Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 001_འདུལ་བ།_ཀ

Văn bản gốc(Tây Tạng)

Trang 17 / 19 (50.000 ký tự/trang)
་ཉུང་ངམ། བསྐྱོད་པ་ཡང་
ངམ། འཚོ་འམ། སྟོབས་དང་བདེ་བ་དང་ཉམ་ང་བ་མ་མཆིས་པས་བདེ་བ་ལ་རེག་པར་སྤྱོད་དམ་ཞེས་སྙུན་གསོལ་ལགས་སོ། །གྲོ་བཞིན་སྐྱེས་དགེ་སློང་ཀཱ་ཏྱཱ་ཡ་ན་བདེ་བར་གྱུར་ཅིག །ཞུ་བ་ལྔ་པོ་དག་ཀྱང་རྒྱས་པར་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོ་བཞིན་སྐྱེས་རེ་ཞིག་ངས་ཞུ་བ་འདི་ལུང་བསྟན་པའི་དུས་ལ་མ་བབ་ཀྱིས་དགེ་འདུན་གྱི་ནང་དུ་ཞུ་བ་ཞུས་ཤིག་དང་དེར་ཁྱོད་ཀྱི་ཞུ་བ་ལུང་བསྟན་པའི་དུས་ལ་བབ་བོ། །དེ་ནས་
བཅོམ་ལྡན་འདས་ནང་པར་སྔར་བཞེངས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་ཞེས་བྱ་བ་ནས་ཕྱོགས་གཅིག་ཏུ་འདུག་གོ་ཞེས་བྱ་བའི་བར་དུ་སྟེ། གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྡོ་ཅན་ཞེས་བགྱི་བའི་ཡུལ་གྱི་མཐའ་ན་གནས་པ་ཞེས་བགྱི་བའི་གྲོང་ན་བཙུན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་མཆིས་པ་དེ་བདག་གི་མཁན་པོ་ལགས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཞེས་
བྱ་བ་ནས་བདེ་བ་ལ་རེག་པར་སྤྱོད་དམ་ཞེས་བྱ་བའི་བར་དུའོ། །ཞུ་བ་ལྔ་པོ་གོང་དུ་ཇི་སྐད་དུ་སྤང་བའི་ལྟུང་བྱེད་ཀྱི་བར་བརྗོད་པ་ཡང་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་སྟེ། ཡུལ་མཐའ་འཁོབ་རྣམས་
སུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་དང་། རྟག་ཏུ་ཁྲུས་བྱས་པ་དང་། མཆིལ་ལྷམ་རིམ་གཅིག་པ་བཅང་བར་བྱ་སྟེ། རིམ་གཉིས་པ་མ་ཡིན། རིམ་གསུམ་པ་མ་ཡིན་ནོ། །གལ་ཏེ་ཟད་པར་གྱུར་ན་ལྷན་བས་བཏབ་སྟེ་
བཅང་བར་བྱའོ། །ཀོ་བ་བཅང་བར་བྱའོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་བསྐུར་བ་ཚུ་རོལ་ནས་ནི་སྤངས་ལ་དེར་མ་ཕྱིན་ན་གང་ལ་ཡང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་རོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་
བཅོམ་ལྡན་འདས་ཀྱིས་ཡུལ་མཐའ་འཁོབ་རྣམས་སུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱའོ་ཞེས་གང་གསུངས་པ་དེ་ལ་དབུས་ནི་གང་ལགས། མཐའ་འཁོབ་ནི་གང་ལགས། ཉེ་བ་འཁོར་ཤར་ཕྱོགས་ན་ལི་ཁ་ར་ཤིང་འཕེལ་

ཞེས་བྱ་བའི་གྲོང་ཡོད་པ་དེའི་ཤར་ཕྱོགས་ན་ལི་ཁ་ར་ཚང་ཚིང་ཞེས་བྱ་བའི་ཚལ་ཡོད་དེ་དེ་ནི་དབུས་སོ། །དེ་ཕན་ཆད་ནི་མཐའ་འཁོབ་བོ། །ལྷོ་ཕྱོགས་ན་འདམ་བུ་ཅན་ཞེས་བྱ་བའི་གྲོང་ཡོད་པ་དེའི་ཕ་རོལ་ན་འདམ་བུ་ཅན་ཞེས་བྱ་བའི་ཆུ་བོ་ཡོད་པ་དེ་ནི་
དབུས་སོ། །དེ་ཕན་ཆད་ནི་མཐའ་འཁོབ་བོ། །ནུབ་ཕྱོགས་ན་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་དག་ཡོད་དེ་དེ་ནི་དབུས་སོ། །དེ་ཕན་ཆད་ནི་མཐའ་འཁོབ་བོ། །བྱང་ཕྱོགས་ན་ཨུ་ཤི་རིའི་རི་ཞེས་བྱ་བ་ཡོད་དེ་དེ་ནི་དབུས་སོ། །དེ་ཕན་ཆད་ནི་མཐའ་
འཁོབ་བོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་
བའི་རིགས་དང་རིན་པོ་ཆེས་སྤྲས་པའི་རྣ་ཆ་རྣ་བ་ལ་ཐོགས་ཤིང་བཙས་ལ། ངན་སོང་མཐོང་ཞིང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དགེ་སློང་དག་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་
ན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་སྟོན་པ་འོད་སྲུང་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནས་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པ་ཞེས་བྱ་བའི་བར་འཇིག་རྟེན་དུ་བྱུང་ངོ་། །བཱ་རཱ་ཎ་སཱིའི་གྲོང་ན་ཁྱོ་ཤུག་གཉིས་ཤིག་
ཡོད་པ་དེ་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་མནོས་སོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་ཕུང་པོའི་ལྷག་

མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང་རྒྱལ་པོ་ཀྲྀ་ཀཱིས་དེའི་མཆོད་རྟེན་རིན་པོ་ཆེ་སྣ་བཞི་ལས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གང་ཙམ་ལ་འཕང་དུ་དཔག་ཚད་ཕྱེད་པ་ཞིག་བྱེད་དུ་བཅུག་ནས། དེ་ཞིག་ཅིང་
གོགས་པ་སླར་བཅོས་པའི་ཕྱིར་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོ་ནས་དཔྱ་འདུ་བ་གང་ཡིན་པ་དེ་དག་དེས་མཆོད་རྟེན་དེ་ལ་ཕུལ་ལོ། །གང་གི་ཚེ་རྒྱལ་པོ་ཀྲྀ་ཀཱི་ཤི་ནས་དེའི་བུ་ལེགས་སྐྱེས་ཞེས་བྱ་བ་དེ་རྒྱལ་སྲིད་ལ་བཞག་པ་དང་དེའི་བློན་པོ་དག་གིས་དཔྱ་ཉུང་
ཤས་ཤིག་ཕུལ་ལོ། །དེས་བློན་པོ་རྣམས་ལ་སྨྲས་པ། ཅིའི་ཕྱིར་ཁྱེད་ཀྱིས་ང་ལ་དཔྱ་ཉུང་ངུ་ཞིག་ཕུལ། ངའི་ཡུལ་ནས་དཔྱ་མི་འདུ་འམ་ཞེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ལྷ་དཔྱ་དེ་ལས་འདུ་བ་གང་ལ་མཆིས། ལྷ་གྲོང་ཁྱེར་གྱི་ཤར་
ཕྱོགས་ཀྱི་སྒོ་ནས་དཔྱ་འདུ་བ་གང་ལགས་པ་དེ་དག་ནི་རྒྱལ་པོ་ཡབ་ཀྱི་མཆོད་རྟེན་ཞིག་ཅིང་གོགས་པ་སླར་བཅོས་པའི་རྒྱུར་གཞག་གོ། །གལ་ཏེ་ལྷས་གནང་ན་དཔྱ་དེ་བདག་ཅག་གིས་དགུམ་མོ། །དེས་སྨྲས་པ། ཤེས་ལྡན་ངའི་ཡབ་ཀྱིས་གང་མཛད་པ་དེ་ནི་
ཚངས་པས་བྱས་པའོ། །དེ་ནི་བརྒྱ་བྱིན་གྱིས་བྱས་པའོ། །དེ་དག་གིས་བསམས་པ། གལ་ཏེ་ལྷས་གནང་ན་བདག་ཅག་གིས་ཅི་ནས་དཔྱ་དེ་དག་རང་འདུ་བར་མི་འགྱུར་བ་དེ་ལྟར་བྱའོ་སྙམ་ནས། དེ་དག་གིས་སྒོ་བཅད་དེ་བཞག་པས་ཕྱིན་ཆད་དཔྱ་འདུ་བ་ཆད་དོ། །
མཆོད་རྟེན་དེ་ཡང་ཞིག་ཅིང་གོགས་པར་གྱུར་པ་དང་། ཁྱོ་ཤུག་དེ་གཉིས་རྒས་པར་གྱུར་པ་ནས་མཆོད་རྟེན་དེ་ཉིད་ལ་བྱི་དོར་བྱེད་ཅིང་འདུག་གོ། །བྱང་ཕྱོགས་ནས་དེད་དཔོན་ཞིག་ཟོང་ཐོགས་ཏེ་བཱ་རཱ་ཎ་སཱིའི་གྲོང་དུ་ཕྱིན་པ་དང་། དེས་མཆོད་རྟེན་ཞིག་ཅིང་
གོགས་པར་གྱུར་པ་དེ་མཐོང་ངོ་། །དེས་མཐོང་ནས་ཡབ་ཡུམ་མཆོད་རྟེན་འདི་སུའི་ལགས་ཞེས་དྲིས་སོ། །དེ་གཉིས་ཀྱིས་སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཡིན་ནོ། །སུས་བགྱིས་པ། རྒྱལ་པོ་ཀྲྀ་ཀཱིས་སོ། །རྒྱལ་པོ་ཀྲྀ་ཀཱི་

དེས་མཆོད་རྟེན་དེ་ཞིག་པ་དང་གོགས་པ་སླར་བཅོས་པའི་ཕྱིར་ཕུལ་བ་ཅུང་ཟད་མེད་དམ། དེ་གཉིས་ཀྱིས་སྨྲས་པ། ཕུལ་བ་ཡོད་དེ་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོ་ནས་དཔྱ་འདུ་བ་གང་དག་མཆོད་རྟེན་དེ་ཞིག་པ་དང་གོགས་པ་བཅོས་པའི་ཕྱིར་ཕུལ་བ་ལས་རྒྱལ་
པོ་ཀྲྀ་ཀཱི་ནོངས་ནས་དེའི་སྲས་ལེགས་སྐྱེས་ཞེས་བྱ་བ་དེ་རྒྱལ་སྲིད་ལ་བཞག་ནས་དེས་དཔྱ་འདུ་བ་དེ་བཅད་པས་མཆོད་རྟེན་དེ་ཞིག་ཅིང་གོགས་པར་གྱུར་ཏོ། །དེས་རིན་པོ་ཆེས་སྤྲས་པའི་རྣ་ཆ་རྣ་བ་ལས་བཀྲོལ་ནས་དེས་དེ་གཉིས་ལ་བྱིན་ཏེ་སྨྲས་པ། ཡབ་ཡུམ་
རིན་པོ་ཆེའི་རྣ་ཆ་འདིས་མཆོད་རྟེན་འདི་ཞིག་ཅིང་གོགས་པ་རྣམས་ཆོས་ཤིག །བདག་ནམ་ཟོང་རྣམས་འགྱུར་ཏེ་འོངས་ནས་ཕྱིས་ཀྱང་སྦྱིན་ནོ། །དེ་གཉིས་ཀྱིས་དེ་བཙོངས་ནས་དེས་མཆོད་རྟེན་དེ་ཞིག་པ་དང་གོགས་པ་སླར་བཅོས་ཏེ་ཁ་ཅིག་ནི་ལྷག་གོ། །དེ་
ནས་དུས་ཕྱི་ཞིག་ན་དེད་དཔོན་གྱིས་ཟོང་བསྒྱུར་ནས་སྤོགས་ཁྱེར་ཏེ་འོངས་སོ། །དེས་མཆོད་རྟེན་དེ་ལྟ་བས་མི་ངོམས་པ་ཞིག་ཏུ་མཐོང་ངོ་། །མཐོང་ནས་ཀྱང་དེ་ཕྱིར་ཞིང་རབ་ཏུ་དགའ་བ་དང་། དང་བ་སྐྱེས་ཏེ་དྲིས་པ། ཡབ་ཡུམ་ཁྱེད་ཀྱིས་སྐྱིན་པོ་ཅུང་ཟད་
མ་བྱས་སམ། དེ་གཉིས་ཀྱིས་སྨྲས་པ། བུ་བདག་ཅག་གིས་སྐྱིན་པོ་ཅུང་ཟད་ཀྱང་མ་བྱས་ཏེ། འོན་ཀྱང་ལྷག་པ་ཡང་ཡོད་དོ། །དེ་རབ་ཏུ་དང་བ་སྐྱེས་ནས་དེ་ལ་ཅི་ལྷག་པ་དང་གཞན་ཡང་ཕུལ་ནས་མཆོད་པ་དང་བཀུར་སྟི་ཆེར་བྱས་ཏེ་དགེ་བའི་རྩ་བ་འདིས་
བདག་ཕྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བ་དང་། ཆོས་འདི་ལྟ་བུ་ཐོབ་པ་དང་། སྟོན་པ་འདི་ལྟ་བུ་ཁོ་ན་མཉེས་པར་བྱེད་ཀྱི། མི་མཉེས་པར་མི་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས།
དེད་དཔོན་གང་ཡིན་པ་དེ་ནི་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་འདི་ཉིད་ཡིན་ཏེ། འདིས་གང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་བྱ་བ་བྱས་ཏེ་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ཕྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་

ཆེ་བའི་རིགས་དང་། རིན་པོ་ཆེས་སྤྲས་པའི་རྣ་ཆ་རྣ་བ་ལ་ཐོགས་བཞིན་དུ་བཙས་ཤིང་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་
དང་ཤུགས་མཉམ་པ། སྟོབས་མཉམ་པ། བརྩོན་པ་མཉམ་པ། མི་མཉམ་པ་དང་མཉམ་པ་བརྙེས་པའི་སྟོན་པ་ང་མཉེས་པར་བྱས་ཀྱི་མ་མཉེས་པར་ནི་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་
ཏུ་གནག་པ་ཡིན། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་དཀར་བ་ཡིན། འདྲེན་མ་རྣམས་ཀྱི་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་ནི་སྤངས་ལ། ལས་གཅིག་ཏུ་དཀར་བ་ཁོ་ན་ལ་བརྩལ་བར་བྱ་སྟེ།
དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །བཙུན་པ་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་མཐོང་བའི་ཆོས་འདི་ཉིད་ལ་ངན་སོང་དག་མཐོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
འདིས་མ་ལ་ངག་གི་ལས་རྩུབ་མོ་སྨྲས་པ་དེའི་ལས་དེའི་རྣམ་པར་སྨིན་པས་མཐོང་བའི་ཆོས་ཉིད་ལ་ངན་སོང་དག་མཐོང་ངོ་།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་
པ་ཉེ་དགའ་དགེ་འདུན་གྱི་གསར་བུ་ཡིན་པས་དེ་གྲལ་རིམས་ཀྱིས་ཁྲི་ལྡེག་པ་ཞིག་ཐོབ་པ་དང་། དེ་ཞིག་གིས་དོགས་པས་བླ་འོག་མ་བསྒྱུར་བར་ཉལ་ལོ། །དེས་བསམས་པ། བདག་ཉེ་དགའ་ཡིན་ན་ཁྲི་ལ་ཡང་ཆགས་སམ། གལ་ཏེ་མལ་
ཆའམ་ཁྲི་མ་རྗེས་ན་ཉེ་དགའ་ཞེས་བྱ་བའི་མིང་ཡང་མི་འདོགས་སོ་སྙམ་ནས། དེ་ནང་པར་སྔར་ལངས་ཏེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་སོང་བ་དང་དེས་དེ་ལ་སྨྲས་པ། བཙུན་པ་ཉེ་དགའ་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ། །ཇི་ག་བཙུན་

པ་ཉེ་དགའ་བདེ་བར་གཟིམས་སམ། དེས་སྨྲས་པ། གསུས་པོ་ཆེ་ཁྱོད་ཇི་སྙམ་དུ་སེམས། ཇི་ལྟར་བདག་མལ་སྟན་རིམ་པ་བརྒྱད་ལ་ཉལ་བ་བཞིན་ཉེ་དགའ་ཡང་དེ་བཞིན་སྙམ་མམ། ཁོ་བོ་དགེ་འདུན་གྱི་གསར་བུ་ཡིན་པས་ཁོ་བོ་གྲལ་རིམས་ཀྱིས་ཁྲི་ལྡེག་
པ་ཞིག་ཐོབ་སྟེ། དེ་ཞིག་གིས་དོགས་ནས་ཁོ་བོ་བླ་འོག་ཀྱང་མི་སྒྱུར་བར་ཉལ་ལོ། །བཙུན་པ་ཉེ་དགའ་མལ་སྟན་རིམ་པ་བརྒྱད་པོ་འདི་འདྲ་བ་བརྟགས་ལགས་སམ། ལེགས་པར་བརྟགས་པའོ། །ཤིན་ཏུ་བརྟགས་པའོ། །གང་དུ་བཀག་སུས་
བཀག །གལ་ཏེ་བརྟགས་པ་ལགས་ན་དབུལ་གྱིས་སྣོམས་ལ་བཞུད་ཅིག །ཉེ་དགའས་སྨྲས་པ། གསུས་པོ་ཆེ་ཀོ་ས་ལའི་ཡུལ་རྣམས་ཁོ་བོ་དབང་ངམ་ཅི། །གཙུག་ལག་ཁང་དུ་སྐྱོལ་ལ་བྱིན་ཅིག །དེས་དེ་ལ་མི་བརྒྱད་བྱིན་ཏེ། དེ་ལ་བཞིས་
ནི་མལ་སྟན་རྣམས་ཁྱེར། བཞིས་ཁྲི་ཁྱེར་ནས་དེ་དག་སྲང་གི་དབུས་ནས་འདོང་བ་བྲམ་ཟེ་དང་། ཁྱིམ་བདག་དེ་དག་གིས་མཐོང་ངོ་། །མཐོང་ནས་ཀྱང་དྲིས་པ། ཤེས་ལྡན་དག་དེང་ལྷའི་གཟིམས་མལ་གང་དུ་བྱེད། ཉེ་དགའས་སྨྲས་
པ། ཉིད་ཀྱི་ཕོ་བྲང་དུའོ། །གཟིམས་མལ་འདི་གང་དུ་ཁྱེར། ཉེ་དགའས་སྨྲས་པ། འདི་དག་ནི་བདག་གིས་ཐོབ་བོ། །ཤེས་ལྡན་དག་དགེ་སྦྱོང་ཉེ་དགའ་ནི། འདོད་པའི་ཡོན་ཏན་གྱིས་གཡེན་སྤྱོ་འམ་ཅི། ཞེས་དེ་དག་སྨོད་པར་བྱེད།
གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དོ། །དེ་གཙུག་ལག་ཁང་དུ་སོང་ནས་གཙུག་ལག་ཁང་ཆག་ཆག་བཏབ། ཕྱག་དར་བྱས་ནས་བའི་ལྕི་བ་སར་པའི་བྱུག་པས་བྱུགས་ཏེ། གནས་མལ་བཤམས་ནས་ཉལ་བར་བསམས་པ་དང་། བཅོམ་
ལྡན་འདས་ཀྱིས་ཀྱང་ཕྱོགས་དེར་བྱོན་ཏོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་གནས་མལ་ཅི་འདྲ་བ་མཆིས་གཟིགས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་

དག་ཐོག་མ་ཉིད་དུ་རུལ་པ་སྦེད་པ་ནི་སྐྱེས་བུ་གཏི་མུག་ཉེ་དགའ་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་ལ་ཉལ་བ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་
གིས་ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་ལ་འདུག་པར་མི་བྱའོ། །འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཁྲི་སྟན་མཐོན་པོ་དང་སྟན་ཆེན་པོ་ལ་འདུག་པར་མི་བྱའོ་ཞེས་གསུངས་པ་དང་། ཁྱིམ་བདག་གཞན་ཞིག་གིས་སངས་རྒྱས་ལ་
སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ཏེ། དེས་ཁྲི་སྟན་མཐོན་པོ་དག་བཤམས་པར་བརྩམས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་སྔོན་རོལ་ཉིད་དུ་སོན་པ་དང་། དེས་སྟན་མཐོན་པོ་དག་ཤོམ་པ་དེ་མཐོང་ནས་དེས་དེ་ལ་སྨྲས་པ། ཁྱིམ་བདག་སྟན་འདི་དག་
ནི་དགེ་སློང་དང་འཚམ་པ་མ་ཡིན་གྱིས་སྡུས་ཤིག །དེས་དེ་དག་བསྡུ་བར་བརྩམས་པ་ན་བཅོམ་ལྡན་འདས་ཀྱང་དེར་གཤེགས་སོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་
ལ་རྨས་པ། ཀུན་དགའ་བོ་འདི་ཅི་ཞིག་བྱེད། བཅོམ་ལྡན་འདས་ཁྱིམ་བདག་འདིས་ཆེན་པོ་ལ་འོས་པའི་གདན་དག་ཤོམ་ནས་བདག་གིས་ཁྱིམ་བདག་སྟན་འདི་དག་ནི་དགེ་སློང་དང་འཚམ་པ་མ་ཡིན་གྱིས་འདི་དག་སྡུས་ཤིག་ཅེས་བསྒོ་བ་དང་དེ་དག་སྡུད་པ་ལགས་
སོ། །ཀུན་དགའ་བོ་ཐམས་ཅད་ལ་འབྱོར་པ་ཡོད་པ་མ་ཡིན་གྱིས། ཀུན་དགའ་བོ་ཁྱིམ་བདག་སྟན་ཤོམ་པ་མ་ཟློག་ཤིག །དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཁྱིམ་དུ་ཁྲི་སྟན་མཐོན་པོ་ལ་འདུག་པར་བྱའི་དེར་ཉལ་བར་མི་བྱའོ། །གཙུག་ལག་ཁང་དུ་ནི་འདུག་པར་མི་
བྱའོ། །ཉལ་བར་ཡང་མི་བྱ་སྟེ། འདུག་གམ་ཉལ་ན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྷོ་ཕྱོགས་ནས་དགེ་སློང་ཆོས་གོས་གསུམ་པ་གཞན་ཞིག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཉན་ཡོད་དུ་འོངས་པ་དང་། དེའི་པགས་པའི་གདིང་བ་བཟང་པོ་དེ་

ཉེ་དགའས་མཐོང་ནས་དེས་དེ་ལ་སྨྲས་པ། བསོད་སྙོམས་པ་པགས་པ་ཁོ་བོ་ལ་བྱིན་ཅིག །ཁོ་བོ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འགྲོའོ། །དེས་སྨྲས་པ། བཙུན་པ་ཉེ་དགའ་འགྲོ་ཡང་རུང་མི་འགྲོ་ཡང་རུང་། བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་
འཚལ་དུ་འདིར་འོངས་སོ། །བསོད་སྙོམས་པ་ཁྱོད་ཇི་སྙམ་དུ་སེམས། ཉེ་དགའས་འོ་ན་འདི་འདྲ་བའི་པགས་པ་རྙེད་པར་མི་ནུས་སྙམ་མམ། ངའི་རྙེད་པ་ལ་ལྟོས་ཤིག །བཙུན་པ་ཉེ་དགའ་ཁྱོད་ཀྱིས་གང་གི་ཕྱིར་དེ་ནུས་པ་དེའི་ཕྱིར་ཁོ་བོ་མི་འབུལ་ལོ། །ཡུལ་ཀོ་ས་ལའི་རྒྱལ་
པོ་གསལ་རྒྱལ་གྱི་བ་ལང་གི་སྤྱན་བྱེད་པ་ཆེན་པོ་ཞེས་བྱ་བ་དང་ཚེ་དང་ལྡན་པ་ཉེ་དགར་བཤེས་པས་དེ་དེའི་གན་དུ་སོང་བ་ན། ཇི་ཙམ་ན་སོས་ཀའི་དུས་སུ་བེའུ་བཀྲ་ཞིང་བཀྲ་བ་དག་བྱུང་ངོ་། །དེས་བེའུ་གཅིག་གི་རྒྱབ་ཏུ་བྱུགས་པ་དང་། ཆེན་པོས་སྨྲས་པ། བཙུན་པ་ཉེ་དགའ་
ཁྱོད་བེའུ་འདིའི་མའི་འོ་མ་གསོལ་བར་བཞེད་དམ་ཅི། དེས་སྨྲས་པ། དེ་ཡང་འདོད་མོད་ཀྱི། འདི་འདྲ་བའི་པགས་པ་དགེ་སློང་གང་ལ་ཡོད་པ་ནི་སེམས་ལས་ཆུང་ངུས་བདེ་བར་དགེ་བའི་ཕྱོགས་ལ་རབ་ཏུ་བརྩོན་པར་འགྱུར་རོ། །ཆེན་པོས་སྨྲས་པ། བཙུན་པ་ཉེ་དགའ་བཀའ་
སྩལ་པས་མཇལ་གྱིས་བཞུད་ཅིག །དེ་སོང་བ་དང་ཆེན་པོས་ཕྱུགས་རྫི་ལ་བསྒོ་བ། བེའུ་འདི་སོད་ལ་ཁྱོད་ཀྱིས་པགས་པ་ཁྱེར་ཏེ་བཙུན་པ་ཉེ་དགའ་ལ་ཕུལ་ཅིག །དེས་བེའུ་དེ་བསད་ནས་པགས་པ་ཁྱེར་ཏེ་སོང་བ་དང་། བ་དེ་བེའུ་དེ་ལ་གདུང་བས་སྐད་འབྱིན་ཅིང་རྗེས་བཞིན་དུ་
སོང་བ་ལས་དེ་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་པ་དང་། བ་དེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་སྐད་འབྱིན་ཅིང་འདུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་
པ། ཀུན་དགའ་བོ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་བ་འདི་ཅིའི་ཕྱིར་སྐད་འབྱིན་ཅིང་འདུག །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བཙུན་པ་ཉེ་དགའས་བེའུ་དེའི་པགས་པ་འཚལ་བའི་སླད་དུ་འགུམས་སུ་སྩལ་བས་དེས་ན་བ་དེ་རྒྱལ་བྱེད་ཀྱི་ཚལ་གྱི་

སྒོ་ན་སྐད་འབྱིན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་ཀོ་ལྤགས་འཆང་བ་ཡིན་གྱིས། དེ་ལྟ་བས་ན་དགེ་སློང་གིས་ཀོ་ལྤགས་བཅང་བར་མི་བྱའོ། །བཅངས་ན་འགལ་ཚབས་ཅན་དུ་
འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཀོ་ལྤགས་བཅང་བར་མི་བྱའོ་ཞེས་གསུངས་པ་དང་། ཁྱིམ་བདག་གཞན་ཞིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་ན་ཁྱིམ་བདག་དེས་གདན་གཞན་བཤམ་དུ་
མེད་ནས། དེས་ཀོ་ལྤགས་ཀྱི་གདན་དག་བཤམ་པར་བརྩམས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ནང་པར་སྔར་ལངས་ཏེ་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང་། དེས་ཁྱིམ་བདག་དེ་ཀོ་ལྤགས་ཀྱི་གདན་དག་ཤོམ་པ་མཐོང་ནས་སྨྲས་པ། ཁྱིམ་བདག་སྟན་འདི་
དག་ནི་དགེ་སློང་དང་འཚམ་པ་མ་ཡིན་གྱིས་འདི་དག་སྡུས་ཤིག །དེས་བསྡུ་བར་བརྩམས་པ་ན་བཅོམ་ལྡན་འདས་ཀྱང་དེར་གཤེགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་
ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་འདི་ཅི་ཞིག་བྱེད། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། ཁྱིམ་བདག་འདིས་གདན་གཞན་བཤམ་དུ་མ་འབྱོར་ནས་དེ་ན་ཀོ་ལྤགས་ཀྱི་གདན་དག་བཤམས་པ་དང་། བདག་གིས་ཁྱིམ་བདག་གདན་འདི་དག་ནི་དགེ་སློང་
དང་འཚམ་པ་མ་ཡིན་གྱིས་འདི་དག་སྡུས་ཤིག་ཅེས་བསྒོ་ནས། དེ་སྟན་འདི་དག་སྡུད་པ་ལགས་སོ། །ཀུན་དགའ་བོ་ཐམས་ཅད་ལ་འབྱོར་པ་མེད་པས་ཀུན་དགའ་བོ་ཁྱིམ་བདག་སྟན་ཤོམ་པ་མ་ཟློག་ཤིག །དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཁྱིམ་དུ་ཀོ་ལྤགས་ཀྱི་
སྟན་བཤམས་པ་ལ་འདུག་པར་བྱའི་ཉལ་བར་ནི་མི་བྱའོ། །གཙུག་ལག་ཁང་དུ་ནི་འདུག་པར་མི་བྱ་ཉལ་བར་མི་བྱ་སྟེ་འདུག་གམ་ཉལ་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །

ཚེ་དང་ལྡན་པ་པི་ལིན་དའི་བུ་རབ་ཏུ་བྱུང་ཚུན་ཆད་ནས་རྟག་ཏུ་ནད་བུ་ཅན་ཉིད་དུ་གྱུར་ཏོ། །གཉེན་དག་དེའི་དྲུང་དུ་སོང་སྟེ་སོན་པ་དང་། དེས་དེ་དག་ལ་ཆོས་བཤད་དོ། །དེ་དག་གིས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་ཆོས་མཉན་ནས་བུད་མེད་ཀྱི་གན་དུ་འོངས་ཏེ་སྨྲས་པ། འཕགས་པ་
པི་ལིན་དའི་བུས་སྦྲང་རྩི་བཙིར་བ་ལྟ་བུར་ཆོས་སྙན་དགུ་ཞིག་བཤད་དོ། །དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་ཚེ་དང་ལྡན་པ་དེ་ལས་ཆོས་མཉན་པ་ནི་སངས་རྒྱས་འབྱུང་བ་འབྲས་བུ་དང་བཅས་པ་ཡིན་ནོ། །ཁྱེད་ཅག་ཀྱང་ཉན་འདོད་ཅིང་བདག་ཅག་དེར་མཆི་བར་ངོ་ཚའོ། །གལ་ཏེ་
འཕགས་པ་བདག་ཅག་གི་འདིར་གཤེགས་ཏེ་ཆོས་བཤད་པ་ན་བདག་ཅག་གིས་ཀྱང་དེ་བཞིན་དུ་མཉན་ནོ། །དེ་དག་གིས་སྨྲས་པ། བདག་ཅག་འཕགས་པ་པི་ལིན་དའི་བུའི་ཐད་དུ་སོང་ལ་ཞུ་བར་བྱའོ། །ཞེས་དེ་དག་ཚེ་དང་ལྡན་པ་པི་ལིན་དའི་བུ་གང་ན་བ་དེར་སོང་སྟེ་ཕྱིན་ནས་
སྨྲས་པ། འཕགས་པ་པི་ལིན་དའི་བུ་བུད་མེད་དག་ཆོས་ཐོས་པར་འཚལ་ལོ། །དེས་སྨྲས་པ། ཁོ་བོས་བཀག་གམ་ཅི་ཉོན་ཅིག །དེ་དག་གིས་སྨྲས་པ། འཕགས་པ་བུད་མེད་དེ་དག་མཆིར་ངོ་ཚ་ལགས་སོ། །གལ་ཏེ་འཕགས་པ་པི་ལིན་དའི་བུ་དེ་ཉིད་དུ་གཤེགས་ཏེ།
ཆོས་བཤད་ན་དེ་དག་ཉན་པར་འགྱུར་རོ། །དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་ན་བས་རྐང་པས་ནི་འགྲོ་མི་ནུས་སོ། །དེ་དག་གིས་སྨྲས་པ། འཕགས་པ་བཞོན་པས་གཤེགས། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་། །སྐབས་དེ་བཅོམ་
ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། བཞོན་པས་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཞོན་པས་འགྲོ་བར་བྱའོ་ཞེས་གསུངས་ནས། ཚེ་དང་ལྡན་པ་པི་ལིན་དའི་བུ་བཞོན་པ་
ལ་ཞོན་ནས་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་དོང་བ་དྲུག་སྡེ་རྣམས་ཀྱིས་མཐོང་ནས་དེ་དག་གིས་དྲིས་པ། ཤེས་ལྡན་དག་འགྲོ་བ་ཕ་བི་སུ་ཞིག །དེ་དག་གིས་སྨྲས་པ། མཁན་པོ་ཡིན་ནོ་ཅི་བཅོམ་ལྡན་འདས་ཀྱིས་བཞོན་པ་རྗེས་སུ་གནང་ངམ།

རྗེས་སུ་གནང་ངོ་། །དྲུག་སྡེ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱི་དགོངས་པ་ནི་ཤཱཀྱ་རྣམས་ཤིན་ཏུ་གཞོན་པས་རྐང་པས་འགྲོ་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་བཞོན་པ་རྗེས་སུ་གནང་ངོ་སྙམ་ནས་དེ་རྣམས་ཀྱིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་
དང་། ཤེལ་གྱིས་ཁྲ་བོར་བྱས་ཤིང་པད་མ་བཞིན་དུ་བྱི་དོར་བྱས་པའི་བཞོན་པ་དག་ཉེ་བར་བཞག་སྟེ། དེ་དག་བཞོན་པ་ལ་ཞོན་ནས་སྲང་གི་དབུས་ནས་ལག་པ་བསྒྲེང་སྟེ། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ནད་མེད་པར་གྱུར་ཅིག་ཅེས་ཟེར་ཞིང་དོང་ངོ་། །དེ་དག་གིས་སྨྲས་པ།
འཕགས་པ་དག་ཅི་འདི་དག་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ངམ། རྗེས་སུ་གནང་ངོ་། །དེ་དག་གིས་འཕགས་པ་དགེ་སྦྱོང་ཁྱེད་ཅག་ནི་འདོད་པའི་ཡོན་ཏན་གྱིས་གཡེན་སྤྱོ་བ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་བཞོན་པས་འགྲོ་བ་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་གིས་བཞོན་པས་འགྲོ་བར་མི་བྱའོ། །དེ་ཉིད་ཉེས་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞོན་པས་འགྲོ་བར་བྱ་བ་ནི་གཉིས་ཏེ།
རྒས་འཁོགས་ནས་ཉམ་ཆུང་བ་དང་། ན་སྟེ་སྦྱོར་མི་བཟོད་པའོ། །དགེ་སློང་རྣམས་ལྗོངས་རྒྱུ་ཞིང་དོང་བ་ལས་དེ་དག་གིས་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་ཆུ་རྒལ་བ་ན་དབུས་སུ་ཕྱིན་ནས་འགྲོ་མ་ནུས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་རྐྱལ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་རྐྱལ་བསླབ་པར་བྱའོ། །ཞེས་གསུངས་པ་དང་། དྲུག་སྡེ་རྣམས་ཀྱིས་ཆུ་བོ་ཨ་ཛིར་བ་ཏི་ལ་ཕར་ཡང་རྐྱལ་ཚུར་ཡང་རྐྱལ་བ་དང་། ཇི་ཙམ་ན་
ཕྱུགས་རྫི་བུད་མེད་དག་འོངས་པ་དེ་དག་གིས་མཐོང་ནས་སྨྲས་པ། སྲིང་མོ་ཚུར་ཤོག །ཁྱེད་ཅག་བདག་ཅག་གིས་བསྒྲལ་ལོ། །དེ་དག་གིས་དེ་དག་བསྒྲལ་བར་བརྩམས་པ་ན་དེ་དག་གིས་དེ་དག་གི་ཡན་ལག་དང་ཉིང་ལག་དག་ལ་རེག་ཅིང་དེ་དག་གིས་དེ་དག་བསྒྲལ་ནས་སྨྲས་པ། སྲིང་

མོ་དག་ཡང་ཚུར་ཤེག །ཁོ་བོ་ཅག་གིས་ཕྱིར་ཡང་བསྒྲལ་ལོ། །དེ་དག་གིས་སྨྲས་པ། འཕགས་པ་དག་བདག་ཅག་གི་ཡན་ལག་དང་ཉིང་ལག་དག་ལ་ཁྱིམ་ཐབ་ཀྱིས་ཀྱང་མ་རེག་ན་ཁྱེད་ཅག་གིས་རེག་པར་བྱས་པས་བདག་ཅག་སླར་ག་ལ་མཆི་ཞེས་དེ་དག་སྨོད་པར་བྱེད། འཕྱ་བར་
བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་བུད་མེད་ལ་རེག་པར་བྱེད་པ་ཡིན་གྱིས། དེ་ལྟ་བས་ན་དགེ་སློང་གིས་བུད་མེད་ལ་རེག་པར་མི་བྱའོ། །
རེག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བུད་མེད་ལ་རེག་པར་མི་བྱའོ་ཞེས་གསུངས་པ་དང་། གྲོང་ཁྱེར་གྱི་མི་རྣམས་སྐྱེད་མོས་ཚལ་ལ་དགའ་བས་དེ་རྣམས་སྐྱེད་མོས་ཚལ་དུ་དོང་བ་དང་། བུད་མེད་ཅིག་ཆུ་ཆུར་སོང་བ་ལས་དེ་གྲེད་དེ་ཆུས་ཁྱེར་རོ། །
དེ་ཚོལ་དུ་སོང་བའི་མི་དེས་དགེ་སློང་དག་མཐོང་ནས་འཕགས་པ་བདག་གི་བུད་མེད་ཆུས་ཁྱེར་བ་ཞིག་གཟིགས་སམ། མཐོང་སྟེ་ཆུས་ཁྱེར་བ་ཕ་བི་ཡིན་ནོ། །ཕ་བི་དེ་ད་ལྟར་ཤི་ལ་ཐུག་ན་ཉིན་ཐོག་ཐག་ཏུ་ཆུ་ལ་ལྟ་ཞིང་འཁོད་དམ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་
རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱུང་བར་བྱའོ། །གཞན་དག་ན་རེ་ཐོང་ཤིག་ཅེས་ཟེར་ན། གལ་ཏེ་མཐུ་ཡོད་པ་ཡིན་ན་གཏང་བར་བྱའོ། །གཞན་དག་གཡོ་བ་མེད་པར་གྱུར་ཏེ་དེ་དག་བྱེ་མ་སྤུངས་པ་ལ་ཁས་བུབ་ཏུ་བཞག་ནས་བོར་
ཏེ་དོང་བ་དང་ཝས་ཟོས་སོ། །དེ་བོར་ཏེ་འགྲོ་བར་མི་བྱའོ། །དེ་དག་ཆགས་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱོགས་གཞན་ཞིག་ན་འདུག་ལ་གང་དག་ཁ་ཏོན་ཟློས་པ་དེ་དག་གི་ནི་ཁ་ཏོན་བྱོས་ཤིག །བསམ་གཏན་པ་གང་དག་ཡིན་པ་དེ་དག་གིས་ནི་ཡིད་ལ་
བྱོས་ཤིག །དྲོ་ཡོལ་དུ་དོགས་ན་དེ་ན་བ་ལང་རྫི་དང་ཕྱུགས་རྫི་གང་དག་འཁོད་པ་དེ་དག་ལ་གཏད་ནས་འགྲོ་བར་བྱའོ། །དྲུག་སྡེ་དག་གིས་ཁྱིམ་བདག་གཞན་ཞིག་གི་བའི་མཇུག་མ་ལ་བཟུང་ནས། བའི་འོ་མ་ཟད་ཟད་དུ་ཕར་རྐྱལ་ཚུར་རྐྱལ་ལོ། །དེས་ཕྱུགས་རྫི་ལ་དྲིས་པ། དེ་

རིང་ཅིའི་ཕྱིར་འོ་མ་མེད། དེས་སྨྲས་པ། འཕགས་པ་དྲུག་སྡེ་དག་གིས་ཞེས་བྱ་བ་ནས་དེ་སྨོད་པར་བྱེད། འཕྱ་བར་བྱེད། ཁ་ཟེར་བར་བྱེད་ཅེས་བྱ་བའི་བར་གོང་མ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་བའི་མཇུག་
མ་ལས་བཟུང་སྟེ་རྐྱལ་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བའི་མཇུག་མ་ལས་བཟུང་སྟེ་རྐྱལ་པར་མི་བྱའོ་ཞེས་གསུངས་པ་དང་། དགེ་སློང་ཆུ་རྒལ་བ་དག་ཅིག་གླང་པོ་ཆེའི་མཇུག་མ་ནས་བཟུང་སྟེ་འགྲོ་བར་འདོད་པ་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། མཇུག་མ་ཅན་ལྔའི་མཇུག་མ་ལས་བཟུང་སྟེ་འགྲོ་བར་བྱ་སྟེ། གླང་པོ་ཅང་ཤེས་པ་དང་། རྟ་ཅང་ཤེས་དང་། ཁྱུ་མཆོག་དང་། མ་ཧེ་དང་། གཡག་གིའོ། །འོན་ཀྱང་རྐྱལ་པས་རྐྱལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་རྐྱལ་པས་རྐྱལ་བར་བྱའོ་ཞེས་
གསུངས་པ་དང་། དྲུག་སྡེ་དག་གིས་རྐྱལ་པ་བུད་མེད་དང་སྐྱེས་པ་ཉལ་པོ་བྱེད་པ་རི་མོར་བྲིས་ཤིང་པད་མ་ལྟར་བྱི་དོར་བྱས་པ་དག་བྱས་པ་དང་། དེ་དག་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་སྨྲས་པ། འཕགས་པ་འདི་ཅི་ལགས། དེ་དག་གིས་སྨྲས་པ། བཅོམ་ལྡན་
འདས་ཀྱིས་རྐྱལ་པ་རྗེས་སུ་གནང་ངོ་། །འཕགས་པ་དགེ་སྦྱོང་ཁྱེད་ཅག་ནི་འདོད་པ་ལྔའི་ཡོན་ཏན་གྱིས་གཡེན་སྤྱོ་འམ་ཅི་ཞེས་དེ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སྦྱོང་གིས་རྐྱལ་
པ་བུད་མེད་དང་སྐྱེས་པ་ཉལ་པོ་བྱེད་པའི་རི་མོར་བྲིས་ཤིང་པད་མ་ལྟར་བྱི་དོར་བྱས་པ་དག་བཅང་བར་མི་བྱའོ། །འོན་ཀྱང་རྐྱལ་པ་གཉིས་བཅང་བར་བྱ་སྟེ། རྩིས་བསྐུས་པ་དང་། རྐྱལ་སྐྱའོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འཁོར་གྱི་ཁྱམས་ཤིག་བརྩིགས་པ་དང་།
ཆོས་མཉན་པར་དགེ་སློང་ཤིང་གི་མཆིལ་ལྷམ་གོན་པ་དག་ལྷགས་ནས། དེ་དག་གིས་ཤིང་གི་མཆིལ་ལྷམ་གྱིས་ས་གཞི་བསྟར་བ་བྲུད་ཅིང་རློག་པར་གྱུར་ཏོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ནང་པར་སྔར་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འོངས་པ་དེས་

མཐོང་ངོ་། །མཐོང་ནས་སྨྲས་པ། འཕགས་པ་འདིར་མ་དང་སུམ་རྒྱལ་པོ་གསལ་རྒྱལ་དཔུང་གི་ཚོགས་ཡན་ལག་བཞི་དང་དགོངས་བཏབ་བམ། དེ་དག་གིས་སྨྲས་པ། རྒྱལ་པོ་ནི་མ་ཡིན་མོད་ཀྱི་དགེ་སློང་ཤིང་གི་མཆིལ་ལྷམ་གོན་པ་དག་ཅིག་འོངས་ཏེ། དེ་དག་གིས་
འདི་མ་རུང་བར་བྱས་སོ། །དེ་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་ཤིང་གི་མཆིལ་ལྷམ་འཆང་བ་ཡིན་གྱིས། དེ་ལྟ་བས་ན་དགེ་སློང་
གིས་ཤིང་གི་མཆིལ་ལྷམ་བཅང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་གི་མཆིལ་ལྷམ་བཅང་བར་མི་བྱའོ་ཞེས་གསུངས་པ་དང་། ཁྱིམ་དུ་དགེ་སློང་རྣམས་དབྱར་གནས་པར་དམ་བཅས་པ་ལས། དེ་དག་གིས་མཆིལ་ལྷམ་འདམ་གྱིས་རླན་པར་གྱུར་
པས་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཁྱིམ་གྱི་ནང་དུ་ཤིང་གི་མཆིལ་ལྷམ་བཅང་བར་བྱའོ། །དགེ་སློང་གིས་དགེ་འདུན་རྣམས་ལ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་
ཤིང་གི་མཆིལ་ལྷམ་དག་ཕུལ་བ་དང་དགེ་སློང་རྣམས་ཀྱིས་མ་བླངས་སོ། །དེ་དག་གིས་སྨྲས་པ། འཕགས་པ་དག་གང་གི་ཚེ་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་མུ་སྟེགས་ཅན་རྣམས་སྦྱིན་གནས་སུ་གྱུར་ཏོ་ཞེས་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། བླང་བར་བྱ་སྟེ། བླངས་ནས་དགེ་འདུན་གྱི་སྣམ་ཕྱིས་འམ། ཆབ་ཁུང་སར་གཞག་པར་བྱའོ།། །།འདུལ་བ་གཞི། བམ་པོ་ཉི་ཤུ་གཉིས་པ། སྡོམ་ལ། སྨྱུག་མའི་ལོ་མ་གྲོ་བཞིན་དང་། །རྗེས་སུ་གནང་དང་བསྲུངས་ཕྱིར་དང་། །དེ་བཞིན་བསེགས་
སུ་བཅིང་བ་དང་། །རྩེ་མོ་རྟིང་བ་སྦུ་གུ་ཅན། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་གི་མཆིལ་ལྷམ་བཅང་བར་མི་བྱའོ་ཞེས་གསུངས་ནས་དེ་དག་སྨྱུག་ལོའི་མཆིལ་ལྷམ་འཆང་བ་དང་། དེ་ཉིད་ཉེས་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

སྨྱུག་ལོའི་མཆིལ་ལྷམ་བཅང་བར་མི་བྱའོ། །དེ་དག་རྩྭ་མུན་ཛའི་མཆིལ་ལྷམ་འཆང་བ་དང་། དེ་ཉིད་ཉེས་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩྭ་མུན་ཛའི་མཆིལ་ལྷམ་བཅང་བར་མི་བྱའོ། །དེ་དག་སྲད་བུའི་མཆིལ་
ལྷམ་འཆང་བ་དང་། དེ་ཉིད་ཉེས་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲད་བུའི་མཆིལ་ལྷམ་བཅང་བར་མི་བྱའོ། །དགེ་སློང་དག་དྲེག་གིས་བཏབ་སྟེ། དེ་དག་ཤུ་བ་བྱུང་བས་ཀོ་བའི་མཆིལ་ལྷམ་རླན་པར་གྱུར་པའི་སྐབས་དེ་བཅོམ་
ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲེག་གིས་ཐེབས་པ་གང་ཡིན་པ་དེས་སྲད་བུའི་མཆིལ་ལྷམ་བཅང་བར་བྱའོ། །གང་གི་ཚེ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་རབ་ཏུ་བྱུང་བ་དེའི་ཚེ་དེའི་རྐང་མཐིལ་ལ་གསེར་གྱི་ཁ་དོག་འདྲ་
བའི་སྤུ་སོར་བཞི་ཙམ་ཡོད་པ་དེ་དྲུག་སྡེ་དག་གིས་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་རེ་ཞིག་མར་སར་གྱི་གོང་བུ་འདྲ་བ་འདི་གཅིག་ཏུ་བརྩོན་པས་བསྟན་པ་ལ་རབ་ཏུ་བྱུང་ནས་ཅི་ཞིག་བྱེད་ཅེས་སྨྲས་པ་དེས་ཐོས་སོ། །དེས་ཐོས་ནས་ང་
རྒྱལ་སྐྱེས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོའི་དྲུང་དུ་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གཅིག་ཏུ་བརྩོན་པས་བསྟན་པ་ལ་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་གསུངས་པ་གང་ལགས། ཚེ་དང་ལྡན་པ་གྲོ་བཞིན་
སྐྱེས་འཆག་པས་ཐོབ་པ་ཡིན་ནོ། །དེ་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སོང་ནས་འཆགས་བཅས་སོ། །དེ་འཆག་པ་ན་སྤུ་གསེར་གྱི་ཁ་དོག་འདྲ་བ་སོར་བཞི་ཙམ་པོ་དག་ཀྱང་ཟད་དོ། །དེའི་འོག་ཏུ་པགས་པ་རྡོལ། དེའི་འོག་ཏུ་ཁྲག་བྱུང་སྟེ། དེ་ཇི་སྲིད་འཆག་སའི་མགོ་
གཅིག་ནས་ཅིག་ཤོས་སུ་སོང་གི་བར་དུ་དེའི་འཆག་སའི་མགོ་གཅིག་ན་ཡང་ཁྭ་དག་ཁྲག་འཐུང་ལ་གཉིས་པ་ན་ཡང་འཐུང་ངོ་། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་ལ་གཞེས་པ་ནི་དུས་དུས་སུ་ཆུ་བོར་རྒྱུ་བ་སྤྱོད་དོ། །ཞེས་བྱ་བའི་བར་དུ་རྒྱས་

པར་བྱ་སྟེ། སྐབས་འདིར་ནི་སངས་རྒྱས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་རྒྱུ་ཞིང་གཤེགས་པ་ཡིན་པས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པའི་གཙུག་ལག་ཁང་གང་ན་བ་དེར་གཤེགས་པ་དང་། བཅོམ་ལྡན་འདས་ཀྱིས་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པའི་འཆག་ས་གཟིགས་
སོ། །གཟིགས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས་མཁྱེན་བཞིན་དུ་རྨེད་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་གཅིག་ཏུ་བརྩོན་པའི་འཆག་ས་འདི་དགེ་སློང་གང་གི་ཡིན།
གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པའི་ལགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་རྗེས་སུ་གནང་སྟེ། གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པས་རིམ་པ་གཅིག་པའི་མཆིལ་ལྷམ་བཅང་བར་བྱའོ། །རིམ་གཉིས་པ་མ་ཡིན། རིམ་གསུམ་པ་མ་ཡིན་ནོ། །གལ་ཏེ་རྡོལ་བར་གྱུར་ན་ལྷན་པས་བཏབ་སྟེ་
བཅང་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་གང་ན་བ་དེར་སོང་སྟེ་སོན་ནས། ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤེས་པར་གྱིས་ཤིག་སྟོན་པས་ཁྱོད་ལ་མཆིལ་ལྷམ་རིམ་གཅིག་
པ་རྗེས་སུ་གནང་སྟེ། རིམ་གཉིས་པ་མ་ཡིན། རིམ་གསུམ་པ་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྦྱར་རོ། །བཙུན་པ་ཀུན་དགའ་བོ་ཅི་དགེ་འདུན་ཐམས་ཅད་ལའམ། འོན་ཏེ་བདག་འབའ་ཞིག་ལ། ཁྱོད་འབའ་ཞིག་ལའོ། །བཙུན་པ་ཀུན་དགའ་བོ་སྟོན་པའི་བཀའ་ནི་མི་
གཅོག་ན། གལ་ཏེ་བདག་གིས་བཅངས་ན་གཞི་དེས་བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་དག་ཨེ་མའོ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་རབ་ཏུ་བྱུང་ནས་ལྟོག་པོ་ཞིག་རྙེད་དོ། །གང་ཡང་ཡུལ་ཙམ་པ་ཐུན་མོང་མ་ཡིན་པ་དང་གླང་པོ་ཆེ་བདུན་གྱི་ཚོགས་སྤངས་ཏེ་རབ་ཏུ་བྱུང་ལ། དེང་
མཆིལ་ལྷམ་ཐེ་གི་བ་ཙམ་ལ་ཆགས་པ་ལྟ་ཞེས་གླེང་བར་འགྱུར་ཏེ། དེ་ལྟ་མོད་ཀྱི་གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་བལྟོས་ཏེ་དགེ་འདུན་ཐམས་ཅད་ལ་རྗེས་སུ་གནང་ན་བདག་གིས་དེ་བཞིན་དུ་བཅང་བར་བྱའོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱས་

པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལ་བལྟོས་ནས་དགེ་འདུན་ཐམས་ཅད་ཀྱིས་རིམ་གཅིག་པའི་མཆིལ་ལྷམ་བཅང་བར་བྱ་སྟེ། རིམ་གཉིས་པ་མ་ཡིན་ཞེས་རྒྱས་པར་སྦྱར་
རོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་རྒན་ཞུགས་མཆིལ་ལྷམ་ཅན་གཞན་ཞིག་འཆག་པར་བྱེད་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཕར་སོང་ངའི་སྤྱན་སྔ་ན་མ་འདུག་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་
སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རེ་ཞིག་འཇིག་རྟེན་ཐམས་ཅད་ཀྱི་ཟང་ཟིང་དང་འདྲེས་པའི་སྟོན་པ་གང་ཡིན་པ། སྟོན་པ་དེའི་ཉན་ཐོས་རྣམས་ཀྱང་འདི་ལྟར་མྱུར་བ་མྱུར་བར་ལྟུང་བར་འགྱུར་བའི་བརྟུལ་ཞུགས་མི་སྤྱོད་ན། ང་འཇིག་རྟེན་ཐམས་ཅད་ཀྱི་ཟང་ཟིང་དང་བྲལ་
བར་གནས་པའི་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་མཆིལ་ལྷམ་འཆང་པ་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་གིས་མཆིལ་ལྷམ་བཅང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་མཆིལ་ལྷམ་
བཅང་བར་མི་བྱའོ་ཞེས་གསུངས་པ་དང་། གར་མཁན་གཞན་ཞིག་རབ་ཏུ་བྱུང་བ་དེའི་ཆུ་སྣོད་ཆག་ནས་དེ་རྐང་པ་བཀྲུ་བའི་གནས་སུ་རྐང་པ་བཀྲུས་ནས་ཁའི་ནང་ཆུས་བཀང་སྟེ། རྨ་བྱའི་འགྲོས་སུ་སོང་བ་དེ་དྲུག་སྡེ་རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་
དག་རོལ་མོའི་སྒྲ་མེད་པར་དགེ་སློང་གར་བྱེད་ཀྱིས་རོལ་མོའི་སྒྲ་བྱའོ་ཞེས་དེ་རྣམས་ཀྱིས་ཁས་རོལ་མོའི་སྒྲ་བྱ་བར་བརྩམས་སོ། །དེ་རྣམས་ལ་དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཅི་མ་གྲངས་པ་བྱེད་དམ། དེ་རྣམས་ཀྱིས་སྨྲས་པ། འདི་ལ་མ་གྲངས་སུ་ཅི་
ཞིག་ཡོད་ཁྱེད་ཀྱིས་རོལ་མོའི་སྒྲ་མེད་པར་དགེ་སློང་གར་བྱེད་པ་མཐོང་ངམ་ཞེས་བྱ་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་རྣམས་ནི་མཁྱེན་དུ་རྨེད་པ་ཡིན་པས་མཁྱེན་བཞིན་དུ་རྨེད་དེ། སངས་རྒྱས་བཅོམ་ལྡན་འདས་

ཀྱིས་དགེ་སློང་དེ་ལ་རྨས་པ། དགེ་སློང་ཁྱོད་ཀྱིས་བསམ་པ་ཅི་ཞིག་གིས་དེ་ལྟ་བུ་བྱས། བཙུན་པ་གནས་མལ་བསྲུང་བའི་སླད་དུའོ། །དགེ་སློང་འདི་གནས་མལ་བསྲུང་བའི་ཕྱིར་དེ་ལྟ་བུ་བྱེད་པ་ལ་ལྟུང་བ་མེད་དེ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། གནས་མལ་བསྲུང་
བའི་ཕྱིར་རིམ་གཅིག་པའི་མཆིལ་ལྷམ་བཅང་བར་བྱའོ། །རིམ་གཉིས་པ་མ་ཡིན། རིམ་གསུམ་པ་མ་ཡིན། གལ་ཏེ་རྡོལ་བར་གྱུར་ན་ལྷན་པས་བཏབ་སྟེ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་རིམ་གཅིག་པའི་མཆིལ་ལྷམ་བཅང་བར་བྱའོ་ཞེས་གསུངས་པ་དང་།
བསོད་སྙོམས་པ་གཞན་ཞིག་ལ་ཁྱིམ་བདག་ཅིག་དད་པར་གྱུར་ཏོ། །དེ་ནང་པར་སྔར་ལངས་ཏེ་མཆིལ་ལྷམ་མེད་པར་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་མཆིལ་ལྷམ་མེད་པ་ཁྱིམ་བདག་དེས་མཐོང་ངོ་། །མཐོང་ནས་སྨྲས་པ། འཕགས་པ་ལ་མཆིལ་ལྷམ་
མ་མཆིས་སམ། ཚུར་སྤྱོན་ལྷམ་མཁན་གྱི་དྲུང་དུ་བཞུད། མཆིལ་ལྷམ་ཅིག་འབུལ་དུ་སྩལ་ཏོ། །དེ་ལྷམ་མཁན་གྱི་དྲུང་དུ་སོང་ནས་དེས་ལྷམ་མཁན་ལ་སྨྲས་པ། ཀྱེ་ནང་རྗེ་འཕགས་པ་འདི་ལ་མཆིལ་ལྷམ་ཅིག་ཕུལ་ཅིག་ཅེས་བསྒོ་ནས་སོང་ངོ་། །དེའི་ཚེ་དགེ་སློང་རྣམས་
དང་། ཤི་བ་རྣམས་དང་གཉིས་ཀྱི་ཕྱིར་མཆིལ་ལྷམ་རིམ་གཅིག་པ་དག་བྱས་སོ། །དགེ་སློང་དེ་ཡང་ཡང་དུ་ལྷམ་མཁན་གྱི་དྲུང་དུ་སོང་ཡང་མ་བྱིན་ནོ། །དུས་གཞན་ཞིག་ན་ཁྱིམ་བདག་དེས་ཡང་དགེ་སློང་མཆིལ་ལྷམ་མེད་པ་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། འཕགས་
པ་ཁྱོད་ལ་ལྷམ་མཁན་གྱིས་མཆིལ་ལྷམ་མ་ཕུལ་ལམ། ཁྱིམ་བདག་ལྷམ་མཁན་ལ་བདེན་པར་སྨྲ་བ་དཀོན་པར་ཁྱོད་ཀྱིས་མ་ཐོས་སམ། ཡང་དང་ཡང་སོང་ཡང་མ་བྱིན་ནོ། །དེས་སྨྲས་པ། འཕགས་པ་ཚུར་སྤྱོན་ཁྱིམ་དུ་བཞུད། དེས་ཁྱིམ་དུ་ཁྲིད་ནས་ཁ་ཟས་བསོད་
པས་ཚིམ་པར་བྱས་ཏེ་རིམ་པ་མང་པོ་ཅན་གྱི་མཆིལ་ལྷམ་ཞིག་བྱིན་ནོ། །དགེ་སློང་གིས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་། །དེས་འཕགས་པ་སྣོམས་ཏེ་བཞུད་ལ་རིམ་གཅིག་པའི་མཆིལ་ལྷམ་མཛོད་ལ་གསོལ་ཅིག །དེས་དེ་ཁྱེར་ཏེ་གནས་

ཁང་དུ་སོན་ནས་དེས་དེ་དང་གྲི་བླངས་ཏེ་ཤིང་དྲུང་དུ་འདུག་ནས་དྲལ་བར་བརྩམས་སོ། །བཅོམ་ལྡན་འདས་ཀྱང་ཕྱོགས་དེར་བྱོན་ནས་དགེ་སློང་ཅི་བྱེད། བཅོམ་ལྡན་འདས་ཀྱིས་རིམ་པ་མང་པོ་ཅན་གྱི་མཆིལ་ལྷམ་བཀག་ན་བདག་ལ་རིམ་པ་མང་པོ་ཅན་འདི་
ལྟ་བུ་གྲུབ་སྟེ། རིམ་པ་གཅིག་པར་བགྱིས་ལ་བཅང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་ཨེ་མའོ་ངའི་ཉན་ཐོས་རྣམས་ལ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་རིམ་པ་མང་པོའི་མཆིལ་ལྷམ་སྟེར་བ་ལྟ་སྙམ་དུ་དགོངས་ནས། དེ་ལྟ་བས་ན་རྗེས་
སུ་གནང་སྟེ། མཆིལ་ལྷམ་རིམ་པ་མང་པོ་ཅན་ཁྱིམ་པའི་དམན་མ་ཡིན་ཕན་ཆད་བཅང་བར་བྱའོ། །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་ཏེ་ཞེས་བྱ་བའི་བར་དུ་སྟེ། བཙུན་པ་བཅོམ་ལྡན་འདས་ཀྱིས་མཆིལ་ལྷམ་རིམ་པ་མང་པོ་ཅན་ཁྱིམ་པའི་དམན་མ་ཡིན་ཕན་ཆད་བཅང་
བར་བྱའོ་ཞེས་གསུངས་ན། བཙུན་པ་ཇི་ཙམ་གྱིས་ན་ཁྱིམ་པའི་དམན་མ་ལགས་པར་བརྗོད་པར་བགྱི། ཉེ་བ་འཁོར་ཐ་ན་གོམ་པ་བདུན་ནམ་བརྒྱད་བགོས་པར་གྱུར་ན་ཡང་ཡིན་ནོ། །གླེང་གཞི་ནི་ཡངས་པ་ཅན་ནའོ། །དེའི་ཚེ་ཡངས་པ་ཅན་ན་འདི་ལྟ་བུའི་མཆིལ་
ལྷམ་དག་བྱེད་དེ། འདི་ལྟ་སྟེ། ཐྲིག་ཐྲིག །ཚིག་ཚིག་ཆེམ་ཆེམ་ཞེས་ཟེར་བ་ལུག་རུའམ། བྱང་ཆུབ་ཀྱི་ཤིང་གི་ལོ་མ་ལྟ་བུ་ཁྲ་བོ་ཀཱར་ཥཱ་པ་ཎ་ལྔ་རི་བ་དག་བྱེད་དོ། །དྲུག་སྡེ་དག་གིས་མཆིལ་ལྷམ་གོན་པ་ཞིག་མཐོང་ནས་དེ་དག་གི་རྟིང་པ་རྐང་པའི་མཐེ་བོས་མནན་
ནས་ལྟག་པ་ནས་ཕུལ་ཏེ་ཁྱོད་ཀྱིས་སྦྱིན་པ་འདི་ཕུལ་བས་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་སངས་རྒྱས་ཉིད་ཐོབ་པར་གྱུར་ཅིག་ཅེས་བྱས་ནས་བླངས་པ་དང་། ཕྱོགས་ཀུན་དུ་འཕགས་པ་དག་ནི་ལྷམ་དེ་ལྟ་བུ་འཕྲོག་གོ། །
ཞེས་སྒྲ་གྲགས་སོ། །རྒན་མོ་ཞིག་གི་མག་པ་ཞིག་འོངས་པ་དང་། དེ་ལ་དེས་མཆིལ་ལྷམ་ཞིག་བྱིན་ནས་འཕགས་པ་དག་མཆིལ་ལྷམ་འཕྲོག་གིས་ཇི་ནས་ཀྱང་འཕྲོག་པར་མི་འགྱུར་བར་བག་ཡོད་པར་གྱིས་ཤིག་ཅེས་བསྒོའོ། །ཕྱིས་བསོད་སྙོམས་པ་ཞིག་བསོད་སྙོམས་ཀྱི་ཕྱིར་

ཞུགས་པ་དེས་མཐོང་ནས་དེ་ཁྱིམ་ཞིག་ཏུ་ཞུགས་སོ། །དེ་ཡང་དེ་ཉིད་དུ་ཞུགས་པ་དང་། ཁྱིམ་དེ་ནས་བྱུང་ནས་ཁྱིམ་གཞན་ཞིག་ཏུ་ཞུགས་སོ། །བསོད་སྙོམས་པས་ཀྱང་དེ་ཉིད་དུ་ཞུགས་པ་དང་། དེས་སྨྲས་པ། འཕགས་པ་ཁྱོད་དོན་ཅིའི་ཕྱིར་ཁོ་བོའི་རྗེས་བཞིན་དུ་
འབྲང་བ་ཅི་མཆིལ་ལྷམ་འདི་དབྲོག་པར་བཞེད་མོད། བཞིན་བཟངས་ཁྱོད་ཀྱི་མཆིལ་ལྷམ་ཁོ་བོ་མི་འཕྲོག་སྟེ། འོན་ཀྱང་ཁོ་བོ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེས་སྨྲས་པ། འཕགས་པ་འཕྲོག་ཀྱང་རུང་མི་འཕྲོག་ཀྱང་རུང་སྟེ། འོན་ཀྱང་ཕྱོགས་ཀུན་ཏུ་འཕགས་པ་
ཁྱེད་ཅག་མཆིལ་ལྷམ་འཕྲོག་གོ་ཞེས་སྒྲ་གྲགས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་མཆིལ་ལྷམ་ཐྲིག་ཐྲིག་ཅེས་བྱ་བ་ནས་དེ་ལྟ་
བས་ན་དགེ་སློང་གིས་མཆིལ་ལྷམ་ཐྲིག་ཐྲིག་ཟེར་བ་བཅང་བར་མི་བྱའོ་ཞེས་བྱ་བའི་བར་རྒྱས་པར་སྦྱར་རོ། །དེ་ལྟ་བུ་བཅང་བར་མི་བྱའོ། །དགེ་སློང་གིས་དེ་ལྟ་བུའི་མཆིལ་ལྷམ་བཅངས་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་
སློང་རྣམས་མཆིལ་ལྷམ་གྱིས་རྐང་པའི་བོལ་རྨ་བྱུང་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། ཁྱེད་ཅག་གི་ཞབས་ཀྱི་བོལ་ཇི་ཞིག་གིས་རྨ་བྱུང་བར་གྱུར། མཆིལ་ལྷམ་གྱིས་སོ། །ཅི་ཁྱེད་ཅག་གིས་བསེགས་སུ་བཅིངས་ནས་མ་བཅངས་སམ། བཅོམ་ལྡན་འདས་
ཀྱིས་རྗེས་སུ་མ་གནང་ངོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། བསེགས་སུ་བཅིངས་ནས་བཅང་བར་བྱའོ། །དགེ་སློང་རྣམས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་
འཛེག་པ་ན་རྐང་པའི་མཐེ་བོར་རྨ་བྱུང་ངོ་། །དེ་དག་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་སྨྲས་པ། ཁྱད་ཅག་གི་ཞབས་མཐེ་བོ་ལ་ཅི་ཞིག་གིས་རྨ་བྱུང་། བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཛེག་པ་ནའོ། །ཅི་ཁྱེད་ཅག་གིས་མཆིལ་ལྷམ་གྱི་རྩེ་མོ་སྦུ་བུ་ཅན་མ་བཅངས་སམ།

བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་མཆིལ་ལྷམ་རྩེ་མོ་སྦུ་བུ་བཅང་བར་
བྱའོ། །དགེ་སློང་རྣམས་བྱ་རྒོད་ཀྱི་ཕུང་པོའི་རི་ལས་བབས་པ་ན་རྐང་པའི་རྟིང་པ་རྨ་བྱུང་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། འཕགས་པ་ཁྱེད་ཅག་རྣམས་ཀྱི་ཞབས་ཀྱི་རྟིང་པ་ཅི་ཞིག་གིས་རྨ་བྱུང་། བྱ་རྒོད་ཀྱི་ཕུང་པོའི་རི་ལས་བབས་པ་ནའོ། །ཅི་ཁྱེད་
ཅག་གིས་མཆིལ་ལྷམ་གྱི་རྟིང་པ་སྦུ་བུ་ཅན་མ་བཅངས་སམ། བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་
སློང་གིས་མཆིལ་ལྷམ་གྱི་རྟིང་པ་སྦུ་བུ་ཅན་བཅང་བར་བྱའོ།། །།སྡོམ་ལ། མགུལ་ཆད་དང་ནི་ཡུའུ་ཐུང་ལྷམ། །ཁ་ཁྲོད་དག་ཏུ་སྒྲོ་གུ་ཅན། །དོམ་གྱི་པགས་པ་གནང་བ་དང་། །སྨྱུང་བུ་འབྲེང་བུ་ཆུ་གྲིའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་
རྣམས་རྩྭའི་མྱུ་གུས་རྐང་པ་རྨ་བྱུང་བ་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། འཕགས་པ་དག་ཁྱེད་ཅག་གི་ཞབས་ཅི་ཞིག་གིས་རྨ་བྱུང་། རྩྭའི་མྱུ་གུས་སོ། །ཅི་ཁྱེད་ཅག་གིས་ལྷམ་མགུལ་ཆད་མ་བཅངས་སམ། བཅོམ་ལྡན་འདས་ཀྱིས་
རྗེས་སུ་མ་གནང་ངོ་ཞེས་བྱ་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ལྷམ་མགུལ་ཆད་བཅང་བར་བྱའོ། །གང་གི་ཚེ་རྩྭའི་མྱུ་གུ་དག་ཆེར་སྐྱེས་པ་དེའི་ཚེ་དགེ་སློང་
རྣམས་ཀྱི་རྐང་བ་དེ་བས་ཀྱང་རྨ་ཆེར་བྱུང་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། ཁྱེད་ཅག་གི་ཞབས་ཅི་ཞིག་གིས་རྨ་བྱུང་། དེ་རྣམས་ཀྱིས་སྨྲས་པ། རྩྭའི་མྱུ་གུ་དག་ཆེར་སྐྱེས་པས་བདག་ཅག་གི་རྐང་པ་དེ་བས་ཀྱང་རྨ་ཆེར་བྱུང་ངོ་། །འཕགས་པ་རྣམས་ཅི་

ཁྱེད་ཅག་གིས་ལྷམ་ཡུའུ་ཐུང་མ་བཅངས་སམ། བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ལྷམ་ཡུའུ་ཐུང་བཅང་བར་
བྱའོ། །གང་གི་ཚེ་སྐྱེས་བུ་གཏི་མུག་འཕགས་སྐྱེས་པོས་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཁ་བཏག་པ་ན། དེ་དག་ལས་ཁ་ཅིག་ནུབ་ཕྱོགས་སུ་དོང་བ་ནས། ཁ་ཅིག་བལ་ཡུལ་གྱི་བར་དུ་དོང་ངོ་། །མཉན་ཡོད་པའི་དོན་མཐུན་དག་ཟོང་ཐོགས་ཏེ་བལ་ཡུལ་དུ་ལྷགས་པ་དང་།
དེ་དག་གིས་དེ་རྣམས་མཐོང་ནས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་གང་ནས་ད་འདིར་ལྷགས། དེ་རྣམས་ཀྱིས་སྨྲས་པ། མཉན་ཡོད་ནས་སོ། །བདག་ཅག་གི་གཉེན་འཕགས་པ་ཀུན་དགའ་བོ་ཡོད་ན་ལན་འགའ་ཡང་འཕགས་པ་ཀུན་དགའ་བོ་འདིར་འོངས་ཏེ་བདག་
ཅག་ལ་གཏམ་མ་དྲིས་སོ། །དེ་རྣམས་ཀྱིས་སྨྲས་པ། བདག་ཅག་གི་འཕགས་པ་ཀུན་དགའ་བོའི་དྲུང་དུ་སོང་ལ་སྦྲན་པར་བགྱིའོ། །དེ་རྣམས་ཀྱིས་ཟོང་རྣམས་བསྒྱུར་བའི་ཟོང་དག་ཁྱེར་ཏེ་མཉན་ཡོད་དུ་ལྷགས་ནས་དེ་རྣམས་ཀྱིས་འཕགས་པ་ཀུན་དགའ་བོ་ལ་སྨྲས་པ།
འཕགས་པ་ཀུན་དགའ་བོ་ཁྱོད་ཀྱི་གཉེན་བལ་ཡུལ་ན་མཆིས་ཏེ་དེ་དག་ཁྱོད་མཐོང་བར་འཚལ་ལོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ནི་གཉེན་ལ་གདུང་བ་ཡིན་པས་དེ་གཉེན་དག་ལ་བལྟ་བའི་ཕྱིར་བལ་ཡུལ་དུ་སོང་བ་ལས། དེ་ལྷགས་པས་ལག་པ་དང་རྐང་པ་སེར་ག་བྱུང་བ་
དང་། དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་པད་མའི་འདབ་མ་རལ་བ་བཞིན་དུ་ཁྱོད་ཀྱི་ལག་པ་དང་རྐང་པ་ཅི་ཞིག་གིས་སེར་ག་བྱུང་བར་གྱུར། དེས་སྨྲས་པ། ལྷགས་པས་སོ། །ཁྱོད་ཀྱི་གཉེན་དག་ནི་ལྷམ་སྒྲོ་གུ་ཅན་ཅི་སྟེ་འཆང་། ཁྱོད་ནི་ཅིའི་
ཕྱིར་མི་འཆང་། བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཡུལ་ཁ་བ་ཅན་རྣམས་སུ་ལྷམ་སྒྲོ་གུ་ཅན་བཅང་བར་བྱའོ། །

སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡུལ་ཁ་བ་ཅན་རྣམས་སུ་ལྷམ་སྒྲོ་གུ་ཅན་བཅང་བར་བྱའོ་ཞེས་གསུངས་པ་གང་ལགས་པ། བཙུན་པ་ཇི་ཙམ་གྱིས་ཡུལ་ཁ་བ་ཅན་དུ་བརྗོད་པར་
བགྱི། །ཉེ་བ་འཁོར་གང་ན་སྣོད་དུ་ཆུ་འཁྱག་པ་ཡིན་ནོ། །དགེ་སློང་གཞན་ཞིག་ལ་རྔོན་པ་ཞིག་དད་པར་གྱུར་ནས། རྔོན་པ་དེས་དོམ་ལྤགས་ཤིག་རྙེད་པ་དགེ་སློང་དེ་ལ་ཕུལ་བ་དང་དེས་མ་བླངས་སོ། །དེས་དགེ་སློང་དེའི་ཕྱི་བཞིན་འབྲང་ཞིང་སྨྲས་པ། འཕགས་པ་
བདག་གིས་དོམ་ལྤགས་རྙེད་པ་ཁྱོད་ལ་འབུལ་གྱིས་བཞེས་ཤིག །དགེ་སློང་དེས་མ་བླངས་སོ། །བཅོམ་ལྡན་འདས་ཀྱང་ཕྱོགས་དེར་གཤེགས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས་མཁྱེན་བཞིན་དུ་རྨེད་དེ། སངས་རྒྱས་བཅོམ་ལྡན་
འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་དགེ་སློང་འོ་ནིའི་ཕྱི་བཞིན་དུ་རྔོན་པ་ཕ་བི་ཅི་སྟེ་འབྲང་། བཙུན་པ་རྔོན་པ་དེས་དོམ་ལྤགས་ཤིག་རྙེད་ནས། དེས་དགེ་སློང་འོ་ནི་ལ་སྩལ་པ་ལས། དགེ་སློང་གིས་དེ་མ་བླངས་པ་དང་རྔོན་པ་དེ་དགེ་སློང་འོ་ནིའི་ཕྱི་བཞིན་འབྲང་
ཞིང་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རྔོན་པ་དད་པ་ཅན་ནི་དཀོན་ཏེ། གལ་ཏེ་བརྒྱའམ་སྟོང་ཞིག་དང་ཕྲད་ན་ཐམས་ཅད་གསོད་པ་ཡིན་པས། དེ་བས་ན་གལ་ཏེ་རྔོན་པས་དོམ་ལྤགས་བྱིན་ན་བླང་བར་བྱའོ། །བླངས་ནས་དྲི་གཙང་
ཁང་གི་སྒོའམ། རྐང་པའི་འོག་ཏུ་གདིང་བར་བྱ་སྟེ། དོམ་ལྤགས་ཐམས་ཅད་ནི་མིག་ལ་ཕན་ནོ། །དགེ་སློང་གཞན་ཞིག་མཆིལ་ལྷམ་རལ་ནས་དེ་ལྷམ་མཁན་གྱི་དྲུང་དུ་སོང་སྟེ་སོན་ནས་སྨྲས་པ། བཞིན་བཟངས་བདག་གི་མཆིལ་ལྷམ་རལ་བ་རྒྱུས་ཏེ་བདག་ལ་བྱིན་
ཅིག །ལྷམ་མཁན་གྱིས་བསམས་པ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ནི་རྔན་པ་མེད་པར་འཚོལ་གྱིས་ཡུན་རིང་དུ་བསྒྱངས་པ་དང་། རང་གི་བློ་སླར་ལྡོག་པར་འགྱུར་རོ་སྙམ་ནས། འཕགས་པ་བདག་བྲེལ་གྱིས་སང་སྤྱོན་ཅིག །དགེ་སློང་དེ་ཡང་དང་ཡང་དུ་

ལྷམ་མཁན་དེའི་དྲུང་དུ་སོང་ཡང་དེས་བསྒྱངས་པ་དང་། དེ་མཛའ་བཤེས་དགེ་སློང་རྣམས་ཀྱིས་མཐོང་ནས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཅི་དེ་ན་ཁྱེད་ཀྱི་ཟས་སྦྱོར་བའི་ཁྱིམ་ཡོད་དམ། འོན་ཏེ་གཉེན་གྱི་ཁྱིམ་ཡོད། དེས་སྨྲས་པ། དེ་ན་བདག་གི་ཟས་སྦྱོར་བའི་ཁྱིམ་ཡང་མེད།
གཉེན་གྱི་ཁྱིམ་ཡང་མེད་མོད་ཀྱི་བདག་གི་མཆིལ་ལྷམ་རལ་ནས་བདག་གིས་དེ་ལ་རྒྱུས་ཏེ་བྱིན་ཅིག་ཅེས་སྨྲས་ན་དེས་བསྒྱངས་སོ། །དེས་སྨྲས་པ། ལྷམ་མཁན་ལ་བདེན་པར་སྨྲ་བ་དཀོན་པར་ཁྱོད་ཀྱིས་མ་ཐོས་སམ། འོན་ཀྱང་བདག་ཤེས་ཀྱིས་གལ་ཏེ་བཅོམ་ལྡན་འདས་
ཀྱིས་རྗེས་སུ་གནང་ན་བདག་གིས་བརྒྱུས་ཏེ་ཁྱོད་ལ་སྦྱིན་ནོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གང་ཞིག་ཤེས་པ་ཡོད་ན་དེས་གང་དུ་གཞན་གྱིས་མཐོང་ན་མི་དད་པར་མི་འགྱུར་བ་དབེན་
པས་ཕྱོགས་སུ་འདུག་སྟེ་བརྒྱུ་བར་བྱའོ། །དེ་དེའི་དྲུང་དུ་སོང་སྟེ་སྨྲས་པ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་གིས་རྒྱུས་ཤིག །དེས་སྨྲས་པ། ཅི་འདི་དེ་བཞིན་དུ་བརྒྱུར་རུང་སྙམ་མམ། དེ་ལ་རེ་ཞིག་སྨྱུང་བུ་དང་། དྲ་གྲི་དང་། འབྲེང་བུ་ཡང་དགོས་སོ་ཞེས་པའི་སྐབས་དེ་
བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གང་ཞིག་ཤེས་པ་ཡོད་ན་དེས་སྨྱུང་བུ་དང་། འབྲེང་བུ་ནི་བཅང་བར་བྱའོ། །དྲ་གྲི་ནི་བཅང་བར་མི་བྱའོ། །ཀོ་ལྤགས་ཀྱི་གཞི་རྫོགས་སྷོ།། །།
སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ། སྨན་དག་དང་ནི་བདེ་ཆེན་དང་། །རྒྱལ་པོའི་ཁབ་དང་འོད་མའི་ཚལ། །ཤིང་མཁན་ཡིད་ཙ་ནང་ག་ལ། །ཀམ་བི་ལ་དང་སྔོན་རྒྱལ་པོའོ། །གཞོན་ནུ་འཕེལ་དང་ནད་པ་དང་། །གཏམ་དུ་གྱུར་དང་སྡེར་བསྡུས་སོ། །སྡོམ་ལ། སྨན་ནི་
རྗེས་སུ་གནང་བ་དང་། །ཚིལ་དང་གཡན་པ་མིག་སྨན་དང་། །སྨྱོན་པ་དང་ནི་བི་ལིན་ད། །ནམ་གྲུ་དང་ནི་སྐྱུར་ཁུའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་

རྣམས་སྟོན་ཀའི་ནད་ཀྱིས་ཐེབས་ཏེ། དེ་རྣམས་སྟོན་ཀའི་ནད་ཀྱིས་བཏབ་པས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་སྟེ།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་ད་ལྟར་དགེ་སློང་འདི་རྣམས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར་ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཙུན་པ་
དགེ་སློང་འདི་རྣམས་སྟོན་ཀའི་བྲོ་ནད་ཀྱིས་བཏབ་སྟེ། འདི་རྣམས་སྟོན་ཀའི་བྲོ་ནད་ཀྱིས་བཏབ་པས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། བྲོ་འཚལ་བས་ཉམ་དམས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་
བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་སྨན་སོ་སོར་བསྟེན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྨན་སོ་སོར་བསྟེན་པར་བྱའོ། །ཞེས་གསུངས་པ་དང་། དེ་རྣམས་དུས་སུ་ཟ་བ་ཡིན་པས་དུས་སུ་སྟེན་པར་བྱེད་ཀྱིས། དུས་ལས་ཡོལ་བར་སྟེན་པར་མི་བྱེད་
པས་དེ་རྣམས་སྐྱེ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་
དགའ་བོ་ངས་དགེ་སློང་གིས་སྨན་སོ་སོར་བསྟེན་པར་བྱའོ་ཞེས་བཀའ་སྩལ་ན། འོན་ཀྱང་ད་ལྟར་དགེ་སློང་འདི་རྣམས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར་ཏམ། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་
འདས་ཀྱིས་དགེ་སློང་གིས་སྨན་སོ་སོར་བསྟེན་པར་བྱའོ་ཞེས་གསུངས་པ་འདི་དག་དུས་སུ་འཚལ་བ་ལགས་པས་དུས་སུ་སྟེན་པར་བགྱིད་ཀྱི་དུས་ལས་ཡོལ་བར་མི་སྟེན་ཏེ། དེའི་སླད་དུ་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། བྲོ་འཚལ་བས་ཉམ་དམས་

པར་གྱུར་ལགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་རྣམས་ཀྱིས་སྨན་རྣམ་པ་བཞི་པོ་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་སོ་སོར་བསྟེན་པར་བྱའོ། །དེ་ལ་དུས་སུ་རུང་བ་ནི་འདེ་གུ་དང་།
འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་། སྣུམ་ཁུར་རོ། །ཐུན་ཚོད་དུ་རུང་བ་ནི་བཏུང་བ་རྣམ་པ་བརྒྱད་པོ་ཤིང་ཐོག་ཙོ་ཙའི་བཏུང་བ་དང་། ཆུ་ཤིང་གི་འབྲས་བུའི་བཏུང་བ་དང་། རྒྱ་ཤུག་གི་བཏུང་བ་དང་། ཨ་ཤྭཏྠའི་བཏུང་བ་དང་། ཨུ་དུམ་བཱ་རའི་བཏུང་བ་དང་།
པ་རུ་ཤ་ཀའི་བཏུང་བ་དང་། རྒུན་འབྲུའི་བཏུང་བ་དང་། འབྲ་གོའི་བཏུང་བའོ།། །།བར་སྡོམ་ལ། ཙོ་ཙ་ཆུ་ཤིང་རྒྱ་ཤུག་དང་། །ཨ་ཤྭད་ཨུ་དུམ་བཱ་ར་དང་། །བ་རུ་ཤ་ཀ་རྒུན་འབྲུ་དང་། །བརྒྱད་པ་ཡང་ནི་འབྲ་གོ་ཡིན། །ཞག་བདུན་པ་ནི་མར་དཀར་དང་། །ཏིལ་མར་
དང་། བུ་རམ་གྱི་དབུ་བ་དང་། སྦྲང་རྩི་དང་། ཤ་ཁ་རའོ། །འཚོ་བའི་བར་དུ་བཅང་བ་ནི་རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དང་། ཏྲང་ཆུ་ལྔ་དང་། ཐལ་བ་ལྔ་དང་། ལན་ཚྭ་ལྔ་དང་། བསྐ་བ་
ལྔའོ། །དེ་ལ་རྩ་བའི་སྨན་ནི་གླ་སྒང་དང་། ཤུ་དག་དང་། ཡུང་དང་། སྒེའུ་གཤེར་དང་། བོང་ང་དཀར་པོ་དང་། གཞན་ཡང་རྩ་བའི་སྨན་གྱི་ནང་དུ་གཏོགས་པ་ཟས་ཀྱི་དོན་དུ་མི་འགྱུར་བ་གང་ཡིན་པའོ། །སྡོང་བུའི་སྨན་ནི་ཙན་དན་དང་། དབྱི་མོ་དང་། ཤུག་
པ་དང་། ཐང་ཤིང་དང་། སླེ་ཏྲེས་དང་། སྐྱེར་པ་དང་། གཞན་ཡང་སྡོང་བུའི་སྨན་གྱི་ནང་དུ་གཏོགས་པ་ཟས་ཀྱི་དོན་དུ་མི་འགྱུར་བ་གང་ཡིན་པའོ། །ལོ་མའི་སྨན་ནི་པ་ཏོ་ལའི་ལོ་མ་དང་། བ་ཤ་ཀའི་ལོ་མ་དང་། ནིམ་པའི་ལོ་མ་དང་། ཀོ་ཤ་ཏ་གའི་ལོ་མ་དང་། སཔྟ་
པརྞའི་ལོ་མ་དང་། གཞན་ཡང་ལོ་མའི་སྨན་གྱི་ནང་དུ་གཏོགས་པའི་ཟས་ཀྱི་དོན་དུ་མི་འགྱུར་བ་གང་ཡིན་པའོ། །མེ་ཏོག་གི་སྨན་ནི་མེ་ཏོག་ལྔ་པོ་བ་ཤ་ཀའི་མེ་ཏོག་དང་། ནིམ་པའི་མེ་ཏོག་དང་། དྷ་ཀའི་མེ་ཏོག་དང་། ཤ་ཏའི་མེ་ཏོག་དང་། པད་མ་ཀེ་ས་རའི་མེ་ཏོག་

དང་། གཞན་ཡང་མེ་ཏོག་གི་སྨན་གྱི་ནང་དུ་གཏོགས་པ་ཟས་ཀྱི་དོན་དུ་མི་འགྱུར་བ་གང་ཡིན་པའོ། །འབྲས་བུའི་སྨན་ནི་ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། ན་ལེ་ཤམ་དང་། པི་པི་ལིང་དང་། གཞན་ཡང་འབྲས་བུའི་སྨན་གྱི་ནང་དུ་
གཏོགས་པ་ཟས་ཀྱི་དོན་དུ་མི་འགྱུར་བ་གང་ཡིན་པའོ། །ཏྲང་ཆུ་ལྔ་ནི་ཤིང་ཀུན་དང་། སྲ་རྩི་དང་། རྒྱ་སྐེགས་དང་། སྤྲ་ཚིལ་དང་། དྲོད་སྨན་ནོ། །དེ་ལ་ཤིང་ཀུན་ནི་ཤིང་ཀུན་གྱི་ཏྲང་ཆུའོ། །སྲ་རྩི་ནི་ཤིང་ས་ལའི་ཏྲང་ཆུའོ། །རྒྱ་སྐེགས་ནི་རྒྱ་སྐེགས་སོ། །སྤྲ་
ཚིལ་ནི་སྤྲ་ཚིལ་ལོ། །དྲོད་སྨན་ནི་དེ་དག་ལས་གཞན་པའི་ཤིང་རྣམས་ཀྱི་ཏྲང་ཆུའོ། །ཐལ་བ་ལྔ་གང་ཞེ་ན། ནས་ཀྱི་ཐལ་བ་དང་། ནས་ཀྱི་ཕུབ་མའི་ཐལ་བ་དང་། ཤིང་སརྫི་ཀའི་ཐལ་བ་དང་། ཏིལ་གྱི་ཐལ་བ་དང་། ཤིང་འབའ་ཤིག་ཀའི་ཐལ་བའོ། །ལན་
ཚྭ་ལྔ་གང་ཞེ་ན། རྒྱམ་ཚྭ་དང་། ལན་ཚྭ་སྨུག་པོ་དང་། ཁ་རུ་ཚྭ་དང་། ལན་ཚྭ་དང་། རྒྱ་མཚོའི་ལན་ཚྭའོ། །བསྐ་པ་ལྔ་གང་ཞེ་ན། ཨ་མྲའི་བསྐ་བ་དང་། ནིམ་པའི་བསྐ་བ་དང་། འཛམ་བུའི་བསྐ་བ་དང་། ཤ་རི་ཤའི་བསྐ་བ་དང་། ཀོ་ཤམ་པའི་བསྐ་བའོ། །དེ་
ལ་དུས་སུ་རུང་བ་གང་ཡིན་པ་དང་། ཐུན་ཚོད་དུ་རུང་བ་གང་ཡིན་པ་དང་། ཞག་བདུན་པ་གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་དུས་སུ་རུང་བ་དང་འདྲེས་པར་གྱུར་ན་དུས་སུ་སྤྱད་པར་བྱའི་དུས་མ་ཡིན་པར་ལོངས་སྤྱད་པར་མི་བྱའོ། །དུས་སུ་རུང་བ་
གང་ཡིན་པ་དང་། ཐུན་ཚོད་དུ་རུང་བ་གང་ཡིན་པ་དང་། ཞག་བདུན་པ་གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་གལ་ཏེ་ཐུན་ཚོད་དུ་རུང་བ་དང་འདྲེས་པར་གྱུར་ན་ཐུན་ཚོད་ལ་ཡོངས་སུ་སྤྱད་པར་བྱའི་ཐུན་ཚོད་ལས་འདས་པར་སྤྱད་པར་མི་བྱའོ། །ཞག་བདུན་པ་
གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་ཞག་བདུན་པ་དང་འདྲེས་པར་གྱུར་ན་ཞག་བདུན་སྤྱད་པར་བྱའི་ཞག་བདུན་ལས་འདས་པར་སྤྱད་པར་མི་བྱའོ། །འཚོ་བའི་བར་དུ་བཅང་བ་ནི་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབས་ནས་ཡོངས་སུ་སྤྱད་

པར་བྱའོ། །བྱིན་གྱིས་བརླབ་པ་ནི་འདི་ལྟར་བྱ་སྟེ། ཟན་མ་ཟོས་པའི་མདུན་དུ་ལག་པ་གཉིས་བཀྲུས་ནས་བྱིན་ལེན་བྱས་ཏེ། དགེ་སློང་ཞིག་གི་མདུན་དུ་འདུག་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་ཅག་མིང་འདི་ཞེས་བགྱི་བའི་
སྨན་ནི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་དོན་དུ་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་དོ། །འཚོ་བའི་བར་དུ་བཅང་བ་བྱིན་གྱིས་བརླབ་པ་ཇི་ལྟ་བ་དེ་བཞིན་དུ་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་ཡང་བྱིན་
གྱིས་བརླབ་པར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་སློང་གཞན་ཞིག་རླུང་ནད་ཀྱིས་ཐེབས་ནས་དེས་སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟངས་ཁོ་བོ་འདི་འདྲ་བའི་ནད་ཀྱིས་བཏབ་ན་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་ཚིལ་སྟེན་ཅིག་དང་ཁྱོད་སོས་
པར་འགྱུར་རོ། །དགེ་སློང་གིས་སྨྲས་པ། བཞིན་བཟངས་ཅི་ཁོ་བོ་འདྲེ་ཡིན་ནམ། སྨན་པས་སྨྲས་པ། དགེ་སློང་ཁྱོད་ཀྱི་སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། གལ་ཏེ་སྨན་པ་ན་རེ་དགེ་སློང་ཁྱོད་ཀྱི་སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་སྨྲ་ན་ཚིལ་བསྟེན་པར་བྱའོ། །དགེ་སློང་དག་གིས་མ་ཤེས་ནས་སྨན་པ་ལ་དྲིས་པ་དང་། དེས་སྨྲས་པ། འཕགས་པ་ཁྱེད་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་
གྱིས། དེ་ཁོ་ནའི་དྲུང་དུ་བཞུད་ལ་ཞུས་ཤིག །སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚིལ་ལྔ་སོ་སོར་བསྟེན་པར་བྱ་སྟེ། ལྔ་གང་ཞེ་ན། ཉ་ཚིལ་དང་། སྦལ་པ་དཀར་པོའི་ཚིལ་དང་།
ཆུ་སྲིན་བྱིས་པ་གསོད་ཀྱི་ཚིལ་དང་། དོམ་ཚིལ་དང་། ཕག་གི་ཚིལ་ལོ། །ཚིལ་འདི་ལྔ་དུས་མ་ཡིན་པར་བཙོས་པ་དང་། དུས་མ་ཡིན་པར་བཙགས་པ་དང་། དུས་མ་ཡིན་པར་བྱིན་ལེན་བྱས་པ་དང་། དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ལོངས་སྤྱད་བར་མི་བྱའོ། །དུས་སུ་

བཙོས་ལ་དུས་མ་ཡིན་པར་བཙགས། དུས་མ་ཡིན་པར་བྱིན་ལེན་བྱས། དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ལོངས་སྤྱད་པར་མི་བྱའོ། །དུས་སུ་བཙོས་དུས་སུ་བཙགས་དུས་མ་ཡིན་པར་བྱིན་ལེན་བྱས། དུས་མ་ཡིན་པར་བྱིན་གྱིས་བརླབས་ན་སྤྱད་པར་
མི་བྱའོ། །དུས་སུ་བཙོས། དུས་སུ་བཙགས། དུས་སུ་བྱིན་ལེན་བྱས་ལ་དུས་མ་ཡིན་པར་བྱིན་གྱིས་བརླབས་ན་སྤྱད་པར་མི་བྱའོ། །དུས་སུ་བཙོས་དུས་སུ་བཙགས། དུས་སུ་བྱིན་ལེན་བྱས། དུས་སུ་བྱིན་གྱིས་བརླབས་ན་ཏིལ་མར་ལ་སྤྱོད་པ་བཞིན་དུ་ཞག་བདུན་དུ་སྤྱད་
པར་བྱའོ། །དེ་ནས་དགེ་སློང་དེས་ཚིལ་ལོངས་སྤྱད་ནས་སོས་པར་གྱུར་ཏོ། །དེ་སོས་པར་གྱུར་པ་དང་། དེས་ཚིལ་གྱི་ལྷག་མ་དག་བོར་རོ། །ཇི་ཙམ་ན་དགེ་སློང་གཞན་ཞིག་དེ་འདྲ་བའི་ནད་ཀྱིས་ཐེབས་ནས་དེ་ཡང་སྨན་པའི་དྲུང་དུ་སོང་ནས་སྨྲས་པ། བཞིན་བཟངས་ཁོ་བོ་ལ་
འདི་འདྲ་བའི་ནད་ཀྱིས་བཏབ་ཀྱིས་སྨན་སྟོན་ཅིག །དེས་དེ་ལ་ཡང་ཚིལ་བསྟན་པ་དང་། དེ་དགེ་སློང་དེའི་དྲུང་དུ་སོང་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་ཚིལ་སྤྱད་པ་ཁོ་བོ་ལ་ཡང་སྨན་པས་བསྟན་ན་ཚིལ་ལྷག་པ་ལྟ་ཅུང་ཟད་ཡོད་དམ། དེས་སྨྲས་པ། བདོག་བདོག་པ་
ལས་བདག་གིས་དེ་བོར་རོ། །མ་ལེགས་པ་ཞིག་བྱས་སོ། །ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཚིལ་ལོངས་སྤྱད་པའི་ལྷག་མ་བོར་བར་མི་བྱ་སྟེ། འོན་ཀྱང་བཅང་
བར་བྱའོ། །ངས་དགེ་སློང་ཚིལ་འཆང་བའི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། ཚིལ་འཆང་བའི་དགེ་སློང་གིས་ཚིལ་སྤྱད་པའི་ལྷག་མ་དགེ་སློང་གཞན་ལ་སྦྱིན་པར་བྱའོ། །གལ་ཏེ་མ་བྱིན་ན་སྨན་ཁང་དུ་གཞག་པར་བྱ་སྟེ། སུ་འདོད་པ་དེས་བླང་བར་བྱའོ། །ཚིལ་
འཆང་བའི་དགེ་སློང་གིས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པར་ཡང་དག་པར་བླངས་ནས་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་སོ། །དེའི་ཚེ་དགེ་སློང་གཞན་ཞིག་གཡན་པའི་ནད་ཀྱིས་ཐེབས་ནས། དེས་

སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟངས་ཁོ་བོ་གཡན་པའི་ནད་ཀྱིས་བཏབ་ཀྱིས་སྨན་སྟོན་ཅིག་དེས་སྨྲས་པ། འཕགས་པ་བསྐ་བ་སྟེན་ཅིག་དང་ཁྱོད་སོས་པར་འགྱུར་རོ། །བཞིན་བཟངས་ཅི་ཁོ་བོ་འདོད་པ་ལ་སྤྱོད་པ་ཡིན་ནམ། དེས་སྨྲས་པ། དགེ་སློང་ཁྱོད་ཀྱི་
སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཁྱོད་ཀྱི་སྟོན་པ་ནི་ཐམས་ཅད་མཁྱེན་པ་ཡིན་པས། དེ་ཁོ་ནས་མཁྱེན་པར་འགྱུར་ཞེས་པའི་སྐབས་དེ་བཅོམ་
ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐ་བ་ནི་ལྔ་སྟེ་ཨ་མྲའི་བསྐ་བ་ཞེས་བྱ་བ་ནས་གོང་མ་བཞིན་དུའོ། །དགེ་སློང་དེས་བསྐ་བ་དག་འདེ་གུར་བྱས་ཏེ་ལུས་ལ་བྱུགས་པ་ལས་རྨ་མཆེད་ནས་བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཕྱེ་མ་བྱའོ་དགེ་སློང་དག་གིས་རློན་པ་ལ་བཏགས་པས་རི་ལུར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐམ་པར་བྱའོ། །དེ་དག་གིས་ཉི་མ་ལ་བསྐམས་པ་དང་། མཐུ་ཉམས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། ཉི་མ་ལ་བསྐམ་པར་མི་བྱའོ། །དེ་དག་གིས་གྲིབ་མ་ལ་བསྐམས་པ་དང་འོན་ཀྱང་རུལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མའི་གྲིབ་མས་བསྐམ་པར་བྱའོ། །དགེ་སློང་གིས་བསྐ་བས་ལུས་བྱུགས་ནས་བཀྲུས་ཏེ་བསྐ་བའི་བྱ་བ་མི་བྱེད་དོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པས་ཇི་ཙམ་ཆོག་གི་བར་དུ་དྲིལ་ནས་ཁྲུས་བྱའོ། །བཀྲུས་ནས་སླར་ཡང་བསྐ་བས་བསྐུས་ནས་བཀྲུས་ན་བསྐ་བའི་བྱ་བ་བྱེད་པར་འགྱུར་རོ། །དགེ་སློང་དེས་བསྐ་བས་བསྐུས་པ་དང་ནད་ཞི་བར་གྱུར་ཏོ་དེས་བསྐ་བའི་ལྷག་མ་བོར་
རོ། །ཇི་ཙམ་ན་དགེ་སློང་གཞན་ཞིག་དེ་འདྲ་བའི་ནད་ཀྱིས་ཐེབས་ནས་དེ་ཡང་སྨན་པའི་དྲུང་དུ་སོང་སྟེ་ཞེས་བྱ་བ་ནས་གོང་མ་བཞིན་དུ་སྟེ། ཁོ་བོས་དེ་ནི་བོར་རོ། །མ་ལེགས་པ་ཞིག་བྱས་སོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་བསྐ་བ་འཆང་བའི་དགེ་སློང་གི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། བསྐ་བ་འཆང་བའི་དགེ་སློང་གིས་བསྐ་བ་སྤྱད་པའི་ལྷག་མ་དགེ་སློང་སུ་སློང་བ་དེ་ལ་སྦྱིན་པར་བྱའོ། །གལ་ཏེ་མ་བྱིན་ན་སྨན་ཁང་དུ་གཞག་
པར་བྱའོ། །བསྐ་བ་བཅང་བའི་དགེ་སློང་གིས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་གཞན་ཞིག་མིག་ནད་ཀྱིས་ཐེབས་ནས་དེ་སྨན་པའི་དྲུང་དུ་
སོང་སྟེ་བཞིན་བཟངས་ཁོ་བོ་མིག་ནད་ཀྱིས་ཐེབས་པར་གྱུར་ན་ཁོ་བོ་ལ་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་མིག་སྨན་སོ་སོར་སྟེན་ཅིག་དང་ཁྱེད་སོས་པར་འགྱུར་རོ། །བཞིན་བཟངས་ཅི་ཁོ་བོ་འདོད་པ་ལ་སྤྱོད་དམ་འཕགས་པ་ཁྱོད་ཀྱི་སྨན་འདི་ཡིན་ཏེ་གཞན་གྱིས་ནི་
སོས་པར་མི་ནུས་སོ་ཞེས་བྱ་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པ་ན་རེ་སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་ཟེར་ན་མིག་སྨན་བསྟེན་པར་བྱའོ། །དགེ་སློང་དག་གིས་
མིག་སྨན་གང་བསྟེན་པར་བྱ་བ་མ་ཤེས་ནས་དེ་དག་གིས་སྨན་པ་ལ་དྲིས་པ་དང་དེས་སྨྲས་པ། འཕགས་པ་ཁྱོད་ཉིད་ཀྱི་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་གྱིས་ཞེས་བྱ་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། མིག་སྨན་ནི་ལྔ་སྟེ། མེ་ཏོག་གི་མིག་སྨན་དང་། ཁུ་བའི་མིག་སྨན་དང་། ཕྱེ་མའི་མིག་སྨན་དང་། རི་ལུའི་མིག་སྨན་དང་། བཙག་ཡུག་སྣམ་གྱི་མིག་སྨན་ནོ། །དེ་ནས་དགེ་སློང་དེས་མིག་སྨན་དེ་བསྟེན་ནས་སོས་པར་གྱུར་ཏོ། །དེས་མིག་སྨན་གྱི་ལྷག་མ་
གར་བབ་བབ་ཏུ་བཞག་པ་ལས་དེ་ཆུད་ཟོས་པར་གྱུར་ཏོ། །ཇི་ཙམ་ན་དགེ་སློང་གཞན་ཞིག་མིག་ནད་ཀྱིས་ཐེབས་ནས་དེས་ཀྱང་སྨན་པ་ལ་དྲིས་པ་དང་། དེས་དེ་ལ་ཡང་མིག་སྨན་དེ་ཉིད་བསྟན་ཏོ། །དེ་དགེ་སློང་དེའི་དྲུང་དུ་སོང་ནས་ཚེ་དང་ལྡན་པ་ཁོ་བོ་ཡང་མིག་ནད་ཀྱིས་

བཏབ་པར་གྱུར་ན་ཁྱོད་ལ་མིག་སྨན་གྱི་ལྷག་མ་ཅུང་ཟད་ཡོད་དམ། དེས་བཙལ་བར་བརྩམས་པ་ལས་མ་རྙེད་ནས་དེས་སྨྲས་པ། ཚེ་དང་ལྡན་པ་མིག་སྨན་དེ་བདོག་བདོག་སྟེ་བཞག་པ་ལས་དེར་སྟོར་ཏོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་
དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་མིག་སྨན་གར་བབ་བབ་ཏུ་གཞག་པར་མི་བྱའོ། །ངས་མིག་སྨན་འཆང་བའི་དགེ་སློང་གི་ཀུན་དུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། མིག་སྨན་འཆང་བའི་དགེ་སློང་གིས་མིག་སྨན་རྣམས་སོ་སོར་ཕྱེ་ལ་
གཞག་པར་བྱ་སྟེ། མེ་ཏོག་གི་མིག་སྨན་ནི་སྣོད་ཀྱི་ནང་དུའོ། །ཁུ་བའི་མིག་སྨན་ནི་གབ་ཙེའི་ནང་དུའོ། །ཕྱེ་མའི་མིག་སྨན་ནི་དོང་བུའི་ནང་དུའོ། །རི་ལུའི་མིག་སྨན་དང་བཙག་ཡུག་སྣམ་གྱི་མིག་སྨན་ནི་སྒྱེའུ་འམ། ཐུམ་པོར་སྐུད་པས་བཅིངས་ལ་ཟུང་ང་ལ་
གདགས་པར་བྱའོ། །མིག་སྨན་འཆང་བའི་དགེ་སློང་གིས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ནས་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཚེ་དང་ལྡན་པ་བྱེ་མ་སྐྱེས་སེམས་
འཁྲུགས་ཏེ་སྨྱོས་པར་གྱུར་ནས་དེ་དེ་དང་དེ་དག་ཏུ་འཕྱན་པ། ཇི་ཙམ་ན་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་སྟེ་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་སུའི་བུ་ཞིག་ཡིན། གཞན་དག་གིས་སྨྲས་པ། ཁྱིམ་བདག་ཆེ་གེ་མོ་ཞིག་གིའོ། །དེ་དག་གིས་སྨྲས་
པ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་མགོན་མེད་པ་རྣམས་ཀྱི་ནང་དུ་རབ་ཏུ་མ་བྱུང་ན་འདི་གཉེན་རྣམས་ཀྱིས་གསོས་པར་འགྱུར་བ་ཞིག་ཅེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་
ན་དགེ་སློང་བྱེ་མ་སྐྱེས་ཀྱི་དཔྱད་སྨན་པ་ལ་དྲིས་ལ་བྱོས་ཤིག །སྨན་པའི་དྲུང་དུ་དོང་ནས་བཞིན་བཟངས་དགེ་སློང་ཞིག་འདི་འདྲ་བའི་ནད་ཀྱིས་ཐེབས་ཀྱིས་དེའི་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་དག་ཤ་རྗེན་འཚལ་དུ་སྩོལ་ཅིག་དང་སོས་པར་འགྱུར་རོ། །བཞིན་

བཟངས་དེ་ཅི་འདྲེ་ཡིན་ནམ། འཕགས་པ་དེའི་སྨན་འདི་ལགས་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པ་ན་
རེ་དེའི་སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་ཟེར་ན་ཤ་རྗེན་པ་སྦྱིན་པར་བྱའོ། །དགེ་སློང་དག་གིས་དེ་བཞིན་དུ་བྱིན་པ་དང་། དེ་ཟར་མ་བཏུབ་བོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་རས་ཀྱིས་བཀབ་ལ་སྦྱིན་པར་བྱའོ། །དེ་དག་གིས་
བྱིན་ཏེ་བྱིན་མ་ཐག་ཏུ་རས་ཕྱེ་བ་དང་དེས་ལག་པ་ལ་རེག་པ་མཐོང་ནས་ཞེ་བ་ལོག་པས་སྐྱུགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོད་ལ་རས་དབྱེ་བར་མི་བྱ་སྟེ་དེ་ལྟ་མོད་ཀྱི་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་དག་མདུན་དུ་བཞག་ནས་གང་གི་ཚེ་དེའི་
ལག་པ་བཀྲུས་པ་དེའི་ཚེ་དེ་དབྱེ་བར་བྱའོ། །དེ་སོས་པར་གྱུར་པ་དང་དེ་དེ་ཉིད་ལ་སྲེད་པར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་སོས་པར་གྱུར་པ་དེའི་ཚེ་བསླབ་པ་ཇི་ལྟར་
བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་བྱའོ། །ལོངས་སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །ཚེ་དང་ལྡན་པ་པི་ལིན་དའི་བུ་གང་གི་ཚེ་རབ་ཏུ་བྱུང་བ་དེ་ཚུན་ཆད་རྟག་ཏུ་ན་བ་དང་ཟུག་གཟེར་མང་པོར་གྱུར་བ་དང་། དེ་ལ་དགེ་སློང་
དག་གིས་སྨྲས་པ། གནས་བརྟན་ཁྱོད་ཀྱི་སྙུན་གྱི་ཟོ་ཇི་ལྟ་དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་རྒྱུན་དུ་ན་བ་དང་ཟུག་གཟེར་མང་བས་ཐེ་གེ་བའི་སྐབས་མེད་དོ། །གནས་བརྟན་ཁྱོད་སྔོན་ཅི་ཞིག་འཆང་བར་བྱེད། དེས་སྨྲས་པ། སྨན་གྱི་མཆན་ཁུག་གོ། །ད་
ཅིའི་ཕྱིར་མི་བཅང་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་རྗེས་སུ་གནང་སྟེ་དགེ་སློང་གིས་སྨན་གྱི་མཆན་ཁུག་བཅང་བར་

བྱའོ། །དགེ་སློང་དག་གིས་རྩ་བ་དང་། མེ་ཏོག་དང་སྡོང་བུ་དང་། འབྲས་བུའི་སྨན་རགས་པ་དག་དེའི་ནང་དུ་བཅུག་པ་དང་དེ་དག་རུལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་སྦམ་པའམ་བམ་པོར་བྱས་ཏེ་ཟུང་ང་ལ་གདགས་པར་བྱའོ། །དེ་དག་རུལ་ནས་
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་བསྐམ་པར་བྱའོ། །དེ་དག་གིས་ཉི་མ་ལ་བསྐམས་པ་དང་དེ་དག་མཐུ་ཆུང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་ལ་བསྐམ་པར་མི་བྱའོ། །དེ་དག་གིས་གྲིབ་མ་ལ་བསྐམས་པ་དང་འོན་ཀྱང་རུལ་བར་
གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲིབ་མ་ལ་བསྐམ་པར་མི་བྱའོ། །དེ་དག་གིས་