Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 001_འདུལ་བ།_ཀ

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
ཞིན་དུ་དེ་དག་བཀླག་པར་བྱ་བ་ཡིན་མོད་ཀྱི། ཁོ་བོས་རིག་བྱེད་རིང་པོ་རིང་པོ་གང་དག་ཡིན་པ་དེ་དག་ནི་ཐུང་ངུར་རྣམ་པར་བཞག་གོ། །རིག་བྱེད་ཐུང་
ངུ་ཐུང་ངུ་གང་དག་ཡིན་པ་དེ་དག་ནི་རིང་པོར་རྣམ་པར་བཞག་སྟེ། ཚིག་དང་ཡི་གེ་ཕྲི་ཞིང་དོན་དང་ངེས་པའི་ཚིག་ཏུ་རྣམ་པར་བཞག་གོ། །བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་བྲམ་ཟེའི་ཁྱེའུ་རྣམས་ཀྱང་སྤ་གོང་ཞིང་མི་དགའ་བ་དང་མི་འཇིགས་པ་མེད་པར་གྱུར་ཏེ། བྲམ་
ཟེའི་ཁྱེའུ་པང་ནས་སྐྱེས་ག་ལ་བ་དེར་དོང་བ་དང་དེས་ཀྱང་ཐག་རིང་པོ་ཁོ་ན་ནས་མཐོང་ནས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་འདི་ལྟ་ཅི་ཉེས། མཁན་པོ་ཅང་མ་ནོངས་སོ། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། བསམ་པ་ནང་ན་ཡོད་པ་ཀུན། །ཕྱི་རོལ་ནས་
ནི་ཉེ་བར་དམིགས། །སྐད་མདོག་དབང་པོའི་རྣམ་པ་དག །རྣམ་པར་སྦ་བར་མི་ནུས་སོ། །བྲམ་ཟེའི་ཁྱེའུ་དག་གོར་མ་ཆག་པར་ཅི་ཞིག་ཉེས་སོ། །དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་དེས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་དེ་དེ་བཞིན་ཏེ། ཇི་ལྟར་
བདག་ཅག་གསང་ཚིག་གི་གཞི་དེ་དག་ཀློག་པ་དེ་བཞིན་དུ་དེ་དག་བཀླག་པར་བྱ་བ་ཡིན་མོད་ཀྱི། བྲམ་ཟེའི་ཁྱེའུ་དེ་ཤེས་རབ་ཅན་ཡིན་པས་དེས་རིག་བྱེད་རིང་པོ་རིང་པོ་གང་དག་ཡིན་པ་དེ་དག་ནི་ཐུང་ངུར་རྣམ་པར་བཞག་གོ། །རིག་བྱེད་ཐུང་ངུ་ཐུང་ངུ་གང་དག་ཡིན་
པ་དེ་དག་ནི་རིང་པོར་རྣམ་པར་བཞག་སྟེ། ཚིག་དང་ཡི་གེ་ཕྲི་ཞིང་དོན་དང་ངེས་པའི་ཚིག་ཏུ་རྣམ་པར་བཞག་གོ། །དེ་གཉིས་གཅིག་གིས་གཅིག་ཐོས་མ་ཐག་ཁོ་ནར་མཐོང་འདོད་པར་གྱུར་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་ཕའི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། ཡབ་བདག་

གྲོང་ཤིང་ཐགས་ཅན་དུ་མཆི་འཚལ་ལོ། །ཅི་ཞིག་གི་ཕྱིར་བྲམ་ཟེ་མདུན་ན་འདོན་གྲུ་འཛིན་ཅེས་བགྱི་བ་ཞིག་མཆིས་པ་དེའི་བུ་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཞེས་བགྱི་བ་དེ་བལྟ་བའི་སླད་དུའོ། །བུ་དེ་ཁྱོད་པས་ཆེས་ཤེས་རབ་ཅན་ཞིག་ཡིན་ནམ་ཅི། ཡབ་དེ་ནི་བདག་པས་
ཆེས་ཤེས་རབ་ཅན་མ་ལགས་ཏེ། འདི་ལྟར་དེ་ནི་ཆེས་ཕྱུག་པ་ལགས་སོ། །དེས་ཚིགས་སུ་བཅད་པ་སྨྲས་པ། མི་གང་རིགས་ཀྱིས་རྒན་པ་དང་། །ན་ཚོད་རྒན་དང་ནོར་གྱིས་རྒན། །དེ་ཀུན་ཐོས་པས་རྒན་པ་ཡི། །སྒོ་ན་དོན་ཀུན་གཉེར་བས་སྡོད། །བུ་གལ་ཏེ་དེ་
འོང་ན་ཐོས་པས་བགོ་བཤའ་བྱའི་བགྲོད་པར་ནི་མི་བྱའོ། །བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱང་ཕའི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། ཡབ་བདག་གྲོང་ན་ལ་དར་མཆི་འཚལ་ལོ། །ཅི་ཞིག་གི་ཕྱིར་དེ་ན་བྲམ་ཟེ་སྐར་རྒྱལ་ཞེས་བགྱི་བ་ཞིག་མཆིས་པ་དེའི་བུ་བྲམ་ཟེའི་ཁྱེའུ་
ཉེ་རྒྱལ་ཞེས་བགྱི་བ་དེ་བལྟ་བའི་སླད་དུ་མཆིའོ། །བུ་དེ་ཁྱོད་པས་ཆེས་ཕྱུག་པ་ཞིག་ཡིན་ནམ་ཅི། ཡབ་དེ་ནི་བདག་པས་ཆེས་ཕྱུག་པ་མ་ལགས་ཏེ། འདི་ལྟར་དེ་ནི་ཆེས་ཤེས་རབ་ཅན་ལགས་སོ། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། མི་གང་རིགས་ཀྱིས་རྒན་པ་
དང་། །ན་ཚོད་རྒན་དང་ཐོས་པས་རྒན། །དེ་ཀུན་ནོར་གྱིས་རྒན་པ་ཡི། །སྒོ་ན་ཅི་བྱ་སྙམ་པ་སྡོད། །བུ་གལ་ཏེ་འོང་ན་ནོར་གྱིས་བགོ་བཤའ་བྱའི་བགྲོད་པར་ནི་མི་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོའི་ཁབ་ཏུ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་
སྟོན་ལ་བབ་བོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་ཀུན་དུ་སྤྱོད་པ་ནི་གང་གི་ཚེ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་ལ་བབ་པ་དེའི་ཚེ་ན་བདག་ཉིད་ཀྱིས་ཉམས་སུ་མྱོང་བར་བྱེད་པའམ། ཡང་ན་གཞོན་ནུ་མ་སྐྱེས་དགྲ་གཏོང་བར་བྱེད་དོ། །ཅི་ཙམ་
དུས་གཞན་ཞིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བྱ་བ་ཆུང་ཞིག་བྱུང་ནས་དེས་གཞོན་ནུ་མ་སྐྱེས་དགྲ་ལ་སྨྲས་པ། བུ་སོང་ལ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་ཉམས་སུ་མྱོང་བར་གྱིས་ཤིག །བྲམ་ཟེ་གྲུ་འཛིན་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོས་

གཞོན་ནུ་མ་སྐྱེས་དགྲ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་ཉམས་སུ་མྱོང་བར་བྱེད་དུ་བཏང་བ། ཐོས་ནས་དེས་བསམས་པ། གཞོན་ནུ་མ་སྐྱེས་དགྲ་འདི་ཕ་འདས་ནས་རྒྱལ་པོར་འགྱུར་ལ། བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་འདི་
ཡང་བདག་འདས་ནས་མདུན་ན་འདོན་དུ་འགྱུར་བས། དེ་བསྟེན་ན་དུས་སུ་འབྲས་བུ་སྟེར་བར་འགྱུར་རོ་སྙམ་ནས་དེས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ལ་སྨྲས་པ། བུ་སོང་ལ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་ཉམས་སུ་མྱོང་བར་གྱིས་ལ་དེ་ན་
སྟན་བཞི་པོ་རྒྱལ་པོའི་སྟན་དང་། མདུན་ན་འདོན་གྱི་སྟན་དང་། རྒོལ་བའི་སྟན་དང་། མཆོག་ཐོབ་པའི་སྟན་བཤམས་པ་ལས་ཁྱོད་ཀྱིས་རྒྱལ་པོའི་གདན་གཅིག་པུ་ཞོག་ལ་མདུན་ན་འདོན་གྱི་སྟན་ལ་འདུག་ཤིག །དེ་དེར་སོང་ནས་རྒྱལ་པོའི་སྟན་གཅིག་པུ་
བཞག་སྟེ་མདུན་ན་འདོན་གྱི་སྟན་ལ་འདུག་གོ། །བྲམ་ཟེ་སྐར་རྒྱལ་གྱིས་ཀྱང་རྒྱལ་པོ་གཟུགས་ཅན་སྙིང་པོས་གཞོན་ནུ་མ་སྐྱེས་དགྲ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་ཉམས་སུ་མྱོང་བར་བྱེད་དུ་བཏང་བ་ཐོས་ནས་དེས་ཀྱང་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་
ལ་སྨྲས་པ། བུ་སོང་ལ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་ཉམས་སུ་མྱོང་བར་གྱིས་ལ། དེ་ན་སྟན་བཞི་པོ་རྒྱལ་པོའི་གདན་དང་། མདུན་ན་འདོན་གྱི་སྟན་དང་། རྒོལ་བའི་སྟན་དང་། མཆོག་ཐོབ་པའི་སྟན་བཤམས་པ་ལས་ཁྱོད་
ཀྱིས་རྒྱལ་པོའི་གདན་དང་། མདུན་ན་འདོན་གྱི་སྟན་ཞོག་ལ་མཆོག་ཐོབ་པའི་སྟན་ལ་དབྱི་གུ་དང་རིལ་བ་ཞོག་སྟེ་རྒོལ་བའི་སྟན་ལ་འདུག་ཤིག །ཇི་ཙམ་ན་ཉི་མ་འཆར་བ་ནས་ཇི་ཙམ་ན་ནུབ་པར་འགྱུར་བ་དེའི་བར་དུ་ཁྱོད་དང་འདྲ་བའི་རྒོལ་བ་གཞན་མེད་དོ། །དེ་ཡང་
སོང་སྟེ་རྒྱལ་པོའི་སྟན་དང་། མདུན་ན་འདོན་གྱི་སྟན་བཞག་སྟེ། མཆོག་ཐོབ་པའི་སྟན་ལ་དབྱི་གུ་དང་རིལ་བ་བཞག་སྟེ་རྒོལ་བའི་སྟན་ལ་འདུག་གོ། །རོལ་མོའི་སྒྲ་དག་བྱུང་བ་ན་གར་མཁན་དག་གིས་ཏོ་ཊ་ཀའི་རྒྱུད་དུ་གླུ་བླངས་པ་དང་། མི་དག་གིས་བྲོ་བརྡུང་བ་དང་།

གླུ་བླང་བར་བརྩམས་པ་དང་བྲམ་ཟེའི་ཁྱེའུ་དེ་གཉིས་དབང་པོ་དག་ཕྱིར་བླན་ཏེ། འཁོད་པ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་མཐོང་ནས་དེ་དག་གིས་སྨྲས་པ། བྲམ་ཟེའི་ཁྱེའུ་འདི་གཉིས་ཡང་ན་ནི་བླུན་པོ་གཉིས་ཤིག་གོ། །ཡང་ན་ནི་ཤེས་པས་མི་འཁྲུག་པ་གཉིས་ཤིག་གོ། །
རོལ་མོའི་སྒྲ་དག་ཞི་ཞིང་མི་དག་གིས་བྲོ་བརྡུང་ཞིང་གླུ་བླངས་ཏེ་དོང་བ་དང་། བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱིས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་ལ་སྨྲས་པ། ཇི་ལྟར་ཁྱོད་ལ་བྲོ་ལེགས་པར་བརྡུངས་པ་དང་། གླུ་ལེགས་པར་བླངས་པ་དང་། རོལ་མོའི་སྒྲ་ལེགས་པར་བསྒྲགས་
པར་སྣང་ངམ། དེས་སྨྲས་པ། གང་གིས་མཐོང་བའམ། ཐོས་པ་ལ་སྣང་ངོ་། །དེས་སྨྲས་པ། དབང་པོ་ནང་དུ་བསྡུས་པ་དག་གིས་མ་མཐོང་བ་ནི་བདེན་ན་ཇི་ལྟར་མ་ཐོས། དེས་ཚིགས་སུ་བཅད་པ་སྨྲས་པ། ཤི་ལྤགས་ཤི་བའི་རྒྱུས་པ་དང་། །འཆིར་འགྱུར་
བཞད་གད་འཇོ་སྒེག་གི། །འཆི་བའི་སྐྱེ་བོ་འདུས་པ་ལ། །མཁས་པ་སུ་ཞིག་བག་མེད་བྱེད། །དེས་སྨྲས་པ། ཁྱོད་ཉེ་རྒྱལ་ཡིན་ནམ། ཁོ་བོ་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །བྲམ་ཟེའི་ཁྱེའུ་ཉེ་རྒྱལ་གྱིས་ཀྱང་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ལ་སྨྲས་པ། ཇི་ལྟར་
ཁྱོད་ལ་ཡང་བྲོ་ལེགས་པར་བརྡུངས་པ་དང་། གླུ་ལེགས་པར་བླངས་པ་དང་། རོལ་མོའི་སྒྲ་ལེགས་པར་བསྒྲགས་པར་སྣང་ངམ། དེས་ཀྱང་སྨྲས་པ། གང་གིས་མཐོང་བའམ། ཐོས་པ་ལ་སྣང་ངོ་། །དེས་སྨྲས་པ། དབང་པོ་ནང་དུ་བསྡུས་པ་དག་གིས་མ་
མཐོང་བ་ནི་བདེན་ན་ཇི་ལྟར་མ་ཐོས། དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། རྒྱན་རྣམས་ཐམས་ཅད་ཁུར་ཡིན་ཏེ། །གར་རྣམས་ཐམས་ཅད་མཐོ་འཚམ་པ། །གླུ་རྣམས་ཐམས་ཅད་ཀྱལ་བ་སྟེ། །གཟུགས་ཀུན་མི་རྟག་ཉིད་ཡིན་ནོ། །དེས་སྨྲས་པ། ཁྱོད་
པང་ནས་སྐྱེས་ཡིན་ནམ། ཁོ་བོ་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །བྲམ་ཟེའི་ཁྱེའུ་ཉེ་རྒྱལ་གྱིས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ལ་སྨྲས་པ། ཚུར་ཤོག་བདག་ཅག་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་། །དེས་སྨྲས་པ། བྲམ་ཟེའི་ཁྱེའུ་

གང་གི་དོན་དུ་མཆོད་སྦྱིན་སྦྱིན་པར་བྱེད། སྦྱིན་སྲེག་སྲེག་པར་བྱེད། དཀའ་ཐུབ་ཀྱིས་གདུང་བར་བྱེད་པའི་མདུན་ན་འདོན་དེ་བདག་གི་ལག་མཐིལ་དུ་འོངས་ཤིང་གླང་པོ་ཆེས་འགྲོ་བའི་རིགས་སུ་སྐྱེས་ན་ཅིའི་ཕྱིར་རབ་ཏུ་འབྱུང་། དེས་ཚིགས་སུ་
བཅད་པ་སྨྲས་པ། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་འདབ་མས་ཅི་ཞིག་བྱེད། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱེད། །ཚུར་ཤོག་བདག་ཅག་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་
ངོ་། །དེས་སྨྲས་པ། ཇེ་ཕ་མ་ལ་དྲི་བར་བྱའོ། །བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཕ་མ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྨྲས་པ། ཡབ་ཡུམ་མཁྱེན་པར་མཛོད་ཅིག །བདག་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་། །བུ་
གང་གི་དོན་དུ་མཆོད་སྦྱིན་སྦྱིན་པར་བྱེད། སྦྱིན་སྲེག་སྲེག་པར་བྱེད། དཀའ་ཐུབ་ཀྱིས་གདུང་བར་བྱེད་པའི་མདུན་ན་འདོན་དེ་ཁྱོད་ཀྱི་ལག་མཐིལ་དུ་འོངས་ཤིང་གླང་པོ་ཆེས་འགྲོ་བའི་རིགས་སུ་སྐྱེས་ན་ཅིའི་ཕྱིར་རབ་ཏུ་འབྱུང་། དེས་ཚིགས་སུ་བཅད་པ་སྨྲས་པ། ནགས་
ན་ཤིང་ཤུན་རྩྭ་གྱོན་ཞིང་། །རྩ་བ་འབྲས་བུ་འཆའ་བ་དང་། །རི་དགས་གདུག་པ་རྣམས་དང་ནི། །ལྷན་ཅིག་གནས་པ་མཆོག་ལགས་ཀྱི། །འཇིག་རྟེན་ཕ་རོལ་འཇིགས་བྱེད་པའི། །མཁས་པས་རྒྱལ་སྲིད་སླད་དུ་ནི། །གསོད་དང་བཅིང་དང་རྡེག་པ་དག །
བགྱིད་པ་དེ་ལྟ་མ་ལགས་སོ། །དེ་གཉིས་ཀྱིས་སྨྲས་པ། བུ་ཁྱོད་ངེད་ཀྱི་བུ་གཅིག་པ་སྡུག་པ། ཡིད་དུ་འོང་བ། བཟོད་པ། མཐོང་ན་མི་མཐུན་པ་མེད་པ་ཡིན་པས་ཁྱོད་ཤི་བར་གྱུར་ན་ངེད་མི་འདོད་བཞིན་དུ་འབྲལ་གྲང་། གསོན་བཞིན་དུ་གཏང་བ་ལྟ་སྨོས་ཀྱང་ཅི་དགོས།
ཡབ་ཡུམ་གལ་ཏེ་གནང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གནང་ན་དེང་སླན་ཆད་བདག་འཚལ་མ་ཡང་མི་འཚལ། ཕྱག་ལ་ཡང་མི་འཚལ་ལོ། །བུ་གཞོན་ནུ་མི་གནང་གིས་ཇི་སྲིད་ངེད་གསོན་གྱི་བར་དུ་ཁྱོད་ངེད་ཀྱི་མིག་ལམ་ན་འདུག་ལ་བྱ་བ་གཞན་མ་སེམས་ཤིག །དེ་

ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱིས་ཉི་མ་གཅིག་ཀྱང་ཟན་གཅད་པ་བྱས་སོ། །གཉིས་དང་། གསུམ་ནས་དྲུག་གི་བར་དུ་ཡང་ཟན་གཅད་པ་བྱས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ཕ་མ་གཉིས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་
བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །བུ་གཞོན་ནུ་ཤེས་པར་གྱིས་ཤིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་འདོད་པ་ཡིན་པས་ཁྱོད་ཀྱིས་སྡུག་བསྔལ་མི་ཤེས་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ཉིད་ལ་
མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ཏུ་གནས་པར་མནགས་པར་དཀའོ། །གཅིག་པུ་དགོན་པར་གནས་པ་ཡང་སྡུག་བསྔལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དགས་གདུག་པ་དག་དང་ལྷན་
ཅིག་གནས་པར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་དབེན་པར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེད་མོ་དག་ལས་དབེན་
པར་བྱ་དགོས་སོ། །བུ་གཞོན་ནུ་པང་ནས་སྐྱེས་ཚུར་ཤོག་འདི་ཉིད་དུ་འདུག་ལ་འདོད་པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག །དེ་སྐད་སྨྲས་ཀྱང་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཅང་མི་སྨྲའོ། །བྲམ་ཟེའི་
ཁྱེའུ་པང་ནས་སྐྱེས་ཀྱི་ཕ་མ་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ལ་ལན་གཉིས་ལན་གསུམ་གྱི་བར་དུ་འདི་སྐད་ཅེས་སྨྲས་སོ། །བུ་གཞོན་ནུ་ཤེས་པར་གྱིས་ཤིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་འདོད་པ་ཡིན་པས་ཁྱོད་ཀྱིས་སྡུག་བསྔལ་མི་ཤེས་ཏེ། ཚངས་
པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །

ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དགས་གདུག་པ་དག་དང་། ལྷན་ཅིག་གནས་པར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་དབེན་པར་
བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེད་མོ་དག་ལས་དབེན་པར་བྱ་དགོས་སོ། །བུ་གཞོན་ནུ་པང་ནས་སྐྱེས་ཚུར་ཤོག་ཁྱོད་འདི་ཉིད་དུ་འདུག་ལ་འདོད་པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་
དག་ཀྱང་གྱིས་ཤིག །དེ་སྐད་ལན་གཉིས་ལན་གསུམ་གྱི་བར་དུ་སྨྲས་ཀྱང་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཅང་མི་སྨྲའོ། །དེ་ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ཕ་མ་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ཉེ་དུ་རྣམས་ལ་བསྒོ་བ། ཀྱེ་ཉེ་དུ་དག་ཚུར་ཤོག་བུ་
གཞོན་ནུ་པང་ནས་སྐྱེས་སློང་ཤིག །དེ་ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ཉེ་དུ་དག་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །སྲས་གཞོན་ནུ་མཁྱེན་པར་མཛོད་ཅིག །ཁྱོད་ནི་ཤིན་ཏུ་གཞོན་པ་
བདེ་བ་བཞེད་པ་ལགས་པས་ཁྱོད་ཀྱིས་སྡུག་བསྔལ་མི་མཁྱེན་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བགྱི་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ཏུ་
གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དགས་གདུག་པ་དག་དང་། ལྷན་ཅིག་གནས་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བགྱི་འཚལ་
ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་དབེན་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེད་མོ་དག་ལས་དབེན་པར་བགྱི་འཚལ་ལོ། །སྲས་གཞོན་ནུ་པང་ནས་སྐྱེས་ཚུར་སྤྱོན་ཁྱོད་འདི་ཉིད་དུ་བཞུགས་ལ་འདོད་

པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་སྩོལ་ཅིག །བསོད་ནམས་དག་ཀྱང་མཛོད་ཅིག །དེ་སྐད་སྨྲས་ཀྱང་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཅང་མི་སྨྲའོ། །བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ཉེ་དུ་དག་གིས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ལ་ལན་གཉིས་ལན་
གསུམ་གྱི་བར་དུ་འདི་སྐད་ཅེས་སྨྲས་སོ། །སྲས་གཞོན་ནུ་མཁྱེན་པར་མཛོད་ཅིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་བཞེད་པ་ལགས་པས་ཁྱོད་ཀྱིས་སྡུག་བསྔལ་མི་མཁྱེན་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པར་བགྱི་དཀའོ། །གཅིག་པུ་ཉིད་
ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དགས་གདུག་པ་དག་དང་
ལྷན་ཅིག་གནས་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་དབེན་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་།
རྩེད་མོ་དག་ལས་དབེན་པར་བགྱི་འཚལ་ལོ། །སྲས་གཞོན་ནུ་པང་ནས་སྐྱེས་ཚུར་སྤྱོན་ཁྱོད་འདི་ཉིད་དུ་བཞུགས་ལ་འདོད་པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་སྩོལ་ཅིག །བསོད་ནམས་དག་ཀྱང་མཛོད་ཅིག །དེ་སྐད་ལན་གཉིས་ལན་གསུམ་
གྱི་བར་དུ་སྨྲས་ཀྱང་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཅང་མི་སྨྲའོ། །དེ་ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ཕ་མ་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ནེའུ་ལྡངས་རྣམས་ལ་བསྒོ་བ། ཀྱེ་གཞོན་ནུ་དག་ཚུར་ཤེག་བུ་གཞོན་ནུ་པང་ནས་སྐྱེས་སློང་ཤིག །དེ་ནས་བྲམ་
ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ནེའུ་ལྡངས་དག་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །སྲས་ཞི་བ་གཞོན་ནུ་མཁྱེན་པར་མཛོད་ཅིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་བཞེད་པ་ལགས་པས་ཁྱོད་ཀྱིས་སྡུག་

བསྔལ་མི་མཁྱེན་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པར་བགྱི་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །
གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དགས་གདུག་པ་དག་དང་ལྷན་ཅིག་གནས་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་
དུ་མིའི་འདོད་པ་དག་ལས་དབེན་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེད་མོ་དག་ལས་དབེན་པར་བགྱི་འཚལ་ལོ། །སྲས་གཞོན་ནུ་པང་ནས་སྐྱེས་ཚུར་སྤྱོན་ཁྱོད་འདི་ཉིད་དུ་བཞུགས་ལ་འདོད་པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །
སྦྱིན་པ་དག་ཀྱང་སྩོལ་ཅིག །བསོད་ནམས་དག་ཀྱང་མཛོད་ཅིག །དེ་སྐད་སྨྲས་ཀྱང་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཅང་མི་སྨྲའོ། །བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ནེའུ་ལྡངས་རྣམས་ཀྱིས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ལ་ལན་གཉིས་ལན་གསུམ་གྱི་བར་དུ་འདི་སྐད་ཅེས་
སྨྲས་སོ། །སྲས་གཞོན་ནུ་མཁྱེན་པར་མཛོད་ཅིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་བཞེད་པ་ལགས་པས་ཁྱོད་ཀྱིས་སྡུག་བསྔལ་མི་མཁྱེན་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པར་བགྱི་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་
མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དགས་གདུག་པ་དག་དང་ལྷན་ཅིག་གནས་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་
སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་དབེན་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེད་མོ་དག་ལས་དབེན་པར་བགྱི་འཚལ་ལོ། །སྲས་གཞོན་ནུ་པང་

ནས་སྐྱེས་ཚུར་སྤྱོན་ཁྱོད་འདི་ཉིད་དུ་བཞུགས་ལ་འདོད་པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་སྩོལ་ཅིག །བསོད་ནམས་དག་ཀྱང་མཛོད་ཅིག །དེ་སྐད་ལན་གཉིས་ལན་གསུམ་གྱི་བར་དུ་སྨྲས་ཀྱང་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཅང་མི་སྨྲའོ། །དེ་ནས་བྲམ་ཟེའི་
ཁྱེའུ་པང་ནས་སྐྱེས་ཀྱི་ནེའུ་ལྡངས་རྣམས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ཕ་མ་གཉིས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ཕ་མ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་དག་མཁྱེན་པར་མཛོད་ཅིག །ཞི་བ་གཞོན་ནུ་པང་ནས་སྐྱེས་གུམ་
པས་ཅི་ཞིག་བགྱི་རབ་ཏུ་འབྱུང་བ་ནི་མཁས་པས་བསྔགས་པ་ལགས་པས་གལ་ཏེ་རབ་ཏུ་བྱུང་ནས་མངོན་པར་དགའ་བར་གྱུར་ན་ཡང་དེ་གསོན་པོ་ཉིད་དུ་གཟིགས་པར་འགྱུར་ལ། མངོན་པར་དགའ་བར་མ་གྱུར་ན་ཡང་དྲང་སྲོང་དག་ནི་སླར་ལྡོག་པ་ལགས་པས་བུའི་གནས་ཕ་
མ་གཉིས་ལས་མ་གཏོགས་པ་གཞན་སུ་ཞིག་མཆིས་པར་འགྱུར་གྱིས་རབ་ཏུ་བྱུང་ན་ལེགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་ཕ་མ་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །བུ་གཞོན་ནུ་པང་ནས་སྐྱེས་ཁྱོད་ལ་རབ་ཏུ་འབྱུང་བ་
ལེགས་པ་བྱེད་པ་ཡིན་ལ། ཁྱིམ་ན་གནས་པ་ལེགས་པ་བྱེད་པ་མ་ཡིན་ནམ། ཡབ་ཡུམ་བདག་ལ་རབ་ཏུ་འབྱུང་བ་ལེགས་པ་བགྱིད་པ་ལགས་ལ། ཁྱིམ་ན་གནས་པ་ལེགས་པ་བགྱིད་པ་མ་ལགས་སོ། །བུ་གཞོན་ནུ་པང་ནས་སྐྱེས་འོ་ན་ད་དེའི་དུས་ལ་བབ་པར་
ཤེས་པར་གྱིས་ཤིག །དེ་ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཕ་མ་གཉིས་ཀྱིས་གནང་ནས་འབྲས་ཁུའི་རིམ་གྱིས་ལུས་ཀྱི་མཐུ་དང་། སྟོབས་དང་། བརྩོན་འགྲུས་བསྐྱེད་དེ། གྲོང་ཤིང་ཐགས་ཅན་ནས་ཕྱིར་བྱུང་ནས། གྲོང་ན་ལ་དག་ལ་བ་དེར་འཕགས་སོ། །
བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དབེན་པ་ལ་དགའ་བས་གནས་མལ་དགོན་པར་སོང་སྟེ། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་དག་ཀློག་ཏུ་འཇུག་གོ། །བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་མཐར་གྱིས་གྲོང་ན་ལ་དར་ཕྱིན་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་གྱི་ཕ་མ་གཉིས་ལ་སྨྲས་

པ། ཡབ་ཡུམ་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་གར་མཆིས། དེ་གཉིས་ཀྱིས་སྨྲས་པ། བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དབེན་པ་ལ་དགའ་བས་གནས་མལ་དགོན་པར་སོང་སྟེ། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་དག་ཀློག་ཏུ་འཇུག་གོ། །
བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྨྲས་པ། ཉེ་རྒྱལ་ཚུར་ཤོག་བདག་ཅག་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་། །དེས་སྨྲས་པ། ཁྱོད་ཕ་མ་གཉིས་ཀྱིས་གནང་ངམ། གནང་ངོ་། །
དེས་སྨྲས་པ། བྲམ་ཟེའི་ཁྱེའུ་ཁོ་བོས་ཕ་མ་གཉིས་ལ་དྲིས་ཏེ་འོང་གི་བར་དུ་རེ་ཞིག་སྡོད་ཅིག །དེས་སྨྲས་པ། ཉེ་རྒྱལ་ཁོ་བོ་ནི་དུས་དེ་སྲིད་ཀྱིས་ཕ་མས་གནང་ན་ཁྱོད་ད་ཇི་སྲིད་ཀྱིས་གནང་བར་འགྱུར། དེས་སྨྲས་པ། བྲམ་ཟེའི་ཁྱེའུ་ཁོ་བོ་ད་ཁོ་ན་གནང་བར་
བྱས་ཏེ་འོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་ཕ་མ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཕ་མ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་མཁྱེན་པར་མཛོད་ཅིག །བདག་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་། །དེ་གཉིས་
ཀྱིས་སྨྲས་པ། བུ་ཁྱོད་ལ་རབ་ཏུ་འབྱུང་བ་ལེགས་པ་བྱེད་པ་ཡིན་ནམ། ཡབ་ཡུམ་བདག་ལ་རབ་ཏུ་འབྱུང་བ་ལེགས་པ་བགྱིད་པ་ལགས་སོ། །བུ་འོ་ན་སོང་ལ་རབ་ཏུ་བྱུང་ཤིག །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་གན་དུ་སོང་སྟེ་སྨྲས་
པ། པང་ནས་སྐྱེས་ཚུར་ཤོག་བདག་ཅག་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་། །དེས་སྨྲས་པ། བྲམ་ཟེའི་ཁྱེའུ་ཁྱོད་ཕ་མ་གཉིས་ཀྱིས་གནང་ངམ། གནང་ངོ་། །ཉེ་རྒྱལ་ཁོ་བོ་ནི་དུས་དེ་སྲིད་ཀྱིས་ཕ་མ་གཉིས་ཀྱིས་གནང་ན་ཁྱོད་ཕ་མ་
གཉིས་ཀྱིས་མྱུར་དུ་གནང་བའི་སྦྱོར་བ་གང་ཡིན། འདི་ལྟར་ཁྱོད་ནི་འཆིང་བ་དམ་པ་དང་། འཆིང་བ་བརྟན་པ་དང་། འཆིང་བ་མ་རུལ་བ་དང་། གགས་ཤིང་སྦོམ་པ་ཡིན་གྱི། ཁོ་བོ་ནི་འཆིང་བ་སྟོབས་མེད་པ་དང་། འཆིང་བ་སྟོབས་ཆུང་བ་དང་། འཆིང་བ་རུལ་

བ་དང་། གགས་ཤིང་ཕྲ་བ་ཡིན་ནོ། །འདི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་ནི་ཚེ་རབས་ལྔ་བརྒྱར་རབ་ཏུ་བྱུང་བར་གྱུར་ཅིང་འདི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨོན་ལམ་འདི་སྐད་ཅེས། ཧ་ཅང་ཕྱུག་པའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་
སྐྱེ་འགྱུར་ཞིང་། །རྟག་ཏུ་རབ་བྱུང་མང་བར་ཤོག །ཅེས་བཏབ་པའི་ཕྱིར་རོ། །བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱིས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་བདག་ཅག་ནི་བྲམ་ཟེ་རབ་ཏུ་གྲགས་པ་དག་ཡིན་པས་བདག་ཅག་གང་ཡང་རུང་བ་རབ་ཏུ་འབྱུང་བར་
མི་ནུས་ཀྱིས། འདི་ལྟར་ལེགས་པར་བརྟག་པར་བྱ་སྟེ་རབ་ཏུ་འབྱུང་བར་བྱའོ་ཞེས་དེ་གཉིས་མཐར་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེའི་ཚེ་ན་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་མངོན་པའི་ང་རྒྱལ་ཅན་
འདི་ལྟ་སྟེ། འདྲོབ་སྐྱོང་གི་བུ་རྫོགས་བྱེད་དང་། གནག་ལྷས་ཀྱི་བུ་ཀུན་དུ་རྒྱུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཉེན་གྱི་བུ་གཅེར་བུ་དག་རྒྱལ་པོའི་ཁབ་ན་ཉེ་བར་རྟེན་ཅིང་གནས་སོ། །
དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་འདྲོབ་སྐྱོང་གི་བུ་རྫོགས་བྱེད་ག་ལ་བ་དེར་དོང་སྟེ་ཕྱིན་ནས་འདྲོབ་སྐྱོང་གི་བུ་རྫོགས་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན།
ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། རྫོགས་བྱེད་ཀྱིས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་
སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་དང་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་མེད་དོ། །ཕ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་

ཡང་དག་པར་སོང་བ་ཡང་དག་པར་ཞུགས་པ་གང་དག་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་བདག་ཅག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །
སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ། །སྲོག་ནི་འདི་ཉིད་ལ་འཚོ་ཞིང་དེ་ཕྱིས་ཆད་པར་འགྱུར། ཞིག་པར་འགྱུར་ཏེ་ཤི་བའི་འོག་ཏུ་མི་འབྱུང་ངོ་། །སྐྱེས་བུའི་ལུས་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཡིན་ཏེ། དེ་ནི་གང་གི་ཚེ་དུས་
བྱེད་པ་ན་དེའི་སའི་ལུས་ནི་སའི་བག་ལ་ཞ། ཆུའི་ལུས་ནི་ཆུའི། མེའི་ལུས་ནི་མེའི། རླུང་གི་ལུས་ནི་རླུང་གི་བག་ལ་ཞ་བར་འགྱུར་རོ། །དབང་པོ་རྣམས་ནི་ནམ་མཁའི་རྗེས་སུ་འགྲོ་བར་འགྱུར་རོ། །སྐྱེས་བུའི་རོ་ནི་ཁྲི་དང་ལྔའི་མི་དག་གིས་ཁྱེར་ཏེ་དུར་ཁྲོད་དུ་
འགྲོ་ཞིང་བསྲེགས་ཕན་ཆད་མི་མངོན་པར་འགྱུར་རོ། །བསྲེག་བྱ་དག་ནི་ཐལ་བར་འགྱུར་རོ། །རུས་པ་དག་ནི་ཐི་བའི་མདོག་འདྲ་བར་གནས་སོ། །འདི་ལྟར་རྨོངས་པས་ཉེ་བར་བསྟེན་པ་ནི་སྦྱིན་ལ། མཁས་པས་ཉེ་བར་བསྟེན་པ་ནི་ལེན་ཏོ། །དེ་ལ་གང་དག་ཡོད་
པར་སྨྲ་བ་དེ་དག་ཐམས་ཅད་ནི་གསོབ་གསོག་བརྫུན་དུ་གདོལ་པ་དག་ཡིན་ནོ། །འདི་ལྟར་བྱིས་པ་དང་མཁས་པ་དེ་གཉིས་ནི་ཕྱིས་ཆད་པར་འགྱུར། ཞིག་པར་འགྱུར་ཏེ་ཤི་བའི་འོག་ཏུ་མི་འབྱུང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་འདི་སྙམ་
དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ནི་ལམ་གོལ་བར་ཞུགས་པ། ལམ་ངན་པ་ལེགས་པར་སྒྲུབ་པ་ཡིན་ཏེ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས་ཚིགས་སུ་བཅད་པ་སྨྲས་པ། བློ་ངན་ལོག་
པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་ནི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་དོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་གནག་ལྷས་ཀྱི་བུ་ཀུན་དུ་རྒྱུ་ག་ལ་བ་དེར་

དོང་སྟེ་ཕྱིན་ནས་གནག་ལྷས་ཀྱི་བུ་ཀུན་དུ་རྒྱུ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། ཀུན་དུ་རྒྱུས་སྨྲས་པ། བྲམ་ཟེའི་ཁྱེའུ་
དག་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཀུན་ནས་ཉོན་མོངས་པར་འགྱུར་རོ། །སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བ་ལ་རྒྱུ་མེད་
རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་རྣམ་པར་དག་པར་འགྱུར་རོ། །སེམས་ཅན་རྣམས་ཤེས་པ་མེད་པར་འགྱུར་བ་དང་། མཐོང་བ་མེད་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་མེད་པ་དང་། མཐོང་
བ་མེད་པར་འགྱུར་རོ། །སེམས་ཅན་རྣམས་ཤེས་པར་འགྱུར་བ་དང་། མཐོང་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་དང་། མཐོང་བར་འགྱུར་རོ། །སྟོབས་མེད་དོ། །བརྩོན་འགྲུས་མེད་དོ། །སྟོབས་དང་བརྩོན་
འགྲུས་མེད་དོ། །སྐྱེས་བུའི་རྩལ་མེད་དོ། །ཕ་རོལ་གནོན་པ་མེད་དོ། །སྐྱེས་བུའི་རྩལ་དང་ཕ་རོལ་གནོན་པ་མེད་དོ། །བདག་གི་རྩལ་མེད་དོ། །གཞན་གྱི་རྩལ་མེད་དོ། །བདག་གི་རྩལ་དང་གཞན་གྱི་རྩལ་མེད་དོ། །སེམས་ཅན་ཐམས་ཅད་དང་། སྲོག་ཐམས་
ཅད་དང་། འབྱུང་པོ་ཐམས་ཅད་མཐུ་མེད། སྟོབས་མེད་དོ། །དབང་མེད་དོ། །བརྩོན་འགྲུས་མེད་དོ། །ཕ་རོལ་གནོན་པ་མེད་དོ། །འགྲོ་བ་མཚམས་སྦྱོར་བའི་སྲིད་པ་དག་ངེས་པར་གྱུར་ཏོ། །འདི་ལྟར་འགྲོ་བ་དྲུག་པོ་དག་ཏུ་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་
བར་འགྱུར་རོ། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་འདི་སྙམ་དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་ལེགས་པར་སྒྲུབ་པ་ཡིན་ཏེ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་

རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས་ཚིགས་སུ་བཅད་པ་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་ནི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་
དུ་བརྡབས་ཏེ་དོང་ངོ་།། །།འདུལ་བ་གཞི། བམ་པོ་གསུམ་པ། དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ལ་འདི་
སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། ཡང་དག་རྒྱལ་བ་ཅན་གྱིས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཁོ་བོ་ནི་འདི་ལྟར་
ལྟ་ཞིང་འདི་སྐད་སྨྲ་སྟེ། བྱེད་པ་དང་བྱེད་དུ་འཇུག་པ་དང་། གཅོད་པ་དང་གཅོད་དུ་འཇུག་པ་དང་། སྲེག་པ་དང་སྲེག་ཏུ་འཇུག་པ་དང་། རྡེག་པ་དང་རྡེག་ཏུ་འཇུག་པ་དང་། སྲོག་ཆགས་ལ་འཚེ་བ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་དག་ལ་ལོག་པར་སྤྱོད་
པ་དང་། ཤེས་བཞིན་དུ་བརྫུན་སྨྲ་བ་དང་། མྱོས་པར་འགྱུར་བའི་བཏུང་བ་འཐུང་བ་དང་། ཁྱིམ་འབིགས་པ་དང་། མདུད་པ་དགྲོལ་བ་དང་། རིལ་གྱིས་འཕྲོག་པ་དང་། ལམ་འགོག་ཅིང་འདུག་པ་དང་། གྲོང་འཇོམས་པར་བྱེད་པ་དང་། གྲོང་ཁྱེར་འཇོམས་
པར་བྱེད་པ་དང་། ཡུལ་འཇོམས་པར་བྱེད་པ་དང་། ས་གཞི་ཆེན་པོ་འདི་ལ་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་འཁོར་ལོའི་མཐའ་སྤུ་གྲི་ལས་བྱས་པས་ཀུན་དུ་གཅོད་པར་བྱེད། ཀུན་དུ་གཤེག་པར་བྱེད། ཀུན་དུ་རྡུང་བར་བྱེད། ཀུན་དུ་འདྲལ་བར་བྱེད་
ཅིང་སེམས་ཅན་དེ་དག་ཐམས་ཅད་ཀུན་དུ་བཅད། ཀུན་དུ་གཤེགས། ཀུན་དུ་བརྡུངས། ཀུན་དུ་དྲལ་ནས་ཤའི་ཐང་མ་གཅིག་ཏུ་བྱེད། ཤའི་ཚོམས་གཅིག་ཏུ་བྱེད། ཤའི་བུངས་གཅིག་ཏུ་བྱེད། ཤའི་ཕུང་པོ་གཅིག་ཏུ་བྱེད་ཅིང་ཤའི་ཐང་མ་གཅིག་ཏུ་

བྱས། ཤའི་ཚོམས་གཅིག་ཏུ་བྱས། ཤའི་བུངས་གཅིག་ཏུ་བྱས། ཤའི་ཕུང་པོ་གཅིག་ཏུ་བྱས་ནས་དེ་ལྟར་ཀུན་དུ་སྒྲུབ་པར་བྱེད་པ་ལ་གཞི་དེ་ལས་སྡིག་པ་ཡང་མེད། གཞི་དེ་ལས་སྡིག་པར་འགྱུར་བ་ཡང་མེད་དོ། །ཆུ་ཀླུང་གང་གཱའི་ལྷོ་ནས་ཀུན་དུ་གཅོད་པར་
བྱེད། ཀུན་དུ་གཤེག་པར་བྱེད། ཀུན་དུ་རྡུང་བར་བྱེད། ཀུན་དུ་འདྲལ་བར་བྱེད་ཅིང་འགྲོ་ལ། ཆུ་ཀླུང་གང་གཱའི་བྱང་ནས་སྦྱིན་པ་བྱེད། མཆོད་སྦྱིན་བྱེད་ཅིང་འགྲོ་བར་གྱུར་ན། གཞི་དེ་ལས་སྡིག་པ་དང་བསོད་ནམས་ཀྱང་མེད། གཞི་དེ་ལས་སྡིག་པ་དང་བསོད་
ནམས་སུ་འགྱུར་བ་ཡང་མེད་དོ། །སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་དེ་ལྟར་བྱེད་པ་ཡང་བསོད་ནམས་མི་བྱེད་པ་ཁོ་ན་ཡིན་ནོ། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་འདི་སྙམ་དུ་
སེམས་ཏེ། སྟོན་པ་ཤེས་ལྡན་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་ཡང་དག་པར་སྒྲུབ་པ་ཡིན་ཏེ། འཇིགས་པ་དང་བཅས་པའི་ལམ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས་ཚིགས་སུ་བཅད་པ་སྨྲས་པ། བློ་
ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་འདི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་དོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་མི་ཕམ་སྐྲའི་ལ་བ་
ཅན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་མི་ཕམ་སྐྲའི་ལ་བ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། མི་ཕམ་གྱིས་སྨྲས་པ།
བྲམ་ཟེའི་ཁྱེའུ་དག་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། ལུས་བདུན་པོ་འདི་དག་ནི་མ་བྱས་པ། བྱས་པས་མ་བྱས་པ། མ་སྤྲུལ་པ། སྤྲུལ་པས་མ་བྱས་པ། གནོད་པར་བྱ་བ་མ་ཡིན་པ། ཐེར་ཟུག་ཏུ་གནས་པ། ཀ་བ་བཞིན་དུ་གནས་པ་དག་ཡིན་ཏེ།

བདུན་གང་ཞེ་ན། འདི་ལྟ་སྟེ་སའི་ལུས་དང་། ཆུའི་ལུས་དང་། མེའི་ལུས་དང་། རླུང་གི་ལུས་དང་། བདེ་བ་དང་། སྡུག་བསྔལ་བ་དང་། སྲོག་གསོན་པ་ཉིད་ནི་བདུན་པ་སྟེ། ལུས་བདུན་པོ་དེ་དག་ནི་མ་བྱས་པ། བྱས་པས་མ་བྱས་པ། མ་
སྤྲུལ་པ། སྤྲུལ་པས་མ་བྱས་པ། གནོད་པར་བྱ་བ་མ་ཡིན་པ། ཐེར་ཟུག་ཏུ་གནས་པ། ཀ་བ་བཞིན་དུ་གནས་པ་དག་ཡིན་ནོ། །དེ་དག་ནི་འདི་ལྟ་སྟེ། བསོད་ནམས་སུ་འགྱུར་བའི་ཕྱིར་རམ། སྡིག་པར་འགྱུར་བའི་ཕྱིར་རམ། བསོད་ནམས་དང་སྡིག་པར་
འགྱུར་བའི་ཕྱིར་རམ། བདེ་བར་འགྱུར་བའི་ཕྱིར་རམ། སྡུག་བསྔལ་བར་འགྱུར་བའི་ཕྱིར་རམ། བདེ་བ་དང་། སྡུག་བསྔལ་བར་འགྱུར་བའི་ཕྱིར་གཡོ་བར་མི་བྱེད། རྣམ་པར་འགྱུར་བར་མི་བྱེད། གཅིག་ལ་གཅིག་གནོད་པར་མི་བྱེད་དོ། །སྐྱེས་བུ་གང་
གིས་སྐྱེས་བུའི་མགོ་གཅོད་པར་བྱེད་པ་དེས་ཀྱང་འཇིག་རྟེན་ན་གཡོ་བའམ། གནས་པ་ལ་གནོད་པ་ཆུང་ཟད་ཀྱང་མི་བྱེད་དེ། ལུས་བདུན་པོ་དག་ལ་བར་མེད་པར་མཚོན་ཐལ་བྱུང་དུ་འགྲོ་ཞིང་དེར་སྲོག་ལ་གནོད་པའང་མེད་དོ། །དེ་ལ་གསོད་པར་བྱེད་པའམ།
གསོད་དུ་བཅུག་པའམ། སྐུལ་བར་བྱེད་པའམ། སྐུལ་དུ་བཅུག་པའམ། དྲན་པར་བྱེད་པའམ། དྲན་པར་བྱེད་དུ་བཅུག་པའམ། རྣམ་པར་རིག་པར་བྱེད་པའམ། རྣམ་པར་རིག་པར་བྱེད་དུ་བཅུག་པ་འགའ་ཡང་མེད་དོ། །བྱིས་པའམ་མཁས་པ་གང་
དག་ཡིན་པ་དག་ནི་སྐྱེ་གནས་གཙོ་བོ་དང་ལྡན་པ་ཁྲི་བཞི་སྟོང་དང་། རྟོག་པ་ཆེན་པོ་དྲུག་ཁྲི་དང་དྲུག་བརྒྱ་དང་། ལས་ལྔ་དང་། ལས་གསུམ་དང་། ལས་གཉིས་དང་ལས་དང་། ལས་ཕྱེད་དང་། ལམ་དྲུག་བཅུ་རྩ་གཉིས་དང་། རྟོག་པ་བར་མ་དྲུག་བཅུ་
རྩ་གཉིས་དང་། སེམས་ཅན་དམྱལ་བ་སུམ་བཅུ་རྩ་དྲུག་དང་། དབང་པོ་བརྒྱ་ཉི་ཤུ་དང་། རྡུལ་གྱི་ཁམས་དྲུག་བཅུ་རྩ་གཉིས་དང་། ཀླུའི་རིགས་བཞི་ཁྲི་དགུ་སྟོང་དང་། ནམ་མཁའ་ལྡིང་གི་རིགས་བཞི་ཁྲི་དགུ་སྟོང་དང་། ཀུན་དུ་རྒྱུའི་རིགས་བཞི་ཁྲི་

དགུ་སྟོང་དང་། ཀུན་དུ་འཚོའི་རིགས་བཞི་ཁྲི་དགུ་སྟོང་དང་། གཅེར་བུ་པའི་རིགས་བཞི་ཁྲི་དགུ་སྟོང་དང་། འདུ་ཤེས་ཅན་གྱི་གནས་བདུན་དང་། འདུ་ཤེས་མེད་པའི་གནས་བདུན་དང་། གཅེར་བུ་པའི་གནས་བདུན་དང་། ལྷ་མ་ཡིན་བདུན་དང་། ཤ་ཟ་བདུན་
དང་། ལྷ་བདུན་དང་། མི་བདུན་དང་། མཚོ་ཆེན་པོ་བདུན་དང་། མཚོ་བདུན་བརྒྱ་དང་། རྨི་ལམ་ཆེན་པོ་བདུན་དང་། རྨི་ལམ་བདུན་བརྒྱ་དང་། འབྲི་བ་ཆེན་པོ་བདུན་དང་། འབྲི་བ་བདུན་བརྒྱ་དང་། འཕེལ་བ་ཆེན་པོ་བདུན་དང་། འཕེལ་བ་བདུན་བརྒྱ་དང་།
སད་པ་ཆེན་པོ་བདུན་དང་། སད་པ་བདུན་བརྒྱ་དང་། གཡང་ས་ཆེན་པོ་བདུན་དང་། གཡང་ས་བདུན་བརྒྱ་དང་། རིགས་བཙུན་པ་དྲུག་དང་། མངོན་པར་མཐོ་བ་བཅུ་དང་། སྐྱེས་བུ་ཆེན་པོའི་ས་བརྒྱད་པོ་དེ་དག་ཏུ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་མཚམས་
སྦྱར་ཅིང་འཁོར་ནས་སྡུག་བསྔལ་མཐར་བྱེད་དོ། །འདི་ལྟ་སྟེ། དཔེར་ན་སྐུད་པའི་དྲུ་བུ་ཡང་བ་སྟེང་གི་ནམ་མཁའ་ལས་འཕངས་པ་གཟངས་པ་ནས་ལ་འབབ་པ་དེ་བཞིན་དུ་བྱིས་པའམ་མཁས་པ་གང་དག་ཡིན་པ་དག་ཀྱང་དེ་དག་ཏུ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་
སྟོང་དུ་མཚམས་སྦྱར་ཅིང་འཁོར་ནས་སྡུག་བསྔལ་མཐར་བྱེད་དོ། །དེ་ལ་དགེ་སྦྱོང་དང་། བྲམ་ཟེ་གང་འདི་སྐད་ཅེས། བདག་ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། དཀའ་ཐུབ་བམ། ཚངས་པར་སྤྱོད་པ་ལ་གནས་པ་འདིས་ལས་ཡོངས་སུ་མ་
སྨིན་པ་ནི་ཡོངས་སུ་སྨིན་པར་བྱ་ཞིང་ཡོངས་སུ་སྨིན་པ་ནི་རེག་པར་བྱས་ནས་བྱང་བར་བྱའོ་ཞེས་ཟེར་བ་འགའ་ཡང་མེད་དོ། །བདེ་བ་དང་སྡུག་བསྔལ་འདི་ངེས་པ་ཡིན་ནོ། །ཡར་སྐྱེ་བ་དང་མར་འགྲིབ་པ་ནི་མི་སྲིད་དོ། །འདི་ལྟ་བུ་འདི་ཉིད་དང་གཞན་མ་ཡིན་པས་འཁོར་
བ་གཞལ་ལོ། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་འདི་སྙམ་དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་ལེགས་པར་སྒྲུབ་པ་ཡིན་ཏེ། ལམ་འཇིགས་པ་དང་བཅས་པ་ཅི་ལྟ་བ་བཞིན་དུ་མཁས་པ་

རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས་ཚིགས་སུ་བཅད་པ་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་འདི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་
བཞིན་དུ་བརྡབས་ཏེ་དོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཀ་ཏྱའི་བུ་ནོག་ཅན་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཀ་ཏྱའི་བུ་ནོག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་
གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། ནོག་ཅན་གྱིས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། གལ་ཏེ་འགའ་ཞིག་ཁོ་བོའི་གན་དུ་འོངས་ཏེ་འདི་སྐད་ཅེས་འཇིག་རྟེན་ཕ་རོལ་ཡོད་དམ་
ཞེས་དྲི་བ་འདྲི་ན། དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་མེད་དམ་ཞེས་དྲི་བ་འདྲི་ན། དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་ཡོད་
པ་དང་མེད་པ་ཡིན་ནམ་ཞེས་དྲི་བ་འདྲི་ན། དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་ཡོད་པ་དང་མེད་པ་ཡིན་ནོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ་ཞེས་དྲི་བ་འདྲི་ན། དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་
ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །དེ་བཞིན་དུ་གལ་ཏེ་འགའ་ཞིག་ཁོ་བོའི་གན་དུ་འོངས་ཏེ་འདི་སྐད་ཅེས་འཇིག་རྟེན་ཕ་རོལ་འདི་ལྟ་བུ་ཉིད་དང་། འདི་ལྟ་བུ་ཉིད་མ་ཡིན་པ་ཡིན་ནམ་དྲི་བ་འདྲི་ན། དེ་ལ་ཁོ་བོ་
འཇིག་རྟེན་ཕ་རོལ་འདི་ལྟ་བུ་དང་འདི་ལྟ་བུ་ཉིད་མ་ཡིན་པ་ཡིན་ནོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་གཞན་ཉིད་དང་གཞན་ཉིད་མ་ཡིན་པ་ཡིན་ནམ་ཞེས་དྲི་བ་འདྲི་ན། དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་གཞན་ཉིད་དང་གཞན་ཉིད་མ་ཡིན་

པ་ཡིན་ནོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་གཞན་མ་ཡིན་པ་ཉིད་དང་གཞན་མ་ཡིན་པ་ཉིད་མ་ཡིན་པ་ཡིན་ནམ་ཞེས་དྲི་བ་འདྲི་ན། དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་གཞན་མ་ཡིན་པ་ཉིད་དང་། གཞན་མ་ཡིན་པ་ཉིད་མ་ཡིན་པ་ཡིན་ནོ་ཞེས་
དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་དེ་ཉིད་དང་དེ་ཉིད་མ་ཡིན་པ་ཡིན་ནམ་ཞེས་དྲི་བ་འདྲི་ན། དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་དེ་ཉིད་དང་དེ་ཉིད་མ་ཡིན་པ་ཡིན་ནོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་
པང་ནས་སྐྱེས་གཉིས་འདི་སྙམ་དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་ལེགས་པར་སྒྲུབ་པ་ཡིན་ཏེ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས་ཚིགས་སུ་
བཅད་པ་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་ནི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་དོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་
གཉེན་གྱི་བུ་གཅེར་བུ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་གཉེན་གྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། གཅེར་བུས་
སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སྐྱེས་བུ་གང་ཟག་འདིས་སོ་སོར་མྱོང་བ་གང་ཡིན་པ་ཅི་ཡང་རུང་སྟེ་དེ་ཐམས་ཅད་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ལས་རྙིང་པ་རྣམས་ནི་དཀའ་ཐུབ་ཀྱིས་འབྱང་བར་འགྱུར་ལ་ལས་སར་པ་རྣམས་
ནི་མི་བྱ་བའི་ཆུ་ལོན་གྱིས་ལྡོག་པར་བྱའོ། །དེ་ལྟར་ན་ཕྱིན་ཆད་ཟག་པ་མེད་དོ། །ཟག་པ་མེད་ན་ལས་ཟད་དོ། །ལས་ཟད་ན་སྡུག་བསྔལ་ཟད་དོ། །སྡུག་བསྔལ་ཟད་ན་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་

འདི་སྙམ་དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ཡང་ལམ་གོལ་བར་ཞུགས་པ་ལམ་ངན་པ་ལེགས་པར་སྒྲུབ་པ་སྟེ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས་ཚིགས་སུ་བཅད་པ་
སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་འདི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་དོང་ངོ་། །དེའི་ཚེ་ན་མུ་སྟེགས་ཅན་གྱི་གནས་ཡང་དག་རྒྱལ་བ་ཅན་ཞེས་བྱ་
བ་ཞིག་བྱུང་ནས་རིང་པོ་མ་ལོན་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་སྟོན་པ་ཡང་དག་རྒྱལ་བ་ཅན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་དྲིས་པ། ཤེས་ལྡན་དག་སྟོན་པ་ཡང་དག་རྒྱལ་བ་ཅན་གང་ན། ནང་དུ་ཡང་དག་འཇོག་ལའོ། །ཀྱེ་མ་
བདག་ཅག་གིས་ཡུན་རིང་མོ་ཞིག་ནས་ནང་དུ་ཡང་དག་འཇོག་གི་སྒྲ་གདོད་ཐོས་སོ། །དེ་གཉིས་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་སྟོན་པ་ནང་དུ་ཡང་དག་འཇོག་ལས་བསླང་བ་ནི་བདག་ཅག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས། གང་གི་ཚེ་ནང་དུ་ཡང་དག་
འཇོག་ལས་ལངས་པར་གྱུར་པ་དེའི་ཚེ་ན་དྲུང་དུ་འདོང་བར་བྱའོ་སྙམ་ནས། དེ་གཉིས་ཕྱོགས་གཅིག་ཏུ་དོང་སྟེ་འཁོད་དོ། །དེ་ནས་སྟོན་པ་ཡང་དག་རྒྱལ་བ་ཅན་ནང་དུ་ཡང་དག་འཇོག་ལས་ལངས་པ་དང་དེ་བསམ་གཏན་དག་གིས་དབང་པོ་རྣམས་ཚིམ་པར་གྱུར་ཏོ། །
དེ་གཉིས་ཀྱིས་བསམས་པ། གང་ལ་བྱད་བཞིན་ཡོད་པ་དེ་དག་ལ་ཡོན་ཏན་དག་ཀྱང་ཡོད་དོ་སྙམ་ནས་དེ་གཉིས་དེའི་གན་དུ་དོང་སྟེ་ཕྱིན་ནས་སྨྲས་པ། ཤེས་ལྡན་ཡང་དག་རྒྱལ་བ་ཅན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་
སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། ཡང་དག་རྒྱལ་བ་ཅན་གྱིས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། བདེན་པ་དང་མི་འཚེ་བ་ནི་ཆོས་སོ་ཞི་བ་དང་། རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། ཉམས་པ་མེད་པའི་

གནས་དེ་ནི་ཚངས་པའོ། །དེ་གཉིས་ཀྱིས་སྨྲས་པ། མཁན་པོ་སྨྲས་པ་དེའི་དོན་ཅི་ལགས། བདེན་པ་ཞེས་བྱ་བ་ནི་བདེན་པའི་བསམ་པས་རབ་ཏུ་འབྱུང་བའོ། །མི་འཚེ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་འཚེ་བའི་གཞི་ལས་བྱུང་བའོ། །ཞི་བ་དང་། རྒ་བ་མེད་པ་
དང་། འཆི་བ་མེད་པ་དང་། ཉམས་པ་མེད་པའི་གནས་ཞེས་བྱ་བ་དེ་དག་ནི་མྱ་ངན་ལས་འདས་པའི་རྣམ་གྲངས་ཀྱི་ཚིག་དག་ཡིན་ནོ། །དེ་ནི་ཚངས་པའོ་ཞེས་བྱ་བ་ནི་གལ་ཏེ་རེ་ཞིག་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་ན་དེ་ལྟ་ན་ལེགས། གལ་ཏེ་སྒྲུབ་པར་མི་
བྱེད་ན་ཡང་ཚངས་པའི་འཇིག་རྟེན་དུ་ཉེ་བར་འགྲོ་བར་འགྱུར་ཏེ། དེ་ལྟ་ན་ཡང་བྲམ་ཟེ་དག་ནི་ཚངས་པའི་འཇིག་རྟེན་དུ་གཞོལ་བ་དང་། ཚངས་པའི་འཇིག་རྟེན་དུ་འབབ་པ་དང་། ཚངས་པའི་འཇིག་རྟེན་དུ་བབ་པ་ཡིན་ནོ། །ཚངས་པའི་འཇིག་རྟེན་ཡང་དེ་ལྟ་བུ་ཡིན་ཞིང་།
ཚངས་པའི་འཇིག་རྟེན་ཡང་དེ་འདྲ་བ་ཡིན་ཏེ། ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པར་སྒྲུབ་པ་ནི་མྱ་ངན་ལས་འདས་པ་ལ་གཞོལ་བ་ཡིན་ནོ། །མཁན་པོ་བདག་ཅག་རབ་ཏུ་འབྱུང་བར་གནང་ན་བདག་ཅག་མཁན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །
དེས་དེ་གཉིས་རབ་ཏུ་ཕྱུང་ངོ་། །གང་གི་ཚེ་སྟོན་པ་ཡང་དག་རྒྱལ་བ་ཅན་གྱིས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་རབ་ཏུ་ཕྱུང་བ་དེའི་ཚེ་ན་ཐམས་ཅད་དུ་སྟོན་པ་ཡང་དག་རྒྱལ་བ་ཅན་གྱིས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་རབ་ཏུ་ཕྱུང་ངོ་ཞེས་སྒྲ་གྲགས་
ཤིང་དེ་ལ་རྙེད་པ་དང་བཀུར་སྟི་མང་པོ་བྱུང་བར་གྱུར་ཏོ། །དེས་བསམས་པ། སྔོན་ཡང་བདག་ཤཎ་ཌི་ལའི་རིགས་ཡིན་ལ་ད་ལྟར་ཡང་བདག་ཤཎ་ཌི་ལའི་རིགས་ཡིན་ན་ད་ལྟར་བདག་ལ་རྙེད་པ་དང་བཀུར་སྟི་མང་པོ་བྱུང་བར་གྱུར་པའི་སྦྱོར་བ་གང་ཡིན་སྙམ་མོ། །དེས་བསམས་
པ། འདི་ནི་བདག་གི་མཐུ་མ་ཡིན་ཏེ། འདི་ལྟར་བྲམ་ཟེའི་ཁྱེའུ་འདི་གཉིས་ཀྱི་མཐུ་ཡིན་ནོ་སྙམ་ནས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་དག་ཀློག་ཏུ་འཇུད་པ་ན་དེས་གཅིག་ལ་ཉིས་བརྒྱ་ལྔ་བཅུ་གཏད་ཅིང་ཅིག་ཤོས་ལ་ཡང་ཉིས་བརྒྱ་ལྔ་བཅུ་གཏད་དོ། །

དུས་གཞན་ཞིག་ན་སྟོན་པ་ཡང་དག་རྒྱལ་བ་ཅན་ན་བར་གྱུར་ནས་ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། པང་ནས་སྐྱེས་ཅི་ཁྱོད་མཁན་པོའི་གཡོག་བྱེད་དམ་འོན་ཏེ་སྨན་ཚོལ་བར་བྱེད། དེས་བསམས་པ། འདི་ནི་ཤེས་རབ་ཅན་ཡིན་པས་འདི་ཉིད་གཡོག་
བྱེད་དུ་བཅུག་ལ་བདག་གིས་ནི་སྨན་བཙལ་བར་བྱའོ་སྙམ་ནས་དེས་སྨྲས་པ། ཁྱོད་མཁན་པོའི་གཡོག་བྱོས་ཤིག་དང་ཁོ་བོས་སྨན་བཙལ་ལོ། །ཉེ་རྒྱལ་གྱིས་གཡོག་བྱ་བར་བརྩམས་ནས་པང་ནས་སྐྱེས་སྨན་ཚོལ་བར་བྱེད་དོ། །དེ་ལ་རྩ་བ་དང་། སྡོང་བུ་དང་། འདབ་
མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དག་གིས་བསྙེན་བཀུར་བྱས་ཀྱང་ནད་དེ་ཉེ་བར་ཞི་བར་མ་གྱུར་ཅིང་ཉམ་དམས་ནས་དེས་འཛུམ་པ་བསྟན་པ་དང་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་གྱིས་སྨྲས་པ། མཁན་པོ་ཁྱོད་ལྟ་བུའི་སྐྱེས་བུ་གཙོ་བོ་དག་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་
པར་འཛུམ་པ་མི་མཛད་ན། མཁན་པོ་འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེས་སྨྲས་པ། ཉེ་རྒྱལ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁོ་བོ་ལྟ་བུ་སྐྱེས་བུ་གཙོ་བོ་དག་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་སྟོན་ཏེ། འདི་ལྟར་གསེར་གླིང་ན་
རྒྱལ་པོ་གསེར་བདག་ཅེས་བྱ་བ་དུས་ལ་བབ་པ་དེའི་ཆུང་མ་མེའི་ཕུང་པོར་མཆོངས་པ་ན་དེ་ལ་ཁོ་བོ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་འདོད་པའི་རྒྱུ་དང་། འདོད་པའི་གཞི་དང་། འདོད་པའི་གནས་ཀྱི་རྒྱུས་འདི་ལྟར་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་
དོ་སྙམ་མོ། །མཁན་པོ་དུས་གང་གི་ཚེ། དུས་མང་གེ་མོ་ཞིག་གི་ཚེའོ། །ཟླ་བ་གང་ལ། ཟླ་བ་མང་གེ་མོ་ཞིག་ལའོ། །ཉི་མ་གང་ལ། ཉི་མ་མང་གེ་མོ་ཞིག་ལའོ། །དེས་དྲིས་པ་དེ་གླེགས་བུ་ལ་བྲིས་ཏེ་བཞག་གོ། །དེས་སྨྲས་པ། མཁན་པོ་བདག་ཅག་ཅུང་
ཟད་རབ་ཏུ་ཕྱུང་བ་གང་ལགས་པ་དེ་དག་ཐམས་ཅད་བདུད་རྩི་དོན་དུ་གཉེར་ཞིང་བདུད་རྩི་ཚོལ་བ་ལགས་ན། གལ་ཏེ་མཁན་པོས་བདུད་རྩི་ཅུང་ཟད་བརྙེས་པ་ལྟ་ན། ཀྱེ་མ་མཁན་པོས་བདག་ཅག་ལ་ཡང་བདུད་རྩི་བགོ་བཤའ་མཛད་དུ་གསོལ། བུ་ཁོ་བོ་ཡང་ཅུང་

ཟད་རབ་ཏུ་བྱུང་བ་དེ་ཐམས་ཅད་བདུད་རྩི་དོན་དུ་གཉེར་ཞིང་བདུད་རྩི་ཚོལ་བ་ཡིན་ན་ཁོ་བོས་བདུད་རྩི་ཅུང་ཟད་ཀྱང་མ་རྙེད་དེ། འདི་ལྟར་འདི་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པ་ལ་ལྷ་དག་སྟེང་གི་ནམ་མཁའ་ལ་རྒྱུ་བ་རྣམས་ཀྱི་སྒྲ་ཐོས་ནས་གངས་ཀྱི་ངོས་དང་ཉེ་བ་ཆུ་ཀླུང་སྐལ་ལྡན་
ཤིང་རྟ་པའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བར་ཤཱཀྱ་རྣམས་ཀྱི་གཞོན་ནུ་བྱུང་སྟེ། དེ་བྲམ་ཟེ་ལྟས་པ་དང་མཚན་མཁན་དག་གིས་གཞོན་ནུ་དེ་ཕོ་བྲང་གི་ནང་ན་བཞུགས་པར་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་ཀྱི་རྒྱལ་
པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་བདུན་པོ་དེ་དག་ནི་འདི་ལྟ་བུར་འགྱུར་ཏེ། འདི་ལྟ་སྟེ་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་
བདག་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་ཉིད་ནི་བདུན་པ་ཡིན་ནོ། །འདི་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཚང་བ་ཡོད་པར་འགྱུར་རོ། །དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་
ལུས་པ་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་
ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་རྣམ་པར་གྲགས་པའི་སྒྲ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ་ཞེས་ཟེར་བའི་སྒྲ་ཐོས་ཀྱིས། ཁྱེད་གཉིས་དེའི་བསྟན་པ་ལ་རབ་ཏུ་བྱུང་ལ་རིགས་
སྨྲ་བར་མི་བྱ། རུས་སྨྲ་བར་མི་བྱ། བྲམ་ཟེའི་ཁྱེའུར་སྨྲ་བ་མི་བྱ་བར་རྒྱགས་པ་དང་ང་རྒྱལ་ངེས་པར་བཅོམ་པ་དག་གིས་དེའི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། དེ་ལས་ཁྱེད་གཉིས་ཀྱིས་བདུད་རྩི་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་སྨྲས་ནས། བསགས་པ་ཀུན་གྱི་མཐའ་ཟད་

ཅིང་། མཐོན་པོ་རྣམས་ནི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས་དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེ་དེ་རྣམས་ཀྱི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་
གི་ཕྱོགས་བརྒྱན་ཏེ་དུར་ཁྲོད་དུ་བསྐྱལ་ནས་བསྲེགས་ཏེ། དེའི་འོག་ཏུ་མྱ་ངན་བསང་བདག་བྱས་ནས་འཁོད་དོ། །གསེར་གླིང་ནས་བྲམ་ཟེའི་ཁྱེའུ་རལ་པ་གསེར་འདྲ་ཞེས་བྱ་བ་ཞིག་མཐར་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་དེ་རྣམས་ཀྱི་འདུག་གནས་སུ་ཞུགས་པ་དང་ཉེ་རྒྱལ་གྱིས་སྨྲས་པ།
བྲམ་ཟེའི་ཁྱེའུ་ཁྱོད་དེ་བར་ག་ལས་འོངས། དེས་སྨྲས་པ། གསེར་གླིང་ནས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་གསེར་གླིང་ན་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་ཅུང་ཟད་ཅི་མཐོང་། དེས་སྨྲས་པ། བདག་གིས་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་ཆེན་པོ་མ་མཐོང་སྟེ། འདི་ལྟར་བདག་
གིས་གསེར་གླིང་ན་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་ཅུང་ཟད་ཅི་མཐོང་བ་དེ་ཉོན་ཅིག །གསེར་གླིང་ན་རྒྱལ་པོ་གསེར་བདག་ཅེས་བྱ་བ་དུས་ལ་བབ་པ་དེའི་ཆུང་མ་མེའི་ཕུང་པོར་མཆོངས་སོ། །དུས་གང་གི་ཚེ། དུས་མང་གེ་མོ་ཞིག་གི་ཚེའོ། །ཟླ་བ་གང་ལ། ཟླ་བ་མང་གེ་མོ་
ཞིག་ལའོ། །ཉི་མ་གང་ལ། ཉི་མ་མང་གེ་མོ་ཞིག་ལའོ། །དེས་དྲིས་པ་གླེགས་བུ་ལ་བྲིས་པ་བལྟས་ན་ཇི་ཙམ་ན་ཐམས་ཅད་དེ་ཁོ་ན་བཞིན་དུ་མཐོང་ནས་ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། མཁན་པོས་སློབ་དཔོན་གྱི་དཔེ་མཁྱུད་བྱས་ཏེ། དེས་ཤིན་ཏུ་བདུད་རྩི་རྙེད་
ན་བདག་ཅག་ལ་བདུད་རྩིའི་བགོ་བཤའ་མ་བྱས་ཏེ། འདི་ལྟར་ལྷའི་མིག་གིས་ཡུལ་གཞན་ན་འདུག་པའི་གཟུགས་དག་མཐོང་བ་དང་། ལྷའི་རྣ་བས་སྒྲ་ཡིད་དུ་འོང་བ་དག་ཐོས་པ་ལས་ན། དེས་བདུད་རྩི་མ་རྙེད་དོ་ཞེས་བྱ་བ་ནི་ཆོས་མེད་དོ། །པང་ནས་སྐྱེས་ཀྱིས་བསམས་
པ། ཉེ་རྒྱལ་འདི་ནི་ཤེས་རབ་ཅན་ཡིན་པས་འདིས་ཀྱང་བདུད་རྩི་རྙེད་ན་བདག་ལ་མི་རྗོད་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་ནས་དེས་སྨྲས་པ། ཉེ་རྒྱལ་ཚུར་ཤོག་ཁྲིམས་སུ་བྱ་བ་བཅས། བདག་ཅག་གཉིས་ལས་གང་གིས་དང་པོར་བདུད་རྩི་རྙེད་པ་དེས་

ཕན་ཚུན་བསྙད་པར་བྱའོ་ཞེས་དེ་གཉིས་ཀྱིས་ཁྲིམས་སུ་བྱ་བ་དེ་ལྟ་བུ་བཅས་ཏེ་ལྗོངས་རྒྱུར་དོང་ངོ་། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལོ་ཉི་ཤུ་རྩ་དགུ་པ་ཞེས་ཀྱང་འདོད་པ་དག་ལ་མ་རོལ་ཏེ་རྒན་པོ་དང་། ན་བ་དང་། ཤི་བ་གཟིགས་པས་ཐུགས་བྱུང་ནས་
མཚན་མོ་ནམ་ཕྱེད་ན། ནགས་སུ་གཤེགས་ནས་ལོ་དྲུག་ཏུ་དཀའ་བ་སྤྱད་དེ་དཀའ་བ་བྱེད་པ་ཅི་ཡང་མེད་པར་རིག་ནས་ཅི་བདེར་དབུགས་རྔུབ་པར་མཛད། ཅི་བདེར་དབུགས་འབྱིན་པར་མཛད་ཅིང་འབྲས་ཆན་དང་ཟན་དྲོན་ལ་སོགས་པ་ཞལ་ཟས་རྒྱ་ཆེན་པོ་དག་ཀྱང་གསོལ་
བར་མཛད། ཞུན་མར་དང་། འབྲུ་མར་དག་གིས་སྐུ་དག་ཀྱང་སྐུད་པར་མཛད། ཆུ་དྲོན་པོས་ཀྱང་སྐུ་བསིལ་བར་མཛད་ཅིང་གྲོང་སྡེ་འདོད་དུ་གཤེགས་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་གཉིས་ལས་ལན་བཅུ་དྲུག་བཟླས་པའི་འོ་མ་སྦྲང་རྩི་དང་
བསྲེས་པ་གསོལ་ཏེ། ཀླུའི་རྒྱལ་པོ་ནག་པོས་མངོན་པར་བསྟོད་པ་ན་རྩྭ་བཀྲ་ཤིས་འཚོང་བ་ལས་རྩྭ་གསེར་གྱི་མདོག་ལྟ་བུ་དག་བཞེས་ནས་བྱང་ཆུབ་ཀྱི་གཞི་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་ཉིད་ཀྱིས་རྩྭ་མ་འཁྲུགས་ཤིང་ཀུན་དུ་མ་འཁྲུགས་པའི་གདན་བཤམས་ནས་
སྐྱིལ་མོ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་བཞག་སྟེ་བཞུགས་ནས། ཇི་སྲིད་ཟག་མེད་མ་ཐོབ་པ། །དེ་སྲིད་སྐྱིལ་ཀྲུང་གཞིག་མི་བྱ། །ཞེས་ཐུགས་བསྐྱེད་ཅིང་གསུང་བརྗོད་དེ། དེ་ཡིས་ཇི་སྲིད་ཟག་མེད་པ། །མ་བརྙེས་སྐྱིལ་ཀྲུང་འཇིག་མི་
མཛད། །ཅེས་བྱ་བ་དང་། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཚན་མོའི་གུང་ཐུན་ལ་བདུད་འབྱུང་པོ་དུང་ཕྱུར་ཕྲག་གསུམ་དང་། བྱེ་བ་ཕྲག་དྲུག་གི་འཁོར་དང་ལྡན་པ་བྱམས་པའི་སྟོབས་ཀྱིས་མངོན་པར་བཏུལ་ཏེ་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་ནས་ཚངས་
པས་གསོལ་ཏེ་བཱ་རཱ་ཎ་སཱིར་གཤེགས་ནས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་དང་ལྡན་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ་ལྔ་པ་དང་། ཉེ་ལྔ་དག་དང་། གྲོང་པའི་ཁྱེའུ་མཐོ་བ་མཐོ་བ་ལྔ་བཅུ་བཏུལ་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དོ། །རས་

བལ་ཅན་གྱི་ཚལ་གསེབ་ཏུ་གཤེགས་ནས་བཟང་སྡེའི་ཚོགས་དྲུག་བཅུ་བདེན་པ་དག་ལ་བཀོད་དོ། །གྲོང་སྡེ་འདོང་དུ་གཤེགས་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་གཉིས་བདེན་པ་དག་ལ་བཀོད་དོ། །ལྟེང་རྒྱས་སུ་གཤེགས་ནས་
རལ་པ་ཅན་སྟོང་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་དོ། །ག་ཡཱ་མགོའི་མཆོད་རྟེན་དུ་གཤེགས་ནས་དགེ་སློང་སྟོང་པོ་དེ་དག་ཆོ་འཕྲུལ་གསུམ་གྱི་གདམས་པ་མཛད་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ་ཤིན་ཏུ་མཐར་ཐུག་པ་གྲུབ་པ་དང་བདེ་བ་བླ་ན་མེད་
པས་མྱ་ངན་ལས་འདས་པ་ལ་བཀོད་དོ། །ལྟང་བྲང་གི་ཚལ་གསེབ་ཏུ་གཤེགས་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་མ་ག་དྷཱ་པའི་བྲམ་ཟེ་དང་། ཁྱིམ་བདག་འབུམ་ཕྲག་དུ་མ་དང་ལྷན་ཅིག་བདེན་པ་དག་ལ་བཞག་གོ། །རྒྱལ་
པོའི་ཁབ་ཏུ་གཤེགས་ནས་འོད་མའི་ཚལ་བཞེས་ཏེ། དེ་ན་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཀྱང་ལྗོངས་རྒྱུ་ཞིང་དོང་བ་ན་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་དེ་ན་གྲོང་ཁྱེར་
རྒྱལ་པོའི་ཁབ་ཆེམ་མེ་ཆེམས་སེ་འདུག་པ་མཐོང་ནས། དེ་གཉིས་ཀྱིས་བསམས་པ། རྒྱུ་གཉིས་ཀྱིས་གྲོང་ཁྱེར་ཆེན་པོ་འདི་ལྟ་བུ་ཆེམ་མེ་ཆེམས་སེར་གྱུར་ཏེ། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། དགེ་སྦྱོང་ངམ་བྲམ་ཟེ་བསོད་ནམས་དང་དབང་ཆེ་བར་
གྲགས་པ་འགའ་ཞིག་གནས་པ་ལས་འགྱུར་རོ་སྙམ་ནས། དེ་གཉིས་ཀྱི་རྒྱུ་སྐར་དག་ལ་བལྟ་བར་བརྩམས་ནས་དེ་གཉིས་ཀྱིས་བསམས་པ། རེ་ཞིག་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་ནི་མེད་པས་སང་ཤེས་པར་བྱའོ་སྙམ་མོ། །དེ་གཉིས་ཀྱི་ཀུན་དུ་སྤྱོད་པ་ནི་གང་གི་ཚེ་དེ་
གཉིས་འཕྲལ་རིས་གསུམ་བྱས་ཏེ་སྤྱོད་ཡུལ་དུ་འདོང་བ་དེའི་ཚེ་ན་སྲོག་ཆགས་འབུམ་ཕྲག་དུ་མ་དག་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་བར་འགྱུར་བ་ཡིན་ནོ། །དེ་གཉིས་ཕྱི་དེ་ཉིན་པར་འཕྲལ་རིས་གསུམ་བྱས་ཏེ། སྤྱོད་ཡུལ་དུ་དོང་བ་དང་དེའི་ཉིན་པར་སེམས་ཅན་གཅིག་ཀྱང་ཕྱི་

བཞིན་ཕྱི་བཞིན་རྗེས་སུ་མི་འབྲང་ངོ་། །དེ་གཉིས་ཕྱིར་བྱུང་སྟེ་བལྟས་ན། ཇི་ཙམ་ན་སེམས་ཅན་གཅིག་ཀྱང་ཕྱི་བཞིན་ཕྱི་བཞིན་རྗེས་སུ་མི་འབྲང་བར་མཐོང་ནས་དེ་གཉིས་ཀྱིས་བསམས་པ། བདག་ཅག་གཉིས་སྔོན་ཆད་སྤྱོད་ཡུལ་དུ་འདོང་བ་དེའི་ཚེ་ན་སྲོག་ཆགས་འབུམ་ཕྲག་དུ་
མ་དག་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་ན། ད་ལྟར་སེམས་ཅན་གཅིག་ཀྱང་ཕྱི་བཞིན་ཕྱི་བཞིན་རྗེས་སུ་མི་འབྲང་བ་འདི་ལ་རྒྱུ་གང་ཡིན་སྙམ་མོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་མི་མཁྱེན་པ་དང་། མ་གཟིགས་པ་དང་། མ་རིག་པ་དང་།
རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བས། སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་བཞུགས་ལ་གསོན་ཞིང་གཞེས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ། གཉིས་པ་མེད་པ།
གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ་རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་
པས་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱངས་པ་མཛད་པ། འཕགས་པའི་བདེན་པ་བཞི་སྟོན་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ་ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་
འདས་པ། ཕུང་པོ་ལྔ་བདག་མེད་པར་སྟོན་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། དབང་པོ་དྲུག་གི་སྒོ་བསྡམས་པ། ཡང་དག་པར་དགའ་བར་བྱ་བའི་ཆོས་དྲུག་ལ་གོམས་པར་མཛད་
པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། འཕགས་པའི་ནོར་བདུན་སྟོན་པ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལ་མཁས་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་

པར་འཇུག་པ་དགུ་ལ་མཁས་པ། སྟོབས་ི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་
ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། གང་ན་ཉམས་པར་གྱུར། གང་ནི་འཕེལ་བར་གྱུར། གང་ནི་གནོད་པར་གྱུར། གང་ན་ཉམ་ང་བར་གྱུར། གང་ནི་མི་བདེ་བར་གྱུར། གང་ནི་གནོད་པ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར། གང་ནི་ངན་སོང་ལ་
གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་གི་ལམ་ལས་བསློང་སྟེ་མཐོ་རིས་དང་། ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། འདོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་བ་
གང་ནི་འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་གི་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་བཅས་པར་བྱ། གང་གི་དགེ་བའི་རྩ་བ་དག་མ་བསྐྱེད་པ་ནི་བསྐྱེད་པར་བྱ། གང་གི་དགེ་བའི་རྩ་བ་དག་བསྐྱེད་པ་ནི་ཡོངས་སུ་སྨིན་པར་བྱ། ཡོངས་
སུ་སྨིན་པ་གང་ནི་རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང་གཟིགས་པ་ལ་འཇུག་གོ། །སྨྲས་པ། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་
གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡིས། །བཞོན་མ་གདུལ་བའི་བེའུ་ཚོལ་མི་སྐྱོ་སྟེ། །སྲིད་
དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །རབ་ཉམས་བེའུ་ལ་བྱམས་པའི་བ་བཞིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་རྒྱུད་ཡོངས་སུ་སྨིན་པ། སྔོན་གྱི་སངས་རྒྱས་

རྣམས་ལ་བྱ་བ་ལྷག་པར་བྱས་པ། དགེ་བའི་རྩ་བའི་ཚོགས་བསགས་པ་ཡིན་ཏེ། དེ་གཉིས་གདུལ་བའི་དུས་ནི་འབྲས་ཡོངས་སུ་སྨིན་པ་མཚོན་གྱིས་བརྟོལ་པ་ལ་སྡོད་པ་ལྟ་བུ་ཡིན་པར་གཟིགས་ནས། བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཅི་འདི་གཉིས་རེ་ཞིག་
སྟོན་པས་གདུལ་བ་ཡིན་ནམ། འོན་ཏེ་ཉན་ཐོས་ཀྱིས་གདུལ་བ་ཡིན་སྙམ་དུ་དགོངས་ན། ཉན་ཐོས་ཀྱིས་གདུལ་བ་ཡིན་པར་གཟིགས་སོ། །སྒོ་གང་ནས་འཇུག་པར་འགྱུར། ཅི་རྫུ་འཕྲུལ་གྱིས་གདུལ་བ་ཡིན་ནམ། འོན་ཏེ་སྤྱོད་ལམ་གྱིས་གདུལ་བ་ཡིན་སྙམ་དུ་
དགོངས་ན། སྤྱོད་ལམ་གྱིས་གདུལ་བ་ཡིན་པར་གཟིགས་སོ། །བཅོམ་ལྡན་འདས་ནི་གང་ལ་སྤྱོད་ལམ་གྱིས་གདུལ་བ་དེ་ལ་ཚེ་དང་ལྡན་པ་རྟ་ཐུལ་གཏོང་བར་མཛད་དེ། འདི་ལྟར་དེའི་སྤྱོད་ལམ་གྱིས་ནི་ལྷ་དང་མིའི་ཡིད་སྡུད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་བཀའ་སྩལ་པ། རྟ་ཐུལ་ཁྱོད་ཀྱིས་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ལ་སོམས་ཤིག །ཚེ་དང་ལྡན་པ་རྟ་ཐུལ་གྱིས་ཅང་མི་སྨྲ་བས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་རྟ་
ཐུལ་བཅོམ་ལྡན་འདས་ཀྱིས་བཀའ་ལ་ལྷག་པར་བྱ་བ་བྱེད་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་པ་དང་རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་
ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། འགྲོ་བ་དང་། ལྡོག་པ་དང་། ཆུང་ཟད་བལྟ་བ་དང་། རྣམ་པར་བལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་
སྦྱར་དང་། ཆོས་གོས་དང་ལྷུང་བཟེད་ཐོགས་པ་མཛེས་པས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །དེའི་ཚེ་ན་ཀུན་དུ་རྒྱུ་ཉེ་རྒྱལ་རྒྱལ་པོའི་ཁབ་ཏུ་བྱ་བ་ཞིག་གི་ཕྱིར་སྤྱོད་ཡུལ་དུ་ཞུགས་པས་ཚེ་དང་ལྡན་པ་རྟ་ཐུལ་འགྲོ་བ་དང་། ལྡོག་པ་དང་། ཆུང་ཟད་བལྟ་

བ་དང་། རྣམ་པར་བལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་ལྷུང་བཟེད་ཐོགས་པ་མཛེས་པས་རྒྱལ་པོའི་ཁབ་ན་བསོད་སྙོམས་ལ་རྒྱུ་བ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་
ཏེ། རྒྱལ་པོའི་ཁབ་འདིར་རབ་ཏུ་བྱུང་བ་ཇི་སྙེད་ཅིག་ལྷགས་ཤིང་གནས་པ་དག་ལས་འདི་ལྟ་སྟེ། རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་ལྟ་བུ་ནི་བདག་གིས་སྔན་ཆད་འགའ་ཡང་མ་མཐོང་བས་བདག་དེའི་གན་དུ་སོང་སྟེ། དགེ་སློང་ཁྱོད་ཀྱི་སྟོན་པ་ནི་གང་ཡིན། གང་གི་
ཕྱིར་ནི་རབ་ཏུ་བྱུང་། སུའི་ཆོས་ལ་ནི་དགའ་ཞེས་དྲིའོ་སྙམ་དུ་རིག་ནས་ལམ་པོ་ཆེ་རུབ་པ་ཞིག་ན་འགྲོ་བ་དང་ལྡོག་པས་ཤས་ཆེར་སྡོད་ཅིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་ཀུན་དུ་རྒྱུ་ཉེ་རྒྱལ་ག་ལ་བ་དེར་སོང་ངོ་། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་
རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཀྱི་སྟོན་པ་ནི་གང་ཡིན། གང་གི་ཕྱིར་ནི་རབ་ཏུ་བྱུང་། སུའི་ཆོས་ལ་ནི་དགའ། ཚེ་དང་ལྡན་པ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་དག་བགོས་ཏེ་ཡང་དག་པ་
ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་ཡོད་དེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས་ཁོ་བོའི་སྟོན་པ་ནི་བཅོམ་ལྡན་འདས་དེ་ཡིན་ནོ། །ཁོ་བོ་དེའི་ཕྱིར་རབ་ཏུ་བྱུང་ངོ་། །ཁོ་བོ་དེའི་ཆོས་ལ་དགའོ། །
དགེ་སློང་དེའི་ཕྱིར་ཆོས་སྟོན་ཅིག །ཚེ་དང་ལྡན་པ་ཁོ་བོ་ནི་ན་གཞོན་པ་དང་རབ་ཏུ་བྱུང་བ་གསར་པས་དེའི་ཕྱིར་ཁོ་བོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་བསྟན་པ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་
སླ་བ་མ་ཡིན་ཏེ། འདི་ལྟར་དེའི་དོན་བསྟན་པར་བྱའོ། །དགེ་སློང་ཁོ་བོ་ལ་ནི་དོན་དགོས་ཀྱི་ཚིག་ནི་ཤིན་དུ་མང་པོས་ཀྱང་ཅི་བྱ་སྟེ། ཁྱོད་ཀྱིས་དོན་མང་ཡང་རུང་ཉུང་ཡང་རུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཆོས་

རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀུན་དུ་རྒྱུ་ཉེ་རྒྱལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་
ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་ཆོས་མཐོང་བ་དང་། ཆོས་ཐོས་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབ་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་
བ་དང་། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སྐྱོབ་པ་རྣམས་ཀྱི་ཆོས་འདི་
ཡིན། །བསྐལ་མང་བྱེ་བ་ཁྲག་ཁྲིག་ཏུ། །སྔན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་ད་ལྟར་ག་ལ་བཞུགས། ཚེ་དང་ལྡན་པ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་
ལན་ད་ཀའི་གནས་འདི་ཉིད་ནའོ། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ་ལ་མངོན་པར་བསྟོད་པ་དང་རྗེས་སུ་ཡི་རང་བ་བྱས་ཏེ། ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས། ཚེ་དང་ལྡན་པ་རྟ་ཐུལ་ལ་ལན་གསུམ་བསྐོར་བ་
བྱས་ཏེ་སོང་ནས་ཀུན་དུ་རྒྱུ་པང་ནས་སྐྱེས་ག་ལ་བ་དེར་སོང་ངོ་། །ཀུན་དུ་རྒྱུ་པང་ནས་སྐྱེས་ཀྱིས་ཀུན་དུ་རྒྱུ་ཉེ་རྒྱལ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཀུན་དུ་རྒྱུ་ཉེ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཁྱོད་ཀྱི་དབང་པོ་རྣམས་ནི་རྣམ་པར་རང་བཞིན་གྱི་
མདོག་ནི་ཡོངས་སུ་དག །པགས་པའི་མདོག་ནི་ཤིན་དུ་དཀར་ན་ཁྱོད་ཀྱིས་བདུད་རྩི་རྙེད་དམ། ཚེ་དང་ལྡན་པ་རྙེད་དོ། །ཚེ་དང་ལྡན་པ་དེའི་ཕྱིར་ཆོས་སྟོན་ཅིག །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །

དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ། །ཚེ་དང་ལྡན་པ་ད་དུང་ཡང་ལན་གཅིག་བརྗོད་ཅིག །ཚེ་དང་ལྡན་པ་བརྗོད་པར་བྱའོ། །ཆོས་རྣམས་གང་
དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀུན་དུ་རྒྱུ་པང་ནས་སྐྱེས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་
མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཀུན་དུ་རྒྱུ་པང་ནས་སྐྱེས་ཆོས་མཐོང་བ་དང་། ཆོས་ཐོས་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབ་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་
བ་དང་། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཀུན་དུ་རྒྱུ་ཉེ་རྒྱལ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་
མང་བྱེ་བ་ཁྲག་ཁྲིག་ཏུ། །སྔན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་ད་ལྟར་ག་ལ་བཞུགས། ཚེ་དང་ལྡན་པ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་འདི་ཉིད་ནའོ། །
ཚེ་དང་ལྡན་པ་ཚུར་ཤོག་བཅོམ་ལྡན་འདས་དེའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བྱའོ། །ཚེ་དང་ལྡན་པ་དེའི་ཕྱིར་ཇེ་འཁོར་ལ་བལྟ་བར་བྱ་སྟེ། བདག་ཅག་ལྟ་བུའི་མི་གྲགས་པ་དང་ལྡན་པ་ཤེས་པར་གྱུར་པ་དག་གིས་འཁོར་ལ་བལྟ་བ་ནི་ལེགས་པ་ཡིན་ནོ། །དེ་ནས་ཀུན་
དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་རྣམས་ཤེས་པར་གྱིས་ཤིག །ཁོ་བོ་ཅག་གཉིས་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་པར་བྱེད་ན་ཁྱེད་ཅག་ཇི་ལྟར་བྱེད། མཁན་པོ་གཉིས་བདག་ཅག་

ཅུང་ཟད་ཅི་འཚལ་བ་གང་ལགས་པ་དེ་དག་ཐམས་ཅད་མཁན་པོ་གཉིས་ལས་བརྟེན་ནས་འཚལ་བ་ལགས་ན། གལ་ཏེ་མཁན་པོ་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་ན་བདག་ཅག་ཀྱང་མཁན་པོ་གཉིས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་བགྱིའོ། །
བྲམ་ཟེའི་ཁྱེའུ་རྣམས་ད་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་དང་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ག་ལ་བ་དེར་དོང་ངོ་། །དེའི་ཚེ་ན་ཚེ་དང་ལྡན་པ་རྟ་ཐུལ་ཉིན་མོ་སྤྱོད་པའི་ཕྱིར་ཤིང་
ལྗོན་པ་ཞིག་གི་དྲུང་ན་རྟེན་ཅིང་འདུག་གོ། །ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། པང་ནས་སྐྱེས་ཅི་ཇེ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའམ། འོན་
ཏེ་གང་ལས་ཆོས་ཐོས་པ་དེ་ལ་བྱ། དེས་སྨྲས་པ། ཇེ་གང་ལས་ཆོས་ཐོས་པ་དེ་ལ་བསྙེན་བཀུར་བྱའོ། །དེ་གཉིས་ཚེ་དང་ལྡན་པ་