Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 001_འདུལ་བ།_ཀ
Văn bản gốc(Tây Tạng)
Trang 5 / 19 (50.000 ký tự/trang)
ཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་ པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། མདོ་སྡེ་ལ་མཁས་པ་དང་། འདུལ་བ་ལ་མཁས་པ་དང་། མ་མོ་ལ་མཁས་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་ བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། མདོ་སྡེ་རིག་པ་དང་། འདུལ་བ་རིག་པ་དང་། མ་ མོ་རིག་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་ རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། མདོ་སྡེ་ལ་གསལ་བ་དང་། འདུལ་བ་ ལ་གསལ་བ་དང་། མ་མོ་ལ་གསལ་བ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། ལྷན་ཅིག་ གནས་པ་དང་ཉེ་གནས་རྣམས་མདོ་སྡེ་འཛིན་དུ་འཇུག་ནུས་པ་དང་། འདུལ་བ་འཛིན་དུ་འཇུག་ནུས་པ་དང་། མ་མོ་འཛིན་དུ་འཇུག་ནུས་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་ འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་ལ་སློབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་པ་སྟེ། ལོ་བཅུ་ལོན་པ་ཆོས་ ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་ རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་ པ་ལ་སློབ་ཏུ་འཇུག་ནུས་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་ སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་ པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། ལྷག་པའི་སྤྱོད་པ་ལ་སློབ་པ་དང་། ལྷག་པའི་འདུལ་བ་ལ་སློབ་པ་དང་། ལྷག་པའི་སོ་སོར་ཐར་པ་ལ་སློབ་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་ པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་ རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལྷག་པའི་སྤྱོད་པ་ལ་སློབ་ཏུ་འཇུག་ ནུས་པ་དང་། ལྷག་པའི་འདུལ་བ་ལ་སློབ་ཏུ་འཇུག་ནུས་པ་དང་། ལྷག་པའི་སོ་སོར་ཐར་པ་ལ་སློབ་ཏུ་འཇུག་ནུས་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་ བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ ཞེ་ན། དད་པ་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ཐོས་པ་ཕུན་སུམ་ཚོགས་པ་དང་། གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་ པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་ གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་དང་། རྣམ་པར་གྲོལ་བ་ ཤེས་པ་དང་མཐོང་བ་ཕུན་སུམ་ཚོགས་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། ཤེས་རབ་དང་ལྡན་པ་དང་། དྲན་པ་དང་ལྡན་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་ པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། ཤེས་རབ་དང་ལྡན་པ་དང་། ནང་དུ་ཡང་དག་བཞག་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། ། ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། ཤེས་རབ་དང་ལྡན་པ་དང་། མཉམ་པར་བཞག་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་ སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་ གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་དང་། སློབ་པའི་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པ་དང་། སློབ་པའི་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ་དང་། སློབ་པའི་རྣམ་པར་གྲོལ་བའི་ཕུང་པོ་དང་ལྡན་པ་དང་། སློབ་པའི་རྣམ་ པར་གྲོལ་བ་ཤེས་པ་དང་མཐོང་བའི་ཕུང་པོ་དང་ལྡན་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་དང་། མི་ སློབ་པའི་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པ་དང་། མི་སློབ་པའི་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ་དང་། མི་སློབ་པའི་རྣམ་པར་གྲོལ་བའི་ཕུང་པོ་དང་ལྡན་པ་དང་། མི་སློབ་པའི་རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བའི་ཕུང་པོ་དང་ལྡན་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་ རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་ པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། བྱུང་བ་ཤེས་པ་དང་། བཅས་པ་ཤེས་པ་དང་། རྗེས་སུ་བཅས་པ་ཤེས་པ་དང་། བཀག་པ་ཤེས་པ་དང་། གནང་བ་ཤེས་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་ དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་ པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། བར་དུ་གཅོད་པ་ཤེས་པ་དང་། བར་དུ་གཅོད་པ་མ་ཡིན་པ་ཤེས་པ་དང་། སྨྲ་བ་པོ་དང་། རྗེས་སུ་སྟོན་པ་དང་། ལྷན་ཅིག་གནས་པ་ དང་ཉེ་གནས་རྣམས་གནས་འཆར་གཞུག་ནུས་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། བར་དུ་གཅོད་པ་ཤེས་པ་དང་། བར་དུ་གཅོད་པ་མ་ཡིན་པ་ ཤེས་པ་དང་། སྨྲ་བ་པོ་དང་། རྗེས་སུ་སྟོན་པ་དང་། ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་རེ་ཞིག་གི་གནས་འཆར་གཞུག་ནུས་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་ བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །གཞན་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་ འདུག་པར་བྱའོ། །ལྔ་གང་ཞེ་ན། ལྟུང་བ་ཤེས་པ་དང་། ལྟུང་བ་མ་ཡིན་པ་ཤེས་པ་དང་། ཡང་བ་ཤེས་པ་དང་། ལྕི་བ་ཤེས་པ་དང་། སོ་སོར་ཐར་པའི་མདོ་གདོན་པ་དང་རྒྱས་པ་བཀླགས་པ་དང་ཐོན་པ་སྟེ། ལོ་བཅུ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལོ་བཅུ་ལོན་པ་ཆོས་ལྔ་དང་ ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ་ཞེས་བཀའ་སྩལ་ན། བཙུན་པ་དགེ་སློང་བསྙེན་པར་རྫོགས་ནས་ལོ་དྲུག་བཅུ་ལགས་ལ། དེས་སོ་སོར་ཐར་པའི་ མདོ་གདོན་པ་དང་། རྒྱས་པ་བཀླགས་པ་དང་། ཐོན་པ་མ་ལགས་ན་དེས་ཀྱང་གཞན་ལ་གནས་པས་མཆིས་པར་བགྱིའམ། ཉེ་བ་འཁོར་དེས་ཀྱང་གཞན་ལ་གནས་པས་འདུག་པར་བྱའོ། །བཙུན་པ་དེ་ལ་ཇི་སྐད་ཅེས་བགྱི། ཉེ་བ་འཁོར་གནས་བརྟན་བྱིས་པ་ཞེས་ བྱའོ། །གང་ལ་གནས་པས་མཆིས་པར་བགྱི། གལ་ཏེ་ཆེས་རྒན་པ་ཡོད་ན་ཆེས་རྒན་པ་ལ་གནས་པས་འདུག་པར་བྱའོ། །གལ་ཏེ་ཆེས་རྒན་པ་མེད་ན་ཆེས་གཞོན་པ་ལ་གནས་པར་འདུག་པར་བྱའོ། །བཙུན་པ་ཅི་ལགས་དེས་དེ་ལ་ཐམས་ཅད་བགྱིའམ། ཉེ་བ་འཁོར་ ཐམས་ཅད་བྱ་སྟེ། འདུད་པ་འབའ་ཞིག་མ་གཏོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་སུ་དབྱར་གནས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་ན་རྒྱལ་པོའི་ཁབ་ཏུ་དགེ་སློང་གནས་བརྟན་དག་ནི་ཉུང་གསར་བུ་དག་ནི་མང་དུ་དབྱར་ གནས་པར་ཁས་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབྱར་ཟླ་བ་གསུམ་འདས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་ལྷོའི་རི་བོ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ལྷོའི་རི་བོ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག །ཅེས་བསྒོ་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། དགེ་སློང་ རྣམས་ལ་ཚེ་དང་ལྡན་པ་དག་དེ་བཞིན་གཤེགས་པ་ལྷོའི་རི་བོ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ལྷོའི་རི་བོ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་བ་དང་། དགེ་སློང་གནས་ བརྟན་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་ནི་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་རྒས་པའི་ཕྱིར་རོ། །དགེ་སློང་གསར་བུ་རྣམས་ཀྱིས་ཀྱང་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་ ཀྱང་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གསར་བུ་ཡིན་ལ་བདག་ཅག་གི་མཁན་པོ་དང་སློབ་དཔོན་དག་མི་འདོང་བས་བདག་ཅག་གི་མཁན་པོ་དང་སློབ་དཔོན་དག་མི་འདོང་ན་བདག་ཅག་མྱུར་དུ་ལྡོག་པ་དང་། སྐྱེན་པར་ལྡོག་ དགོས་པ་དང་། འདི་ལྟ་སྟེ་གནས་བཙལ་བས་ཡང་དང་ཡང་དུ་བཙལ་བར་བྱ་དགོས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་དབྱར་ཟླ་བ་གསུམ་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ཞིང་འཁོར་ཉུང་ཤས་ཤིག་དང་ལྷུང་བཟེད་དང་ཆོས་གོས་བསྣམས་ ཏེ་ལྷོའི་རི་བོ་དག་ཏུ་ལྗོངས་རྒྱུར་གཤེགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལྗོངས་རྒྱུར་གཤེགས་པ་རྣམས་ཀྱི་ཆོས་ཉིད་ནི་ལ་ལས་ལེགས་པར་མ་སྦྱངས་པ་དང་། ལེགས་པར་མ་བགོས་པ་དང་། ཁུར་ཐོགས་པའམ། གཅིག་ཏུ་མ་གྱུར་ཏམ་སྙམ་པས་སྐུ་ཐམས་ཅད་ཀྱི་གཡས་ ནས་གླང་པོ་ཆེའི་ལྟ་ལྟངས་ཀྱིས་རྣམ་པར་གཟིགས་པ་མཛད་པ་ཡིན་པས། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་ཐམས་ཅད་ཀྱི་གཡས་ནས་གླང་པོ་ཆེའི་ལྟ་སྟངས་ཀྱིས་རྣམ་པར་གཟིགས་སོ། །བཅོམ་ལྡན་འདས་ལྗོངས་རྒྱུར་གཤེགས་པས་སྐུ་ཐམས་ཅད་ཀྱི་གཡས་ ནས་གླང་པོ་ཆེའི་ལྟ་སྟངས་ཀྱིས་རྣམ་པར་གཟིགས་ན་དེ་བཞིན་གཤེགས་པའི་འཁོར་ཉུང་བར་གཟིགས་སོ། །གཟིགས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་སུ་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་དང་མི་ལྡན་པ་མི་རྨེད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལན་པ་རྨེད་པ་ལ་དུས་ མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ད་ལྟར་དེ་བཞིན་གཤེགས་པའི་འཁོར་ཉུང་བར་གྱུར་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བཙུན་པ་རྒྱལ་པོའི་ཁབ་འདིར་དགེ་སློང་གནས་བརྟན་དག་ནི་ ཉུང་། གསར་བུ་དག་ནི་མང་དུ་དབྱར་གནས་པར་མཆིད་ཀྱིས་འཚལ་ཅིང་། དགེ་སློང་གནས་བརྟན་རྣམས་ནི་འདི་སྐད་ཅེས། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་ནི་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་རྒས་པའི་ ཕྱིར་རོ། །ཞེས་མཆི། དགེ་སློང་གསར་བུ་རྣམས་ཀྱང་འདི་སྐད་ཅེས། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་ཀྱང་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གསར་བུ་ཡིན་ལ་བདག་ཅག་གི་མཁན་པོ་དང་སློབ་དཔོན་མི་ འདོང་བས་བདག་ཅག་གི་མཁན་པོ་དང་སློབ་དཔོན་དག་མི་འདོང་ན་མྱུར་དུ་ལྡོག་པ་དང་། སྐྱེན་པར་ལྡོག་དགོས་པ་དང་། འདི་ལྟ་སྟེ་གནས་བཙལ་བས་ཡང་དང་ཡང་དུ་བཙལ་བར་བྱ་དགོས་པའི་ཕྱིར་རོ་ཞེས་མཆི་སྟེ། བཙུན་པ་ད་ལྟར་དེ་བཞིན་གཤེགས་པའི་འཁོར་ཉུང་བར་གྱུར་པའི་ རྒྱུ་ནི་དེ་ལགས། རྐྱེན་ནི་དེ་ལགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་ལོ་ལྔ་ལོན་པ་ཆོས་ལྔ་དང་ལྡན་པས་མི་གནས་པར་ལྗོངས་རྒྱུར་འགྲོ་བར་རྗེས་སུ་གནང་ངོ་། །ལྔ་གང་ཞེ་ན། ལྟུང་བ་ཤེས་པ་དང་། ལྟུང་བ་མ་ཡིན་པ་ཤེས་པ་དང་། ཡང་བ་ཤེས་པ་དང་། ལྕི་བ་ཤེས་པ་དང་། སོ་སོར་ཐར་པའི་མདོ་གདོན་པ་དང་། རྒྱས་པ་བཀླགས་པ་དང་། ཐོན་པ་སྟེ། ལོ་ལྔ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་མི་གནས་པར་ལྗོངས་རྒྱུར་འགྲོ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ལོ་ལྔ་ལོན་པ་ཆོས་ལྔ་དང་ལྡན་པས་མི་གནས་པར་ལྗོངས་རྒྱུར་འགྲོ་བར་བྱའོ། །ཞེས་བཀའ་སྩལ་ན། བཙུན་པ་དགེ་སློང་ལོ་དྲུག་ལགས་ལ། དེས་སོ་སོར་ཐར་པའི་མདོ་གདོན་པ་དང་། རྒྱས་པ་བཀླགས་པ་དང་། ཐོན་པ་མ་ལགས་ན། དེས་ ཀྱང་མི་གནས་པར་ལྗོངས་རྒྱུར་མཆི་བར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ལྔ་དང་ལྡན་པ་ལ་བཅའ་བ་བརྟེན་པའི་ཕྱིར་རོ། །བཙུན་པ་ལོ་བཞི་ལགས་ལ། དེས་སོ་སོར་ཐར་པའི་མདོ་གདོན་པ་དང་། རྒྱས་པ་བཀླགས་པ་དང་། ཐོན་པ་ལགས་ན། དེས་ཀྱང་མི་གནས་པར་ལྗོངས་རྒྱུར་མཆི་བར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལོ་ལྔ་ལོན་པ་ལ་བཅའ་བ་བརྟེན་པའི་ཕྱིར་རོ། །བཙུན་པ་གསུམ་རིག་པ། དྲི་མ་གསུམ་སྤངས་ལ། དེ་ལོ་ལྔ་མ་ལགས་ཤིང་ཆོས་ལྔ་དང་མི་ལྡན་ན་དེས་ཀྱང་མི་གནས་པར་ ལྗོངས་རྒྱུར་མཆི་བར་མི་བགྱིའམ། ཉེ་བ་འཁོར་མི་བྱའོ།། །།བར་སྡོམ་ལ། ལོ་བཅུ་འཛིན་དང་མཁས་པ་དང་། །རིག་དང་གསལ་དང་འཛིན་འཇུག་དང་། །སློབ་དང་སློབ་འཇུག་རྣམ་གཉིས་དང་། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་ སློབ་བྱུང་ཤེས་དང་། །གནས་འཆའ་འཆར་གཞུག་ལྟུང་བ་ཤེས། །ལྷོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །གནས་ཀྱི་སྐབས་རྫོགས་སྷོ།། །།སྡོམ་ལ། མུ་སྟེགས་ཅན་དང་ཉི་ཤུ་དང་། །དགེ་ཚུལ་བཅྭ་ལྔ་མ་ལོན་པའོ། །སངས་རྒྱས་ བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་རྒན་ཞུགས་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཞིག་གིས་གཞན་མུ་སྟེགས་ཅན་ཞིག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་ པར་བྱས་པ་ན་དགེ་སློང་རྣམས་དང་ལྷན་ཅིག་རྩོད་པ་འགའ་ཞིག་བྱུང་ནས་བསླབ་པ་ཕུལ་ཏེ་སྔོན་གྱི་མུ་སྟེགས་ཅན་གྱི་གནས་དེ་ཉིད་དུ་སོང་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་ལྟར་མི་ གཏི་མུག་ཅན་དེ་ལེགས་པར་གསུངས་པའི་ཆོས་འདུལ་བ་གྱ་ནོམ་པ་འདི་ལྟ་བུ་སྤངས་ནས་སྔོན་གྱི་མུ་སྟེགས་ཅན་གྱི་གནས་དེ་ཉིད་དུ་སོང་བ་ལ་ལྟོས། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་ཁྱི་བཀྲེས་པའི་ཉམ་ཆུང་བས་ཡོངས་སུ་གཟིར་བ་ནི་བཟའ་བ་དང་བཅའ་བ་གྱ་ནོམ་པ་སྤངས་ནས་བཤང་ བ་བཟའ་བར་བྱའོ་སྙམ་དུ་སེམས་སོ། །དགེ་སློང་དག་དེ་བཞིན་དུ་མི་གཏི་མུག་ཅན་དེས་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་གྱ་ནོམ་པ་འདི་ལྟ་བུ་སྤངས་ནས་སྔོན་གྱི་མུ་སྟེགས་ཅན་གྱི་གནས་དེ་ཉིད་དུ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་ པ། དགེ་སློང་དག་དེ་ལྟ་བས་ན་ཉེ་དུ་ཤཱཀྱ་དང་མེ་བ་རལ་བ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བར་མི་བྱ་ཞིང་བསྙེན་པར་རྫོགས་པར་མི་བྱའོ། །གལ་ཏེ་ཉེ་དུ་ཤཱཀྱ་མུ་སྟེགས་ཅན་གྱི་རྒྱལ་མཚན་གྱིས་འོངས་ཤིང་གལ་ཏེ་ལེགས་པར་གསུངས་པའི་ ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འདོད་ན། དགེ་སློང་དག་དེ་རབ་ཏུ་དབྱུང་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ང་ནི་ཉེ་དུ་རྣམས་ལ་ཉེ་དུའི་ཡོངས་སུ་སྤང་བ་སྦྱིན་པར་བྱེད་པའི་ཕྱིར་རོ། །གལ་ཏེ་ གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་འོངས་ཤིང་གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འདོད་ན། དགེ་སློང་དག་དེ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་སྦྱིན་པར་བྱ་བ་ཤེས་པར་གྱིས་ཤིག ། དགེ་སློང་དག་གཞན་མུ་སྟེགས་ཅན་གནས་པ་སྤྱད་ནས་སེམས་མགུ་བར་གྱུར་ན་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་སྦྱིན་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ཇི་ལྟར་སྦྱིན་པར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འགའ་ཞིག་གི་གན་དུ་གཞན་མུ་སྟེགས་ཅན་རབ་ཏུ་དབྱུང་བར་འདོད་པ་འོངས་ན། དེས་དེ་ལ་བར་ཆད་ཀྱི་ཆོས་རྣམས་དྲིས་ནས་གཟུང་བར་བྱའོ། །བཟུང་ནས་ གསུམ་ལ་སྐྱབས་སུ་འགྲོ་བ་དང་། དགེ་བསྙེན་ཉིད་དུ་ཁས་བླང་བས་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱའོ། །དེའི་འོག་ཏུ་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་རྒན་རིམས་ཀྱིས་ཕྱག་འཚལ་དུ་བཅུག་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱར་དུ་བཅུག་ ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། བདག་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་ གོས་དག་གིས་གནས་པར་དགེ་འདུན་ལ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པར་བགྱི་བ་སྩལ་དུ་གསོལ། དེ་བཞིན་དུ་ ལན་གཉིས་ལན་གསུམ་དུ་བཟླས། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་ བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པར་དགེ་འདུན་ལ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་ འདུན་གྱིས་མུ་སྟེགས་ཅན་མིང་འདི་ཞེས་བྱ་བ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་གསོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མུ་སྟེགས་ཅན་མིང་འདི་ ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ནས། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པར་དགེ་འདུན་ལ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་བསྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་ བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་ པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་གཞན་མུ་སྟེགས་ཅན་གང་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་བྱིན་པ་དེའི་ཟན་ནི་དགེ་འདུན་ལས་སོ། །གོས་ནི་མཁན་པོ་ལས་སོ། །ལས་ནི་དགེ་ ཚུལ་གྱི་གྲལ་རིམས་བཞིན་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་གནས་པ་སྤྱད་ནས་སེམས་མགུ་བར་གྱུར་ན་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱའོ་ཞེས་ བཀའ་སྩལ་ན། བཙུན་པ་ཇི་ཙམ་གྱིས་ན་གཞན་མུ་སྟེགས་ཅན་སེམས་མགུ་བར་གྱུར་པ་ཞེས་བརྗོད་པར་བགྱི། ཉེ་བ་འཁོར་གཞན་མུ་སྟེགས་ཅན་གྱི་མདུན་དུ་སངས་རྒྱས་ཀྱི་བསྔགས་པ་ཡང་དག་པ་བརྗོད་པར་བྱ། ཆོས་དང་དགེ་འདུན་གྱི་བསྔགས་པ་ཡང་དག་པ་བརྗོད་པར་ བྱ་ཞིང་མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པ་བརྗོད་པར་བྱའོ། །ཉེ་བ་འཁོར་གལ་ཏེ་གཞན་མུ་སྟེགས་ཅན་སངས་རྒྱས་ཀྱི་བསྔགས་པ་ཡང་དག་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་ཡང་དག་པ་བརྗོད་ཅིང་མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་ མ་ཡིན་པ་ཡང་དག་པ་བརྗོད་པ་ན་ནང་བར་བྱེད། འཁྲུག་པར་བྱེད། ཁྲོ་བར་བྱེད་ཅིང་ཡུལ་ཡུལ་པོར་འདུག་པར་བྱེད། ཁྲོ་བ་སྐྱེད་པར་བྱེད་ན་གཞན་མུ་སྟེགས་ཅན་སེམས་མགུ་བར་མ་གྱུར་པ་ཞེས་བརྗོད་པར་བྱའོ། །ཉེ་བ་འཁོར་གལ་ཏེ་གཞན་མུ་སྟེགས་ཅན་སངས་ རྒྱས་ཀྱི་བསྔགས་པ་ཡང་དག་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་ཡང་དག་པ་བརྗོད་ཅིང་། མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པ་བརྗོད་པ་ན་ནང་བར་མི་བྱེད། འཁྲུག་པར་མི་བྱེད། ཁྲོ་བར་མི་བྱེད་ཅིང་ཡུལ་ཡུལ་པོར་འདུག་པར་མི་བྱེད། ཁྲོ་བ་སྐྱེད་པར་མི་བྱེད་ན། ཉེ་བ་འཁོར་དེ་ཙམ་གྱིས་ན་གཞན་མུ་སྟེགས་ཅན་སེམས་མགུ་བ་ཞེས་བརྗོད་པར་བྱའོ། །དགེ་སློང་དག་མེ་བ་རལ་པ་ཅན་དག་རབ་ཏུ་དབྱུང་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་མེ་བ་རལ་པ་ཅན་དག་ནི་ལས་སྨྲ་བ་དང་། མེ་བ་རལ་པ་ཅན་དག་ནི་བྱ་བ་སྨྲ་བ་དང་། རྒྱུ་སྨྲ་བ་དང་། བརྩོན་འགྲུས་སྨྲ་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ལས་སྨྲ་བར་འགྱུར་བ་དང་། བྱ་བ་སྨྲ་བ་དང་། རྒྱུ་སྨྲ་བ་དང་། བརྩོན་འགྲུས་སྨྲ་བར་འགྱུར་བར་བྱ་སྟེ། དགེ་སློང་ དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་ བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན་དེ་དག་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་བཀྲེས་པའི་ཉམ་ཆུང་བས་ཡོངས་སུ་གཟིར་ནས་ངུའོ། །བཅོམ་ལྡན་འདས་ཀྱིས་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་ཀུན་དགའ་ར་བའི་ནང་ན་བྱིས་པ་ཁྱེའུ་རབ་ཏུ་མང་པོ་དག་ངུ་ བའི་སྒྲ་གསན་ཏོ། །གསན་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་སུ་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་ དང་མི་ལྡན་པ་མི་རྨེད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་ཀུན་དགའ་ར་བའི་ནང་ན་བྱིས་པ་ཁྱེའུ་རབ་ཏུ་མང་པོ་ངུ་བ་འདི་དག་སུ། བཙུན་པ་འདི་དག་ནི་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ ཚོགས་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བགྱིས་པ་དེ་དག་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་བཀྲེས་པའི་ཉམ་ཆུང་བས་ཡོངས་སུ་གཟིར་ཏེ་ངུ་བ་ལགས་སོ། །ཀུན་དགའ་བོ་དགེ་སློང་དག་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་དམ། བཙུན་ པ་བགྱིད་དོ། །ཀུན་དགའ་བོ་བསྙེན་པར་རྫོགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་ཟག་ལོ་ཉི་ཤུ་མ་ལོན་པས་ནི་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་དག་ གི་རེག་པ་དག་དང་། གཞན་ལས་ཚིག་གི་ལམ་ངན་པ་སྨྲས་པ་དང་། ངན་པ་འོངས་པ་དག་དང་། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་བྱུང་ངོ་ཅོག་དག་མི་བཟོད་ཅིང་ཟག་པ་དག་ལ་ཇི་མི་སྙམ་པར་བྱ་བ་ཡང་མ་བཟོད་ཅིང་དང་དུ་ ལན་མི་ནུས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་དང་། གང་ཟག་ལོ་ཉི་ཤུ་ལོན་པ་ནི་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་དག་དང་། གཞན་ལས་ཚིག་གི་ལམ་ངན་པ་ སྨྲས་པ་དང་། ངན་པ་འོངས་པ་དག་དང་། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་བྱུང་ངོ་ཅོག་བཟོད་ཅིང་ཟག་པ་དག་ལ་ཇི་མི་སྙམ་པར་བྱ་བ་ཡང་བཟོད་ཅིང་དང་དུ་ལེན་ནུས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །བཅོམ་ལྡན་ འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ལས་གྱུར་པ་ཡིན་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་ བསྙེན་པར་རྫོགས་པར་མི་བྱའོ། །འགའ་ཞིག་གི་གན་དུ་བསྙེན་པར་རྫོགས་པར་འདོད་པ་འོངས་ན་དེས་དེ་ལ་ལོ་ཉི་ཤུ་ལོན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པ་དེའི་བུ་བྱུང་ནས་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་དེ་ཉེ་དུ་ཟད་པར་གྱུར་ཅིང་ནོར་ཟད་པ་དང་། ལོངས་སྤྱོད་ཟད་པར་གྱུར་ནས་དེས་བསམས་པ། བདག་གིས་རྒས་པའི་གནས་སྐབས་སུ་ནོར་བསྒྲུབ་ པར་མི་ནུས་ཀྱིས་རབ་ཏུ་འབྱུང་བར་བྱའོ་སྙམ་ནས་དེས་བུ་དེ་ལ་སྨྲས་པ། བུ་ཁོ་བོ་རྒས་པའི་གནས་སྐབས་སུ་ནོར་བསྒྲུབ་པར་མི་ནུས་ཀྱིས། ཁོ་བོ་རབ་ཏུ་འབྱུང་དུ་འགྲོའོ། །དེས་སྨྲས་པ། ཡབ་གལ་ཏེ་ཁྱོད་རབ་ཏུ་འབྱུང་ན་བདག་ཀྱང་རབ་ཏུ་འབྱུང་ངོ་། །བུ་དེ་བཞིན་གྱིས་ཤིག་ཅེས་ དེས་དེ་ཁྲིད་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དགེ་སློང་གི་གན་དུ་སོང་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་སྨྲས་པ། ཁྱོད་ཀྱི་ཁྱེའུ་འདི་སུ་ཡིན། བུ་ལགས་སོ། །འདི་ཡང་རབ་ཏུ་འབྱུང་ངམ། འཕགས་པ་རབ་ཏུ་འབྱུང་ངོ་། །དེས་ དེ་ལ་ཆགས་པས་གཉི་ག་ཡང་རབ་ཏུ་ཕྱུང་ནས་དེའི་འོག་ཏུ་ཉི་མ་གཉིས་སམ་གསུམ་དུ་ཀུན་དུ་སྤྱད་པའི་ཆོས་དག་སློབ་ཏུ་བཅུག་ནས་སྨྲས་པ། བཞིན་བཟངས་དག་རི་དགས་ཀྱིས་རི་དགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཡབ་ཀྱི་ཡུལ་ཡིན་ གྱིས་བསོད་སྙོམས་སྒྲུབས་ལ་འཚོ་བར་གྱིས་ཤིག །དེ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། དགེ་ཚུལ་དེ་ཉིད་དང་ལྷན་ཅིག་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དགེ་ཚུལ་དེས་སྲང་ཞིག་ན་ཁུར་བ་སྲེག་པ་མཐོང་ནས་དེས་སྨྲས་པ། ཡབ་བདག་ ལ་ཁུར་བ་སྦྱིན་དུ་ཆུག་ཤིག །དེས་སྨྲས་པ། བཞིན་བཟངས་དགེ་ཚུལ་འདི་ལ་ཁུར་བ་བྱིན་ཅིག །དེས་སྨྲས་པ། འཕགས་པ་རིན་མ་མཆིས་པར་མི་གསོལ་གྱི། འདི་ལྟར་ཀཱར་ཥཱ་པ་ཎ་དག་གི་སླད་དུ་གསོལ་ལོ། །བཞིན་བཟངས་ཁོ་བོ་ཅག་ནི་རབ་ཏུ་བྱུང་བ་ཡིན་པས་ཁོ་ བོ་ཅག་ལ་ཀཱར་ཥཱ་པ་ཎ་དག་ག་ལ་ཡོད། དེས་སྨྲས་པ། འཕགས་པ་ཅི་ལགས་དགེ་ཚུལ་འདི་ཁྱོད་རབ་ཏུ་བྱུང་བས་བསྐྱེད་དམ། འོན་ཏེ་ཁྱིམ་པས་བསྐྱེད། དེས་སྨྲས་པ། ཁྱིམ་པས་སོ། །དེ་ལྟ་ན་བསགས་པ་དེ་དག་སྩོལ་ཅིག །དེས་སྨྲས་པ། དགེ་ཚུལ་ འདི་བགྲང་བ་མང་པོ་དག་སློང་བར་བྱེད་ཀྱིས་ཚུར་ཤོག་འདོང་ངོ་ཞེས་དེས་དེ་སོར་མོ་དག་ནས་བཟུང་སྟེ་འཕགས་པ་དང་། དེ་གན་རྒྱལ་དུ་འགྱེལ་ནས་ངུ་བར་བརྩམས་སོ། །དེ་གཉིས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདིའི་དགེ་ ཚུལ་འདི་སུ་ཞིག་ཡིན། བུ་ཡིན་ནོ། །དེ་དག་ཁྲག་གི་ཐིགས་པ་འདི་རབ་ཏུ་ཕྱུང་བས་ཅི་ཞིག་བྱ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་གང་ཟག་ལོ་བཅྭ་ལྔ་མ་ལོན་པར་རབ་ཏུ་འབྱིན་པར་བྱེད་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་གང་ཟག་ལོ་བཅྭ་ལྔ་མ་ལོན་པ་རབ་ཏུ་དབྱུང་བར་མི་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་ འདོད་པ་འོངས་ན་དེས་དེ་ལ་ལོ་བཅྭ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་གཞི། བམ་པོ་བདུན་པ། སྡོམ་ལ། དགེ་ཚུལ་གཉིས་དང་བྲན་དང་ནི། །བུ་ལོན་ཆགས་དང་མ་གནང་དང་། །ཞུ་ བ་དང་ནི་ནད་པ་དང་། །ཤཱཀྱའི་སྡེ་ཚན་བསྡུས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའི་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་གཉིས་གཅིག་ལ་གཅིག་གཞོགས་སྟེགས་དང་ ཕྱར་གཡེང་དང་། ལུས་ལ་རྡེག་པར་བྱེད་ཅིང་འདི་ལྟ་སྟེ་དཔེར་ན་བུད་མེད་སྐྱེས་པ་དང་ལྷན་ཅིག་བྱེད་པ་དང་། སྐྱེས་པ་བུད་མེད་དང་ལྷན་ཅིག་བྱེད་པ་ལྟར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་ གང་ཅི་བྱུང་བ་དེ་ནི་དགེ་སློང་དག་དགེ་ཚུལ་གཉིས་ཉེ་བར་འཇོག་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་དགེ་ཚུལ་གཉིས་ཉེ་བར་གཞག་པར་མི་བྱའོ། །ཉེ་བར་འཇོག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ གིས་དགེ་ཚུལ་གཉིས་ཉེ་བར་གཞག་པར་མི་བྱའོ་ཞེས་བཀའ་སྩལ་ནས། གཞན་སྤུན་གཉིས་ཤིག་འོངས་ཏེ། བདག་ཅག་གཉིས་ཅིག་ཅར་ལྷན་ཅིག་ཏུ་རབ་ཏུ་འབྱུང་བར་བྱའོ་ཞེས་ངེས་པར་བྱས་ཏེ་ལྷགས་པ་ན། དགེ་སློང་དག་དེ་གཉིས་རབ་ཏུ་འབྱིན་པར་མི་བྱེད་པས་དེ་གཉིས་རབ་ཏུ་ འབྱུང་བ་མ་ཐོབ་པར་དོང་སྟེ། དེ་ཉིད་ཚེ་དང་ལྡན་པ་དེ་གཉིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། གལ་ཏེ་སྤུན་གཉིས་ཤིག་འོངས་ཏེ་བདག་ཅག་གཉིས་ཅིག་ཅར་ལྷན་ཅིག་ཏུ་རབ་ཏུ་འབྱུང་བར་བྱའོ་ཞེས་ངེས་པར་བྱས་ཏེ་ལྷགས་ན་རབ་ཏུ་དབྱུང་བར་བྱའོ། །རབ་ཏུ་ཕྱུང་ནས་གལ་ཏེ་ལོ་ཉི་ཤུ་ལོན་ན་བསྙེན་པར་རྫོགས་པར་བྱའོ། །གལ་ཏེ་གཅིག་ལོ་ཉི་ཤུ་ལོན་ན་དེ་ བསྙེན་པར་རྫོགས་པར་བྱ་ཞིང་ཅིག་ཤོས་དགེ་ཚུལ་དུ་ཉེ་བར་གཞག་པར་བྱའོ། །གལ་ཏེ་གཉི་ག་ལོ་ཉི་ཤུ་མ་ལོན་ན་གཅིག་བདག་ཉིད་ཀྱིས་ཉེ་བར་གཞག་པར་བྱ་ཞིང་། ཅིག་ཤོས་དགེ་སློང་གྲོགས་པོ་འགའ་ལ་གཏད་པར་བྱའོ། །གང་ལ་གཏད་པ་དེ་ཉིད་ ཀྱིས་བསྙེན་པར་རྫོགས་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་གང་གི་ཡིན་པ་དེས་བསྙེན་པར་རྫོགས་པར་བྱའོ། །དེས་མི་སྟེར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་སྟེར་བ་ལས་མཐུས་དགུག་པར་བྱའོ།། །།སངས་རྒྱས་བཅོམ་ ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེ་ལ་བྲན་མཁས་པ། ལེ་ལོ་མེད་པ། སྒྲུབ་ཕོད་པ། འཕྲལ་གྱི་བྱ་བ་ཐམས་ཅད་ལ་སྔོན་དུ་འགྲོ་བ་ཞིག་ཡོད་དོ། །དུས་གཞན་ ཞིག་ན་དེས་བྲན་དེ་སྤྱོས་པ་དང་བྲན་དེས་བསམས་པ། ཁྱིམ་བདག་འདི་མགུ་དཀའ་བར་གྱུར་པས་བདག་གིས་འདིའི་སེམས་སྲུང་བར་བྱེད་མི་ནུས་ཀྱིས་འབྲོས་སུ་འགྲོ་སྙམ་མོ། །དེས་བསམས་པ། ཡུལ་གཏོང་བ་ནི་དཀའ་བ་བྱེད་པ་ཡིན་གྱིས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་འདི་ དག་གིས་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་པས་འདི་དག་གི་ནང་དུ་རབ་ཏུ་འབྱུང་བར་བྱའོ་སྙམ་ནས། དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དགེ་སློང་གི་གན་དུ་སོང་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་ རྫོགས་པར་བྱས་ཏེ། གདམས་ངག་བྱིན་ནས་དེས་བརྩོན་པ་དང་། འབད་པ་དང་། བརྩལ་བ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་ པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་དང་སྟེའུར་མཉམ་པ་ལྟ་བུ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་ དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །ཁྱིམ་བདག་དེ་འགྱོད་པ་སྐྱེས་ནས་དེས་བསམས་པ། དེ་བདག་གི་འཕྲལ་གྱི་བྱ་བ་ཐམས་ཅད་ ལ་སྔོན་དུ་འགྲོ་བ་ཡིན་ན། བདག་གིས་ཅིའི་ཕྱིར་སྤྱོས་སྙམ་མོ། །དེས་བསམས་པ། གལ་ཏེ་ད་མཐོང་ན་བཟོད་པ་གསོལ་ལོ་སྙམ་ནས་དེས་མཉན་ཡོད་ཀྱི་སྒོར་བསྡད་དོ། །དགེ་སློང་དེ་ཡང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་ བསོད་སྙོམས་ལ་ཞུགས་པ་དང་ཁྱིམ་བདག་དེས་དེ་མཐོང་ནས་དེས་སྨྲས་པ། བཞིན་བཟངས་ཁྱོད་རབ་ཏུ་བྱུང་ན་ཁོ་བོའི་རིམ་གྲོ་སུས་བྱེད་པར་འགྱུར། ཚུར་ཤོག་འདོང་ཞེས་དེས་ལག་པ་བརྐྱང་སྟེ་དེའི་ལག་པ་གཉིས་ནས་གཟུང་བར་བརྩམས་པ་དང་། དེས་ངང་པའི་རྒྱལ་པོ་ འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་ཁྱིམ་བདག་དེ་ ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་དགེ་སློང་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། འཕགས་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །དེས་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པ་དང་། ཐམས་ཅད་དུ་ཁྱིམ་བདག་ཆེ་གེ་མོ་ཞིག་གི་བྲན་ རབ་ཏུ་བྱུང་ནས་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་བོ་ཞེས་སྒྲ་གྲགས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཁྱིམ་བདག་ཆེ་གེ་མོའི་བྲན་རབ་ཏུ་ཕྱུང་ནས་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་བོ་ཞེས་ཐོས་ནས་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ང་ནི་རྒྱལ་པོ་རྒྱལ་རིགས་སྤྱི་བོར་ དབང་བསྐུར་བ་བྱ་བ་ཐམས་ཅད་ཀྱི་མངའ་བདག་ཡིན་པས་དེང་ཕྱིན་ཆད་འགའ་ཞིག་གི་བྲན་རབ་ཏུ་འབྱུང་བར་འདོད་ན་དེས་མི་བཟློག་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེ་ལ་བྲན་མཁས་པ། ལེ་ལོ་མེད་པ། སྒྲུབ་ཕོད་པ། འཕྲལ་གྱི་བྱ་བ་ཐམས་ཅད་ལ་སྔོན་དུ་ འགྲོ་བ་ཞིག་ཡོད་དོ། །དུས་གཞན་ཞིག་ན་དེས་བྲན་དེ་སྤྱོས་པ་དང་བྲན་དེས་བསམས་པ། ཁྱིམ་བདག་འདི་མགུ་དཀའ་བར་གྱུར་པས་བདག་གིས་འདིའི་སེམས་སྲུང་བར་བྱེད་མི་ནུས་ཀྱིས་འབྲོས་སུ་འགྲོའོ་སྙམ་མོ། །དེས་བསམས་པ། ཡུལ་གཏོང་བ་ནི་དཀའ་ བ་བྱེད་པ་ཡིན་གྱིས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་འདི་དག་ནི་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་པས་འདི་དག་གི་ནང་དུ་རབ་ཏུ་འབྱུང་བར་བྱའོ་སྙམ་ནས་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དགེ་སློང་གི་གན་དུ་སོང་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། ། དེས་དེ་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་དེའི་འོག་ཏུ་ཉི་མ་གཉིས་སམ་གསུམ་དུ་ཀུན་དུ་སྤྱད་པའི་ཆོས་དག་སློབ་ཏུ་བཅུག་ནས་སྨྲས་པ། བཞིན་བཟངས་རི་དགས་ཀྱིས་རི་དགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཡབ་ཀྱི་ཡུལ་ཡིན་གྱིས་བསོད་ སྙོམས་སྒྲུབས་ལ་འཚོ་བར་གྱིས་ཤིག །ཁྱིམ་བདག་དེ་འགྱོད་པ་སྐྱེས་ནས་དེས་བསམས་པ། དེ་བདག་གི་འཕྲལ་གྱི་བྱ་བ་ཐམས་ཅད་ལ་སྔོན་དུ་འགྲོ་བ་ཡིན་ན། བདག་གིས་ཅིའི་ཕྱིར་སྤྱོས་སྙམ་མོ། །དེས་བསམས་པ། གལ་ཏེ་ད་མཐོང་ན་བཟོད་པ་གསོལ་ལོ་སྙམ་ ནས་དེས་མཉན་ཡོད་ཀྱི་སྒོར་བསྡད་དོ། །དགེ་སློང་དེ་ཡང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། ཁྱིམ་བདག་དེས་དེ་མཐོང་ནས་དེས་སྨྲས་པ། བཞིན་བཟངས་ཁྱོད་རབ་ཏུ་བྱུང་ན་ཁོ་བོའི་རིམ་གྲོ་སུས་བྱེད་པར་ འགྱུར། ཚུར་ཤོག་འདོང་ཞེས་དེས་ལག་པ་བརྐྱང་སྟེ་དེའི་ལག་པ་གཉིས་ནས་གཟུང་བར་བརྩམས་པ་དང་། དེས་སྨྲས་པ། ཁོ་བོ་ཅག་ལ་རྒྱལ་པོས་གཞོན་ནུའི་ཡོངས་སུ་སྤང་བ་བྱིན་ནས་གལ་ཏེ་རེག་པར་བྱེད་ན་ཁྱོད་ཀྱི་ལག་པ་མཁྲིག་མ་ནས་གཅོད་དུ་གཞུག་གོ། །དེ་ཤཱཀྱའི་བུའི་ དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་པ་ཡིན་ནོ། །བྲམ་ཟེའི་ཚུལ་ནི་ཚིག་པ་ཡིན་ཏེ། འདི་ལྟར་བྲན་ཡང་རབ་ཏུ་འབྱིན་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་བྲན་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་བྲན་རབ་ཏུ་དབྱུང་བར་མི་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་ དེས་དེ་ལ་བྲན་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་ པ་དེ་ལ་བུ་ལོན་ཆགས་པ་ཞིག་གིས་དུས་དང་དུས་སུ་དངོས་དང་སྐྱེད་འཇལ་བར་བྱེད་དོ། །དུས་གཞན་ཞིག་ན་ཁྱིམ་བདག་དེས་བུ་ལོན་ཆགས་པ་དེ་མ་ཚོར་བ་ཁོ་ནར་བཟུང་ནས་སྨྲས་པ། དངོས་དང་སྐྱེད་ཅིག་ཅར་ཕུལ་ཅིག་ཅེས་དེས་དེ་དུས་ཅུང་ཟད་ཅིག་ཏུ་བཟུང་སྟེ་བཏང་བ་དང་དེས་ བསམས་པ། ཁྱིམ་བདག་འདི་མགུ་དཀའ་བར་གྱུར་པས་བདག་གིས་དངོས་དང་སྐྱེད་ཅིག་ཅར་འཇལ་མི་ནུས་ཀྱིས་འབྲོས་སུ་འགྲོའོ་སྙམ་མོ། །དེས་བསམས་པ་ཡུལ་གཏོང་བ་ནི་དཀའ་བ་བྱེད་པ་ཡིན་གྱིས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་འདི་དག་གིས་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ ཐོབ་པས་འདི་དག་གི་ནང་དུ་རབ་ཏུ་འབྱུང་བར་བྱའོ་སྙམ་ནས། དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་གི་གན་དུ་སོང་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ཏེ་གདམས་ངག་བྱིན་ནས། དེས་ བརྩོན་པ་དང་། འབད་པ་དང་། བརྩལ་བར་བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་ པས་སེམས་དང་ལྡན་པ། ཙན་དན་ཞག་ལོན་པར་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་ དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །ཁྱིམ་བདག་དེ་འགྱོད་པ་སྐྱེས་ནས་དེས་བསམས་པ། དེ་བདག་ལ་དུས་དང་དུས་སུ་དངོས་དང་སྐྱེད་འབུལ་བ་ཡིན་ན་བདག་གིས་ཅིའི་ཕྱིར་བཟུང་ སྙམ་མོ། །དེས་བསམས་པ། གལ་ཏེ་ད་མཐོང་ན་བཟོད་པ་གསོལ་ལོ་སྙམ་ནས་དེས་མཉན་ཡོད་ཀྱི་སྒོར་བསྡད་དོ། །དགེ་སློང་དེ་ཡང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། ཁྱིམ་བདག་དེས་དེ་མཐོང་ནས་ དེས་སྨྲས་པ། བཞིན་བཟངས་ཁྱོད་རབ་ཏུ་བྱུང་ན་ཁོ་བོ་ལ་དུས་དང་དུས་སུ་དངོས་དང་སྐྱེད་སུས་འབུལ་བར་འགྱུར། ཚུར་ཤོག་འདོང་ཞེས་དེས་ལག་པ་བརྐྱང་སྟེ་དེའི་ལག་པ་གཉིས་ནས་གཟུང་བར་བརྩམས་པ་དང་། དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་ཁྱིམ་བདག་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་དགེ་ སློང་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། འཕགས་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །དེས་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པ་དང་། ཐམས་ཅད་དུ་ཁྱིམ་བདག་ཆེ་གེ་མོ་ཞིག་གི་བུ་ལོན་ཆགས་པ་རབ་ཏུ་བྱུང་ནས་ཡོན་ཏན་གྱི་ ཚོགས་དེ་ལྟ་བུ་ཐོབ་བོ་ཞེས་སྒྲ་གྲགས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཁྱིམ་བདག་ཆེ་གེ་མོ་ཞིག་གི་བུ་ལོན་ཆགས་པ་རབ་ཏུ་བྱུང་ནས་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་བོ་ཞེས་ཐོས་ནས། དེས་བློན་པོ་རྣམས་ལ་བསྒོ་བ་ཤེས་ལྡན་དག་ང་ནི་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་ བསྐུར་བ་བྱ་བ་ཐམས་ཅད་ཀྱི་མངའ་བདག་ཡིན་པས་དེང་ཕྱིན་ཆད་འགའ་ཞིག་གི་བུ་ལོན་ཆགས་པ་རབ་ཏུ་འབྱུང་བར་འདོད་ན་དེས་དེ་མི་བཟློག་པར་བྱའོ།། །།མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེ་ལ་བུ་ལོན་ཆགས་པ་ཞིག་གིས་དུས་དང་དུས་སུ་དངོས་དང་སྐྱེད་འཇལ་ བར་བྱེད་དོ། །དུས་གཞན་ཞིག་ན་ཁྱིམ་བདག་དེས་བུ་ལོན་ཆགས་པ་དེ་མ་ཚོར་བ་ཁོ་ནར་བཟུང་ནས་སྨྲས་པ། དངོས་དང་སྐྱེད་ཅིག་ཅར་ཕུལ་ཅིག་ཅེས་དེས་དེ་དུས་ཅུང་ཟད་ཅིག་བཟུང་ནས་བཏང་བ་དང་། དེས་བསམས་པ། ཁྱིམ་བདག་འདི་མགུ་དཀའ་བར་གྱུར་པས་བདག་གིས་ དངོས་དང་སྐྱེད་ཅིག་ཅར་འཇལ་མི་ནུས་ཀྱིས་འབྲོས་སུ་འགྲོའོ་སྙམ་མོ། །དེས་བསམས་པ། ཡུལ་གཏོང་བ་ནི་དཀའ་བ་བྱེད་པ་ཡིན་གྱིས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་འདི་དག་གིས་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་པས་འདི་དག་གི་ནང་དུ་རབ་ཏུ་འབྱུང་བར་བྱའོ་སྙམ་ནས། དེ་ རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་གི་གན་དུ་སོང་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་དེའི་འོག་ཏུ་ཉི་མ་གཉིས་སམ་གསུམ་དུ་ཀུན་དུ་སྤྱད་པའི་ཆོས་དག་སློབ་ཏུ་བཅུག་ནས་སྨྲས་པ། བཞིན་བཟངས་ རི་དགས་ཀྱིས་རི་དགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཡབ་ཀྱི་ཡུལ་ཡིན་གྱིས་བསོད་སྙོམས་སྒྲུབས་ལ་འཚོ་བར་གྱིས་ཤིག །ཁྱིམ་བདག་དེ་འགྱོད་པ་སྐྱེས་ནས་དེས་བསམས་པ། དེ་བདག་ལ་དུས་དང་དུས་སུ་དངོས་དང་སྐྱེད་འབུལ་བ་ཡིན་ན། བདག་གིས་ ཅིའི་ཕྱིར་གཟུང་སྙམ་མོ་དེས་བསམས་པ། གལ་ཏེ་ད་མཐོང་ན་བཟོད་པ་གསོལ་ལོ་སྙམ་ནས་དེས་མཉན་ཡོད་ཀྱི་སྒོར་བསྡད་དོ། །དགེ་སློང་དེ་ཡང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། ཁྱིམ་བདག་དེས་དེ་ མཐོང་ནས་དེས་སྨྲས་པ། བཞིན་བཟངས་ཁྱོད་རབ་ཏུ་བྱུང་ན་ཁོ་བོ་ལ་དུས་དང་དུས་སུ་དངོས་དང་སྐྱེད་སུ་འབུལ་བར་འགྱུར། ཚུར་ཤོག་འདོང་ཞེས་དེས་ལག་པ་བརྐྱང་སྟེ། དེའི་ལག་པ་གཉིས་ནས་གཟུང་བར་བརྩམས་པ་དང་དེས་སྨྲས་པ། ཁོ་བོ་ཅག་ལ་རྒྱལ་པོས་གཞོན་ནུའི་ ཡོངས་སུ་སྤང་བ་བྱིན་པས་གལ་ཏེ་རེག་པར་བྱེད་ན་ཁྱོད་ཀྱི་ལག་པ་མཁྲིག་མ་ནས་གཅོད་དུ་གཞུག་གོ། །དེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་པ་ཡིན་ནོ། །བྲམ་ཟེའི་ཚུལ་ནི་ཚིག་པ་ཡིན་ཏེ། འདི་ལྟར་བུ་ལོན་ཆགས་པ་ཡང་རབ་ཏུ་འབྱིན་པར་བྱེད་དོ་ཞེས་སྨོད་པར་ བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་བུ་ལོན་ཆགས་པ་རབ་ཏུ་འབྱིན་པ་ལས་ གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་བུ་ལོན་ཆགས་པ་རབ་ཏུ་དབྱུང་བར་མི་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་བུ་ལོན་ཆགས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ ཚབས་ཅན་དུ་འགྱུར་རོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པ་དེའི་བུ་བྱུང་ནས་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །དུས་གཞན་ཞིག་ན་དེས་བུ་དེ་སྤྱོས་པ་དང་། བུ་དེས་བསམས་པ། ཕ་འདི་མགུ་ དཀའ་བར་གྱུར་པས་བདག་གིས་འདིའི་སེམས་སྲུང་བར་བྱེད་མི་ནུས་ཀྱིས་འབྲོས་སུ་འགྲོའོ་སྙམ་མོ། །དེས་བསམས་པ། ཡུལ་གཏོང་བ་ནི་དཀའ་བ་བྱེད་པ་ཡིན་གྱིས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་འདི་དག་ནི་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་པས་འདི་དག་གི་ནང་དུ་རབ་ཏུ་འབྱུང་ བར་བྱའོ་སྙམ་ནས། དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་གི་གན་དུ་སོང་ནས་སྨྲས་པ། །འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་བྱིན་ནས་གང་གིས་དེ་ཞུ་བར་བྱེད་པའི་དགེ་སློང་ལ་ཡང་གསོལ་བ་བཏབ། གང་ གིས་དེའི་སྐྲ་དང་ཁ་སྤུ་དག་འབྲེག་པར་བྱེད་པའི་དགེ་སློང་ལ་ཡང་གསོལ་བ་བཏབ་གང་གིས་དེའི་ཁྲུས་བྱེད་པའི་དགེ་སློང་ལ་ཡང་གསོལ་བ་བཏབ། གང་གིས་དེ་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་ལ་ཡང་གསོལ་བ་བཏབ་སྟེ། དེ་རབ་ཏུ་ཕྱུང་ནས་གང་གིས་དེའི་ལས་ བྱེད་པའི་དགེ་སློང་ལ་ཡང་གསོལ་བ་བཏབ། གང་གིས་དེ་ལ་གསང་སྟེ་སྟོན་པའི་དགེ་སློང་ལ་ཡང་གསོལ་བ་བཏབ། གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་དག་ལ་ཡང་གསོལ་བ་བཏབ་ནས་དེ་བསྙེན་པར་རྫོགས་པར་བྱེད་པ་ན། ཁྱིམ་བདག་དེ་འོངས་ ནས་དྲིས་པ། འཕགས་པ་ཁྱེའུ་འདི་འདྲ་བ་ཞིག་མཆིས་པ་གཟིགས་སམ། དེས་སྨྲས་པ། དེ་ཞུ་བར་བྱེད། དེ་སྐྲ་དང་ཁ་སྤུ་དག་འབྲེག་པར་བྱེད། དེ་ཁྲུས་བྱེད་དེ། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད། དེ་བསྙེན་པར་རྫོགས་པར་བྱེད་དོ་ཞེས་དེ་དག་གིས་དེ་བསྙེན་ པར་རྫོགས་པར་བྱས་ནས་གྲིབ་ཚོད་གཞལ་ཞིང་ཉིན་མཚན་གྱི་ཆ་དང་། དུས་ཚིགས་བརྗོད་དེ། གནས་རྣམས་དང་། ལྟུང་བར་འགྱུར་བའི་ཆོས་རྣམས་དང་། དགེ་སྦྱོང་བྱེད་པའི་ཆོས་རྣམས་དང་། མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་དང་། ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་བ་དང་། ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བར་བྱ་བ་དང་། དུལ་བར་གནས་པ་ཉིད་ལ་ངེས་པར་སྦྱར་བར་བྱ་བ་དང་། དགོས་པ་རྗེས་སུ་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་བ་དང་། མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་བསྒྲུབ་པར་འགྱུར་བ་ཉིད་དང་། གུས་པ་ལ་ངེས་པར་སྦྱར་བ། ཤེས་རབ་མཆོག་གི་བསྟན་པ་ལ། །ཁྱོད་ནི་བསྙེན་པར་རྫོགས་པར་གྱུར། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་སྒྲུབས། ། མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་དང་། བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་བར་བྱས་ཏེ། དགེ་སློང་དེ་ དག་ལངས་པ་དང་ཁྱིམ་བདག་དེ་འོངས་ཏེ་སྨྲས་པ། འཕགས་པ་དག་ཅི་ཁྱེད་ཅག་སྤུ་གྲི་ཐོགས་པ་འབའ་ཞིག་གིས་སྡོད་དམ། གལ་ཏེ་བདག་ལ་དད་པ་མ་མཆིས་པར་གྱུར་དུ་ལགས་ན་འདིའི་ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་རོ། །ཀྱེ་མ་ཁྱོད་ཀྱིས་ཞག་བདུན་ནམ་བརྒྱད་ ཅིག་བསྲེལ་ན་ཅི་ནོངས་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་རབ་ཏུ་འབྱུང་བར་འདོད་པ་ཕ་མས་མ་གནང་བ་ཞག་བདུན་མི་ བསྲེལ་བ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བར་འོངས་ན་ཞག་བདུན་ནམ་བརྒྱད་བསྲེལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་རབ་ཏུ་འབྱུང་བར་འདོད་པ་འོངས་ན་ ཞག་བདུན་ནམ་བརྒྱད་བསྲེལ་བར་བྱའོ་ཞེས་བཀའ་སྩལ་ནས། རབ་ཏུ་འབྱུང་བར་འདོད་པ་ཕ་མས་གནང་བ་གཞན་དག་འོངས་ཤིང་ཡུལ་ཐག་རིང་བ་ཕ་མས་གཏམ་ཡང་མི་ཐོས་པ་དག་ཀྱང་འོངས་པ་ན། དགེ་སློང་རྣམས་ཀྱིས་དེ་དག་ཀྱང་ཞག་བདུན་ནམ་བརྒྱད་སྲེལ་བར་བྱེད་ པས་དེ་དག་རབ་ཏུ་བྱུང་བ་མ་ཐོབ་པར་དོང་སྟེ། དེ་ཉིད་ཚེ་དང་ལྡན་པ་དེ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཕ་མས་གནང་བ་གང་དག་འོངས་པ་དང་། ཡུལ་ཐག་རིང་པོ་ཕ་མས་གཏམ་ཡང་མི་ཐོས་པ་གང་དག་འོངས་པ་དེ་དག་ནི་རབ་ཏུ་དབྱུང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་ མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་བྱུང་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཡུ་བུ་ཅག་གི་བུ་ལོན་འཇལ་བར་བྱེད་པ་དང་། ནོར་སྤྱོད་པ་སྐྱེས་ཀྱིས། ཁོ་བོ་ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོའོ། །རྗེའི་སྲས་དེ་བཞིན་མཛོད་ཅིག །དེ་ཟོང་ཐོགས་ཏེ་ཡུལ་གཞན་དུ་སོང་ བ་དང་། དེ་དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །མས་ཁྱེའུ་དེ་ཉེ་དུའི་མཐུ་དང་ལག་མཐུས་བསྙོད་ཅིང་གསོས་ཏེ་བསྐྱེད་ནས། དེས་ཁྱེའུ་དེ་ཡིག་དཔོན་ལ་བཅོལ་བ་དང་། ཁྱེའུ་དེའི་ན་ཟླ་རྣམས་ཀྱིས་ནི་ཡིག་འབྲུའི་ཡི་གེ་དག་ལོབས་ནས་ཕྱི་རོལ་གྱི་བསྟན་ བཅོས་དག་བཀླག་པར་བརྩམས་སོ། །དེ་ནི་ཡིག་འབྲུའི་ཡི་གེ་དེ་དག་ཉིད་ལ་སློབ་པར་བྱེད་པ་དང་། དེའི་མ་ཡིག་དཔོན་གྱི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། ཇོ་བོ་ཁྱེའུ་འདིའི་ན་ཟླ་ཁྱེའུ་དག་གིས་ཁྱོད་ལ་ཅི་འབུལ་བ་དེ་བདག་ཀྱང་ཁྱོད་ལ་འབུལ་ན། ཁྱེའུ་འདིའི་ན་ཟླ་ ཁྱེའུ་དག་གིས་ནི་ཡི་གེའི་ཡིག་འབྲུ་དག་ལོབས་ནས་ཕྱི་རོལ་གྱི་བསྟན་བཅོས་དག་བཀླག་པར་བརྩམས་ན། ཁྱེའུ་འདི་ནི་ད་དུང་ཡིག་འབྲུའི་ཡི་གེ་དག་སློབ་པར་བགྱིད་དོ། །དེས་སྨྲས་པ། རྒྱུ་གཉིས་ཀྱིས་རིག་པ་ལོབས་པར་འགྱུར་ཏེ། གང་ལ་བདག་ཉིད་ལས་ བྱུང་བའི་ངོ་ཚ་ཤེས་པ་ཡོད་པ་དང་། གང་ལ་ཕྱི་རོལ་ལས་བྱུང་བའི་ཁྲེལ་ཡོད་པ་ཡོད་པས་སོ། །ཁྱེའུ་འདི་ལ་ནི་ངོ་ཚ་ཤེས་པ་ཡང་མེད་ལ། ཁྲེལ་ཡོད་པ་ཡང་མེད་དོ། །འདི་ལྟར་ཁྱོད་ལ་ཡང་ཉེས་པ་ཡོད་དེ། ཁོ་བོས་འདི་གཞུས་པ་ན་ཁྱོད་ཀྱིས་ཤེད་བསྐྱེད་དོ། ། དེས་སྨྲས་པ། དེ་དེ་བཞིན་ནོ། །བདག་ལ་ནོངས་པ་དེ་མཆིས་ཏེ། ཁྱོད་ཀྱིས་གཞུས་པ་བདག་གིས་ཤེད་བསྐྱེད་དོ། །དུས་གཞན་ཞིག་ན་དེས་དེ་གཞུས་པ་དང་། དེ་ངུ་ཞིང་མའི་གན་དུ་སོང་ངོ་། །མས་དེ་ལ་སྨྲས་པ། བུ་ཁྱོད་ཅིའི་ཕྱིར་ངུ་། མ་བདག་ཡིག་དཔོན་གྱིས་ གཞུས་སོ། །མས་ཀྱང་དེ་གཞུས་པ་དང་ཁྱེའུ་དེས་བསམས་པ། གཉི་གར་ཉེས་དམིགས་བྱུང་སྟེ། སྔོན་ནི་བདག་གནས་གཅིག་ཏུ་གཞུས་ན། ད་ནི་གནས་གཉི་གར་གཞུས་པས་བདག་གིས་གནས་གཉི་གར་གནོད་པ་མི་བཟོད་པས་འབྲོས་སོ་སྙམ་ནས་དེ་རྒྱལ་བྱེད་ཀྱི་ཚལ་ དུ་སོང་བ་དང་། དེ་ན་དགེ་ཚུལ་ཞིག་མེ་ཏོག་ཐུ་བ་དེ་དེས་མཐོང་ནས་ཁྱེའུ་དེས་སྨྲས་པ། འཕགས་པ་ཁྱོད་རེ་བདེ། ཅིའི་ཕྱིར། གང་གི་ཕྱིར་ཁྱོད་རབ་ཏུ་བྱུང་བས་སོ། །ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་། འཕགས་པ་བདག་སུས་རབ་ཏུ་འབྱིན་པར་འགྱུར། དེས་སྨྲས་པ། ཚུར་ ཤོག་མཁན་པོའི་གན་དུ་འདོང་ཞེས་དེས་དེ་ཁྲིད་དེ་མཁན་པོའི་གན་དུ་སོང་ནས་སྨྲས་པ། མཁན་པོ་རིགས་ཀྱི་བུ་འདི་རབ་ཏུ་འབྱུང་བར་འཚལ་གྱིས་འདི་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་ཕྱུང་ངོ་། །དེའི་མ་ཡིག་དཔོན་གྱི་གན་དུ་སོང་སྟེ་སྨྲས་པ། ཁྱེའུ་ དེ་ད་གར་མཆིས། དེ་དེ་རིང་ཁོ་བོས་གཞུས་སོ། །དེས་ཀྱང་སྨྲས་པ། བདག་གིས་ཀྱང་དེ་དེ་རིང་གཞུས་སོ། །ཡིག་དཔོན་གྱིས་སྨྲས་པ། དེ་བྲོས་ཀྱིས་ཚོལ་དུ་སོང་ཤིག །དེས་དཀའ་ཐུབ་ཀྱི་ཚལ་དང་མུ་སྟེགས་ཀྱི་གནས་དེ་དང་དེ་དག་ཏུ་བུ་འདྲི་ཞིང་སོང་སྟེ་དྲིས་ན་དེའི་ གཏམ་ཐོས་པ་ཡང་སུ་ཡང་མེད་དོ། །དེ་མཉན་ཡོད་དུ་སོང་སྟེ་སྒོར་བསྡད་པ་དང་། དགེ་ཚུལ་དེ་ཡང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་དགེ་ཚུལ་དེ་ཉིད་དང་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་དེས་དེ་ མཐོང་ནས་དེས་བྲང་བརྡུངས་ཏེ་སྨྲས་པ། བུ་དཀའ་ཐུབ་ཀྱི་ཚལ་དང་མུ་སྟེགས་ཀྱི་གནས་དེ་དང་དེ་དག་ཏུ་ཁོ་མོས་ཁྱོད་ཀྱི་ཕྱིར་མ་བཙལ་བ་དེ་དག་གང་ཡོད་དེ། ཁྱོད་ཀྱི་གཏམ་ཐོས་པ་ཡང་སུ་ཡང་མེད་ན། ཁྱོད་ཤཱཀྱའི་བུའི་རྐུན་མ་རྣམས་ཀྱི་ནང་དུ་ཅིའི་ཕྱིར་རབ་ཏུ་འབྱུང་། ཚུར་ཤོག་འདོང་ཞེས་དེས་དེའི་ལག་པ་གཉིས་ནས་བཟུང་ནས་ཁྱིམ་དུ་ཁྲིད་དོ། །དེ་ཉིད་ཚེ་དང་ལྡན་པ་དེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་ རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་དགེ་འདུན་ལ་མ་ཞུས་པར་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ། ། འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་དགེ་འདུན་ལ་ཞུར་གཞུག་པར་བྱའོ། །མ་ཞུས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་ སོ། །རྒྱལ་པོའི་ཁབ་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་བྱུང་ནས་བསྲིངས་ཤིང་བསྐྱེད་ དེ་ཆེན་པོར་གྱུར་ཏོ། །དེ་དུས་གཞན་ཞིག་ན་ན་བར་གྱུར་ནས་སྨན་པ་ཐམས་ཅད་ཀྱིས་བོར་བ་དང་མས་དེ་ལ་སྨྲས་པ། བུ་འཚོ་བྱེད་གཞོན་ནུས་གསོས་འདི་ནི་སྨན་པའི་རྒྱལ་པོ་བླ་ན་མེད་པ་ཡིན་གྱིས་འདིའི་གན་དུ་སོང་ཤིག །དེ་འཚོ་བྱེད་ཀྱི་གན་དུ་སོང་སྟེ་སྨྲས་པ། འཚོ་བྱེད་བདག་ ལ་གསོས་མཛོད་ཅིག །དེས་སྨྲས་པ། བཞིན་བཟངས་ཁྱོད་ནི་གསོ་དཀའ་ལ་འདི་ལྟར་ཁོ་བོ་ཡང་གཞན་སུའི་གསོས་ཀྱང་མི་བྱེད་དེ། ཁོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་གཉིས་ཀྱི་ གསོས་བྱེད་དོ། །དེ་མའི་གན་དུ་སོང་བ་དང་མས་སྨྲས་པ། བུ་ཁྱོད་འཚོ་བྱེད་ཀྱི་གན་དུ་སོན་ཏམ། མ་བདག་གིས་འཚོ་བྱེད་ཀྱི་གན་དུ་སོན་ན་དེ་ན་རེ་ཁྱོད་ནི་གསོ་དཀའ་ལ། འདི་ལྟར་ཁོ་བོ་ཡང་གཞན་སུའི་གསོས་ཀྱང་མི་བྱེད་དེ། ཁོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་གཉིས་ཀྱི་གསོས་བྱེད་དོ་ཞེས་ཟེར་རོ། །བུ་གལ་ཏེ་དེ་ལྟ་ན་རབ་ཏུ་བྱུང་ཤིག །མ་བདག་རིགས་ཀྱི་མཆོག་ཏུ་གྱུར་ནས་ཇི་ལྟར་ཤཱཀྱའི་བུའི་དགེ་སྦྱོང་རིགས་སྣ་ཚོགས་ཅན་རྣམས་ཀྱི་ནང་དུ་ རབ་ཏུ་འབྱུང་བར་བྱ། དེས་སྨྲས་པ། བུ་ཁྱོད་ཀྱི་ཀླད་པར་རྩྭ་ཀ་ཤ་དང་ཀུ་ཤ་སྐྱེ་བར་འགྱུར་རམ་ཅི་བབས་སོ་ཅོག །དེ་འོད་མའི་ཚལ་དུ་སོང་སྟེ་དགེ་སློང་གི་གན་དུ་སོང་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་དེ་རབ་ཏུ་ཕྱུང་བ་དང་དེ་འཁུན་ ཞིང་འདུག་གོ། །དེས་སྨྲས་པ། ཅིའི་ཕྱིར་འཁུན་ཅིང་འདུག །མཁན་པོ་བདག་བྲོ་འཚལ་ཏོ། །དེས་སྨྲས་པ། བཞིན་བཟངས་ཅི་ཁྱོད་རབ་ཏུ་བྱུང་ནས་འདི་ལྟར་ན་བར་གྱུར་ཏམ། མཁན་པོ་བདག་རབ་ཏུ་བྱུང་ནས་འདི་ལྟར་བྲོ་འཚལ་བར་མ་གྱུར་གྱི། བདག་བྲོ་འཚལ་ བཞིན་དུ་རབ་ཏུ་བྱུང་ངོ་། །ཅིའི་ཕྱིར་ཁྱོད་ཀྱིས་ཁོ་བོ་ལ་མ་སྨྲས། དེས་སྨྲས་པ། མཁན་པོ་ཁྱོད་ཀྱིས་བདག་ལ་སྨྲས་སམ་ཅི། དེ་མི་དགའ་བར་གྱུར་ཅིང་འདུག་པ་དང་། དེའི་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལྷགས་ཏེ་སྨྲས་པ། མཁན་པོ་ཁྱོད་ཅིའི་ སླད་དུ་མི་དགྱེས་ཤིང་བཞུགས། བུ་དག་རིགས་ཀྱི་བུ་འདི་ན་བཞིན་དུ་རབ་ཏུ་ཕྱུང་བས་ཁོ་བོས་ནད་བྲང་ཉེ་བར་གཞག་གོ། །དེ་དག་གིས་སྨྲས་པ། མཁན་པོ་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་དམ་པ་ནི་གཉིས་ཏེ། ཁུར་མ་བླངས་པ་ལེན་པར་མི་བྱེད་པ་དང་། གང་ཁུར་ བླངས་པ་མཐར་ཕྱིན་པར་བྱེད་པའོ་ཞེས་བཀའ་སྩལ་པས་ཁུར་བླངས་པ་འདི་མཐར་ཕྱིན་པར་མཛོད་ཅིག །དེ་དག་ཕན་ཚུན་སྨྲ་ཞིང་འཁོད་པ་ན་འཚོ་བྱེད་ཀྱང་ཕྱོགས་དེར་འོངས་ནས་དེ་དག་གིས་དེ་ལ་སྨྲས་པ། འཚོ་བྱེད་གཞོན་ནུ་འདིའི་ནད་ཅི་ཡིན་ལྟོས་ཤིག །དེས་སྨྲས་པ། བྲོ་ ལྕི་སྟེ། འདི་ལྟར་རྒྱལ་པོས་འདིའི་ཡོ་བྱད་ཐམས་ཅད་སྦྱར་ཅིང་བདག་གིས་འདིའི་གསོས་བགྱིས་ལ། འཕགས་པ་དག་གིས་བྲོ་གཡོག་མཛད་ན་རིང་པོ་མི་ཐོགས་པ་ཁོ་ནར་སོས་པར་འགྱུར་རོ་ཞེས་དེས་དེའི་གསོས་བྱས་པ་དང་དེ་སོས་པར་གྱུར་ཏོ། །དེས་སྨྲས་པ། མཁན་ པོ་བདག་གང་གི་དོན་དུ་རབ་ཏུ་འབྱུང་བའི་དོན་དེ་བདག་གིས་ཐོབ་ཀྱིས་མཆིའོ། །དེས་སྨྲས་པ། བུ་ཁྱོད་ཀྱིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སམ། མཁན་པོ་མ་བགྱིས་སོ། །འོ་ན་ཅི་ཁྱོད་ཀྱིས་ཕྱིར་མི་འོང་བའི་འབྲས་བུའམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སམ། མཁན་པོ་མ་བགྱིས་ཏེ། བདག་བྲོ་འཚལ་བས་རབ་ཏུ་བྱུང་ན་ད་བདག་སོས་པར་གྱུར་ཏོ། །དེས་སྨྲས་པ། བུ་གང་དུ་འགྲོ། མཁན་པོ་སྡུམ་པར་འཆིའོ། །དེས་སྨྲས་པ། བཞིན་བཟངས་གང་གི་ཕྱིར་ཁྱོད་ཀྱིས་ལེགས་པར་ གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་ལས་དགེ་སྦྱོང་གི་འབྲས་བུ་གང་ཡང་རུང་བ་ཐོབ་པར་བྱ་བ་ཡིན་ན། ཁྱོད་དད་པས་སྦྱིན་པར་བྱ་བ་ཆུད་གཟན་ནས་ཚུལ་བཞིན་མ་ཡིན་པས་སྡུག་བསྔལ་སྐྱེད་པར་བྱེད་དམ། དེས་དེའི་ཚིག་ཚིག་མ་ཡིན་པར་ བྱས་ཏེ་སོང་ནས། དེ་བྱས་པ་ཤེས་པས་འཚོ་བྱེད་ལ་ལོ་མ་དག་དང་། མེ་ཏོག་དག་དང་། འབྲས་བུ་དག་དང་། སོ་ཤིང་དག་སྟོབས་པར་བྱེད་དོ། །འཚོ་བྱེད་ཀྱིས་སྨྲས་པ། བཞིན་བཟངས་ཁྱོད་ཁོ་བོ་ལས་ཅི་ཞིག་འདོད། དེས་སྨྲས་པ་ཅི་ཡང་མི་འཚལ་ཏེ། འདི་ལྟར་བདག་ བགྱིས་པ་འཚལ་བས་ཁྱོད་ལ་ལོ་མ་དག་དང་། མེ་ཏོག་དག་དང་། འབྲས་བུ་དག་དང་། སོ་ཤིང་དག་སྟོབས་པར་བགྱིད་དོ། །དེས་སྨྲས་པ། བཞིན་བཟངས་ཁྱོད་ལ་ཁོ་བོས་ཅི་ཞིག་བྱས། བདག་བྲོ་འཚལ་བ་ལ་ཁྱོད་ཀྱིས་གསོས་བགྱིས་སོ། །དེས་སྨྲས་པ། ཁོ་ བོས་མི་དྲན་ནོ། །བདག་གིས་ཁྱོད་དགོངས་པར་བགྱིའོ་ཞེས་དེས་དེ་དྲན་པར་བྱས་པ་དང་འཚོ་བྱེད་ཀྱིས་སྨྲས་པ། བཞིན་བཟངས་གང་གི་ཕྱིར་ཁྱོད་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་ལས་དགེ་སྦྱོང་གི་འབྲས་བུ་གང་ ཡང་རུང་བ་ཐོབ་པར་བྱ་བ་ཡིན་ན། ཁྱོད་དད་པས་སྦྱིན་པར་བྱ་བ་ཆུད་གཟན་ནས་ཚུལ་མ་ཡིན་པས་སྡུག་བསྔལ་སྐྱེད་པར་གྱུར་ཏམ། འཚོ་བྱེད་ཀྱིས་བསམས་པ། འདི་ནི་བདག་གི་བྱ་བ་ཁོ་ན་ཡིན་གྱིས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་སྙམ་མོ། །དེ་ནས་འཚོ་བྱེད་ གཞོན་ནུས་གསོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འཚོ་བྱེད་གཞོན་ནུས་གསོས་ཀྱིས་འདི་སྐད་ཅེས་ གསོལ་ཏོ། །བཙུན་པ་འཕགས་པ་འདི་དག་རིགས་ཀྱི་བུ་བྲོ་འཚལ་བ་རབ་ཏུ་འབྱིན་པར་བགྱིད། བསྙེན་པར་རྫོགས་པར་བགྱིད་པས་བཙུན་པ་རེ་ཞིག་རྒྱལ་པོའི་མཛོད་དང་བང་བ་དག་ཀྱང་བསྲབས་པ་དང་། ཡོངས་སུ་བས་པ་དང་། ཡོངས་སུ་གཏུགས་པར་འགྱུར་ལ། བདག་གི་ལུས་ཀྱང་དལ་ཞིང་འཕགས་པ་དག་གི་དགེ་བའི་ཕྱོགས་ཀྱང་ཡོངས་སུ་ཉམས་པར་འགྱུར་བས། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་གང་གིས་འཕགས་པ་དག་རིགས་ཀྱི་བུ་བྲོ་འཚལ་བ་རབ་ཏུ་འབྱིན་པ་དང་། བསྙེན་པར་རྫོགས་པར་མི་བགྱིད་པ་དྲན་པར་ བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ། །བཅོམ་ལྡན་འདས་ཀྱིས་འཚོ་བྱེད་གཞོན་ནུས་གསོས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་འཚོ་བྱེད་གཞོན་ནུས་གསོས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་ནད་པ་རབ་ཏུ་འབྱིན་པར་བྱེད་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་ བས་ན་དགེ་སློང་གིས་ནད་པ་རབ་ཏུ་དབྱུང་བར་མི་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སངས་རྒྱས་བཅོམ་ལྡན་ འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སེར་སྐྱའི་གནས་ཀྱི་ཤཱཀྱ་རྣམས་ཀྱི་ཁྱིམ་དག་ནས་རེ་རེ་རབ་ཏུ་ཕྱུང་བ་དེའི་ཚེ་ན་དེ་དག་གི་གན་དུ་ཉེ་དུ་དག་ལྷགས་ནས། དེ་དག་ཉེ་དུ་ལྷགས་པ་དེ་དག་ལ་ཆོས་སྟོན་པར་བྱེད་ དོ། །དེ་དག་ཆོས་ཐོས་ནས་དེ་ཉིད་དུ་རབ་ཏུ་ཕྱུང་བ་ན་ཤཱཀྱ་མོ་ལ་ལའི་ནི་ཕ་རབ་ཏུ་ཕྱུང་། ལ་ལའི་ནི་མིང་པོ། །ལ་ལའི་ནི་ཁྱིམ་ཐབ། ལ་ལའི་ནི་སྐུད་པོ། །ལ་ལའི་ནི་བུ་རབ་ཏུ་བྱུང་བ་དང་དེ་དག་མྱ་ངན་གྱིས་ནོན་ནས་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་སྙིང་རྗེ་རྗེ་སྐད་དུ་ངུའོ། །རྒྱལ་ པོ་ཟས་གཙང་གིས་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་ན་ཤཱཀྱ་མོ་རབ་ཏུ་མང་པོ་དག་སྙིང་རྗེ་རྗེ་སྐད་དུ་ངུ་བའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་ཤཱཀྱ་རྣམས་ལ་སྨྲས་པ། ཤས་ལྡན་དག་ཅིའི་ཕྱིར་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་ཤཱཀྱ་མོ་རབ་ཏུ་མང་པོ་དག་སྙིང་རྗེ་རྗེ་སྐད་དུ་ངུ་། དེ་དག་གིས་ སྨྲས་པ། ལྷ་འཕགས་པ་འདི་དག་གིས་རིགས་ཀྱི་བུ་ཕ་མས་མ་གནང་བ་རབ་ཏུ་འབྱིན་པར་བགྱིད། བསྙེན་པར་རྫོགས་པར་བགྱིད་དེ། ཤཱཀྱ་མོ་ལ་ལ