དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དགེ་སློང་གིས་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ནས་དབྱར་གནས་པར་དམ་བཅས་པར་གྱུར་པ་དེ་མི་རྣམས་ཀྱིས་བཟུང་ངམ། བཙོན་དུ་བཟུང་ངམ། བསད་དམ། དེའི་ནོར་
འཕྲོགས་སམ། མི་མ་ཡིན་པའི་འཇིགས་པས་ཡུལ་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་ལ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། བདག་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ཏེ་གནས་འདིར་
དབྱར་གནས་པར་དམ་བཅས་པ་དེ་མི་རྣམས་ཀྱིས་བཟུང་ངམ། བཙོན་དུ་བཟུང་ངམ། བསད་དམ། དེའི་ནོར་འཕྲོགས་སམ། མི་མ་ཡིན་པའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་པས། གལ་ཏེ་བདག་གནས་འདིར་
དབྱར་གནས་ན་གཞི་དེས་བདག་གི་སྲོག་གི་བར་ཆད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་གྱིས། མ་ལ་བདག་གནས་འདི་ནས་འགྲོའོ་སྙམ་ནས། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་
མེད་དོ། །འདི་ལྟར་ཡང་མི་མ་ཡིན་པ་གནས་པའི་ཕྱོགས་ཤིག་ཏུ་གཙུག་ལག་ཁང་བརྩིགས་ལ། དེ་ན་རྒན་ཞུགས་མི་ཤེས་པ། རྨོངས་པ། མི་གསལ་བ། མི་མཁས་པ་གཞན་ཞིག་གིས་མི་རུང་བའི་ཕྱོགས་ཤིག་ཏུ་བཤང་བ་དང་གཅི་བ་ཞེས་བྱ་བའི་བར་གོང་མ་
བཞིན་ཏེ། དེས་དེ་ལྟ་བུས་རྐྱེན་བྱས་ཏེ་གནས་དེ་ནས་སོང་བ་ལས་དབྱར་རལ་ན་ལྟུང་བ་མེད་དོ། །འདི་ལྟར་ཡང་དགེ་སློང་གིས་བུད་མེད་དམ། སྐྱེས་པའམ། མ་ནིང་གང་ལ་བརྟེན་ནས་དབྱར་གནས་པར་དམ་བཅས་པར་གྱུར་པ་དེ་མི་མ་ཡིན་པ་རྣམས་ཀྱིས་བཟུང་ངམ།

བཙོན་དུ་བཟུང་ངམ། བསད་དམ། དེའི་ནོར་འཕྲོགས་སམ། མི་མ་ཡིན་པའི་འཇིགས་པས་ཡུལ་འཁོར་གཞན་ནམ། ཡུལ་གཞན་དུ་བྲོས་སམ་ཤི་བར་གྱུར་ལ། དེ་ན་དབྱར་གནས་པར་དམ་བཅས་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ