Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 001_འདུལ་བ།_ཀ

Văn bản gốc(Tây Tạng)

Trang 8 / 19 (50.000 ký tự/trang)
་གྱི་རྙེད་པ་གང་ཡིན་པ་དེ་ནི་དབྱར་གྱིར་
བསྒྱུར་བས་ལས་དེའི་རྣམ་པར་སྨིན་པས་རྐེད་པ་ཆད་པ་ཆུ་རྒྱུས་ཀྱིས་བཟུང་བ་དག་ཏུ་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་དགེ་འདུན་འཚོས་ལས་ཅི་ཞིག་བགྱིས་ན། ལས་དེའི་
རྣམ་པར་སྨིན་པས་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ཤིང་དགྲ་བཅོམ་པ་ཉིད་མངོན་དུ་བགྱིས་པ་དང་། གདུལ་བའི་དོན་ཆེན་པོ་བགྱིས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་འཚོ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་
སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དགེ་སློང་དགེ་འདུན་འཚོ་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་
བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་
མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་
དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་

བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་ཞལ་ཏ་བྱེད་པར་གྱུར་ཅིང་དེ་ལ་ལྷན་ཅིག་གནས་པ་ལྔ་བརྒྱ་ཡོད་པར་གྱུར་ཏོ། །རི་བྲགས་ན་
གནས་པའི་སྐྱེ་བོའི་ཚོགས་དེ་ཡང་ཕལ་ཆེར་དེ་ལ་མངོན་པར་དད་པར་གྱུར་ཏོ། །དེ་ནས་དེས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པ་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་བོ། །དེ་དུས་གཞན་ཞིག་ན་ན་བར་གྱུར་ནས་དེ་ལ་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་
དང་། འབྲས་བུའི་སྨན་དག་གིས་བསྙེན་བཀུར་བྱས་ཀྱང་ནད་དེ་ཉེ་བར་ཞི་བར་མ་གྱུར་ཅིང་ཉམ་དམས་ནས་དེ་འཆི་བའི་དུས་ཀྱི་ཚེ་སྨོན་ལམ་འདི་སྐད་ཅེས། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་
ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པ་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་
ལ། བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་
མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཅིག་ཅེས་གདབ་པར་བརྩམས་
སོ། །དེ་ནས་དེའི་ལྷན་ཅིག་གནས་པ་དག་ལྷགས་ཏེ་དྲིས་པ། མཁན་པོས་ཡོན་ཏན་གྱི་ཚོགས་ཅུང་ཟད་བརྙེས་པ་མཆིས་སམ། དེས་སྨྲས་པ་མེད་དོ། །དེ་དག་གིས་དྲིས་པ། སྨོན་ལམ་ཇི་སྐད་བཏབ། དེས་སྨྲས་པ། འདི་དང་འདི་སྐད་ཅེས་སོ། །དེ་དག་གིས་སྨྲས་པ།

བདག་ཅག་ཀྱང་དགེ་བའི་བཤེས་གཉེན་མཁན་པོ་ལ་བརྟེན་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཅིག །དེ་ནས་རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་
དེས་འཕགས་པ་དེ་ནའོ་ཞེས་ཐོས་ནས་དེ་དག་ཀྱང་དེའི་གན་དུ་སོང་སྟེ་དྲིས་པ། འཕགས་པས་ཡོན་ཏན་གྱི་ཚོགས་ཅུང་ཟད་བརྙེས་པ་མཆིས་སམ། དེས་སྨྲས་པ་མེད་དོ། །དེ་དག་གིས་སྨྲས་པ། སྨོན་ལམ་ཇི་སྐད་བཏབ། དེས་སྨྲས་པ། འདི་དང་འདི་སྐད་ཅེས་སོ། །དེ་དག་
གིས་སྨྲས་པ། བདག་ཅག་ཀྱང་དགེ་བའི་བཤེས་གཉེན་འཕགས་པ་ལ་བརྟེན་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཅིག །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་དགེ་སློང་
ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་དགེ་འདུན་འཚོ་འདི་ཉིད་ཡིན་ནོ། །དེའི་ལྷན་ཅིག་གནས་པ་ལྔ་བརྒྱ་པོ་གང་དག་ཡིན་པ་དེ་དག་ནི་དྲང་སྲོང་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ནོ། །རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་གང་ཡིན་པ་དེ་དག་ནི་ཚོང་པ་ལྔ་བརྒྱ་པོ་འདི་དག་
ཡིན་ནོ། །འདིས་དེར་ཆོས་དང་ལྡན་པས་ཞལ་ཏ་བྱས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་སོ། །འཆི་བའི་དུས་ཀྱི་ཚེ་སྨོན་ལམ་བཏབ་པ་དེས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་
བྱས་ཤིང་གདུལ་བའི་དོན་ཆེན་པོ་བྱས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་
པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ་ལས་གཅིག་ཏུ་དཀར་བ་རྣམས་ལ་བཙལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་

ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀླུ་གཞོན་ནུ་སྤྲུལ་པས་དང་པོ་གང་དུ་དད་པ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། སྟོན་པ་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་
འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་ཉི་ཁྲིའི་འཁོར་དང་། བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེ་ཉན་ཐོས་རྣམས་ལ་དགེ་སློང་དག་དགོན་པ་དང་། ཤིང་དྲུང་དང་། ཁྱིམ་གྱིས་སྟོང་པ་དང་། རི་སུལ་དང་། རི་ཕུག་དང་། རྩ་
སྤྱིལ་དང་། བླ་གབ་མེད་པ་དང་། དུར་ཁྲོད་དང་། ནགས་ཁྲོད་དང་། རི་དྲུང་དང་། བས་མཐའི་གནས་མལ་འདི་དག་ཏུ་བསམ་གཏན་གྱིས་ཤིག །དགེ་སློང་དག་བག་ཡོད་པར་སྒྲུབས་ལ་ཕྱིས་འགྱོད་པར་མི་འགྱུར་བར་གྱིས་ཤིག །འདི་ནི་ངའི་གདམས་ངག་དང་རྗེས་
སུ་བསྟན་པ་ཡིན་ནོ་ཞེས་ཆོས་སྟོན་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་རྣམས་དགོན་པ་དང་། ཤིང་དྲུང་དང་། ཁྱིམ་གྱིས་སྟོང་པ་དང་། རི་སུལ་དང་། རི་ཕུག་དང་། རྩྭ་སྤྱིལ་དང་། བླ་གབ་མེད་པ་
དང་། དུར་ཁྲོད་དང་། ནགས་ཁྲོད་དང་། རི་དྲུང་དང་། བས་མཐའི་གནས་མལ་དག་ཏུ་ཞུགས་སོ། །ཁ་ཅིག་ནི་རི་རབ་ཀྱི་བང་རིམ་ན་བསམ་གཏན་བྱེད། ཁ་ཅིག་ནི་གསེར་གྱི་རི་བདུན་པོ་དག་ན། ཁ་ཅིག་ནི་མཚོ་ཆེན་པོ་མ་དྲོས་པ་ན། ཁ་ཅིག་ནི་རྫིང་བུ་དལ་གྱིས་
འབབ་ན། ཁ་ཅིག་ནི་རྣལ་འབྱོར་པའི་སྐྱེ་བོ་དང་རྗེས་སུ་མཐུན་པའི་གྲོང་དང་། གྲོང་རྡལ་དང་། ཡུལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་གི་ཕྱོགས་དེ་དང་དེ་དག་ན་བསམ་གཏན་བྱེད་དོ། །ཇི་ཙམ་ན་ཀླུ་གཞོན་ནུ་སྐྱེས་ནས་རིང་པོ་མ་ལོན་པ་ཞིག་འདབ་ཆགས་ཀྱི་

རྒྱལ་པོ་འདབ་བཟངས་ཀྱིས་རི་རབ་ཀྱི་བང་རིམ་གྱི་སྟེང་དུ་དྲངས་པ་དང་། ཇི་ཙམ་ན་དེས་དགེ་སློང་སྤྱོད་ལམ་ཞི་བས་བསམ་གཏན་དང་། ཀློག་པ་དང་། རྣལ་འབྱོར་ལ་རྗེས་སུ་བརྩོན་པ་དག་མཐོང་ངོ་། །མཐོང་ནས་ཀྱང་དེའི་སེམས་མངོན་པར་དད་པར་གྱུར་ཏོ། །
དེ་སེམས་དད་པ་སྐྱེས་ནས་འཕགས་པ་བདག་ཉིད་ཆེན་པོ་འདི་དག་ནི་སྡུག་བསྔལ་གྱི་བྱེ་བྲག་འདི་ལྟ་བུ་ལས་གྲོལ་བ་ཡིན་ནོ་སྙམ་དུ་སེམས་སྐྱེད་པར་བྱེད་ཅིང་། དེ་དེ་དག་ལ་སེམས་མངོན་པར་དད་པར་བྱས་ནས་དུས་ལ་བབ་པ་དང་། ལས་དྲུག་ལ་བརྩོན་པའི་བྲམ་ཟེའི་ཁྱིམ་ཞིག་ཏུ་
སྐྱེས་ནས་ཇི་ཙམ་ན་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །དེ་དུས་གཞན་ཞིག་ན་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས་དེས་བརྩོན་པ་དང་། འབད་པ་དང་། བརྩལ་བས་ཉོན་མོངས་པ་ཐམས་ཅད་སྤངས་པས་
དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་དང་སྟེའུར་མཉམ་པ། རིག་པས་སྒོ་ངའི་སྦུབས་དྲལ་
བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་།
མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེས་བསམས་པ། བདག་ག་ལས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་བྱས་སྙམ་ན། དེས་དུད་འགྲོ་ནས་ཤི་འཕོས་ཤིང་མི་རྣམས་ཀྱི་ནང་དུ་སྐྱེས་པ་དང་། ཉན་ཐོས་ཆེན་པོ་རྣམས་ལ་སེམས་མངོན་པར་དད་པར་བྱས་པས་སྐྱེས་པར་
མཐོང་ངོ་། །དེས་ཕ་མ་ལ་བསམས་ཏེ། བདག་གི་ཕ་མ་ག་ལ་འདུག་སྙམ་ན། ཀླུའི་གནས་ན་འདུག་པར་མཐོང་ངོ་། །ཅི་བྱེད་སྙམ་ན། ཀླུའི་སྐྱེ་གནས་ན་ངུ་ཞིང་འདུག་པར་མཐོང་ནས་དེ་རྫུ་འཕྲུལ་གྱིས་དེར་སོང་སྟེ་དྲི་བར་བརྩམས་པ། ཡབ་ཡུམ་ཅིའི་སླད་དུ་བཤུམ། དེ་གཉིས་

ཀྱིས་སྨྲས་པ། འཕགས་པ་བདག་ཅག་གི་ཀླུ་གཞོན་ནུ་སྐྱེས་ནས་རིང་པོ་མ་ལགས་པ་ཞིག་འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟངས་ཀྱིས་ཕྲོགས་ན། དེ་གར་མཆིས་མ་འཚལ་ཏོ། །དེས་སྨྲས་པ། ཡབ་ཡུམ་དེ་ནི་བདག་ཉིད་ལགས་ཏེ། ཤི་ཞིང་དུས་ལ་བབ་ནས་ལས་
དྲུག་ལ་བརྩོན་པའི་བྲམ་ཟེའི་ཁྱིམ་དུ་སྐྱེས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བགྱིས་སོ། །འཕགས་པ་དེ་འདྲ་བར་སྐྱོན་ཆགས་པར་གྱུར་པ་དེ་བདག་ཅག་གིས་
བདེ་འགྲོར་མཆི་བར་ཡང་མ་བསམས་ན། དགྲ་བཅོམ་པ་ལྟ་ཅི་སྨོས་ཏེ། དེ་ནི་ངོ་མཚར་དང་རྨད་དུ་བྱུང་བ་ལགས་ན། ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་བརྙེས་སམ། ཐོབ་བོ། །འཕགས་པ་ཁྱོད་ནི་བསོད་སྙོམས་བཞེད་པ་ལགས་ལ། བདག་ཅག་ནི་བསོད་
ནམས་འཚལ་བ་ལགས་ཀྱིས། ཁྱོད་འདི་ཉིད་དུ་གདུགས་རེ་རེ་ཞིང་གཤེགས་ཏེ། ཞལ་ཟས་ཀྱི་བྱ་བ་མཛོད་ལ་བཞུད་ཅིག །དེས་དང་དུ་བླངས་ནས་དེས་རྟག་པར་ཀླུའི་གནས་སུ་བདུད་རྩི་ཟོས་ཤིང་ལྡོག་པར་བྱེད་དོ། །དེའི་ལྷན་ཅིག་གནས་པའི་དགེ་ཚུལ་དེ་ལ་དགེ་
སློང་རྣམས་ཀྱིས་སྨྲས་པ། དགེ་ཚུལ་ཁྱོད་ཀྱི་མཁན་པོ་འདི་གང་དུ་ཟོས་ཤིང་འོང་། དེས་སྨྲས་པ། མ་འཚལ་ཏོ། །དེ་དག་གིས་སྨྲས་པ། ཀླུའི་གནས་སུ་ལྷའི་བདུད་རྩི་ཟོས་ཤིང་འོང་ན་ཁྱོད་ཅིའི་ཕྱིར་མི་འགྲོ། དེས་སྨྲས་པ། དེ་ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ལགས་པས་
དེས་མཆི་ན་བདག་ཉིད་ཇི་ལྟར་མཆི། དེ་དག་གིས་སྨྲས་པ། གང་གི་ཚེ་འདི་རྫུ་འཕྲུལ་གྱིས་འགྲོ་བ་དེའི་ཚེ་ན་ཁྱོད་ཀྱིས་འདིའི་ཆོས་གོས་ཀྱི་གྲྭ་ནས་ཟུང་ཤིག །དེས་སྨྲས་པ། མི་ལྟུང་ངམ། བཞིན་བཟངས་གལ་ཏེ་དེའི་ཆོས་གོས་ཀྱི་གྲྭ་ལ་རིའི་རྒྱལ་པོ་རི་རབ་བཏགས་ན་
དེ་ཡང་མི་ལྟུང་ན་ཁྱོད་ལྟ་ཅི་སྨོས། དེ་དག་གིས་དེ་སྤྲོ་བར་བྱས་ནས། གནས་གང་དུ་དེ་རྫུ་འཕྲུལ་གྱིས་མི་སྣང་བར་བྱེད་པ་དེར་སོང་སྟེ་བསྡད་པ་དང་། དེ་ཡང་མི་སྣང་བར་བྱེད་ནས། དེས་ཀྱང་ཆོས་གོས་ཀྱི་གྲྭ་ནས་བཟུང་སྟེ། དེ་གཉིས་སྟེང་གི་ནམ་མཁའ་ལ་དོང་ངོ་། །ཇི་ཙམ་

ན་ཀླུ་རྣམས་ཀྱིས་མཐོང་ནས་དེ་གཉིས་ཀྱི་ཕྱིར་སྟན་གཉིས་བཤམས་ཤིང་དཀྱིལ་འཁོར་ཡང་གཉིས་བྱས་སོ། །དེས་བསམས་པ། ཅིའི་ཕྱིར་སྟན་བཤམས་པ་དང་། དཀྱིལ་འཁོར་གཞན་འདི་བྱས་སྙམ་ནས། དེས་རྒྱབ་ཏུ་བལྟ་བར་བརྩམས་པ་དང་།
ཇི་ཙམ་ན་དགེ་ཚུལ་དེ་མཐོང་ནས། དེས་སྨྲས་པ། བུ་ཁྱོད་ཀྱང་འོངས་སམ། མཁན་པོ་མཆིས་སོ། །ལེགས་སོ། །ཀླུ་རྣམས་ཀྱིས་བསམས་པ། འཕགས་པ་འདི་ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ཡིན་པས་ལྷའི་བདུད་རྩི་ཞུ་བར་ནུས་ན། འཕགས་པ་འདིས་ནི་ཞུ་བར་མི་ནུས་ཀྱིས།
འདི་ལ་ཁ་ཟས་ཐ་མལ་པ་སྦྱིན་པར་བྱའོ་སྙམ་ནས། དེ་རྣམས་ཀྱིས་གཅིག་ལ་ནི་ལྷའི་བདུད་རྩི་བྱིན་ནོ། །དགེ་ཚུལ་ལ་ནི་ཁ་ཟས་ཐ་མལ་པ་བྱིན་ནོ། །དགེ་ཚུལ་དེ་དེའི་ལྷུང་བཟེད་ཐོགས་པ་ཡིན་པས་དེས་མཁན་པོ་ལ་ལྷུང་བཟེད་བླངས་པ་དང་། དེ་འབྲས་ཅན་གྱི་གཟེགས་མ་
གཅིག་ཆགས་ནས། དགེ་ཚུལ་དེས་དེ་ཁར་བཅུག་སྟེ་མྱངས་ན་ལྷའི་བདུད་རྩི་ཡིན་ནས། དེས་བསམས་པ། ཀླུ་རྣམས་ནི་སེར་སྣ་ཅན་ཡིན་ཏེ། ལྷན་ཅིག་ཏུ་འཁོད་པ་གཉིས་ལ། གཅིག་ལ་ནི་ལྷའི་བདུད་རྩི་བྱིན་ལ། གཅིག་ལ་ནི་ཁ་ཟས་ཐ་མལ་པ་བྱིན་ནོ་སྙམ་མོ། །
དེ་ནས་དེ་མི་བཟོད་པ་སྐྱེས་པས་བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་གི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་ཀླུ་འདི་གནས་འདི་ནས་ཉམས་པར་བྱས་ཏེ་འདི་ཉིད་དུ་སྐྱེ་བར་གྱུར་
ཅིག་ཅེས་སྨོན་ལམ་ལོག་པར་བཏབ་བོ། །ལས་ཤིན་ཏུ་ཆེན་པོ་ཡོངས་སུ་རྫོགས་པ་དག་ནི་ལུས་རྗེ་བ་ལ་མི་ལྟོས་པས། ཚེ་དེ་ཉིད་ལ་དེའི་ལག་པ་གཉིས་ནས་ཆུ་འཛག་པར་གྱུར་ཅིང་། ཀླུ་དེ་ཡང་ཀླད་པའི་ནད་ཀྱིས་བཏབ་པར་གྱུར་ནས་དེས་འཕྲིགས་ཏེ་སྨྲས་པ། འཕགས་
པ་དགེ་ཚུལ་འདིས་སེམས་མི་བཟང་བ་བསྐྱེད་ཀྱིས། འདི་ཟློག་ཤིག །དེས་དགེ་ཚུལ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བུ་འདི་དག་ལ་སེམས་མི་བཟང་བ་བསྐྱེད་པ་བཟློག་ཤིག །དེས་ཚིགས་སུ་བཅད་པ་སྨྲས་པ། སེམས་ནི་ཐག་རིང་གྱུར་པ་སྟེ། །འདི་ལྟར་འདི་ན་གནས་

བཞིན་དུ། །བདག་གི་ལག་ཏུ་ཆུ་འཛགས་པས། །བཟློག་པར་བགྱི་བར་མི་ནུས་སོ། །དེས་ཀླུ་དེ་གནས་དེ་ནས་ཉམས་པར་བྱས་ནས་དེ་ཉིད་དུ་སྐྱེས་ཏེ། དགེ་སློང་དག་ཀླུ་གཞོན་ནུ་སྤྲུལ་པས་དང་པོར་དེར་དད་པ་ཐོབ་པར་གྱུར་ཏོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་
ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཇི་ཙམ་ན་མུ་སྟེགས་ཅན་ཞིག་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། དེས་དེ་ན་སྟན་བཟང་པོ་བཤམས་པ་དང་། བཟའ་བ་དང་བཏུང་བ་བསོད་པའི་སྤྱི་བུངས་བཤམས་པ་མཐོང་ནས་དེས་བསམས་པ། ཟང་
ཟིང་གི་ལོངས་སྤྱོད་ནི་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་གི་བཟང་ལ། ཆོས་ཀྱི་ལོངས་སྤྱོད་ནི་བདག་ཅག་གི་བཟང་བས་དེའི་ཕྱིར་འདི་དག་གི་ནང་དུ་རབ་ཏུ་བྱུང་ལ། ཟང་ཟིང་གི་ལོངས་སྤྱོད་ནི་འདིར་བྱ་ཞིང་ཆོས་ཀྱི་ལོངས་སྤྱོད་ནི་དེར་བྱའོ་སྙམ་ནས། དེ་དགེ་སློང་གི་གན་དུ་སོང་སྟེ་སྨྲས་པ།
འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་སོ། །མུ་སྟེགས་ཅན་རྣམས་ཀྱི་གསོ་སྦྱོང་ནི་བཅུ་བཞི་པ་ཡིན་ལ། དགེ་སློང་རྣམས་ཀྱི་གསོ་སྦྱོང་ནི་བཅྭ་ལྔ་པ་ཡིན་པས་དེ་ཚེས་བཅུ་བཞི་ལ་ནི་མུ་སྟེགས་ཅན་རྣམས་ཀྱི་གསོ་སྦྱོང་
ཉམས་སུ་མྱོང་བར་བྱེད། ཚེས་བཅྭ་ལྔ་ལ་ནི་དགེ་སྦྱོང་རྣམས་ཀྱིའོ། །ཅི་ཙམ་དུས་གཞན་ཞིག་ན་ཞག་བྲི་བར་གྱུར་ནས། དགེ་སློང་རྣམས་ཀྱི་གསོ་སྦྱོང་བཅུ་བཞི་པ་ལ་བབ་པ་དང་། དེ་ལ་ཐེ་ཙོམ་སྐྱེས་ཏེ། ཅི་དེར་འགྲོ་བར་བྱ་འམ། འོན་ཏེ་འདི་ཉིད་དུ་གསོ་སྦྱོང་ཉམས་སུ་
མྱོང་བར་བྱ་སྙམ་པ་ལས། དེ་ལ་བློ་སྐྱེས་པ་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་དེས་པ་འགྲོགས་ན་བདེ་བ་ཡིན་ལ་བདག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ནི་ངང་ཚུལ་ངན་པ་ཡིན་པས་གལ་ཏེ་མ་སོང་ན་བདག་གི་ཚུལ་ཤིང་ཡང་ཕྱུང་བར་འགྱུར། སྤང་ལེབ་ཁྲིའུ་ཡང་བསྒྱུར་བར་
འགྱུར། སློང་ཕོར་ཡང་ཁས་བུབ་པར་འགྱུར། ཁར་བ་ཡང་བོར་བར་འགྱུར། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ནང་ནས་ཀྱང་ཕྱུང་བར་འགྱུར་རོ་སྙམ་ནས། དེ་མུ་སྟེགས་ཅན་རྣམས་ཀྱི་ནང་དུ་སོང་ངོ་། །ཇི་ཙམ་ན་དགེ་སྐོས་རྒན་པའི་མཐའ་ལོགས་སུ་འགྲེང་སྟེ། དགེ་

སློང་རྣམས་བསྔོས་པ་ན་དེ་མི་སྣང་ནས་དེས་དྲི་བར་བརྩམས་པ། ཚེ་དང་ལྡན་པ་དག་དགེ་སློང་མིང་འདི་ཞེས་བྱ་བ་ཞིག་འདིར་འོངས་སམ། དེའི་འདུན་པ་ཡང་འོངས་སམ། དེ་དག་གིས་སྨྲས་པ། མ་འོངས་སོ། །བཅོམ་ལྡན་འདས་ཀྱིས་ཕྱོགས་བཞིར་བལྟས་ནས་
གསོ་སྦྱོང་བྱའོ་ཞེས་བཀའ་སྩལ་པས། དགེ་སློང་དེ་དག་གིས་ཕྱོགས་བཞིར་བལྟས་ཏེ་གསོ་སྦྱོང་བྱས་སོ། །དེའི་འོག་ཏུ་ཕྱི་དེ་ཉིན་པར་དགེ་སློང་དེ་འོངས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་གང་ནས་འོངས། དེས་སྨྲས་པ། ཚངས་པ་མཚུངས་པར་
སྤྱོད་པ་དག་གི་གན་ནས་སོ། །ཁྱོད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་དག་སུ་ཡིན། མུ་སྟེགས་ཅན་དག་ཡིན་ཏེ། ཁོ་བོ་ཟང་ཟིང་གི་ལོངས་སྤྱོད་ནི་ཁྱེད་ཅག་གི་གན་དུ་བྱེད་ལ། ཆོས་ཀྱི་ལོངས་སྤྱོད་ནི་དེ་དག་གི་གན་དུ་བྱེད་དོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་
སློང་རྣམས་ཀྱིས་གསོལ་པ་དང་། དེ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གང་ཟག་འདི་ནི་མུ་སྟེགས་ཅན་ཞུགས་པ་ཡིན་ཏེ། དགེ་སློང་དག་གང་ཟག་མུ་སྟེགས་ཅན་ཞུགས་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་
པས་དགེ་སློང་དག་ཁྱེད་ཀྱིས་གང་ཟག་མུ་སྟེགས་ཅན་ཞུགས་པ་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་དེ་ལ་མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་
འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ཟག་མུ་སྟེགས་ཅན་ཞུགས་པ་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱའོ་ཞེས་བཀའ་སྩལ་ན། བཙུན་པ་ཇི་ཙམ་གྱིས་ན་གང་ཟག་
མུ་སྟེགས་ཅན་ཞུགས་པ་བསྙིལ་བར་བགྱི་བ་ལགས། ཉེ་བ་འཁོར་གང་ཚུན་ཆད་ནས་རྒྱལ་མཚན་འདི་འཆང་ཞིང་ལྟ་བ་དེ་ལ་དགའ་བས་དེར་སྐྱ་རེངས་འཆར་བར་བྱེད་ན། དེ་ཙམ་གྱིས་ན་གང་ཟག་མུ་སྟེགས་ཅན་ཞུགས་པ་བསྙིལ་བར་བྱ་བ་ཡིན་ནོ།། །།སངས་རྒྱས་བཅོམ་ལྡན་འདས་

མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད།
དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་བྱུང་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་འུ་བུ་ཅག་གི་བུ་ལོན་འཁོར་བར་བྱེད་པ། ནོར་སྤྱོད་པ་བཙས་པས་ཁོ་བོ་ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོ་བར་བྱའོ། །དེས་སྨྲས་པ། རྗེའི་སྲས་དེ་བཞིན་མཛོད་ཅིག །དེ་ཟོང་
ཐོགས་ཏེ་ཡུལ་གཞན་དུ་སོང་བ་དང་། དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །དེས་ཀྱང་བུ་དེ་ཉེ་དུའི་སྟོབས་དང་ལག་མཐུས་བསྙོད་ཅིང་གསོས་ཏེ་བསྐྱེད་དོ། །དེ་དུས་གཞན་ཞིག་ན་ནེའུ་ལྡངས་དང་ལྷན་ཅིག་ཁྱིམ་ཞིག་གི་དྲུང་དུ་སོང་བ་ན། ཁྱིམ་དེའི་སྟེང་ན་བུ་མོ་ཞིག་
འདུག་པ་དེས་དེའི་སྟེང་དུ་མེ་ཏོག་གི་ཆུན་པོ་འཕངས་པ་དང་། དེས་བུ་མོ་དེ་མཐོང་ངོ་། །ནེའུ་ལྡངས་དེས་སྨྲས་པ། གྲོགས་པོ་ཁྱོད་ཀྱིས་ཁྱིམ་དེར་བརྡ་མ་བྱས་སམ། དེས་སྨྲས་པ། དེ་ཡིན་ཏེ། ཁོ་བོས་བརྡ་བྱས་སོ། །དེས་སྨྲས་པ། གྲོགས་པོ་ཁྱིམ་འདི་ན་ཡ་ང་བ་ཡིན་
གྱིས་མ་འཇུག་ཤིག །ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏ་རེ་ཞེས་དེས་ཉིན་ཐོག་ཐག་ཏུ་འཕྱན་དུ་བཅུག་སྟེ། མའི་གན་དུ་ཁྲིད་ནས་སྨྲས་པ། མ་ཁྱོད་ཀྱི་བུ་འདིས་ཁྱིམ་ཆེ་གེ་མོ་ཞིག་ཏུ་བརྡ་བྱས་པ། ཁོ་བོས་ཉིན་ཐོག་ཐག་ཏུ་བསྲུངས་ཀྱིས་མཚན་མོ་སྲུངས་ཤིག །ཁྱིམ་དེ་ནི་
ཡ་ང་བ་ཡིན་གྱིས་འཇུག་ཏུ་མ་གཞུག་ཅིག །ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏ་རེ། དེས་སྨྲས་པ། བུ་ཁྱོད་ཀྱིས་ཁོ་མོ་ལ་བསྙད་པ་ཁྱོད་ཀྱིས་ལེགས་པར་བྱས་སོ། །དེས་ཁྱེའུ་དེ་ཁྱིམ་གྱི་ནང་དུ་མལ་བཅས་ཏེ་གྱོ་མོ་གཉིས་དང་། ཆུ་དང་། ས་དག་བཞག་ནས་ཁྱིམ་
དེར་བཅུག་སྟེ། བདག་ཉིད་སྒོར་ཁྲི་བཅས་ནས་ཉལ་ལོ། །དེས་སྨྲས་པ། མ་སྒོ་ཕྱེ་ཤིག །བུ་ཅིའི་ཕྱིར། གཅིར་འགྲོའོ། །དེས་སྨྲས་པ། བུ་འདི་ཉིད་དུ་ཁོ་མོས་གྱོ་མོ་བཞག་གིས་དེར་གཅིས་ཅིག །དེས་ཡུད་ཙམ་ཞིག་བསྡད་དེ་སྨྲས་པ། མ་སྒོ་ཕྱེ་ཤིག །བུ་ཅིའི་ཕྱིར།

བཤང་དུ་འགྲོའོ། །དེས་སྨྲས་པ། བུ་འདི་ཉིད་དུ་ཁོ་མོས་གྱོ་མོ་དང་། ཆུ་དང་། ས་བཞག་གིས་འདི་ཉིད་དུ་བཤང་བ་བྱོས་ཤིག །དེས་ཡང་ཡུད་ཙམ་ཞིག་བསྡད་དེ་སྨྲས་པ། མ་སྒོ་ཕྱེ་ཤིག །དེས་སྨྲས་པ། བུ་ཁྱོད་གང་དུ་འགྲོ་འདོད་པ་ཁོ་མོས་མི་ཤེས་སམ་
ཅི། ཁོ་མོས་སྒོ་དབྱེ་བར་མི་ནུས་སོ། །མ་ཁོ་བོས་ཁྱོད་བསད་དོ། །དེས་སྨྲས་པ། བུ་ཁོ་མོ་ཤི་བ་ནི་བླའི། ཁོ་མོ་བུ་ཤི་བ་ལ་ལྟ་ནི་མི་ཕོད་དོ། །འདོད་པ་སྟེན་པས་ནི་སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་པས་སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་
དེས་རལ་གྲི་ཤུབས་ནས་ཕྱུང་སྟེ་དེའི་མགོ་དྲུངས་ནས་བཅད་དེ་ས་ལ་བསྒྱེལ་ཏོ། །དེས་མ་བསད་ནས་སོང་བ་དང་། སེམས་ཅན་སྡིག་པའི་ལས་བྱས་པ་འདར་བས། བུ་མོ་དེས་དེ་ལ་སྨྲས་པ། རྗེའི་སྲས་འདི་ན་སུ་ཡང་མ་མཆིས་ཏེ། བདག་བུ་མོ་དང་གཉིས་སུ་བས་ཀྱིས་མ་
བསྙེངས་ཤིག །དེས་བསམས་པ། དེ་འདི་ལ་སྨྲས་ན་དགའ་བར་འགྱུར་རོ་སྙམ་ནས། དེས་སྨྲས་པ། བཟང་མོ་ཁོ་བོས་ཁྱོད་ཀྱི་ཕྱིར་མ་བསད་དོ། །དེས་སྨྲས་པ། ཅི་མ་མའམ། འོན་ཏེ་སྐྱེད་མ་མོ། དེས་སྨྲས་པ། སྐྱེད་མ་མོའོ། །དེས་བསམས་པ། འདི་ཡོན་
ཏན་དག་མངོན་པར་མི་ཤེས་ཏེ་མ་གསོད་པར་བྱེད་པས་གང་གི་ཚེ་བདག་ལ་ཁྲོ་བ་སྐྱེས་ན། བདག་ལ་གནས་སྐབས་ཅི་ཞིག་འབྱུང་བར་འགྱུར་སྙམ་ནས། དེས་སྨྲས་པ། རྗེའི་སྲས་བདག་སྟེང་གི་ཁང་ཐོག་ཏུ་འཛེགས་ནས་སླར་མཆི་བའི་བར་དུ་རེ་ཞིག་ཡུད་ཙམ་ཞིག་གཞེས་ཤིག །
དེས་སྨྲས་པ། དེ་བཞིན་གྱིས་ཤིག །དེ་ནས་དེ་སྟེང་གི་ཁང་ཐོག་ཏུ་འཛེགས་ནས་ཆོམ་རྐུན་པ་ཆོམ་རྐུན་པ་ཞེས་སྒྲ་ཕྱུང་བ་དང་། དེས་འཇིགས་ཤིང་སྐྲག་ནས་བྲོས་ཏེ་རང་གི་ཁྱིམ་དུ་སོང་ནས་སྒོ་དྲུང་དུ་རལ་གྲི་བཞག་སྟེ་ཆོམ་རྐུན་པ་དེ་ནི་འདི་ཡིན་ཏེ། ཁོ་བོའི་མ་བསད་ནས་བྲོས་སོ་
ཞེས་སྒྲ་ཕྱུང་ནས་དེས་དེའི་མའི་རོ་དེ་བཀུར་སྟི་བྱས་ཏེ་སོང་ངོ་། །སེམས་ཅན་སྡིག་པའི་ལས་བྱས་པས་ནི་བརྟན་པ་མི་རྙེད་པས་དེ་མུ་སྟེགས་ཅན་གྱི་གནས་དང་། དཀའ་ཐུབ་ཀྱི་གནས་དེ་དང་དེ་དག་ཏུ་སོང་སྟེ་དྲིས་པ། ཤེས་ལྡན་དག་ལས་ཅི་ཞིག་བྱས་ན་སྡིག་པའི་ལས་ཟད་པར་འགྱུར།

དེ་ན་ཁ་ཅིག་ན་རེ་མེར་ཞུགས་ཤིག་ཅེས་ཟེར་རོ། །ཁ་ཅིག་ན་རེ་དུག་ཟོ་ཤིག་ཅེས་ཟེར་རོ། །ཁ་ཅིག་ན་རེ་གཡང་སར་མཆོངས་ཤིག་ཅེས་ཟེར་རོ། །ཁ་ཅིག་ན་རེ་ཐག་པས་འགེགས་ཏེ་ཤི་ཤིག་ཅེས་ཟེར་ཏེ། ཐམས་ཅད་ཀྱང་ཤི་བའི་ཐབས་སྟོན་པར་བྱེད་ཀྱི་ངེས་པར་འབྱུང་བའི་
ཐབས་སྟོན་པ་ནི་འགའ་ཡང་མེད་དོ། །དེ་དུས་གཞན་ཞིག་ན་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དེས་དེ་ན་དགེ་སློང་ཞིག །གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་ཟླ་སྤྲིན་ནས་བྱུང་བ་ལྟར། །འཇིག་རྟེན་འདིར་ནི་དེར་སྣང་འགྱུར། །ཞེས་
ཁ་ཏོན་ཟེར་བ་ཐོས་ནས། དེས་བསམས་པ། སྡིག་པའི་ལས་ཀྱང་དགག་པར་ནུས་ཀྱིས་འདི་དག་གི་ནང་དུ་རབ་ཏུ་འབྱུང་ངོ་སྙམ་ནས། དེ་དགེ་སློང་གི་གན་དུ་སོང་སྟེ་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་
པར་བྱས་ནས། དེས་ཤིན་ཏུ་བརྩོན་འགྲུས་བརྩམས་ཏེ་བཀླག་པར་བརྩམས་སོ། །དེས་ཀློག་ཅིང་ཁ་ཏོན་བྱེད་པ་ན་སྡེ་སྣོད་གསུམ་བཀླགས་ཤིང་སྡེ་སྣོད་གསུམ་དང་ལྡན་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དུ་གྱུར་ཏོ། །དེ་ལ་དགེ་སློང་དག་གིས་སྨྲས་པ། ཚེ་དང་
ལྡན་པ་ཁྱོད་བརྩོན་འགྲུས་འདིས་ཅི་ཞིག་དོན་དུ་གཉེར་དེས་སྨྲས་པ། སྡིག་པའི་ལས་ཟད་པར་བྱའོ། །ཁྱོད་ཀྱིས་སྡིག་པའི་ལས་ཅི་བྱས། མ་བསད་དོ། །ཅི་མ་མའམ། འོན་ཏེ་སྐྱེད་མ་མོ་ཡིན། དེས་སྨྲས་པ། སྐྱེད་མ་མོ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་
ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ནི་གང་ཟག་མ་བསད་པ་བསྙིལ་བར་འོས་པ་ཡིན་ཏེ། དགེ་སློང་དག་གང་ཟག་མ་བསད་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་དགེ་སློང་
དག་ཁྱེད་ཀྱིས་གང་ཟག་མ་བསད་པ་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་པ་ན་དེས་དེ་ལ་མ་བསད་པ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེས་བསམས་པ།

ཅི་འབབས་པར་བྱའམ། མཐའ་འཁོབ་ཏུ་འགྲོ་བར་བྱ་སྙམ་ནས། དེ་མཐའ་འཁོབ་ཏུ་སོང་སྟེ། ཁྱིམ་བདག་ཅིག་རྗེས་སུ་འཇུག་པར་བྱས་སོ། །དེས་མངོན་པར་དད་པས་དེའི་ཕྱིར་གཙུག་ལག་ཁང་རྩིག་ཏུ་བཅུག་སྟེ། དེ་ཕྱོགས་དང་ཡུལ་ཐ་དད་པ་ན་འཁོད་
པས་དགེ་སློང་དག་གནས་ཤིང་དེའི་གདམས་ངག་གིས་མང་པོ་དག་གིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེ་དུས་གཞན་ཞིག་ན་ན་བར་གྱུར་ནས་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དག་གིས་རིམ་གྲོ་བྱས་ན། ཉམ་དམས་པ་ཉིད་དུ་གྱུར་
ནས། དེས་ལྷན་ཅིག་གནས་པ་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོའི་ཕྱིར་དགེ་འདུན་ལ་བསྲོ་ཁང་གྱིས་ཤིག །དེ་རྣམས་ཀྱིས་དེའི་ཕྱིར་བསྲོ་ཁང་བགྱིས་སོ། །བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་
འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས་དེ་ཤི་ཞིང་དུས་ལ་བབ་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །དེའི་ལྷན་ཅིག་གནས་པ་དགྲ་བཅོམ་པ་ཞིག་གིས་བདག་གི་མཁན་པོ་གང་དུ་སྐྱེས་ཞེས་སེམས་པར་ཞུགས་ནས་
དེ་ལྷ་རྣམས་ཀྱི་ནང་དུ་རྣམ་པར་བལྟ་བར་བརྩམས་ན་མ་མཐོང་ཞིང་མི་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་རྣམ་པར་བལྟས་ན་དེ་ཡང་མ་མཐོང་ངོ་། །སེམས་ཅན་དམྱལ་བའི་ནང་དུ་རྣམ་པར་བལྟ་བར་བརྩམས་ན། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་
སྐྱེས་པར་མཐོང་ནས། དེས་བསམས་པ། མཁན་པོ་ནི་ཚུལ་ཁྲིམས་དང་ལྡན་པ་མང་དུ་ཐོས་པ། ཆོས་ཀྱི་འཁོར་སྡུད་སྡུད་པ་ཡིན་ན། དེས་ལས་ཅི་ཞིག་བྱས་ན་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སྙམ་ནས་བསམས་ན་མ་བསད་པ་ཡིན་པར་མཐོང་ངོ་
དེ་མནར་མེད་པའི་འོད་ཟེར་དག་གིས་ཕོག་པ་དང་སྨྲས་པ་ཀྱེ་མ་བསྲོ་ཁང་འདི་མེ་རེ་ཚ་ཞེས་སྨྲས་པ་དང་སེམས་ཅན་དམྱལ་བའི་སྲུང་མས་ཐོ་བ་བླངས་ཏེ་མགོར་བསྣུན་ནས་སྐལ་ཆད་ཁྱོད་ཀྱི་བསྲོ་ཁང་ག་ལ་ཡོད་འདི་ལྟར་འདི་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཡིན་ནོ། །

ཞེས་སྨྲས་སོ། །དེ་དགེ་བའི་སེམས་ཀྱིས་དུས་ལ་བབ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ལྷའི་བུའམ། ལྷའི་བུ་མོའི་ཆོས་ཉིད་ནི་སྐྱེས་ནས་རིང་པོ་མ་ལོན་པ་ལ་སེམས་གསུམ་སྐྱེ་སྟེ། གང་ནས་ཤི་འཕོས་པ་དང་གང་དུ་སྐྱེས་པ་དང་ལས་གང་གིས་སྐྱེས་
པའོ། །དེས་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་ནས་ཤི་འཕོས་པ་དང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དང་། དགེ་འདུན་ལ་བསྲོ་ཁང་གི་ཁྲུས་བྱས་པས་སྐྱེས་པ་མཐོང་ངོ་། །དེ་ནས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ་གང་གི་ཕྱིར་
བདག་ཞག་ལོན་པར་གནས་ཏེ་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས། བདག་ཞག་ལོན་པར་མ་གནས་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོའོ་སྙམ་
མོ། །དེ་ནས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུ་རྣ་ཆ་གདུབ་ཀོར་གཡོ་ཞིང་དྲི་མ་མེད་པ་ཐོགས་ཏེ། དོ་ཤལ་དང་སེ་མོ་དོས་བརྒྱན་པའི་ལུས་ཀྱིས་ལྷའི་ཨུཏྤལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་ཐུ་བ་བཀང་སྟེ་ཁ་དོག་ཤིན་ཏུ་འདས་པས་མཚན་མོ་
ལ་བབ་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་མེ་ཏོག་དག་གིས་མངོན་པར་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་སྔོན་སེམས་ཅན་དམྱལ་བའི་ལྷའི་བུའི་
ཁ་དོག་གི་མཐུས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ནས་སེམས་ཅན་དམྱལ་བའི་
ལྷའི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་

བདེན་པ་མཐོང་ནས། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས།
དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་
ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཡང་སྨྲས་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་བསོད་
ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་པར་གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང་། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་
མཚོའི་ཕ་རོལ་རྒལ་བར་གྱུར། །འགྲོ་བར་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བར་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །དེ་ནས་འདུད་བྱས་དོ་ཤལ་རབ་འཕྱང་བས། །ཞབས་ལ་ཕྱག་འཚལ་
རངས་པ་སྐྱེས་གྱུར་ནས། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ལྷ་ཡི་འཇིག་རྟེན་མངོན་ཕྱོགས་མཁའ་ལ་སོང་། །དེ་ནས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུ་ཚོང་པ་ཁེ་སྤོགས་རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཏོག་འབྱོར་པ་ལྟ་བུ་དང་། དཔའ་བོ་གཡུལ་
ལས་རྣམ་པར་རྒྱལ་བ་ལྟ་བུ་དང་། ནད་པ་ནད་ཐམས་ཅད་ལས་ཡོངས་སུ་ཐར་པ་ལྟ་བུར་གྱུར་ཏེ། ཆ་ལུགས་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པའི་ཆ་ལུགས་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དེའི་ལྷན་ཅིག་གནས་པ་དགེ་འདུན་གྱི་གནས་བརྟན་དགྲ་བཅོམ་

པ་ཟས་ཀྱི་གྲལ་དུ་འདུག་སྟེ། དེའི་ལྷན་ཅིག་གནས་པ་གཞན་ཞིག་དགེ་འདུན་ལ་ཆུ་འགྲིམ་པར་བྱེད་དོ། །ཇི་ཙམ་ན་དགེ་འདུན་གྱི་གནས་བརྟན་དེས་ཆུ་ཁ་ཕོར་དུ་བླངས་ནས་སོར་མོའི་རྩེ་མོས་རེག་ན་ཤིན་ཏུ་གྲངས་ནས་དེས་བསམས་པ། བདག་ཅག་ནི་ཆུ་ཤིན་ཏུ་གྲང་མོ་འདི་ལྟ་བུ་འཐུང་
ན། མཁན་པོ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ན་ཟངས་ཁུ་བསྐོལ་བ་འཐུང་ངོ་སྙམ་ནས། དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་རྣམ་པར་བལྟ་བར་བརྩམས་ན་མི་སྣང་ངོ་། །དུད་འགྲོ་དང་། ཡི་དགས་དང་། མི་དང་། སེམས་ཅན་དམྱལ་བ་
གཞན་རྣམས་སུ་ཡང་རྣམ་པར་བལྟས་ན། དེ་རྣམས་ན་ཡང་མི་སྣང་ནས། ལྷ་རྣམས་ཀྱི་བར་གྱི་ནང་དུ་རྣམ་པར་བལྟ་བར་བརྩམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ་ལྷར་གྱུར་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདེན་པ་མཐོང་བར་བྱས་ཏེ་ལྷ་རྣམས་ཀྱི་ནང་
ན་འདུག་པ་མཐོང་ནས་འཛུམ་པ་སྔོན་དུ་བཏང་སྟེ། བཅོམ་ལྡན་འདས་ལ་དད་པ་ཐོབ་ནས། ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་ཀྱི་ལེགས་པར་གསུངས་པ་ཉིད། འདི་ལྟར་སྡིག་པ་བྱེད་པ་ལོག་པར་ལྟུང་བར་སོང་བ་དེ་ལྟ་བུ་དག་གིས་ཀྱང་ཡོན་ཏན་
གྱི་ཚོགས་འདི་ལྟ་བུ་ཐོབ་བོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །མཁན་པོ་གཅིག་པ་དེས་དེ་རངས་ཤིང་མགུ་བ་དང་། མཆོག་ཏུ་དགའ་བ་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་མཁན་པོ་དུས་ལ་བབ་པས་བདག་དགེ་འདུན་གྱི་གནས་བརྟན་དུ་གྱུར་ཏོ་སྙམ་ནས་རངས་ཤིང་མགུ་
བ་དང་མཆོག་ཏུ་དགའ་བར་གྱུར་ཏམ། དེས་སྨྲས་པ། ཚེ་དང་ལྡན་པ་རེ་ཞིག་ཁྱོད་ཀྱི་དྲི་བའི་ལན་གདབ་པའི་དུས་མ་ཡིན་གྱིས། དགེ་འདུན་གྱི་ནང་དུ་དྲིས་ཤིག་དང་དེར་ཁྱོད་ཀྱི་དྲི་བའི་ལན་གདབ་པའི་དུས་ལ་བབ་པར་འགྱུར་རོ། །ཇི་ཙམ་ན་དུས་གཞན་ཞིག་ན་དགེ་སློང་གི་དགེ་
འདུན་ཚོགས་ཤིང་འཁོད་པ་ན། དགེ་འདུན་གྱི་གནས་བརྟན་གྱིས་མཁན་པོ་གཅིག་པ་དེ་ལ་དྲིས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་དེའི་ཚེ་ཅི་སྨྲས་དེས་སྨྲས་པ། ཁྱོད་ལ་ཁོ་བོས་ཁྱོད་མཁན་པོ་དུས་ལ་བབ་པས་བདག་དགེ་འདུན་གྱི་གནས་བརྟན་དུ་གྱུར་ཏོ་སྙམ་ནས་རངས་ཤིང་མགུ་བ་

དང་མཆོག་ཏུ་དགའ་བར་གྱུར་ཏམ་ཞེས་སྨྲས་སོ། །དེས་སྐབས་དེ་དགེ་འདུན་གྱི་ནང་དུ་དེ་ལ་རྒྱ་ཆེར་བརྗོད་པ་དང་། དེ་ཡང་ཡི་རངས་ཤིང་དགེ་སློང་རྣམས་ཀྱང་ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་ཀྱི་ལེགས་པར་གསུངས་པ་
ཉིད་འདི་ལྟར་སྡིག་པ་བྱེད་པ་ལོག་པར་ལྟུང་བར་སོང་བ་དེ་ལྟ་བུ་དག་གིས་ཀྱང་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་བོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། །།འདུལ་བ་གཞི། བམ་པོ་བཅུ་གཅིག་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་
མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་
མགུར་སྤྱོད་པར་བྱེད་པ་དེའི་བུ་བྱུང་ནས། དེ་དུས་གཞན་ཞིག་ན་ནེའུ་ལྡངས་དང་ལྷན་ཅིག་ཁྱིམ་ཞིག་གི་དྲུང་དུ་སོང་བ་ན་ཁྱིམ་དེའི་སྟེང་ན་བུ་མོ་ཞིག་འདུག་པ་དེས་དེའི་སྟེང་དུ་མེ་ཏོག་གི་ཆུན་པོ་འཕངས་པ་དང་། དེས་བུ་མོ་དེ་མཐོང་ངོ་། །ནེའུ་ལྡངས་ཀྱིས་སྨྲས་པ། གྲོགས་པོ་ཁྱོད་ཀྱིས་ཁྱིམ་དེར་བརྡ་
མ་བྱས་སམ། དེས་སྨྲས་པ། དེ་ཡིན་ཏེ། ཁོ་བོས་བརྡ་བྱས་སོ། །དེས་སྨྲས་པ། གྲོགས་པོ་ཁྱིམ་འདི་ནི་ཡ་ང་བ་ཡིན་གྱིས་མ་འཇུག་ཤིག །ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏ་རེ་ཞེས་དེས་ཉིན་ཐོག་ཐག་འཕྱན་དུ་བཅུག་སྟེ་ཕའི་གན་དུ་ཁྲིད་ནས་སྨྲས་པ། ཡབ་ཁྱོད་ཀྱི་བུ་འདིས་ཁྱིམ་ཆེ་གེ་མོ་ཞིག་
ཏུ་བརྡ་བྱས་པ། ཁོ་བོས་ནི་ཉིན་ཐོག་ཐག་ཏུ་བསྲུངས་ཀྱིས། ད་ཁྱོད་ཀྱིས་མཚན་མོ་སྲུངས་ཤིག །ཁྱིམ་དེ་ནི་ཡ་ང་བ་ཡིན་གྱིས་འཇུག་ཏུ་མ་གཞུག་ཅིག །ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏ་རེ། དེས་སྨྲས་པ། བུ་ཁྱོད་ཀྱིས་ཁོ་བོ་ལ་བསྙད་པ་ཁྱོད་ཀྱིས་ལེགས་པར་
བྱས་སོ། །དེས་ཁྱེའུ་དེ་ཁྱིམ་གྱི་ནང་དུ་མལ་བཅས་ཏེ། གྱོ་མོ་གཉིས་དང་། ཆུ་དང་། ས་དག་བཞག་ནས་ཁྱིམ་དེར་བཅུག་སྟེ། བདག་ཉིད་སྒོར་ཁྲི་བཅས་ནས་ཉལ་ལོ། །དེས་སྨྲས་པ། ཡབ་སྒོ་ཕྱེ་ཤིག །བུ་ཅིའི་ཕྱིར། གཅིར་འགྲོའོ། །དེས་སྨྲས་པ། བུ་འདི་ཉིད་དུ་

ཁོ་བོས་གྱོ་མོ་བཞག་གིས་དེར་གཅི་ཤིག །དེས་ཡུད་ཙམ་ཞིག་བསྡད་དེ་སྨྲས་པ། ཡབ་སྒོ་ཕྱེ་ཤིག །བུ་ཅིའི་ཕྱིར། བཤང་དུ་འགྲོའོ། །དེས་སྨྲས་པ། བུ་འདི་ཉིད་དུ་ཁོ་བོས་གྱོ་མོ་དང་། ཆུ་དང་། ས་དག་བཞག་གིས་འདི་ཉིད་དུ་བཤང་བ་བྱོས་ཤིག །དེས་ཡང་ཡུད་
ཙམ་ཞིག་བསྡད་དེ་སྨྲས་པ། ཡབ་སྒོ་ཕྱེ་ཤིག །དེས་སྨྲས་པ། བུ་ཁྱོད་གང་དུ་འགྲོ་འདོད་པ་ཁོ་བོས་མི་ཤེས་སམ་ཅི། ཁོ་བོས་སྒོ་དབྱེ་བར་མི་ནུས་སོ། །ཡབ་ཁོ་བོས་ཁྱོད་བསད་དོ། །དེས་སྨྲས་པ། བུ་ཁོ་བོ་ཤི་བ་ནི་བླའི། ཁོ་བོ་བུ་ཤི་བ་ལ་ལྟ་ནི་མི་ཕོད་དོ། །འདོད་
པ་སྟེན་པས་ནི་སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་པས་སྙིང་རྗེ་མེད་པའི་སེམས་དང་ལྡན་པ་འཇིག་རྟེན་ཕ་རོལ་བཏང་བ་དེས་རལ་གྲི་ཤུབས་ནས་ཕྱུང་སྟེ། དེའི་མགོ་དྲུངས་ནས་བཅད་དེ་ས་ལ་བསྒྱེལ་ཏོ། །དེས་ཕ་བསད་ནས་སོང་བ་དང་སེམས་ཅན་སྡིག་པའི་ལས་བྱས་པ་འདར་བས་བུ་མོ་
དེས་དེ་ལ་སྨྲས་པ། རྗེའི་སྲས་འདི་ན་སུ་ཡང་མ་མཆིས་ཏེ། བདག་བུ་མོ་དང་གཉིས་སུ་བས་ཀྱིས་མ་བསྙེངས་ཤིག །དེས་བསམས་པ། དེ་འདི་ལ་སྨྲས་ན་དགའ་བར་འགྱུར་རོ་སྙམ་ནས། བཟང་མོ་ཁོ་བོས་ཁྱོད་ཀྱི་ཕྱིར་ཕ་བསད་དོ། །དེས་སྨྲས་པ། ཅི་ཕ་བའམ། འོན་
ཏེ་སྐྱེད་ཕ། དེས་སྨྲས་པ། སྐྱེད་ཕའོ། །དེས་བསམས་པ། འདི་ཡོན་ཏན་དག་མངོན་པར་མི་ཤེས་ཏེ་ཕ་གསོད་པར་བྱེད་པས་གང་གི་ཚེ་བདག་ལ་ཁྲོ་བ་སྐྱེས་ན། བདག་ལ་གནས་སྐབས་ཅི་ཞིག་འབྱུང་བར་འགྱུར་སྙམ་ནས་དེས་སྨྲས་པ། རྗེའི་སྲས་བདག་སྟེང་གི་ཁང་ཐོག་
ཏུ་འཛེགས་ནས་སླར་མཆི་བའི་བར་དུ་རེ་ཞིག་གཞེས་ཤིག་དེས་སྨྲས་པ། དེ་ན་དེ་བཞིན་གྱིས་ཤིག་དེ་སྟེང་གི་ཁང་ཐོག་ཏུ་འཛེགས་ནས་ཆོམ་རྐུན་པ་ཆོམ་རྐུན་པ་ཞེས་བྱ་བ་སྒྲ་ཕྱུང་བ་དང་། དེ་འཇིགས་ཤིང་སྐྲག་ནས་བྲོས་ཏེ་རང་གི་ཁྱིམ་དུ་སོང་ནས་སྒོ་དྲུང་དུ་རལ་གྲི་བཞག་སྟེ་ཆོམ་
རྐུན་པ་དེ་ནི་འདི་ཡིན་ཏེ། ཁོ་བོའི་ཕ་བསད་ནས་བྲོས་སོ་ཞེས་སྒྲ་ཕྱུང་ནས། དེས་ཕའི་རོ་དེ་བཀུར་སྟི་བྱས་ཏེ་སོང་ངོ་། །སེམས་ཅན་སྡིག་པའི་ལས་བྱས་པས་ནི་བརྟན་པ་མི་རྙེད་པས་དེ་མུ་སྟེགས་ཅན་གྱི་གནས་དང་དཀའ་ཐུབ་ཀྱི་ནགས་དེ་དང་དེ་དག་ཏུ་སོང་སྟེ་དྲིས་པ། ཤེས་ལྡན་

དག་ལས་ཅི་ཞིག་བྱས་ན་དེས་སྡིག་པའི་ལས་ཟད་པར་འགྱུར། དེ་ན་ཁ་ཅིག་ན་རེ་མེར་ཞུགས་ཤིག་ཅེས་ཟེར་རོ། །ཁ་ཅིག་ན་རེ་དུག་ཟོ་ཤིག་ཅེས་ཟེར་རོ། །ཁ་ཅིག་ན་རེ་གཡང་སར་མཆོངས་ཤིག་ཅེས་ཟེར་རོ། །ཁ་ཅིག་ན་རེ་ཆུར་མཆོངས་ཤིག་ཅེས་ཟེར་རོ། །
ཁ་ཅིག་ན་རེ་ཐག་པས་འགེགས་ཏེ་ཤི་ཤིག་ཅེས་ཟེར་ཏེ། ཐམས་ཅད་ཀྱང་ཤི་བའི་ཐབས་སྟོན་པར་བྱེད་ཀྱི། ངེས་པར་འབྱུང་བའི་ཐབས་སྟོན་པ་ནི་འགའ་ཡང་མེད་དོ། །དེ་དུས་གཞན་ཞིག་ན་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དེས་དེ་ན་དགེ་སློང་ཞིག །གང་གིས་སྡིག་པའི་
ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་ཟླ་སྤྲིན་ནས་བྱུང་བ་ལྟར། །འཇིག་རྟེན་འདིར་ནི་དེ་སྣང་འགྱུར། །ཞེས་ཁ་ཏོན་ཟེར་བ་ཐོས་ནས་དེས་བསམས་པ། སྡིག་པའི་ལས་ཀྱང་དགག་པར་ནུས་ཀྱིས། འདི་དག་གི་ནང་དུ་རབ་ཏུ་འབྱུང་བར་བྱའོ་སྙམ་ནས།
དགེ་སློང་གི་གན་དུ་སོང་སྟེ་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་དེས་ཤིན་ཏུ་བརྩོན་འགྲུས་བརྩམས་ཏེ་བཀླག་པར་བརྩམས་སོ། །དེས་ཀློག་ཅིང་ཁ་ཏོན་བྱེད་པ་ན་སྡེ་སྣོད་གསུམ་བཀླགས་ཤིང་སྡེ་
སྣོད་གསུམ་དང་ལྡན་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དུ་གྱུར་ཏོ། །དེ་ལ་དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་བརྩོན་འགྲུས་འདིས་ཅི་ཞིག་དོན་དུ་གཉེར། དེས་སྨྲས་པ། སྡིག་པའི་ལས་ཟད་པར་བྱའོ། །ཁྱོད་ཀྱིས་སྡིག་པའི་ལས་ཅི་ཞིག་བྱས།
ཕ་བསད་དོ་ཅི་ཕ་བའམ། འོན་ཏེ་སྐྱེད་ཕ་ཡིན། དེས་སྨྲས་པ། སྐྱེད་ཕ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ནི་གང་ཟག་ཕ་བསད་པ་
བསྙིལ་བར་འོས་པ་ཡིན་ཏེ། དགེ་སློང་དག་གང་ཟག་ཕ་བསད་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་དགེ་སློང་དག་ཁྱེད་ཀྱིས་གང་ཟག་ཕ་བསད་པ་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པར་འོངས་ན། དེས་

དེ་ལ་ཕ་བསད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེས་བསམས་པ། ཅི་དེ་འབབས་པར་བྱའམ། མཐའ་འཁོབ་ཅིག་ཏུ་འགྲོ་བར་བྱ་སྙམ་ནས། དེས་མཐའ་འཁོབ་ཏུ་སོང་སྟེ་ཁྱིམ་བདག་ཅིག་རྗེས་སུ་
འཇུག་པར་བྱས་སོ། །དེས་མངོན་པར་དད་པས་དེའི་ཕྱིར་གཙུག་ལག་ཁང་རྩིག་ཏུ་བཅུག་སྟེ། དེར་ཕྱོགས་དང་ཡུལ་ཐ་དད་པ་ན་འཁོད་པའི་དགེ་སློང་དག་གནས་ཤིང་དེའི་གདམས་ངག་གིས་མང་པོ་དག་གིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེ་དུས་གཞན་ཞིག་ན་ན་
བར་གྱུར་ནས་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དག་གིས་རིམ་གྲོ་བྱས་ན་ཉམ་དམས་པ་ཉིད་དུ་གྱུར་ནས། དེས་ལྷན་ཅིག་གནས་པ་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོའི་ཕྱིར་དགེ་འདུན་ལ་བསྲོ་ཁང་གྱིས་ཤིག །དེ་རྣམས་
ཀྱིས་དེའི་ཕྱིར་བསྲོ་ཁང་བྱས་སོ། །བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས་དེ་ཤི་ཤིང་དུས་ལ་བབ་ནས་སེམས་ཅན་དམྱལ་བ་ཆེན་པོ་
མནར་མེད་པར་སྐྱེས་སོ། །དེའི་ལྷན་ཅིག་གནས་པ་དགྲ་བཅོམ་པ་ཞིག་གིས་བདག་གི་མཁན་པོ་གང་དུ་སྐྱེས་ཞེས་སེམས་པ་ལ་ཞུགས་ནས། དེས་ལྷ་རྣམས་ཀྱི་ནང་དུ་རྣམ་པར་བལྟ་བར་བརྩམས་ན་མ་མཐོང་ཞིང་མི་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་རྣམ་པར་བལྟ་
བར་བརྩམས་ན། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་པར་མཐོང་ནས་དེས་བསམས་པ། མཁན་པོ་ནི་ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས་པ། ཆོས་ཀྱི་འཁོར་སྡུད་སྡུད་པ་ཡིན་ན་དེས་ལས་ཅི་ཞིག་བྱས་ན། དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་
སྐྱེས་སྙམ་ནས་བསམས་ན། ཕ་བསད་པ་ཡིན་པར་མཐོང་ངོ་། །དེ་མནར་མེད་པའི་འོད་ཟེར་དག་གིས་ཕོག་པ་དང་སྨྲས་པ། ཀྱེ་མ་བསྲོ་ཁང་འདི་མེ་རེ་ཚ་ཞེས་སྨྲས་པ་དང་། སེམས་ཅན་དམྱལ་བའི་སྲུང་མས་ཐོ་བ་བླངས་ཏེ་མགོར་བསྣུན་ནས་སྐལ་ཆད་ཁྱོད་ལ་བསྲོ་ཁང་ག་ལ་ཡོད།

འདི་ལྟར་འདི་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཡིན་ནོ་ཞེས་སྨྲས་སོ། །དེ་དགེ་བའི་སེམས་ཀྱིས་དུས་བྱས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོའི་ཆོས་ཉིད་ནི་སྐྱེས་ནས་རིང་པོ་མ་ལོན་པ་ལ་སེམས་གསུམ་སྐྱེ་
སྟེ། གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་སྐྱེས་པའོ། །དེས་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་ནས་ཤི་འཕོས་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དང་། དགེ་འདུན་ལ་བསྲོ་ཁང་གི་ཁྲུས་བྱས་པས་སྐྱེས་པ་མཐོང་
ངོ་། །དེ་ནས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་བདག་ཞག་ལོན་པར་གནས་ཏེ་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས། བདག་ཞག་ལོན་པར་མ་གནས་
པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོའོ་སྙམ་མོ། །དེ་ནས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུ་རྣ་ཆ་གདུབ་ཀོར་གཡོ་ཞིང་དྲི་མ་མེད་པ་ཐོགས་ཏེ། དོ་ཤལ་དང་སེ་མོ་དོས་བརྒྱན་པའི་ལུས་ཀྱིས་ལྷའི་ཨུཏྤལ་དང་། པད་མ་
དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་ཐུ་བ་བཀང་སྟེ། ཁ་དོག་ཤིན་ཏུ་འདས་པས་མཚན་མོ་ལ་བབ་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་མངོན་པར་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་
བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་སྔོན་སེམས་ཅན་དམྱལ་བའི་ལྷའི་བུའི་ཁ་དོག་གི་མཐུས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུའི་བསམ་པ་དང་། བག་
ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ནས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་

བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པར་མཛད་དོ། །དེས་བདེན་པ་མཐོང་ནས་བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས།
ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་
ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཡང་སྨྲས་
པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་པར་གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་
པས་མིག་ཐོབ་ཅིང་། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ་བར་གྱུར། །འགྲོ་བར་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བར་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་
མཆིས། །དེ་ནས་འདུད་བྱས་དོ་ཤལ་རབ་འཕྱང་བས། །ཞབས་ལ་ཕྱག་འཚལ་རངས་པ་སྐྱེས་གྱུར་ནས། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ལྷ་ཡི་འཇིག་རྟེན་མངོན་ཕྱོགས་མཁའ་ལ་སོང་། །དེ་ནས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུ་ཚོང་པ་ཁེ་སྤོགས་
རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཏོག་འབྱོར་པ་ལྟ་བུ་དང་། དཔའ་བོ་གཡུལ་ལས་རྣམ་པར་རྒྱལ་བ་ལྟ་བུ་དང་། ནད་པ་ནད་ཐམས་ཅད་ལས་ཡོངས་སུ་ཐར་བ་ལྟ་བུར་གྱུར་ཏེ། ཆ་ལུགས་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པའི་ཆ་ལུགས་དེ་ཉིད་ཀྱིས་རང་གི་གནས་སུ་

སོང་ངོ་། །དེའི་ལྷན་ཅིག་གནས་པ་དགེ་འདུན་གྱི་གནས་བརྟན་དགྲ་བཅོམ་པ་ཟས་ཀྱི་གྲལ་དུ་འདུག་སྟེ་དེའི་ལྷན་ཅིག་གནས་པ་གཞན་ཞིག་དགེ་འདུན་ལ་ཆུ་འགྲིམ་པར་བྱེད་དོ། །ཇི་ཙམ་ན་དགེ་འདུན་གྱི་གནས་བརྟན་དེས་ཆུ་ཁ་ཕོར་དུ་བླུགས་ནས་སོར་མོའི་རྩེ་མོས་རེག་
ན་ཤིན་ཏུ་གྲངས་ནས་དེས་བསམས་པ། བདག་ཅག་ནི་ཆུ་ཤིན་ཏུ་གྲང་མོ་འདི་ལྟ་བུ་འཐུང་ན་མཁན་པོ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ན་ཟངས་ཁུ་བསྐོལ་བ་འཐུང་ངོ་སྙམ་ནས། དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་རྣམ་པར་བལྟ་བར་བརྩམས་ན་མི་སྣང་ངོ་། །
དུད་འགྲོ་དང་། ཡི་དགས་དང་། མི་དང་། སེམས་ཅན་དམྱལ་བ་གཞན་རྣམས་སུ་ཡང་རྣམ་པར་བལྟས་ན་དེ་རྣམས་ན་ཡང་མི་སྣང་ནས། ལྷ་རྣམས་ཀྱི་ནང་དུ་རྣམ་པར་བལྟ་བར་བརྩམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། ལྷར་གྱུར་པས་བཅོམ་ལྡན་འདས་
ཀྱི་སྤྱན་སྔར་བདེན་པ་མཐོང་བར་བྱས་ཏེ། ལྷ་རྣམས་ཀྱི་ནང་ན་འདུག་པ་མཐོང་ནས་འཛུམ་པ་སྔོན་དུ་བཏང་སྟེ། བཅོམ་ལྡན་འདས་ལ་དད་པ་ཐོབ་ནས། ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་ཀྱི་ལེགས་པར་གསུངས་པ་ཉིད། འདི་ལྟར་སྡིག་པ་བྱེད་པ།
ལོག་པར་ལྟུང་བར་སོང་བ་དེ་ལྟ་བུ་དག་གིས་ཀྱང་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་བོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །མཁན་པོ་གཅིག་པ་དེས་དེ་རངས་ཤིང་མགུ་བ་དང་མཆོག་ཏུ་དགའ་བར་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་མཁན་པོ་དུས་ལ་བབ་པས་བདག་ནི་
དགེ་འདུན་གྱི་གནས་བརྟན་དུ་གྱུར་ཏོ་སྙམ་ནས་རངས་ཤིང་མགུ་བ་དང་མཆོག་ཏུ་དགའ་བར་གྱུར་ཏམ། དེས་སྨྲས་པ། ཚེ་དང་ལྡན་པ་རེ་ཞིག་ཁྱོད་ཀྱི་དྲི་བའི་ལན་གདབ་པའི་དུས་མ་ཡིན་གྱིས། དགེ་འདུན་གྱི་ནང་དུ་དྲིས་ཤིག་དང་། དེར་ཁྱོད་ཀྱི་དྲི་བའི་ལན་གདབ་པའི་དུས་ལ་
བབ་པར་འགྱུར་རོ། །ཇི་ཙམ་ན་དུས་གཞན་ཞིག་ན་དགེ་སློང་གི་དགེ་འདུན་ཚོགས་ཤིང་འཁོད་པ་ན་དགེ་འདུན་གྱི་གནས་བརྟན་གྱིས་མཁན་པོ་གཅིག་པ་དེ་ལ་དྲིས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་དེའི་ཚེ་ཅི་སྨྲས། དེས་སྨྲས་པ། ཁྱོད་ལ་ཁོ་བོས་ཁྱོད་མཁན་པོ་དུས་ལ་བབ་པས་བདག་དགེ་

འདུན་གྱི་གནས་བརྟན་དུ་གྱུར་ཏོ་སྙམ་ནས་རངས་ཤིང་མགུ་བ་དང་མཆོག་ཏུ་དགའ་བར་གྱུར་ཏམ་ཞེས་སྨྲས་སོ། །དེས་སྐབས་དེ་དགེ་འདུན་གྱི་ནང་དུ་དེ་ལ་རྒྱ་ཆེར་བརྗོད་པ་དང་དེ་ཡང་ཡི་རངས་ཤིང་དགེ་སློང་རྣམས་ཀྱང་ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་
ཀྱི་ལེགས་པར་གསུངས་པ་ཉིད། འདི་ལྟར་སྡིག་པ་བྱེད་པ། ལོག་པར་ལྟུང་བར་སོང་བ་དེ་ལྟ་བུ་དག་གིས་ཀྱང་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་བོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། །།སྡོམ་ལ། དགྲ་བཅོམ་བསད་དང་དགེ་འདུན་དབྱེན། །ངན་སེམས་ཀྱིས་ནི་ཁྲག་ཕྱུང་དང་། །ཕམ་པར་འགྱུར་བ་བཞི་པོ་
དང་། །གནས་ནས་དབྱུང་བ་གསུམ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྟང་བྲང་གི་ཚལ་གསེབ་ཏུ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་
ལྷ་བརྒྱད་ཁྲི་དང་། མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་འབུམ་ཕྲག་དུ་མ་དག་དང་ལྷན་ཅིག་བདེན་པ་དག་ལ་བཀོད་པ་ན། དེས་རང་གི་ཡུལ་དུ་དྲིལ་བསྒྲགས་པ་བྱེད་དུ་བཅུག་སྟེ། ངའི་ཡུལ་དུ་སུས་ཀྱང་ཆོམ་རྐུན་མི་བྱའོ། །གང་ཞིག་བྱེད་པ་ན་ངས་དེ་ཡུལ་མེད་པར་བྱ་ཞིང་སྐྱིན་པ་
ནི་ང་ཉིད་ཀྱི་མཛོད་དང་བང་བ་ནས་སྦྱིན་པར་བྱའོ་ཞེས་བསྒོའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གཞོན་ནུའི་དཔེའི་མདོ་སྡེས་བཏུལ་བ་དེའི་ཚེ་ན་དེས་ཀྱང་དྲིལ་བསྒྲགས་པ་བྱེད་དུ་བཅུག་སྟེ། ངའི་ཡུལ་དུ་སུས་ཀྱང་ཆོམ་རྐུན་མི་བྱའོ། །གང་ཞིག་བྱེད་ན་དེ་
གསད་པའི་གྱོད་ལ་བསྐྲིན་ཅིང་སྐྱིན་པ་ནི་ང་ཉིད་ཀྱི་མཛོད་དང་བང་བ་ནས་སྦྱིན་པར་བྱའོ་ཞེས་བསྒོ་བ་དང་། དེ་ནས་ཡུལ་མ་ག་དྷཱའི་ཆོམ་རྐུན་པ་གང་དག་ཡིན་པ་དང་། ཡུལ་ཀོ་ས་ལའི་ཆོམ་རྐུན་པ་གང་ཡིན་པ་དེ་དག་ས་མཚམས་ཀྱི་བར་དུ་དོང་སྟེ། འཁོད་ནས་ཡུལ་མ་ག་དྷཱ་ནས་དོན་མཐུན་
འོང་བ་གང་ཡིན་པ་དེ་ཡང་འཇོམས་པར་བྱེད་དོ། །ཡུལ་ཀོ་ས་ལ་ནས་དོན་མཐུན་འོང་བ་གང་ཡིན་པ་དེ་ཡང་འཇོམས་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་དོན་མཐུན་བསེལ་བ་དང་བཅས་པ་ཡུལ་མ་ག་དྷཱ་ནས་ཡུལ་ཀོ་ས་ལར་འཕགས་པ་དང་། གང་གི་ཚེ་ས་མཚམས་

གྱི་བར་དུ་ཕྱིན་པ་དེའི་ཚེ་དེད་དཔོན་དེས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་གསལ་རྒྱལ་དེ་ནི་གདུག་པ་ཕ་རོལ་གནོན་པ་ཡིན་པས་བདག་ཅག་ལ་སྐྱིན་པ་སྦྱིན་དུ་འཇུག་ནུས་པ་ཡིན་ན། བདག་ཅག་གིས་ཅིའི་ཕྱིར་བསེལ་བ་ལ་གླ་སྦྱིན་པར་བྱ། འདི་དག་
ཉིད་ནས་ཕྱིར་བཟློག་གོ་ཞེས་དེ་དག་ཕྱིར་བཟློག་སྟེ་དོན་མཐུན་དེ་ཚོགས་ཉུང་ངུར་ཆས་པ་དང་། ཆོམ་རྐུན་དེ་དག་གིས་ཀྱང་བྱ་མ་རྟ་བཙུགས་ཏེ་བསྡད་པ་དང་། དེས་དེ་མཐོང་ནས་ཤེས་ལྡན་དག་དོན་མཐུན་ཚོགས་ཉུང་ངུས་འོངས་ན་ཅིའི་ཕྱིར་བཏང་སྙོམས་སུ་འཁོད་ཅེས་སྨྲས་པ་དང་།
དེ་ནས་ཆོམ་རྐུན་པ་དེ་དག་གིས་དེར་ཚོང་པ་ཁ་ཅིག་ནི་སྲོག་དང་ཕྲལ་ལོ། །ཁ་ཅིག་ནི་ཟོང་བོར་ཏེ་བྲོས་སོ། །དགྲ་བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས་དགྲ་བཅོམ་པ་དོན་མཐུན་དེ་དང་འགྲོ་བ་ཞིག་ཀྱང་སྲོག་དང་ཕྲལ་ལོ། །དེ་ན་དོན་མཐུན་གང་དག་བྲོས་པ་
དེ་དག་མགོ་དང་ལུས་རྡུལ་གྱིས་ཡོག་སྟེ་ཀླད་པའི་སྐྲ་ཡོགས་ནས་ཀུ་ཅོ་འདོན་ཅིང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་ཕྱིན་ནས་ཐལ་མོ་སྦྱར་ཏེ་སྨྲས་པ། ལྷ་ཁྱོད་ཀྱི་ཡུལ་དུ་བདག་ཅག་ཚོང་བར་མི་རུང་བར་རྣམ་པར་བཞག་གོ། །ཅི་ཞིག་བྱས། བདག་ཅག་ཆོམ་རྐུན་པ་དག་གིས་
བཅོམ་མོ། །ཕྱོགས་གང་དུ། ག་གེ་མོ་ཞིག་ཏུའོ། །རྒྱལ་པོས་དམག་དཔོན་འཕགས་སྐྱེས་པོ་ལ་བསྒོ་བ། རྐུན་རྫས་དང་ཆོམ་རྐུན་པ་དག་མྱུར་དུ་ཁུག་ཤིག །དེས་དཔུང་གི་ཚོགས་ཡན་ལག་བཞི་པ་བསྒོ་ནས་ཕྱིར་བྱུང་བ་དང་ཆོམ་རྐུན་པ་དེ་དག་ཀྱང་གོ་ཆ་ཕུད་ནས་བག་ཡངས་
སུ་སཱ་ལའི་དགོན་པ་ཞིག་ན་རྐུན་རྫས་བགེད་ཅིང་འཁོད་པ་ལས། དམག་དཔོན་འཕགས་སྐྱེས་པོས་དེ་དག་ཕྱོགས་བཞིར་བསྐོར་ནས་དབུས་སུ་དུང་དང་། རྔ་པ་ཊ་ཧའི་སྒྲ་དག་གིས་སྐྲག་པར་བྱས་པ་དང་། དེ་རྣམས་ལས་ཁ་ཅིག་ནི་རྐུན་རྫས་བོར་ཏེ་བྲོས་སོ། །ཁ་ཅིག་ནི་བསད་དོ། །
དྲུག་བཅུ་ནི་གསོན་པོར་བཟུང་སྟེ་དེས་རྐུན་རྫས་དེ་ཡང་ཁྱེར་ནས་རྒྱལ་པོའི་དྲུང་དུ་སོང་སྟེ་སྨྲས་པ། ལྷ་ཆོམ་རྐུན་པ་དག་ནི་འདི་དག་ལགས་སོ། །རྐུན་རྫས་ནི་འདི་དག་ལགས་སོ། །དེ་ནས་རྒྱལ་པོས་དེ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་རྒྱལ་པོས་དྲིལ་བསྒྲགས་པ་

བྱེད་དུ་བཅུག་སྟེ། ངའི་ཡུལ་དུ་སུས་ཀྱང་ཆོམ་རྐུན་མི་བྱའོ། །གང་ཞིག་བྱེད་ན་དེ་གསད་པའི་གྱོད་ལ་བསྐྲིན་ཅིང་སྐྱིན་པ་ནི་ང་ཉིད་ཀྱི་མཛོད་དང་། བང་བ་ནས་སྦྱིན་ནོ་ཞེས་མ་ཐོས་སམ། དེ་དག་གིས་སྨྲས་པ། ལྷ་ཐོས་སོ། །འོ་ན་ཅིའི་ཕྱིར་ཚོང་པ་དག་བཅོམ། ལྷ་འཚོ་བ་
མ་མཆིས་སོ། །ཅིའི་ཕྱིར་སྲོག་དང་ཕྲལ། འཇིགས་པ་ཉེ་བར་བསྟན་པའི་སླད་དུའོ། །ཁྱོད་ཀྱིས་འཇིགས་པ་དེ་འདྲ་བ་ཉེ་བར་བསྟན་པ་དང་། ད་སྔོན་སུས་ཀྱང་མ་མཐོང་བ་གང་ཡིན་པའི་འཇིགས་པ་དེ་འདྲ་བ་ཉེ་བར་བསྟན་པར་བྱའོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་
བ། ཤེས་ལྡན་དག་དེང་ལ་འདི་དག་ཐམས་ཅད་སོད་ཅིག །དེ་དག་གིས་ལམ་པོ་ཆེ་དང་། སྲང་དང་། ལམ་གྱི་བཞི་མདོ་དང་། སུམ་མདོ་རྣམས་སུ་རྗེས་སུ་སྒྲོགས་ཤིང་གསད་པར་ཁྲིད་པ་ན་ཆོམ་རྐུན་པ་ཞིག་ལམ་དོག་པར་བྲོས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་དགེ་སློང་གི་གན་དུ་སོང་སྟེ་སྨྲས་
པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་སོ། །ཆོམ་རྐུན་པ་དེ་དག་ཀྱང་བསད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་རང་གི་རྒུད་པ་དང་། གཞན་གྱི་རྒུད་པ་དང་། རང་གི་འབྱོར་པ་དང་། གཞན་གྱི་
འབྱོར་པ་ལ་ཡང་དང་ཡང་དུ་སོ་སོར་རྟོགས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རང་གི་རྒུད་པ་དང་། གཞན་གྱི་རྒུད་པ་ནི་ཀུན་དུ་སྐྱོ་བར་འགྱུར་བའི་གནས་ཡིན་ལ། རང་གི་འབྱོར་པ་དང་། གཞན་གྱི་འབྱོར་བ་ཡང་ཀུན་དུ་སྐྱོ་བར་འགྱུར་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་
གསུངས་པས་ཇི་ཙམ་དུས་གཞན་ཞིག་ན་དགེ་སློང་རྣམས་དུར་ཁྲོད་རྒྱུར་འདོང་བ་ན་དགེ་སློང་དེ་ཡང་དེ་རྣམས་དང་ལྷན་ཅིག་དུར་ཁྲོད་རྒྱུར་སོང་བ་ལས་དེས་ཆོམ་རྐུན་པ་དེ་དག་བསད་པ་མཐོང་ནས་མཆི་མས་བརྣངས་ཏེ་འདུག་པར་གྱུར་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་
འདི་གསར་དུ་རབ་ཏུ་བྱུང་བ་ཡིན་ཡང་བསམ་པ་འདི་འདྲ་བར་བཟང་ངོ་། །དེས་སྐད་ཕྱུང་སྟེ་ངུ་བར་བརྩམས་པ་དང་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཅིའི་ཕྱིར་ཆོ་ངེས་འདེབས། དེས་སྨྲས་པ། འདི་ནི་བདག་གི་ཕའོ། །འདི་ནི་བདག་གི་ཕུ་ནུའོ། །འདི་ནི་ཁུ་བོའོ། །འདི་

ནི་ཞང་པོའོ། །དེ་རྣམས་ཀྱིས་སྨྲས་པ། འདི་རྣམས་ཀྱིས་དགྲ་བཅོམ་པ་སྲོག་དང་ཕྲལ་ལམ། དེས་སྨྲས་པ། ཕྲལ་ལོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་
དག་གང་ཟག་འདི་ནི་དགྲ་བཅོམ་པ་བསད་པ་ཡིན་ཏེ། གང་ཟག་དགྲ་བཅོམ་པ་བསད་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་དགེ་སློང་དག་ཁྱེད་ཀྱིས་གང་ཟག་དགྲ་བཅོམ་པ་བསད་པ་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་
བར་འདོད་པ་འོངས་ན། དེས་དེ་ལ་དགྲ་བཅོམ་པ་བསད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད། བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ།
བཙུན་པ་གང་གིས་སྔོན་རབ་ཏུ་ཕྱུང་བ་ན་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཕྱེ་བ་དེ་གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ན། རབ་ཏུ་དབྱུང་བར་བགྱིའམ་རབ་ཏུ་དབྱུང་བར་མི་བགྱི།
ཉེ་བ་འཁོར་རབ་ཏུ་དབྱུང་བར་མི་བྱའོ། །དེ་ལྟ་བས་ན་འགའ་ཞིག་གི་གན་དུ་རབ་ཏུ་དབྱུང་བར་འདོད་པ་འོངས་ན། དེས་དེ་ལ་དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་
རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་གང་གིས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ན།
རབ་ཏུ་དབྱུང་བར་བགྱིའམ། རབ་ཏུ་དབྱུང་བར་མི་བགྱི། ཉེ་བ་འཁོར་རབ་ཏུ་དབྱུང་བར་མི་བྱའོ། །དེ་ལྟ་བས་ན་འགའ་ཞིག་གི་གན་དུ་རབ་ཏུ་དབྱུང་བར་འདོད་པ་འོངས་ན། དེས་དེ་ལ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་

པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་སྔོན་གང་རབ་ཏུ་འབྱུང་བ་ན་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་དེ་གལ་ཏེ་ལེགས་པར་གསུངས་པའི་
ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ན། རབ་ཏུ་དབྱུང་བར་བགྱིའམ། རབ་ཏུ་དབྱུང་བར་མི་བགྱི། ཉེ་བ་འཁོར་རབ་ཏུ་དབྱུང་བར་མི་བྱའོ། །དེ་ལྟ་བས་ན་འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོང་བ་འོངས་ན།
དེས་དེ་ལ་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་
དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་གང་ཟག་མ་མཐོང་བས་གནས་ནས་ཕྱུང་བ་བབས་པ་ཞིག་ཡང་ཕྱིར་འོངས་ནས། ཚེ་དང་ལྡན་པ་དག་ལྟུང་བ་མཐོང་གིས་བདག་རབ་ཏུ་དབྱུང་བར་གསོལ་ཞེས་
ཟེར་ན་དེ་རབ་ཏུ་དབྱུང་བར་བྱའོ། །རབ་ཏུ་ཕྱུང་ནས་ཚེ་དང་ལྡན་པ་དག་ལྟུང་བ་བཤགས་པར་བྱས། བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་ཟེར་ན་བསྙེན་པར་རྫོགས་པར་བྱའོ། །ཇི་སྟེ་བསྙེན་པར་རྫོགས་ནས་ལྟུང་བ་མ་མཐོང་ངོ་ཞེས་ཟེར་ན། གལ་ཏེ་དགེ་འདུན་
ཚོགས་པ་ཡོད་ན་ཡང་མ་མཐོང་བས་གནས་ནས་དབྱུང་བར་བྱའོ། །གལ་ཏེ་ཚོགས་པ་མེད་ལ་ཇི་སྟེ་བསྙེན་པར་རྫོགས་ན་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཏེ། འདི་ལྟར་གང་ཟག་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་
པ་དགེ་སློང་གི་དངོས་པོ་རྙེད་པར་དཀའ་བ་ཡིན་པའི་ཕྱིར་རོ། །མ་མཐོང་བས་གནས་ནས་ཕྱུང་བ་ཇི་ལྟ་བ་བཞིན་དུ་ཕྱིར་མི་འཆོས་པས་གནས་ནས་ཕྱུང་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་ཕྱུང་བ་ཡང་དེ་བཞིན་ནོ།། །།སྡོམ་ལ། ལག་

རྡུམ་དག་དང་རྐང་རྡུམ་དང་། །ལག་སོར་ཟླུམ་པོར་འཇས་པ་དང་། །མཆུ་མེད་ལུས་ལ་རྨ་མཚན་ཅན། །རྒན་ཆེས་པ་དང་གཞོན་ཆེས་དང་། །ཐེང་པོ་སྨད་འཆར་ཞར་བ་དང་། །ལག་སོར་རྡུམ་སྒུར་མིའུ་ཐུང་དང་། །ལྦ་བ་ལྐུགས་པ་འོན་པ་དང་། །རྟེན་
འཕྱེ་དང་ནི་རྐང་འབམ་དང་། །བུད་མེད་ཀྱིས་དུབ་ཁུར་གྱིས་དུབ། །མི་གང་ལམ་གྱིས་དུབ་རྣམས་དང་། །ཡ་ཟ་མ་ལུག་གཏའ་གམ་དང་། །དེ་ལྟ་བུ་ཡི་མི་རྣམས་ནི། །དྲང་སྲོང་ཆེན་པོས་དགག་པ་མཛད། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་
པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་གང་རབ་ཏུ་བྱུང་བ་དང་
བསྙེན་པར་རྫོགས་པར་བྱས་པ་དེས་ཇི་སྲིད་དུ་འདི་དག་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་ཡིན་ནོ་ཞེས་བྱ་བར་མི་ཤེས་པ་དེ་སྲིད་དུ་དེ་དེ་དག་དང་ལྷན་ཅིག་གནས་པར་བྱེད་ལ། གང་གི་ཚེ་ཤེས་པར་གྱུར་པ་དེའི་ཚེ་དགེ་སློང་རང་བཞིན་དུ་གནས་པ་དག་དང་ལྷན་ཅིག་གནས་པར་བྱེད་དེ།
སྟོན་པའི་བཀའ་ལུང་གིས་དུས་གསུམ་དུ་འགྲོ་བའི་ཕྱིར་བལྟ་བ་འབའ་ཞིག་བྱེད་དོ། །དེ་ནས་དེ་དག་གིས་གྲོས་བྱ་བར་བརྩམས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་བཙས་འཕྲོག་པ་དང་འདྲ་སྟེ། བདག་ཅག་གིས་རབ་ཏུ་ཕྱུང་བ་རྣམས་འདི་དག་གིས་འཕྲོག་
པར་བྱེད་ཀྱིས། ད་ནི་ལྷུང་བཟེད་ནག་པོ་ཅན་རྣམས་ཀྱིས་དབྲོག་པར་མི་འགྱུར་བ་གང་ཡིན་པ་དེ་འདྲ་བ་རབ་ཏུ་དབྱུང་བར་བྱའོ་ཞེས་གྲོས་བྱས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཉེ་དགའ་ཀུན་དུ་འཁྱམ་པས་མི་ལག་རྡུམ་ཞིག་མཐོང་ནས་སྨྲས་པ། བཞིན་བཟངས་ཅིའི་ཕྱིར་རབ་ཏུ་མི་
འབྱུང་། དེས་སྨྲས་པ། འཕགས་པ་བདག་ལག་པ་མ་ཚང་བ་སུ་ཞིག་གིས་རབ་ཏུ་འབྱིན་པར་བགྱིད། ཉེ་དགའས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཐུགས་རྗེས་རབ་ཏུ་ཕྱེ་བ་ཡིན་གྱིས། ཁོ་བོས་ཁྱོད་རབ་ཏུ་དབྱུང་བར་བྱའོ་ཞེས་དེས་དེ་རབ་ཏུ་ཕྱུང་

ཞིང་བསྙེན་པར་རྫོགས་པར་བྱས་སོ། །དེ་ནས་ཞག་གཉིས་སམ་གསུམ་ཞིག་ཀུན་དུ་སྤྱོད་པའི་ཆོས་རྣམས་བསླབས་ནས་སྨྲས་པ། བཞིན་བཟངས་རི་དགས་ཀྱིས་རི་དགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཡབ་ཀྱི་སྤྱོད་ཡུལ་ཡིན་པས་བསོད་སྙོམས་རྒྱུས་
ལ་འཚོ་བར་གྱིས་ཤིག །དེས་སྨྲས་པ། མཁན་པོ་ཇི་ལྟར་བསོད་སྙོམས་རྒྱུ་བར་བགྱི། དེས་སྨྲས་པ། ཁྱོད་ཀྱིས་དེ་ཙམ་ཡང་མི་ཤེས་སམ། ངས་ཁྱོད་ལ་བསྟན་པར་བྱའོ་ཞེས་དེས་དེའི་ཤམ་ཐབས་ནི་སྲད་བུས་བཅིངས། ཆོས་གོས་ནི་ཚེར་མས་གཏུར་ཏེ་བསྐོན། དཔུང་
པ་གཡོན་པར་ནི་ལྷུང་བཟེད་ཀྱི་སྣོད་བཞག །དཔུང་པ་གཡས་པར་ནི་ཁར་གསིལ་བཏགས་སོ། །དེ་ནས་དེ་མཉན་ཡོད་དུ་སྤྱོད་ཡུལ་དུ་ཞུགས་པ་དང་བུད་མེད་ཀྱིས་བྲང་བརྡུངས་ནས་སྨྲས་པ། འཕགས་པ་སུས་ཁྱོད་རབ་ཏུ་བྱུང་བའི་ལག་པ་གཉིས་བཅད། དེས་སྨྲས་པ། སྲིང་མོ་
ཁྱིམ་པ་ནས་ཁོ་བོའི་ལག་པ་ཆད་དེ། རབ་ཏུ་བྱུང་ནས་ཆད་པ་མ་ཡིན་ནོ། །སུས་རབ་ཏུ་ཕྱུང་། དེས་སྨྲས་པ། མཁན་པོ་ཉེ་དགའས་སོ། །དེ་རྣམས་ཀྱིས་སྨྲས་པ། གནས་ངན་ལེན་ཀུན་དུ་སྤྱོད་པ་དེ་མ་གཏོགས་པས་གཞན་སུ་ཞིག་འདི་ལྟ་བུ་རབ་ཏུ་འབྱིན་པར་བྱེད་ཅེས་ཟེར་
བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ནི་དགེ་སློང་དག་ལག་རྡུམ་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་
སློང་གིས་ལག་རྡུམ་རབ་ཏུ་དབྱུང་བར་མི་བྱ་བསྙེན་པར་རྫོགས་པར་མི་བྱའོ། །རབ་ཏུ་འབྱིན་པར་བྱེད། བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ལག་རྡུམ་ཇི་ལྟ་བ་དེ་བཞིན་དུ་རྐང་རྡུམ་དང་། ལག་སོར་ཟླུམ་པོར་འཇས་པ་དང་། མཆུ་མེད་པ་དང་། ལུས་
ལ་རྨ་མཚན་ཅན་དང་། རྒན་ཆེས་པ་དག་ཀྱང་དེ་བཞིན་ནོ། །དགེ་སློང་དག་གཞོན་ཆེས་པ་དག་རབ་ཏུ་འབྱིན་པར་བྱེད་ནས་དེ་དག་གིས་དགེ་འདུན་གྱི་གནས་མལ་བཤང་གཅིས་མ་རུང་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཀྱང་རབ་ཏུ་དབྱུང་བར་མི་བྱའོ། །

ཐེང་པོ་དག་རབ་ཏུ་འབྱིན་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཀྱང་རབ་ཏུ་དབྱུང་བར་མི་བྱའོ། །སྨད་འཆལ་དང་། ཞར་བ་དང་། ལག་སོར་རྡུམ་པོ་དང་། སྒུར་པོ་དང་། མིའུ་ཐུང་དང་། ལྦ་བ་ཅན་དང་། ལྐུགས་པ་དང་།
འོན་པ་དང་། རྟེན་འཕྱེ་དང་། རྐང་འབམ་དག་རབ་ཏུ་འབྱིན་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུ་དག་ཀྱང་རབ་ཏུ་དབྱུང་བར་མི་བྱའོ། །རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་དག་བུད་མེད་ཀྱིས་དུབ་པ་དང་། ཁུར་
གྱིས་དུབ་པ་དང་། ལམ་གྱིས་དུབ་པ་དང་། ཡ་ཟ་མ་ལུག་དང་། གཏའ་གམ་བ་དག་རབ་ཏུ་འབྱིན་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུ་དག་ཀྱང་རབ་ཏུ་དབྱུང་བར་མི་བྱའོ། །རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བསྡུ་
བར་བྱ་བའི་སྐབས་སོ། །རབ་ཏུ་འབྱུང་བའི་གཞི་རྫོགས་སྷོ།། །།གསོ་སྦྱོང་གི་གཞིའི་སྡོམ་ལ། མུ་སྟེགས་ཅན་དང་ཀ་བི་ན། །གནས་དང་རྒྱལ་པོ་སྦྱར་བ་མང་། །སྡོམ་ལ། མུ་སྟེགས་ཅན་དང་གསོལ་བ་དང་། །གནང་བ་དང་ནི་འདུག་པ་དང་། །བབ་
ཅོལ་སྤོང་དང་ཞལ་ཏ་དང་། །བྱ་དང་གསོ་སྦྱོང་གནས་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་རབ་ཏུ་མང་པོ་དག་ནང་པར་ནང་པར་ཞིང་བཅོམ་ལྡན་འདས་ལ་
བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བར་བརྩོན་པར་གྱུར་ཏོ། །དེ་ནས་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་རབ་ཏུ་མང་པོ་དག་འདི་སྙམ་དུ་སེམས་ཏེ། ད་ལྟར་བཅོམ་ལྡན་འདས་ཀྱང་ནང་དུ་ཡང་དག་པར་འཇོག་པར་མཛད་ལ། དགེ་སློང་ཡིད་དུ་འཐད་པ་རྣམས་ཀྱང་ནང་དུ་ཡང་
དག་འཇོག་པར་བྱེད་པས་བདག་ཅག་རེ་ཞིག་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འདོང་བ་སྔས་ཀྱིས། བདག་ཅག་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་དག་གི་ཀུན་དགའ་ར་བ་ག་ལ་བ་དེར་དོང་ངོ་སྙམ་མོ་དེ་ནས་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་རབ་ཏུ་མང་པོ་དག་གཞན་

མུ་སྟེགས་ཅན་ཀུན་དུ་རྒྱུ་དག་གི་ཀུན་དགའ་ར་བ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་དག་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་མཐའ་གཅིག་ཏུ་འཁོད་དོ། །
དེ་ནས་མུ་སྟེགས་ཅན་ཞིག་གིས་མུ་སྟེགས་ཅན་དག་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་བདག་ཅག་འབའ་ཞིག་ལ་འདུག་པ་དང་བྱ་བ་དང་གསོ་སྦྱོང་ཡོད་དམ། འོན་ཏེ་ཤཱཀྱའི་བུའི་དགེ་སྦྱོང་དག་ལ་ཡང་ཡོད། དེ་ནས་མུ་སྟེགས་ཅན་ཞིག་གིས་མུ་སྟེགས་ཅན་
དག་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་བདག་ཅག་འབའ་ཞིག་ལ་འདུག་པ་དང་བྱ་བ་དང་གསོ་སྦྱོང་ཡོད་ཀྱི། ཤཱཀྱའི་བུའི་དགེ་སྦྱོང་དག་ལ་ནི་མེད་དོ། །དེ་ནས་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་རབ་ཏུ་མང་པོ་དག་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་དག་གིས་སྨྲས་པ་ལ་
མངོན་པར་བསྟོད་པར་ཡང་མི་བྱེད། ཕྱིར་ལྡོག་པར་ཡང་མི་བྱེད་ཅིང་མངོན་པར་བསྟོད་པ་ཡང་མ་བྱས། ཕྱིར་བཟློག་པར་ཡང་མ་བྱས་པར་སྟན་དག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་
ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་རབ་ཏུ་མང་པོ་དག་གིས་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་དག་དང་ལྷན་ཅིག་བར་སྐབས་སུ་གཏམ་ཅི་བརྗོད་པ་དེ་ཐམས་ཅད་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ནས་
འདི་སྐད་ཅེས་ཀྱང་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ཅག་གི་ལ་ཡང་མཆིས་པ་དང་། བགྱི་བ་དང་། གསོ་སྦྱོང་བཅའ་བར་གསོལ། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་རབ་ཏུ་མང་པོ་དག་ལ་ཅང་མི་གསུང་བས་
གནང་ངོ་། །དེ་ནས་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་པ་དང་རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །

དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་དེང་ཕྱིན་ཆད་འདུག་པ་དང་། བྱ་བ་དང་། གསོ་སྦྱོང་ལ་ཏྲོན་བྱ་བར་རྗེས་སུ་གནང་ངོ་། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་དེང་ཕྱིན་
ཆད་འདུག་པ་དང་། བྱ་བ་དང་། གསོ་སྦྱོང་ལ་ཏྲོན་བྱ་བར་རྗེས་སུ་གནང་ངོ་ཞེས་བཀའ་སྩལ་ནས། དེ་དག་གིས་འདུག་པ་ཅི་ལྟ་བུ་ཡིན་པ་དང་། བྱ་བ་ཅི་ལྟ་བུ་ཡིན་པ་དང་། གསོ་སྦྱོང་ཅི་ལྟ་བུ་ཡིན་པ་མི་ཤེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་
ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཚུར་ཤོག །འདུག་པ་ནི་རྣལ་འབྱོར་ཏེ། ལུས་འདི་ཉིད་རྐང་པའི་མཐིལ་ཡན་ཆད་ཀླད་པའི་སྐྲ་མན་ཆད་པགས་པ་ལ་ཐུག་གི་བར་དུ་ཇི་ལྟར་གནས་པ་དང་། ཅི་ལྟར་བྱས་པ་
བཞིན་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་སྟེ། ལུས་འདི་ལ་སྐྲ་དང་ཁ་སྤུ་དང་། སེན་མོ་དང་སོ་དང་། རྡུལ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། མཆིན་པ་དང་། གློ་བ་དང་། རྒྱུ་
མ་དང་། གཉེ་མ་དང་། ཕོ་བ་དང་། ལོང་ཀ་དང་། ལྒང་པ་དང་། མཚེར་པ་དང་། ཕྱི་ས་དང་། མཆི་མ་དང་། སྣབས་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། མཁྲིས་པ་དང་། བད་ཀན་དང་། རྣག་དང