Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 212

Văn bản gốc(Tây Tạng)

Trang 20 / 21 (50.000 ký tự/trang)
ྱ་བ་ལ་སོགས་པ་ནི་ལྷག་པའི་གནོད་པ་ཉེ་འཁོར་གྱི་གནོད་པས་ཏེ་ཚིགས་སུ་བཅད་པ་དང་པོས་ཆུ་བོ་རབ་མེད་ཀྱི་གནོད་པའོ། །གཞན་དག་ཅེས་བྱ་བའི་ཚིགས་སུ་བཅད་
པས་རོ་མྱགས་མི་གཙང་བའི་འདམ་རྫབ་ཀྱི་གནོད་པའོ། །ཁ་ཅིག་ཞེས་བྱ་བའི་ཚིགས་སུ་བཅད་པས་ནི་མེ་མ་མུར་གྱི་འོབས་ཀྱི་གནོད་པའོ། །གཞན་ཞེས་བྱ་བའི་ཚིགས་སུ་བཅད་པས་ནི་མཚོན་ཆས་གཏམས་པའི་ཚལ་སྟོན་ཏེ་ཚིགས་བཅད་གཉིས་སོ། །ལ་ལ་སྣ་
ཚོགས་ཞེས་བྱ་བ་ལ་སོགས་པའི་གནོད་པ་ནི་རལ་གྲི་ལོ་མའི་ཚལ་ན་ཡོད་པའི་གནོད་པའོ། །ལྕགས་ཀྱི་རྫ་ཆེན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་རབ་ཏུ་ཚ་བའི་གནོད་པའོ། །ས་གཞི་མེ་འབར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་མནར་མེད་
པའི་གནོད་པའོ། །མཇུག་བསྡུ་བ་ནི་བུ་ཡུག་ཅེས་བྱ་བ་ལ་སོགས་པ་སྟེ་གྲང་བའི་དམྱལ་བས་སྡུད་པ་ནི་ཚིགས་སུ་བཅད་པ་གཅིག་གིས་ཡིན་ལ་ལྷག་མ་གཉིས་ནི་ཚ་བའི་དམྱལ་བ་མཇུག་སྡུད་པའོ། །སྔོན་གྱི་རྒྱལ་པོ་ཡོན་ཏན་དགའ་བ་རྣམས་ཀྱི་སློབ་མཆོག་ཚུལ་ཏེ་དེ་དག་གི་སློབ་
མ་མཆོག་གི་ཚུལ་གྱིས་ལ་དགེ་སྦྱོང་དང་བྲམ་ཟེ་དང་འབངས་ལ་རང་གི་སྤྱོད་ཚུལ་སྙིང་རྗེ་དང་ལྡན་པར་བསྟན་ཅིང་གདམས་པ་དང་། སྦྱིན་པ་དང་ཕན་གདགས་པ་བྱས་ན་དེ་ནི་གྲགས་པ་རྒྱ་ཆེན་པོ་འཐོབ་པོ། །མཐོ་རིས་སུ་འགྲོ་བའི་ལམ་ཡིན་ནོ་ཞེས་བྱ་བའོ། །ཆོས་ཉིད་ངེས་པ་
གང་དག་བསྟན་ལ་རྟོགས་ཞེས་བྱ་བ་ནི་ལས་རྒྱུ་འབྲས་ཀྱི་ཆོས་ཉིད་ངེས་པ་གང་དག་མཁས་པའི་སྐྱེ་བོས་བསྟན་པ་ལ་རང་ཉིད་རྣམ་པར་དཔྱོད་ཅིག་པའོ། །ཁྱོད་ཀྱི་བསམ་པ་ཡང་དག་ལྟ་དགེ་ཞིང་། །སྦྱོར་བ་རྒྱལ་པོའི་ཚུལ་གྱིས་ཏེ། །ཆོས་དང་མཐུན་པའི་རྒྱལ་སྲིད་བསྒྲུབ་པའི་ཚུལ་
ལམ་ལམ་གྱིས་འདོད་པའི་འབྲས་བུ་ཐོབ་པར་འགྲོ་བར་གྱིས་ཤིག་པའོ། །ཡང་དག་པའི་ལྟ་བ་ཉིད་ཇི་ལྟར་སེམས་པ་ཡིན་ཞེ་ན། ཡོན་ཏན་མི་དགེའི་སེམས་དེ་མེད་པར་བྱོས་ཞེས་བྱ་བ་ལ་སོགས་པའོ། །བསམ་པ་དེའི་སྦྱོར་བ་ནི་ཚུལ་ཁྲིམས་བརྟན་ཞིང་ཞེས་བྱ་བ་ལ་སོགས་

པའོ། །རང་གི་བསོད་ནམས་རྒྱལ་པོའི་དཔལ་གྱི་གཟི་བརྗིད་ཅེས་བྱ་བ་ནི་རྒྱལ་པོའི་གཟི་བརྗིད་གཞན་ཟིལ་གྱིས་གནོན་པ་ནི། སྔོན་བསོད་ནམས་བྱས་པ་འདིར་གཞན་ཟིལ་གྱིས་གནོན་པའམ། ཡང་ན་ཚེ་གཞན་གྱི་དོན་དུ་བསོད་ནམས་བསྒྲུབས་པ་ཉིད་གཟི་བརྗིད་ཡིན་པའོ། །
མཛའ་བཤེས་དང་འབངས་རྣམས་ལ་ཡིད་དུ་འོང་བའི་སྒྲ་བསྒྲགས་ཏེ་དགེ་བ་ལ་སྦྱར་ཏེ་དེ་རྣམས་ཀྱི་སྡུག་བསལ་བསལ་ཞིང་ཕན་གདགས་པར་བྱའོ་ཞེས་བྱ་བ་ནི་མཛའ་བཤེས་ཞེས་བྱ་བ་ལ་སོགས་པའོ། །རང་གི་བྱ་བ་བསྒྲུབ་པ་ནི་བདག་གི་ཞེས་པའི་རྐང་པ་གཅིག་གོ། །རང་གཞན་གཉི་གའི་དོན་
བསྒྲུབ་པ་ནི་དཔེའི་སྒོ་ནས་བསྒྲུབ་ནས་སྒྲུབ་པར་བྱེད་དེ་ད་ལྟར་ཤིང་རྟའི་བདག་པོ་དེད་དཔོན་ལྟ་བུས་རང་གི་གནས་སུ་འགྲོ་བར་འདོད་པ་ལ་ཤིང་རྟ་ཉིད་དང་མིག་འཇམ་པ་དང་འཁོར་ལོ་ཟུང་དུ་གྱུར་པ་དང་། འཁོར་ལོའི་སྲོག་ཤིང་དང་ལྡན་པ་དང་། རྟ་དུལ་བས་དྲངས་ཤིང་སྲབ་སྐྱོགས་ཀྱིས་ཁ་
སྲབས་པ་དང་། ལྕག་གིས་རྟ་བསྒུལ་བ་དང་། ཤིང་རྟའི་ནང་དུ་སྒྲ་ལ་སོགས་པ་བཟློག་པའི་མཚོན་ཆ་རྣོན་པོ་དང་ལྡན་པ་དང་། ལམ་དུ་འགྲོ་བའི་ཁ་ཟས་ལ་སོགས་པའི་ཡོ་བྱད་དང་ལྡན་པ་དང་། བདག་ལ་ཤིང་རྟའི་ནང་ན་གྲོགས་པོ་བཟང་པོ་དང་ལྡན་པ་དང་། ཤིང་རྟའི་གཉའ་ཤིང་རྟ་
ལ་འགེལ་བས་གཉའ་ཤིང་དང་ལྡན་པ་དང་། འགྲོ་བ་རྟག་པ་དང་ཚེགས་ཀྱི་སྒྲ་མེད་པ་དང་། ཤིང་གི་སྐད་ཅུང་ཟད་གྲག་པ་དང་། མཚམས་མ་ཕྱེ་བ་དང་། ལམ་དྲང་པོ་ནས་འགྲོ་བ་དང་། དེ་ལྟ་བུའི་ཐེག་པའམ་བཞོན་པ་རུ་མཚོན་ཕྱར་བ་དང་། ཁལ་དུ་མ་བཀལ་བ་དང་། རྒྱལ་མཚན་
མཐོན་པོ་བཙུགས་པ་སྟེ། དེ་ལྟ་བུ་དག་དང་མཐུན་པར་བདག་ཉིད་ཀྱི་སེམས་དང་ལུས་ཀྱི་རྒྱུད་འཇམ་ཞིང་སྦྱིན་པ་དང་ཚུལ་ཁྲིམས་ལ་གནས་ཏེ་དགེ་བའི་ཆོས་ལ་འདུན་པ་དང་ལྡན་པ་དབང་པོའི་སྒོ་དྲན་པས་བསྡམས་ཤིང་ཤེས་བཞིན་དང་མང་དུ་ཐོས་པ་དང་ལྡན་ཞིང་དེ་ཚེ་ཤེས་པ་དང་སྤྱོད་ལམ་
མཛེས་པས་བཟོད་པ་དང་དེས་པ་དང་ལྡན་པར་བྱས་ཏེ་ཚིག་གིས་ཉེས་པ་མེད་པ་ཡིད་དུ་འོང་བའི་ཚིག་གིས་གཞན་ལ་སྨྲ་ཞིང་ཚུལ་ཁྲིམས་མ་ཉམས་པ་དང་དྲང་པོའི་རང་བཞིན་གྱི་ཐེག་པ་ལྟ་བུའི་ལམ་སྙིང་རྗེས་སེམས་ཅན་གྱི་དོན་ཁུར་བཟོད་ཅིང་ཐོབ་པར་བྱ་བའི་གོ་འཕང་མྱ་ངན་ལས་འདས་པའི་

འཐོབ་པར་བྱེད་པ་དེ་ནི། རང་དང་གཞན་གྱི་དོན་ཆེན་པོར་འགྱུར་གྱི་དམྱལ་བ་ལ་སོགས་པའི་ངན་འགྲོར་འགྲོ་བར་ལྟ་ག་ལ་གྱུར་ཞེས་པའོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས་གྲུའི་དཔེས་ཉེ་བར་མཚོན་པས་ཐེག་པ་ཆེན་པོའི་ལམ་
བཤད་པ་ལྟ་བུའོ། །ཚངས་པ་ཆེན་པོའི་རབས་ཏེ་ཉི་ཤུ་རྩ་དགུ་པའོ།། །།ཁྲོས་པ་ཉིད་རླུང་དང་འདྲ་སྟེ་རླུང་གིས་ཡུལ་གཞན་དུ་འཕེན་པ་ལྟར་ཁྲོས་པའི་རྒྱུས་དེ་དག་ཀྱང་ཡུལ་གཞན་དུ་བསྐྲད་པའི་ཕྱིར་རོ། །རྣམ་རྟོག་ངན་པའི་ཚིག་གིས་གདམས་སུ་མེད། །ཅེས་
བྱ་བ་ནི་ཤེས་རབ་ཆུང་བས་གདམས་ངག་གི་སྣོད་དུ་མ་གྱུར་པའོ། །མ་བཏགས་སྟོད་གཡོགས་ཞེས་བྱ་བ་ནི་ཐགས་སུ་མ་བཏགས་པའི་རང་བྱུང་གི་རས་ཀྱི་སྟོད་གཡོགས་སོ། །བསྙེམས་པས་གད་པ་སྙོམས་པའི་མཚན་མ་ཅན། །ཞེས་བྱ་བ་ནི་སྙེམས་ཤིང་དྲེགས་པས་གད་པ་ལ་སོགས་
པ་འདྲལ་ཅིང་འཇིག་པ་གང་གིས་མཚོན་ཅིང་དེའི་མཚན་མ་གང་ཡིན་ན་དེ་ནི་མཆེ་བ་གཉིས་པས་དེ་ལ་དེ་སྐད་ཅེས་བྱའོ། །ཨེ་མའོ་རང་བཞིན་འཕགས་པ་ཕུན་སུམ་ཚོགས། །དོན་བཞིན་བསྒྲུབས་པ་འདི་ཡིས་བསྟན་པར་འགྱུར། །ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རང་བཞིན་
གཞན་ལས་ཁྱད་པར་དུ་འཕགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ནི་བདག་ཅག་གི་དོན་བཞིན་རབ་ཏུ་བསྒྲུབས་པའི་ལུས་བཏང་བ་འདིས་བསྟན་པར་གྱུར་ཅིང་གསལ་བར་བྱས་པའོ། །གླང་པོ་ཆེའི་རབས་ཏེ་སུམ་ཅུ་པའོ།། །།ནོར་མེད་ན་ནི་རྒྱལ་པོའི་དཔལ་དེ་ཡང་། དགའ་
བར་མ་གྱུར་ཞེས་བྱ་བ་ནི་གཞན་དག་གིས་དགའ་བར་མི་བྱེད་ཅིང་བརྙས་པར་བྱེད་དེ། སྨད་འཚོང་བུད་མེད་བཞིན་ཏེ་བུད་མེད་སྨད་འཚོང་མ་སྐྱེས་བུ་དབུལ་པོ་ལ་བརྙས་ཤིང་ཁྱད་དུ་གསོད་པ་བཞིན་ནོ། །གང་ཞིག་ཐོས་ནས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་
ཉིད་དུ་འགྱུར། །ཞེས་བྱ་བ་ནི་ཆོས་ཐོས་པས་དད་པའི་བསམ་པ་རྟས་པ་དེའི་སྒོ་ནས་དགེ་བའི་ལས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་པར་འགྱུར་རོ་ཞེས་བྱ་བའོ། །རང་གིས་ཤེས་ཀྱང་དེ་ནི་ཉོ་བར་རིག །ཅེས་བྱ་བ་ནི་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་

མདོ་ལས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ཟླ་བ་གཅིག་གི་བར་དུ་ཤ་སྲང་གསུམ་གསུམ་བཅད་དེ་ཡོན་དུ་བྱིན་ནས་ཚིགས་སུ་བཅད་པ་གཅིག་ཙམ་ཟིན་པ་ལྟ་བུ་དང་། ཚིགས་སུ་བཅད་པ་ཕྱེད་ཀྱི་ཕྱིར་ཡང་བྲག་ལ་ལུས་བོར་བ་ལྟ་བུའོ། །གཏི་མུག་ནི་
མུན་པ་ལྟ་བུ་སྟེ་ཡང་དག་པའི་དོན་རྟོགས་པའི་གེགས་སུ་གྱུར་པའི་ཕྱིར་རོ། །དེ་ནི་ཕྱི་རོལ་གྱི་སྣང་བ་དང་མི་འགལ་གྱི་ཤེས་རབ་ཀྱི་སྣང་བ་དང་འགལ་བས་སྒྲོན་མ་ལྟ་བུའོ། །ཐོས་པ་ནི་འཕགས་པའི་ནོར་བདུན་གྱི་ཁོངས་སུ་གཏོགས་པ་སྟེ། ཇི་སྐད་དུ། དད་དང་ཚུལ་
ཁྲིམས་གཏོང་དང་ཐོས་པ་ནི། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་། ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །དོན་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། །ཅེས་གསུངས་ཏེ། དེ་ནི་འཇིག་རྟེན་གྱི་ནོར་ལས་ཁྱད་པར་འཕགས་པར་ཐོགས་མེད་ཀྱིས་
གསུངས་སོ། །དེར་གཞན་གྱིས་དབྲལ་བར་ནུས་པ་དང་མི་ནུས་པའི་ཁྱད་པར་ཡང་གསུངས་སོ། །རྨོངས་པ་ནི་དགྲ་ཡིན་ཏེ། ཇི་སྐད་དུ། བདེ་བ་འདོད་ཀྱང་གཏི་མུག་པས། །འཕགས་པ་ཀླུ་སྒྲུབ་ཀྱིས་བཤེས་པའི་འཕྲིན་ཡིག་ལས། རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་
བསྔལ་འདོར་འདོད་སེམས་ཡོད་འཇིག་རྟེན་པའི་ནོར། ཀྱང་། །ཐོས་པའི་ནོར། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །ཅེས་བཤད་པ་ལྟ་བུ་སྟེ། ཀུན་ཏུ་རྨོངས་པ་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན་ལ་དེ་འཇོམས་པས་མཚོན་ཆ་ལྟ་བུའོ། །གྲོགས་པོ་བཟང་པོ་ནི་ཐབས་ཀྱི་ཁྱད་པར་
བསྟན་པས་ཕན་འདོགས་པ་སྟེ། ཇི་ལྟར་དེད་དཔོན་སེང་གེ་འཛིན་གྱིས་ཚོང་པ་རྣམས་ཐར་བར་བྱས་པ་ལྟ་བུ་ཡིན་ལ་དེའི་བྱ་བ་ཡང་ཆོས་ཐོས་པ་ལས་འགྲུབ་པས་གྲོགས་ཀྱི་མཆོག་གོ། །མཛའ་བཤེས་བཟང་པོ་ནི་ཕོངས་པའི་ཚེ་མི་འདོར་བ་སྟེ། ཇི་ལྟར་ངང་པའི་རྒྱལ་པོ་ཡུལ་
འཁོར་སྲུང་སྙིས་ཟིན་པ་ལ་བློན་པོ་བཞིན་བཟངས་ཀྱིས་གྲོགས་བྱས་པ་ལྟ་བུ་ཡིན་ཏེ། དེ་ཡང་ཐོས་པ་ལ་ཡོད་དེ་དེ་ནི་དུས་ཀུན་ཏུ་མི་འབྲལ་ཞིང་གྲོགས་ཀྱི་བྱ་བ་བྱེད་དེ་རྒུད་པ་ལས་འདའ་བ་དང་འབྱོར་བ་ཐོབ་པའི་ཐབས་ཤེས་པའི་ཕྱིར་རོ། །མྱ་ངན་གྱིས་གདུང་བ་ནད་ལྟ་བུ་སེལ་བས་

གནོད་པ་མེད་པའི་སྨན་ཏེ་གནོད་པའི་སྨན་ནི་སྨན་དཀའ་བ་ལ་སོགས་པ་ཡིན་ན་དེ་ཡང་མེད་ལ་མྱ་ངན་ཀྱང་སེལ་བར་བྱེད་པ་སྟེ། ཇི་ལྟར་གནས་བྱེད་ཀྱི་བུ་དང་རུས་མཐུན་པའི་བྲམ་ཟེ་མོ་དེ་བཞིན་གཤེགས་པ་ལ་ཆོས་ཐོས་པའི་མྱ་ངན་བྲལ་བའི་རྟོགས་པ་བརྗོད་
པ་དཔེར་བྱའོ། །ཉེས་པ་ཆེན་པོའི་དཔུང་ནི་ཉེས་པ་མང་པོའི་དཔུང་སྟེ་ཉེས་པ་དང་དེས་ཀུན་ནས་བསླངས་པའི་སྡིག་པའི་ལས་ཏེ་དེ་རྣམས་འཇོམས་པས་དཔུང་ལྟ་བུ་ཡིན་ཏེ། དམག་གི་དཔུང་ནི་གང་ཟག་གཅིག་གིས་ཐུབ་པར་མི་ནུས་ཀྱི་རང་གི་དམག་ཚོགས་མང་པོ་ལ་བལྟོས་པ་ལྟ་བུ་ཡིན་
པས་དེ་དང་ཆོས་མཐུན་ཏེ་མང་པོ་འཇོམས་པ་ཐོས་པ་ལ་དུ་མ་ཡོད་པས་དཔུང་ཞེས་བྱ་བའམ། ཡང་ན་ཐོས་པ་ཉིད་དུ་མ་སྟེ། མི་སྡུག་པ་ཐོས་པ་ནི་འདོད་ཆགས་ཀྱི་གཉེན་པོ་ཡིན་ལ། བྱམས་པ་ཐོས་པ་ནི་ཞེ་སྡང་གི་གཉེན་པོ་ཞེས་བྱ་བ་ལ་སོགས་པས་ཐོས་པ་ཉིད་དུ་མ་ཡིན་པ་དེ་སྐད་ཅེས་
བྱའོ། །གྲགས་དང་དཔལ་ནི་གཏེར་གྱི་མཆོག་ཀྱང་ཡིན། །ཞེས་བྱ་བ་ནི་རིན་པོ་ཆེ་སྣོད་དུ་བཅུག་ནས་སྦས་པ་ནི་རིན་པོ་ཆེའི་གཏེར་ཏེ་འབྱུང་གནས་ཡིན་ནོ། །དེ་བཞིན་དུ་མང་དུ་ཐོས་པ་ཡང་གྲགས་པའི་འབྱུང་གནས་ཡིན་ཏེ། མང་དུ་ཐོས་པ་རྒྱ་མཚོ་ལྟ་བུ་ནི་རྣམ་པ་དུ་མར་བསྒྲགས་ཏེ་
བྱང་ཆུབ་སེམས་དཔའ་ས་གསུམ་པར་ཆུད་པ་དག་ཀྱང་ཚིགས་སུ་བཅད་པ་གཅིག་གི་ཆེད་དུ་ཡང་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་བརྒལ་ནས་ཆོས་ཉན་པར་གསུངས་པའི་ཕྱིར་རོ། །དཔལ་ནི་འབྱོར་པ་ཕུན་སུམ་ཚོགས་པ་སྟེ། མང་དུ་ཐོས་པ་ཤེས་རབ་དང་ལྡན་པའི་མཁས་
པའི་ཡོ་བྱད་ཀྱི་འབྱོར་པས་ཕོངས་པར་མི་འགྱུར་ཏེ། གཞན་གྱིས་བསྙེན་བཀུར་བྱེད་པའི་ཕྱིར་ཏེ། ཇི་སྐད་དུ་གོང་དུ་སྦྱིན་བདག་རྣམས་ཀྱིས་གསོལ་བ་བཏབ་པས་ནོར་ནི་རྒྱ་ཆེ་བར་འགྱུར་ཅེས་བཤད་པ་ལྟ་བུའོ། །ཡང་ན་དཔལ་ནི་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་སྟེ། ཇི་
སྐད་དུ། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་ལས། འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང་། །རྐུན་པོ་མེ་ཆུས་བསླས་པས་ཟད་པར་འགྱུར། །དེ་བཞིན་གཤེགས་པ་རྣམས་ཀྱི་གཏེར་ཆེན་ནི། །བསྐལ་པ་བྱེ་བ་མང་པོར་ཆུད་མི་ཟ། །སེམས་ཅན་དོན་

བརྩོན་བྱང་ཆུབ་སེམས་དཔའ་ནི། །ཚུལ་བཞིན་ཉིད་ཀྱི་དབེན་སེམས་གང་ཡིན་དང་། རྟག་ཏུ་བག་ཡོད་འཆི་མེད་རྒྱུ་ཡིན་ཏེ། །ཡོངས་སུ་འཛིན་མེད་བདེ་བ་ཀུན་གྱི་རྒྱུ། །ཞེས་འབྱུང་བ་ལྟ་བུའོ། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག་ནི་དམ་པ་རྣམས་ཐོས་པ་ལས་རྟོགས་པ་
འཐོབ་པས་ཕྱིན་ཅི་མ་ལོག་པའི་ཐོས་པ་ཉིད་དོན་དུ་གཉེར་ཞིང་གཞན་ལ་ཡང་དེ་ཉིད་འཆད་ཀྱི་ནོར་ལ་སོགས་པའི་སྐྱེས་ནི་མ་ཡིན་ཏེ། ཉེར་རྒྱལ་གྱིས་བདུད་རྩི་ཐོབ་པའི་དོན་ཉིད་བང་ནས་སྐྱེས་ཀྱིས་ཞུས་ཤིང་དཔེ་བཤད་པས་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ལྟ་བུའོ། །ཚོགས་
ཀྱི་ནང་ན་མཁས་པ་དག་དགའ་བར་འགྱུར་བ་ནི་དཔེར་ན་དབུལ་པོ་དེས་པ་ལྟ་བུ་སྟེ། དེ་ལ་ཐོས་པ་ལ་སོགས་པའི་ནོར་ཡོད་པས་དེ་བཞིན་གཤེགས་པ་ལ་སོགས་པ་འཁོར་ཀྱི་ཚོགས་ཀྱིས་བསྔགས་ཏེ། སེམས་ཅན་གྱི་ཚོགས་ཐམས་ཅད་རྒྱལ་པོ་གསལ་རྒྱལ་ལྟ་བུར་གྱུར་པ་དག་གིས་ངེས་པའི་
གོམ་པ་བདུན་བོར་བའི་ཆར་ཡང་མི་ཕོད་དོ་ཞེས་གསུངས་པ་ལྟ་བུའོ། །ཕས་ཀྱི་རྒོལ་བ་ཉི་མའི་འོད་དང་འདྲ་བ་ཞེས་བྱ་བ་ནི་འོད་གཞན་རྣམས་ཉི་མའི་འོད་ཀྱིས་ཟིལ་གྱིས་གནོན་པ་ལྟར་ཕ་རོལ་སྨྲ་བ་རྣམས་ཀྱང་མང་དུ་ཐོས་པས་ཚར་གཅོད་དོ། །ཇི་སྐད་དུ། གཡུལ་ངོའི་ཚེ་ན་དཔའ་བོ་
བལྟ། །བཟའ་བཏུང་ཚེ་ན་ཉེ་དུ་བལྟ། །མི་བཟད་དུག་ལ་གསང་སྔགས་བལྟ། །དོན་རྟོགས་ཚེ་ན་མཁས་པ་བལྟ། །ཞེས་གསུངས་པ་སྟེ་དོན་གང་ལ་རྩོད་པ་ལ་ཕ་རོལ་ཟིལ་གྱིས་གནོན་པ་ནི་མང་དུ་ཐོས་པའི་ཤེས་རབ་སྟེ་སློབ་དཔོན་འཕགས་པའི་ལྷས་མུ་སྟེགས་ཀྱི་སྟོན་པ་རྟ་དབྱངས་
ཚར་གཅད་པ་ལྟ་བུའོ། །འགྲན་པ་རྣམས་ཀྱི་གྲགས་དང་དྲེགས་པ་སེལ། །ཞེས་བྱ་བ་ནི། ཇི་ལྟ་ཀུན་ཏུ་རྒྱུ་བྱང་ཆུབ་ཆེན་པོས་ཕྲག་དོག་གི་དྲི་མས་རྒྱུད་ཉམས་པ་བློན་པོ་ལྔ་ཆོས་དང་མཐུན་པར་ཚར་གཅད་པ་ལྟ་བུའོ། །མི་ཤེས་རྣམས་ཀྱང་ཕ་རོལ་མང་དུ་ཐོས་པ་ཆོས་སྨྲ་བ་རྣམས་
ཀྱི་ཡོན་ཏན་གྱི་ཁྱད་པར་རབ་ཏུ་ཆེ་བ་རྣམ་པར་སྒྲོགས་ཤིང་སྙན་པར་སྨྲ་བར་བྱེད་པ་སྟེ། ལེགས་པར་གསུངས་པ་ངོ་མཚར་ཏོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་ཞེས་བྱ་བ་མདོ་དུ་མ་ལས་མཐོང་བའོ། །གཞན་དག་ལ་ཡིད་ཆེས་པ་སྐྱེད་པར་བྱེད་པའི་ཡོན་ཏན་ནི། གཏན་ཚིགས་དོན་རྣམས་རབ་ཏུ་

གསལ་བར་སྟོན། གཙུག་ལག་ལུང་རྣམས་སྣ་ཚོགས་དོན་དང་མཐུན་ཞེས་བྱ་བ་སྟེ། གཏན་ཚིགས་ཀྱིས་ལྐོག་ཏུ་གྱུར་པ་མི་རྟག་པ་ལ་སོགས་པར་ངེས་པར་བྱེད་དོ། །ལྐོག་ཏུ་གྱུར་པ་ཁ་ཅིག་ཀྱང་གཙུག་ལག་སྟེ་ལུང་དང་ཁུང་སྟེ་བླ་མ་བརྒྱུད་པའི་ཚིག་གི་སྒོ་
ནས་ངེས་པ་བསྐྱེད་པའམ་ཡང་ན་གཙུག་ལག་གི་ལུང་ཞེས་སྦྱར་ཏེ་སངས་རྒྱས་ཀྱི་བཀའ་ཞེས་བྱ་བའི་ཐ་ཚིག་གོ། །གཉེན་ཞིང་སྦྱངས་པ་ཡིད་དུ་འོང་བའི་ཕྱིར། །མེ་ཏོག་ཕྲེང་བ་མ་རྙིངས་བཀྲམ་པ་བཞིན། །ཞེས་བྱ་བ་ནི་མང་དུ་ཐོས་པས་ལུས་དང་སེམས་ལས་སུ་རུང་བ་
དང་དགའ་བ་སྐྱེད་པས་མེ་ཏོག་ཕྲེང་བ་མ་རྙིངས་པ་ལྟ་བུའོ། །མང་དུ་ཐོས་པས་ཤིན་ཏུ་སྦྱངས་པ་སྐྱེ་བ་ནི། ཇི་སྐད་དུ་གཞན་ལས། ཇི་ལྟ་ཇི་ལྟར་ཆོས་ཐོས་པ་དེ་ལྟ་དེ་ལྟར་དོན་སོ་སོར་ཡང་དག་པར་རིག་པར་འགྱུར་ལ་དེ་ལས་རབ་ཏུ་དགའ་བ་དང་དེ་ལས་ཡིད་བདེ་ཞིང་ཤིན་ཏུ་སྦྱངས་
པ་སྐྱེ་ཞིང་བདེ་བ་དང་ཡིད་བདེ་བས་མཉམ་པར་འཇོག་ཅིང་སེམས་རྣམ་པར་གྲོལ་བའི་བར་དུ་འགྱུར་རོ་ཞེས་གསུངས་སོ། །དེ་ནི་ཐོས་པའི་འབྲས་བུ་ཆེ་བ་ཡིན་ནོ། །དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེ། །ཞེས་བྱ་བ་ནི་ཐོས་པ་ལས་འཕྲལ་ལ་ཤེས་རབ་ཀྱི་སྤོབས་པས་ཕ་རོལ་
ལ་ཆོས་སྟོན་པའམ་ཆོས་དང་མཐུན་པར་ཚར་གཅོད་པར་བྱེད་ལ་དེ་ལྟར་ན་རྒྱགས་པ་དང་དྲེགས་པ་མི་འབྱུང་བས་དུལ་བའོ། །གྲགས་པ་ཆེན་པོ་ཆོས་བསྟན་པའམ་ཕ་རོལ་སྨྲ་བ་ཚར་གཅད་པ་ལས་ཏེ། དེ་ཡང་མང་དུ་ཐོས་པ་ལས་འབྱུང་ངོ་། །ཤིན་ཏུ་སྦྱངས་པའི་སྟོབས་ཀྱིས་སྨྲ་
ལྕེ་བདེ་འགྱུར་ཞེས་སྨོས་སོ། །ཁྱད་པར་ཅན་གྱི་རྒྱུ་ཞེས་བྱ་བ་ནི་སྨྲ་ལྕེ་བདེ་བ་ཉིད་ཁྱད་པར་ཅན་གྱི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་གསལ་རྟོགས་པར་འགྱུར་བ་ནི་བསམ་པ་དང་བསྒོམས་པ་ལས་བྱུང་བའི་རྒྱུར་སྟོན་ཏོ། །འགལ་བ་མེད་པ་ནི་མི་མཐུན་པ་མེད་པ་གཅིག་གི་
གྲོགས་སུ་གཅིག་འགྲོ་བའོ། །འཁོར་གསུམ་ལམ་ནི་ཆོས་དང་སྲིད་དང་འབྱོར་པའོ། །དེའི་ལམ་ནི་དེའི་ཐབས་སོ། །དེ་ལ་གནས་པར་འགྱུར་རོ་ཞེས་བྱ་བའོ། །ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད་པ་ནི་ཇི་སྐད་དུ་ཐོས་ན་ཤེས་པར་འགྱུར་རོ། །ཤེས་ན་ནན་ཏན་བྱེད་དོ་

ཞེས་འབྱུང་ངོ་། །ནན་ཏན་བྱས་པ་ལས་སྐྱེ་བའི་རྫིང་ལས་ཚེགས་ཆུང་ཐར་བར་འགྱུར་ཞེས་བྱ་བ་སྟེ། སྐྱེ་བའི་ཉམས་པ་ནི་གནས་མ་ཡིན་པས་རྫིང་ལྟ་བུའོ། །དེ་ལས་ཡང་དག་པར་འདའ་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བྱ་སྟེ་མཐར་ཐུག་པའི་འབྲས་བུ་ཡིན་ནོ། །ཐོས་
པའི་འབྲས་བུ་ཡང་། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་མྱ་ངན་འདའ་བར་འགྱུར། །ཞེས་གསུངས་སོ། །དཀའ་ཐུབ་སྤྱོད་དང་མུ་སྟེགས་འགྲོ་བ་ཡི། །ཉོན་མོངས་མེད་པར་བསོད་ནམས་ཡོན་ཏན་འགྲུབ། །ཅེས་བྱ་བ་ལ་
དཀའ་ཐུབ་ཀྱི་སྤྱོད་པ་ནི་སྨྱུང་བར་གནས་པ་ལ་སོགས་པའོ། །མུ་སྟེགས་འགྲོ་བ་ནི་འཇུག་ངོགས་སུ་ཁྲུས་བྱེད་པ་ལ་སོགས་པ་སྟེ། དེ་ལྟ་བུའི་ངལ་བ་མ་བྱས་ཀྱང་བསོད་ནམས་ཀྱི་འབྲས་བུ་དེ་དག་ལས་ཁྱད་པར་དུ་འཕགས་སོ་ཞེས་བྱ་བའོ། །ཐར་པ་ཐོབ་པས་འཇིག་རྟེན་
གསུམ་ལས་འདའ་བའི་ལམ་ཞེས་སྨོས། མཐོ་རིས་ཀྱི་གནས་སུ་འཇུག་པས་ལྷའི་གནས་སུ་འཇུག་པའི་སྒོ་ཡང་ཡིན་ཞེས་སྨོས་ཏེ། ཇི་སྐད་དུ། བདེན་པར་སྨྲ་ཞིང་ཁྲོ་མི་བྱ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །རྣམ་པ་འདི་གསུམ་གནས་ཀྱིས་ན། །ལྷ་ཡི་གནས་སུ་
སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །འཁོར་བའི་རྫིང་ལས་ཐར་པའི་ཟམ་པ་ཡིན། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་འདའ་མདོ་ལས། བ་དང་དོན་གཅིག་ཆོད་ཀྱི་དཔེའི་ཆེ་བའི་ཚུལ་གྱིས་ཐ་དད་དུ་བསྟན་ཏེ། རང་གི་ཁྱིམ་གྱི་དགའ་བའི་ཁྱད་པར་མི་རིགས་པར་བསྟན་
པའི་ཕྱིར་རྔ་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མི་གཅིག་གིས་མི་དུ་མ་ཐུབ་ན་རང་གི་སེམས་ཉིད་མི་ཐུབ་པ་ནི་མི་རིགས་སོ་ཞེས་སྟོན་པ་ནི་རྒྱལ་པོ་གཅིག་པུས་ཞེས་བྱ་བ་ལ་སོགས་པའོ། །སུ་ཏ་སའི་རབས་ཏེ་སུམ་ཅུ་རྩ་གཅིག་པའོ།། །།གང་གཱ་སྨིན་པ་དྲག་ཏུ་འབབ་པ་
འདྲ། །ཞེས་བྱ་བ་ནི་ཆུའི་གང་གཱ་སྨིན་ཅིང་བྲུག་པ་ཕྱོགས་ཀུན་ཏུ་འབོ་བ་དང་འདྲའོ་ཞེས་བྱ་བའོ། །རྒྱ་མཚོ་ཆེན་པོ་རྣམས་ཀྱི་སྒྲ་ཡང་བྱུང་། །ཞེས་པ་འབྲུག་སྒྲ་ཆེན་པོ་རྣམས་ཀྱི་སྒྲ་ཡང་བྱུང་ཞེས་པ་མེ་གྷ་ས་ར་ཞེས་བྱ་བ་ནི་འབྲུག་སྒྲའོ། །ཐབས་དང་རབ་ཏུ་ལྡན་པ་ནི་མཛངས་པའི་

ཁྱད་པར་རོ། །མཐུ་ཡོད་པ་ནི་ཤིན་ཏུ་དཔའ་བ་སྟེ་དེ་ལྟ་བུར་གྱུར་ཀྱང་ངོ་། །བདེ་དང་བསོད་ནམས་གྲགས་པ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་བདེ་བ་དང་གྲགས་པ་ནི་ཚེ་འདི་ལ་ཕན་པའི་རྒྱུའོ། །བསོད་ནམས་ནི་གཞན་ལ་ཕན་པའི་རྒྱུའོ། །མི་རྣམས་ཆོས་ཀྱིས་
བསྲུངས་ཀྱི་ཞེས་བྱ་ནི་ཆོས་དང་ལྡན་ན་ཚེ་འདི་དང་གཞན་གྱི་གནོད་པ་ལས་བསྲུང་བར་འགྱུར། །ཇི་སྐད་དུ། གང་ལ་དོན་དུ་དེ་འཕངས་པ། །དེ་ལ་དོན་དུ་བདག་ལུས་འཕངས། །ཞེས་གསུངས་པ་ལྟ་བུའོ། །ཆོས་ཀྱི་བདེ་བ་ཆེན་པོ་འཐོབ་པ་ནི་ཐར་པའི་བདེ་བའོ། །ཤི་ན་དགའ་
བ་ནི་འགྱོད་པ་མེད་པའོ། །ལས་ཀྱི་ཁྱད་པར་དག་ཀྱང་ཇི་བཞིན་གནས་ཞེས་བྱ་བ་ནི། རང་རང་གི་འབྲས་བུ་ཇི་ལྟ་བ་བཞིན་གནས་ཏེ་དེའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བཤད་པ་ནི་ལྷག་མ་ཚིག་རྐང་གསུམ་མོ། །འཆི་བའི་འདུ་ཤེས་བསྐྱེད་པའི་བསྔགས་པ་
བརྗོད་པར་བྱ་བ་ལ་སོགས་པ་ལ་འཆི་བའི་འདུ་ཤེས་དང་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བ་ལ་སོགས་པའི་འདུ་ཤེས་ལ་སོགས་པ་ནི་ཤིན་ཏུ་དོན་ཆེ་བ་སྟེ། བསླབ་པ་གསུམ་གྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་མི་མཐུན་པའི་ཕྱོགས་མི་སྡུག་པའི་མཚན་
མར་འཛིན་པ་ལ་སོགས་པ་བཅུའི་གཉེན་པོར་མི་སྡུག་པའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་
ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། སྣང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་སོ་ཞེས་དོན་ཆེ་བར་གསུངས་སོ། །ལྕགས་ཀྱི་ཁྱིམ་ནས་སྐྱེས་པའི་རབས་ཏེ་སུམ་ཅུ་རྩ་གཉིས་
པའོ།། །།ལས་ཀྱི་དབང་གིས་དེ་ལྟར་དེ་གྱུར་ཏམ། །སྔོན་སྙིང་རྗེ་ལ་སོགས་པ་གོམས་ཀྱང་ཚུལ་ཁྲིམས་ངན་པའི་རྒྱུས་ངན་འགྲོར་སྐྱེ་བ་སྲིད་པ་ཉིད་དོ། །དེ་ཉིད་མཐུ་ཡིས་དེ་ནི་དེ་ལྟར་གྱུར་ཅེས་བྱ་བ་ལ་མི་དགེ་བའི་རྣམ་པར་སྨིན་པའི་རྒྱུའི་འཕེན་པ་དེ་དང་དེ་ལས་འབྲས་བུ་

ངན་འགྲོའི་ལུས་དང་དེ་དང་དེ་ལྟ་བུ་སྟེ་ཚིགས་སུ་བཅད་པ་གཉིས་པོ་དེས་ནི་ལས་ཀྱི་ནུས་པའི་སྟོབས་ཤིན་ཏུ་གསལ་བར་བྱེད་དོ། །ཞེས་བྱ་བ་ནི་སྐྱེ་བ་ལ་དབང་ཐོབ་པའོ། །ལས་ཀྱི་དབང་གིས་ཡིན་པ་ཉིད་གསལ་བར་བྱེད་པ་ནི་ཇི་སྐད་དུ་ཞེས་པ་ལ་སོགས་པའོ། །ལས་ཀྱི་སྟོབས་ཀྱིས་
སྐྱེ་བ་ལ་ཡང་དགེ་བས་ངན་འགྲོར་མི་འགྲོ་བས་མི་དགེ་བ་ཉིད་ཀྱི་ལས་ཀྱིས་ནུས་པ་ཡོད་པར་སྟོན་པ་ནི་མི་ཞེས་བྱ་བའོ། །ལས་ཀྱི་བག་ཆགས་ཀྱིས་དེ་དང་དེ་བརྟེན་ཏེ་དེ་ལྟ་དེ་ལྟར་གྱུར་ཅེས་བྱ་བ་ལ་མི་དགེ་བའི་རྣམ་པར་སྨིན་པའི་རྒྱུའི་འཕེན་པ་དེ་དང་དེ་ལས་འབྲས་བུ་ངན་འགྲོའི་
ལུས་དེ་དང་དེ་ལྟ་བུ་སྟེ། ཚིགས་སུ་བཅད་པ་གཉིས་པ་དེས་ནི་ལས་ཀྱི་ནུས་པའི་སྟོབས་ཤིན་ཏུ་གསལ་བར་བྱེད་དོ། །རབ་ཏུ་རྣམ་པར་འགྱུར་བར་བྱེད་ཅེས་བྱ་བ་ནི་རྣམ་པར་འཚེ་ཞིང་མཐོ་འཚམ་པར་བྱེད་པའོ། །དམན་པའི་ཚུལ་གྱི་སྤྱོད་པ་ནི་ཤིན་ཏུ་སྙིང་རྗེ་བ་ལ་སོགས་པར་
སྟོན་པའི་གཡོ་བྱེད་པའོ། །ཚ་ཞིང་དྲོད་ཆེ་རྩུབ་པས་སྒྲུབ་པའི་ཞེས་བྱ་བ་ནི་དེ་ལྟ་བུའི་སྨན་གྱིས་བསམ་པ་བསྒྲུབ་པར་བྱའོ། །དེ་ནི་བསིལ་བ་དང་འཇམ་པ་དང་མངར་བ་ལ་སོགས་པའི་སྨན་གྱིས་འཕེལ་བ་ཞེས་བྱ་བའོ། །དེ་ལས་གཞན་པ་དོན་མེད་ཅི་འདྲ་ཞིག་ཅེས་བྱ་བ་ནི་ཕན་འདོགས་
པ་ཆེ་བ་ལ་གནོད་པར་སེམས་པ་ནི་དྲིན་མེད་པ་ཡིན་པས་དེ་སྐད་ཅེས་བྱའོ། །ཡོན་ཏན་རྣམས་ལ་མི་དགའ་ཞིང་། །ཞེས་བྱ་བ་ནི་བཟོད་པ་ལ་མི་དགའ་བར་མ་བྱས་ན་ཡང་ནུས་པ་སུ་ཞིག་ཡོད་ཅེས་སྦྱར་རོ། །སྦྱོར་བའི་སྒོ་ནས་མི་སྲུན་པ་ནི་མ་བཏུལ་ན། །ཞེས་པ་དང་། བསམ་པའི་སྒོ་ནས་
བཟོད་པ་སྡོམ་པ་མ་བཏང་ན་ཞེས་སྦྱར། གཞན་ལ་གནོད་པ་བྱས་པའི་བདེ་བའམ། སྡུག་བསྔལ་འབྱུང་བ་དགག་པར་འདོད་པ་དེའི་ཞེས་བྱ་བ་ལ་གཞན་ལ་གནོད་པ་བྱས་པས་བདག་ལ་བདེ་བ་དང་བདག་ལ་སྡུག་བསྔལ་འབྱུང་བ་དགག་པར་འདོད་པ་ཞེས་བྱ་བ་དེ་མི་འགྲུབ་པས་མཁས་དེ་
མི་བྱེད་དོ་ཞེས་བྱ་བ་ཚིག་ཕྱི་མ་གཉིས་སོ། །དེ་ལྟར་རང་གི་དོན་གྱི་བཟོད་པའི་སོགས་པ་བསྟན་ནས་གཞན་གྱི་དོན་དུ་འགྱུར་བའི་དགོས་པ་སྟོན་པ་ནི། དེ་བས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གོ། །དེ་བས་བདག་གིས་བཟོད་པ་ལ་གནས་ནས། ཐབས་ཀྱིས་

བསྒོ་ཡང་གལ་ཏེ་མི་གོ་ན་ཞེས་བྱ་བ་ནི། གནོད་པ་བྱེད་པ་ཉིད་ལ་ཡང་དོན་གྱིས་བཟོད་པ་བསླབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལ་མ་ཕན་ན་ཡང་གཞན་བཟོད་པ་ལ་གནས་པར་འགྱུར་བ་ནི་བཟོད་པ་ཆུང་བ་གཞན་དག་ཡོད་
པས་ན། དེ་དག་འདི་ནི་ལོག་པའི་ལམ་ལས་བཟློག །ཅེས་བྱ་བ་སྟེ་དེ་ནི་གནོད་པ་བྱེད་པའི་གང་ཟག་ལ་ཕན་པའི་དབང་དུ་མ་བྱས་ཀྱི་གནོད་པ་བྱེད་པ་ལ་མི་བཟོད་པའི་སྐྱེ་བ་ལ་ཕན་པའི་དབང་དུ་བྱས་པའོ། །བདག་དང་གཞན་ལ་ཕན་པ་དེས་ན་སྐྱེ་བོ་དེ་ལྟ་བུས་བརྙས་བྱས་
ན། བདག་ལྟ་བུའང་དེ་ལྟར་དེ་མི་བྱེད་ཅེས་བྱ་བ་སྟེ་བདག་ལྟ་བུ་ཕར་གནོད་པ་ནུས་ཀྱང་དེ་ལྟར་གནོད་པ་དེ་མི་བྱེད་ཅེས་བྱ་བའོ། །ཕ་རོལ་གྱིས་ཀྱང་ཉེས་དམིགས་མཐོང་ན་དེ་ལྟར་ཕྱིས་མི་བྱེད་པས་འོན་ཏང་བདག་ནི་གནོད་པ་དེ་ལས་ཐར་བར་འགྱུར་ཞེས་བྱ་བའོ། །མ་
ཧེའི་རབས་ཏེ་སུམ་ཅུ་རྩ་གསུམ་པའོ།། །།བདུད་རྩིར་གྱུར་ཞེས་བྱ་བ་ནི། མི་འཆི་བར་གྱུར་ཅིག་ཅེས་བྱ་བའོ། །ཕན་བཏགས་དྲིན་མེད་བནྡུའི་མེ་ཏོག་བཞིན། །ཞེས་བྱ་བ་ནི། ཤིང་བནྡུའི་ཞེས་བྱ་བའི་མེ་ཏོག་ལས་འབྲས་བུ་མི་འབྱུང་བ་དང་འདྲ་བར་
ངན་པ་ལ་ཕན་བཏགས་ཀྱང་ཕན་པ་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོན་ཏན་གྲགས་དང་བཅས་པའི་ལུས་བཀྲུས་པས། གླང་པོ་ཆེའི་ཚུལ་དུ་སྤྱད་པར་མི་འགྱུར་རམ། ཞེས་བྱ་བ་ནི། སྔ་མ་ཆུད་གཟན་པའི་ཉེས་པ་སྟེ། ཕན་བཏགས་པ་ལ་གནོད་པ་
བྱས་ན་ནི་ཕན་བཏགས་པའི་བསོད་ནམས་དང་ཕན་བཏགས་པའི་གྲོགས་པོ་གཉིས་ཀ་ཉམས་པར་བྱས་པའི་ཕྱིར་ཏེ། ཇི་ལྟར་གླང་པོ་ཆེ་ལུས་ཀྱི་དྲི་མ་བཀྲུ་བའི་ཕྱིར། མཚོར་ཞུགས་ལ་ཡང་སྐོམ་པའི་ཕྱིར་བྱེ་མ་ལ་འདྲེས་པས་སྔ་མ་ཆུད་གཟན་པ་ལྟ་བུའོ། །
དྲིན་མེད་པའི་ཉེས་པ་སྟོན་པ་ནི་ཕ་རོལ་ཞེས་བྱ་བའི་ཚིགས་སུ་བཅད་པའོ། །ཕ་རོལ་ལ་ཉེས་པ་ཡོད་ཀྱང་བདག་དེ་ལ་ཉེས་པ་མེད་པར་བྱེད་པ་ནི། །འདི་ལ་ཞེས་བྱ་བ་ལ་སོགས་པའོ། །བྱ་ཤིང་རྟ་མོའི་རབས་ཏེ་སུམ་ཅུ་རྩ་བཞི་པའོ།། །།

སྐྱེས་པའི་རབས་ཀྱི་རྒྱུད་ཀྱི་ཚིག་གི་ཆ་དཀའ་བ་རྣམ་པར་འགྲེལ་པ། །སློབ་དཔོན་བཱིཪྱ་སིང་ཧས་མཛད་པ་རྫོགས་སོ།། །།༄༅། །དབང་ཕྱུག་བྱེད་པ་པོ་ཉིད་སེལ་བ་དང་ཁྱབ་འཇུག་བྱེད་པ་པོ་གཅིག་ཉིད་སེལ་བར་བྱེད་པ་བཞུགས།
༄༅༅། །རྒྱ་གར་སྐད་དུ། ཨཱི་ཤྭ་ར། ཀ་རྷྲྀ་ཏྭ་ནི་རཱ། ཀྲྀ་ཏི་བྡིཥྞོ་རེ་ཀ་ཀརྷྲྶྀ་ཏྭ་ནི་རཱ་ཀ་ར་ནྲཾ་ནཱ་མ། །གུ་རོཿ པ་དཱ་མཱ་ཛ་ན་ཏྭཱ་བཛྲ་ས་ཏྭཾ་ཙ་བྟཀྟི་ཏཿ། སུ་ཤི་ཥྱ་པྲ་ཏི་བོདྷཱ་རྠཾ་ཀྲྀ་པ་ཡཱ་ལི་ཁྱ་ཏེ་མ་ཡཱ།
༄༅། །བོད་སྐད་དུ། དབང་ཕྱུག་བྱེད་པ་པོ་ཉིད་སེལ་བ་དང་ཁྱབ་འཇུག་བྱེད་པ་པོ་གཅིག་ཉིད་སེལ་བར་བྱེད་པ་ཞེས་བྱ་བ་སངས་རྒྱས་ལ་ཕྱག་འཚལ་ལོ། །བླ་མའི་ཞབས་ཀྱི་ཆུ་སྐྱེས་དང་། །སྡོམ་སེམས་ལའང་གུས་བཏུད་ནས། །སློབ་མ་བཟང་པོས་རྟོགས་བྱའི་ཕྱིར། །བདག་གིས་བརྩེ་བས་བྲི་བར་བྱ།
ཨ་སྟི་པུ་ན་རཱི་ཤྭ་རཿ ཀརྟྱཱ་ས་ཨེ་བ་བི་ཙཱ་ཏྱ་ཏཱཾ། ཡཿ ཀ་རོ་ཏི་ས་ཀརྞྞ། །ཡཿ ཀྲི་ཡཱཾ་ཀ་རོ་ཏི་ས་ཀརྞྞ། སཾ་ཛྙོ་བྷ་བ་ཏི། ཨ་ཏྲ་ཙ་བ་ཡཾ་བྲུ་མཿ། །ཀི་མ་སཽ་སིདྡྷིཾ་ཀ་རོ་ཏི་ཨ་ཐ་ཨ་སིདྡྷཾ་བྷ། ཨ་ཏྲ་སིདྡྷཾ་ཏཱ་བ་ཏ་ན་གུ་རུ་ཏེ།
ཡང་དབང་ཕྱུག་བྱེད་པ་པོ་ཉིད་དུ་ཡོད་ཅེས་པ་འདི་ལ་རྣམ་པར་དཔྱད་པར་བྱའོ། །གང་བྱེད་པ་དེ་བྱེད་པ་པོ་དང་། གང་བྱ་བ་བྱེད་པ་དེ་བྱེད་པ་པོའི་མིང་དུ་འགྱུར་ན། འདི་ལ་ཡང་ཁྱེད་རྣམས་ལ་སྨྲས་པ། ཅི་འདི་གྲུབ་པ་ཞིག་བྱེད་དམ་འོན་ཏེ་མ་གྲུབ་པ་ཞིག་བྱེད། །དེ་ལ་གྲུབ་པ་ནི་རེ་ཤིག་མི་བྱེད་དེ།
སཱ་དྷ་མཱ་བྷཱ་པཱ་ཧ། ཡ་ཐཱ་སིདྡྷེ་པུརྒ་ལེ་པུ་ནཿ ཀཱ་ར་ཎ་ཏྭཾ་ཀྀརྟྭ་ཏྭཾ་ན་སྟི་པྲཱ་གེ་པ་སིདྡྷ་ཏྭཱ་ཏ། ཨ་ཐཱ་སི་དྡྷཱིཾ་ཀ་རོ་ཏི་ཙེ་ཏ། བཱ་ལུ་ཀཱ་ཏཻ་ལ་མ་སིདྡྷཾ། ཀཱུརྨྨ་ལོ་མཱ་དི་ཀ་མ་སིདྡྷཾ། ཨེ་ཏ་དེ་བ་ཀ་རོ་ཏུ། པུ་ན་ར་ཏྲ་ཀརྟྟྲྀ་ཏྭཾ་ན་ཤཀྣོ་ཏི།
སྒྲུབ་བྱེད་མེད་བའི་ཕྱིར་རོ། །དཔེར་ན་གང་ཟག་འགྲུབ་པ་ལ་ཡང་རྒྱུའི་བྱེད་པ་ཉིད་བྱེད་པ་པོར་མེད་དེ། །སྔོན་ཉིད་དུ་གྲུབ་པའི་ཕྱིར་རོ། །ཅི་སྟེ་མ་གྲུབ་པ་བྱེད་ན། ཕྱི་མ་ལ་ཏིལ་མར་མ་གྲུབ་པ་དང་། རུས་སྦལ་གྱི་སྤུ་ལ་སོགས་པ་མ་གྲུབ་པས། དེ་ཉིད་བྱེད་ན། ཡང་འདིར་བྱེད་པ་པོ་ཉིད་ཀྱིས་མི་འགྲུབ་སྟེ།

ཀུ་ཏཿ ཨ་སིདྡྷཾ་ཏྭ་བྷཱ་བཱ་ཏ། ཨེ་བ་མ་སཽ་ཨ་ཐ་སིདྡྷཱ་སིདྡྷཾ་ཀ་རོ་ཏི་ཏ་ད་པི་ན་གྷ་ཊ་ཏེ། ཕ་ར་སྤ་ར་བི་རོཏྡྷ་ཏ། ཡཿ སིདྡྷཿ ས་སིདྡྷ་ཨེ་བ་ཡོརད་སིདྡྷཿས་ཨེ་བཱ་སིདྡྷཿ། ཨེ་བཾ་ཏ་ད་ན་ཡོཿ པ་ར་སྦུ་ར་བི་རོ་དྷཿ སྱཱ་དེ་བཾ། ཡ་ཐཱ་ཙ་ཨཱ་ལོ་ཀཱནྡྷ།
ཅི་ལས་ཤེ་ན། དངོས་པོ་མ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་འདིའོ་ཅི་སྟེ་གྲུབ་པ་དང་། མ་གྲུབ་པ་བྱེད་ན་དེ་ཡང་མི་འཐད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། །གང་གྲུབ་པ་དེ་གྲུབ་པ་ཉིད་དང་། གང་མ་གྲུབ་དེ་ཉིད་མ་གྲུབ་པ་སྟེ། དེ་ལྟར་ན་འདི་དག་ཕན་ཚུན་འགལ་བ་ཉིད་ཀྱི་ཕྱིར་རོ། །དཔེར་ན་སྣང་བ་དང་མུན་པ་དག་དང་
ཀྲཱ་ར་ཡོརྫཱི་བ་ན་མ་ར་ཎ་ཡོ་རི་བ། ཨ་ཐ་ཡ་ཏྲཱ་ལོ་ཀོ་བིཪྱ་ཏེ། ཏ་ཏྲཱནྡྷ་ཀཱ་རོ་ནཱ་སྟི། ཡ་ཏྲཱནྡྷ་ཀཱ་རསྟ་ཏྲཱ་ལོ་ཀོ་ནཱ་སྟི་ཨེ་བ། ཡོ་ཧི་ཛཱི་བ་ཏི་ས་ཛཱི་བ་ཏྱེ་བ། ཡོ་མྲྀ་ཏོ་མྲྀ་ཏ་ཨེ་བ་སཿ ཨཏ་ཨེ་བ་སིདྡྷ་སིདྡྷ་ཡོ་རཻ་ཀ་ཏཱ་བྷཱ་བཱ་ཏ། ཨཱི་ཤྭ་ར་སྱ་ཀ་རྟྲྀ་ཏྭཾ་ནཱ་དྡྱ།
གང་གསོན་པ་དང་ཤི་བ་དག་བཞིན་ནོ། །ཡང་གང་ན་སྣང་བ་ཡོད་པ་དེ་ན་མུན་པ་མེད་དོ། །གང་ན་མུན་པ་ཡོད་པ་དེ་ན་སྣང་བ་མེད་པ་ཉིད་དོ། །གང་གསོན་པ་དེ་ནི་གསོན་པ་ཉིད་དང་། གང་ཤི་བ་དེ་ནི་ཤི་བ་ཁོ་ན་སྟེ། དེ་ཉིད་ཀྱི་ཕྱིར་གྲུབ་བ་དང་མ་གྲུབ་བདག་གཅིག་པ་མེད་པའི་ཕྱིར། དབང་ཕྱུག་བྱེད་པ་པོ་ཉིད་དུ་ཡོད་པ་མིན་པ་
པེ་ཏི་མ་ཏཾ། ཀིཉྩ་ཨ་པ་ར་མ་པི་དཱུ་ཥ་ཎཾ་སྱཱ་ཏ། ཀིཾ་སྭ་ཡ་མུཏྤ་ཪྻ་པ་རཱནྐ་རོ་ཏི། ཨ་ནུ་ཏྤནྣོ་བཱ། ཨ་ནུཏྤ་དྱ་ཅ་ས་ཡཾ། ཏཱ་བཏ་པ་རཱ་ན་ཀརྟྟུཾ་ན་ཤཀྣོ་ཏི། ཀུ་ཏཿ སྭ་ཡ་མེ་བཱ་ནུཏྤནྣཱ་རཱུ་པ་ཏཱ་ཏ། ཡ་ཐཱ་ཉ་ནུ་ཏྤནྣ་སྱ་བནྡྷཱ་ཏ་ན་ཡ་སྱ།
འདི་ཉིད་དོ་ཞེས་འདོད་དོ། །སུན་འབྱིན་གཞན་ཡང་འགྱུར་ཏེ། ཅི་རང་ཉིད་སྐྱེས་པས་གཞན་བྱེད་དམ། འོན་ཏེ་མ་སྐྱས་པས་བྱེད། །རང་ཉིད་མ་སྐྱེས་པས་ནི་རེ་ཤིག་གཞན་བྱེད་པར་མི་ནུས་ཏེ། ཅིའི་ཕྱིར་ན། རང་ཉིད་མ་སྐྱེས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དཔེར་ན་མོ་གཤམ་གྱི་བུ་ནི་མ་སྐྱེས་པས།

ཀུརྡཱ་ལ་པཱ་ཏ་ནཱ་དི་ཀྲི་ཡཱ་ན་པྲ་བརྟྟ་ཏེ། ཏ་ཐཱ་ཨཱི་ཤྭ་ར་སྱཱ་པི། ཨ་ཐ་ཙ་སྭ་ཡ་མུཏྤ་དྱ་པ་རཱནྐཱ་རོ་ཏི། ཏ་དཱ་ཀ་སྨཱ་དུ་ཏྤནཿ། ཀིཾ་སྭ་ཏཿ ཀིཾ་པར་ཏཿ། ཨུ་བྷ་ཡ་ཏོ་བཱ། ཨ་ཏྲ་སྭ་ཏསྟཱ་བནྣོཏྤནྣཿ སྭཱཏྨ་ནི་ཀྲི་ཡཱ་བི་རོ་དྷཱ་ཏ། ན་ཧི་ཁ་ར་ཏ་ར་ཀ་ར་
ས་རྐོ་བ་ལ་སོགས་པའི་བྱ་བ་ལ་མི་འཇུག་པ་བཞིན་ནོ། །དེ་བཞིན་དུ་དབང་ཕྱུག་ཀྱང་ངོ་། །ཅི་སྟེ་རང་ཉིད་སྐྱེས་པས་གཞན་བྱེད་ན། དེའི་ཚེ་རང་ངམ་གཞན་ནམ། གཉིས་ཀ་ལས་སམ། ཅི་ཞིག་ལས་སྐྱེས། འདིར་རང་ལས་སྐྱེས་པས་ནི་མ་ཡིན་ཏེ། རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར། ཆེས་རྣོ་བའི་རལ་གྲིའི་
བཱ་ལ་དྷྭ་རཱ་སཱ་མཱདྨཱ་ནི་ཛྪ་ཏྟུཾ་ས་མརྠོ་བྷ་བ་ཏི། ན་ཧི་སུ་ཤི་ཀྵྀ་ཏོ་བི་ན་ཊ་དྷ་ཊུཿ སྭ་ཀཱི་ཡཾ་སྐནྡཱ་མཱ་ཏུ་ཧྱ་ནརྟྟི་ཏུཾ་ཤཀྣོ་ཏི། ཀིཉྩ་སྭ་ཡ་མེ་བ་ཛ་ནྱཿ སྭ་ཡ་མེ་བ་ཛ་ན་ཀ་ཡི་ཏི། ཨི་ཏྱེ་བཾ་ཏྲིཥྚ་མྀཥྚ་བཱ། སྭ་ཡ་མེ་བ་བི་ཏཱ་སྭ་ཡ་མེ་བ་
སོས་ཀྱང་རང་གི་བདག་ཉིད་ལ་གཅོད་པར་ནུས་པ་མེད་དོ། །ལེགས་པར་བསླབས་པའི་གར་མཁན་མཁས་པས་ཀྱང་རང་གི་ཕྲག་པ་ལ་ཞོན་ནས་གར་བྱེད་ནུས་པ་མེད་དོ། །ཡང་ཅི་རང་ཉིད་ཁོ་ན་བསྐྱེད་བྱ་དང་རང་ཉིད་ཁོ་ན་སྐྱེད་བྱེད་དོ་ཞེས། འདི་ལྟར་བལྟ་ཞིང་འདོད་ན། རང་ཉིད་ཕ་དང་རང་ཉིད་བུའོ་ཞེས་ཟེར་བ་
པུ་ཏྲ་ཨི་ཏི། ནི་ཥ་བཱ་དོ་ལོ་ཀ་པྲ་སིདྡྷཿ ཨ་ཐ་བྷ་བ་ཏུ་བ་ར་ཨེ་བ་མ་པི་ན་གྷ་ཊ་ཏེ། ཡཱ་བ་ཏཱ་ཨཱི་ཤཱ་ར་སྱ་བྱ་ཏི་རེ་ཀེ་ན་པ་ར་སྱཱ་བྷཱ་བཱ་ཏ། ཨ་ཐ་པཱ་རཾ་བཪྻུ་རྦྷ་བ་ཏུ། ཨེ་བཾ་ཙ་པ་ར་ཏོ་ཉ་པྱ་ན་བསྠཱ་པྲ་སངྒ་སྱཱ་ཏ། ཨ་ནཱ་དི་རཱུ་པ་ཏྭཱ་ཏ།
དང་འདྲ་སྟེ། འདི་ནི་འཇིག་རྟེན་ན་གྲགས་པ་ཡང་མེད་དོ། །ཅི་སྟེ་གཞན་པ་ཉིད་ཀྱིས་ཀྱང་བྱེད་པ་མི་འཐད་དེ། ཇི་སྲིད་དབང་ཕྱུག་གི་ཐ་དད་པ་གཞན་མེད་པའི་ཕྱིར་རོ། །ཅི་སྟེ་བརྒྱུད་པས་འགྱུར་རོ་ཞེ་ན། དེ་ལྟ་གཞན་ལས་ཀྱང་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། ཐོག་མ་མེད་པའི་ཕྱིར་རོ།

ས་ཏོ་ཡ་སྱུ་དེ་ར་བྷཱ་བསྟ་སྱཱ་བ་སཱ་ན་སྱ་དཱུ་ཥ་ཎ་མ་བྷཱ་བ་ཨེ་བ། བཱི་ཛ་སྱཱ་བྷཱ་བེ་ཨདྒུར་ད་ཎྡ་ཤཱ་ཁཱ་ལ་ཏྲ་པུཥྤ་ཕ་ལཱ་དཱི་ནཱ་མ་བྷཱ་བོ་བྷ་བ་ཏི། ཀུ་ཏོ་བཱི་ཛ་སྱཱ་བྷཱ་བཱ་ཏ། ནོ་བྷ་ཡ་ཏཿ། ཨུ་བྷ་ཡ་དོ་ཥ་དུཥྚ་ཏྭཱ་ཏ། ཏསྨཱ་ད་སིདྡྷཿ ཀརྟྟཱ།
གང་ལ་དང་པོ་ཡོད་པ་མིན་པ་དེའི་མཐའ་ཡང་སུན་འབྱིན་པ་མེད་པ་ཉིད་དོ། །ས་བོན་མེད་ན་མྱུ་གུ་དང་སྡོང་བུ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་སོགས་མེད་པར་འགྱུར་ཏེ། ཅི་ལས་ཞེན་ས་བོན་མེད་པའི་ཕྱིར་རོ། གཉི་ག་ལས་ཀྱང་མིན་ཏེ། གཉིས་ཀ་སྐྱོན་གྱིས་སུན་བྱུང་བའི་ཕྱིར་རོ། །དེའི་ཕྱིར་བྱེད་པ་པོ་མ་གྲུབ་བོ། །
ཨི་ཏི་ཨཱི་ཤྭ་ར་ཀརྟྲྀ་ཏྭ་ནི་རཱ་ཀྲྀ་ཏིརྦི་ཥྞོ་རེ་ཀ་ཀ་རྟྲི་ཏྭ་ནི་རཱ་ཀ་ར་ཎཾ་ས་མཱཔྟ་མི་ཏི། ཀྲྀ་ཏི་རི་ཡ་མཱ་ཙཱ་ཪྱ་ཤྲཱི་ནཱ་གཱ་རྫུ་ན་པཱ་དཱ་ནཱ་མི་ཏི། ཞ་ལུ་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲས་བསྒྱུར་བའོ། །ཏ་སྱ་ཤིཥྱེ་ཎ་ལི་ཁི་ཏཾ།
ཞེས་པ་དབང་ཕྱུག་བྱེད་པ་པོ་ཉིད་སེལ་བ་དང་ཁྱབ་འཇུག་བྱེད་པ་པོ་གཅིག་ཉིད་སེལ་བར་བྱེད་པ་སློབ་དཔོན་དཔལ་ལྡན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།༄༅། །ཚིགས་སུ་བཅད་པ་དགུ་པ་བཞུགས་སོ། །
༄༅། །རྒྱ་གར་སྐད་དུ། ན་བ་ཤློཀཿ བོད་སྐད་དུ། ཚིགས་སུ་བཅད་པ་དགུ་པ། བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །དགེ་བའི་རིན་ཆེན་འབྱུང་གནས་གང་། །ཤེས་རབ་ཕ་རོལ་ཕྱིན་བྱང་ཆུབ། །ཐམས་ཅད་ཕ་
རོལ་ཕྱིན་མ་དེར། །དེ་རང་ཉིད་ཀྱི་རྣམ་པར་གནས། །སྤྲོས་པ་མེད་ཅིང་སྣང་བ་མེད། །ཀུན་གཞི་མེད་ཅིང་རྣམ་རྟོག་མེད། །རང་བཞིན་མེད་ཅིང་མཆོག་ཏུ་ཕྲ། །སྒྲ་དང་ཐིག་ལེ་རྣམ་པར་སྤངས། །སངས་རྒྱས་ཐམས་ཅད་འབྱུང་བའི་མཆོག །ཤེས་རབ་ཕ་རོལ་ཕྱིན་མ་

ཡུམ། །རང་བཞིན་དེ་ཡིས་མ་དམིགས་ནི། །ཀུན་མཁྱེན་ཡེ་ཤེས་སྤྱོད་ཡུལ་ལོ། །ཡང་དག་ཤེས་རབ་ཕ་རོལ་ཕྱིན། །གང་ཞིག་སྒོམ་པར་བྱེད་འདོད་པ། །ཚིགས་བཅད་དགུ་ཡི་དོན་ལ་ངེས། །བསམ་པར་བྱ་བ་བསྡུས་པའོ། །ལས་ཀྱི་མཐུ་ལས་ཡང་དག་བྱུང་། །སྐྱེ་
མཆེད་དྲུག་གི་མཚན་ཉིད་མེད། །སླར་ཡང་འབྱུང་བ་ཞེས་བརྗོད་པ། །མིག་ཡོར་ལྟ་བུར་བརྗོད་པ་ཡིན། །སྤྲུལ་པའི་གྲོང་ཁྱེར་གང་དེ་བཞིན། །སྤྲུལ་པར་རྣམ་པར་བལྟ་བར་བྱ། །ལས་ཀྱིས་སྤྲུལ་པའི་འགྲོ་བ་ཡི། །ངོ་བོ་གང་ཡིན་དེ་བཞིན་ནོ། །གང་ལས་ཆོས་བསྟན་པ་ཡི་
སྒྲ། །འགའ་ཞིག་ཐོས་པའི་སྤྱོད་ཡུལ་ལོ། །བྲག་ཅ་ལྟ་བུར་ཐམས་ཅད་དུ། །རབ་ཏུ་རྨད་བྱུང་ཐོས་མ་ཐོས། །བསྣམས་དང་མྱངས་དང་གང་ཡང་ནི། །རེག་པའི་ལུས་ལ་རོལ་པ་ཡིས། །འདི་དག་རྨི་ལམ་ལྟ་བུ་སྟེ། །ཐམས་ཅད་དམིགས་པ་ཡོད་མ་ཡིན། །མི་གང་སྒྱུ་
མའི་འཁྲུལ་འཁོར་བཞིན། །ཐ་དད་བསམ་པས་བྱེད་དེ་ཡི། །བདག་མེད་ལུས་ཀྱི་འཁྲུལ་འཁོར་གང་། །བསམ་པས་བྱེད་པ་དེ་བཞིན་ནོ། །སྣ་ཚོགས་ཉེ་བར་དམིགས་གང་ཡང་། །སྐད་ཅིག་སོ་སོར་ཡང་དག་འབྱུང་། །འདི་དག་སྨིག་རྒྱུ་ལྟ་བུར་གང་། །མཐོང་བ་ཉམས་པས་
མཚན་ཉིད་བྲལ། །གཟུགས་བརྙན་ལྟ་བུར་གཟུང་བར་བྱ། །ཐོག་མེད་སེམས་ལས་ཀུན་ཏུ་འབྱུང་། །དེ་རྣམ་པ་དང་རྣམ་པར་ཤེས། །ཕན་ཚུན་དུ་ནི་གཟུགས་བརྙན་བཞིན། །བསམས་པས་དད་པའི་རྒྱུད་ལ་གང་། །ཡེ་ཤེས་དབང་པོ་ཡང་དག་འབྱུང་། །ལྟེང་ཀའི་ཟླ་བ་ལྟ་བུར་
གང་། །དེ་བཞིན་མངོན་སུམ་ཡོད་མ་ཡིན། །རྣལ་འབྱོར་པས་ཀྱང་ཡེ་ཤེས་གང་། །དེ་ཡང་ནམ་མཁའི་མཚན་ཉིད་དོ། །དེ་ཕྱིར་ཤེས་དང་ཤེས་བྱ་གང་། །ཐམས་ཅད་ནམ་མཁའི་མཚན་ཉིད་དོ། །རང་བཞིན་རྣམས་ལ་གནས་མེད་པ། །དེ་ཉིད་དེ་ལྟར་བསམ་པར་བྱ། །
བྱང་ཆུབ་སྨོན་པའི་སེམས་ལས་ནི། །ཡེ་ཤེས་མཆོག་ནི་འབྱུང་བར་འགྱུར། །ཀུན་ཏུ་རྟོགས་པ་ཐམས་ཅད་སྤངས། །འདི་དེ་མཆོག་ཏུ་ཤེས་པར་བྱ། །གང་དུ་རྣལ་འབྱོར་པ་གནས་པ། །མངོན་སུམ་ཀུན་མཁྱེན་བཅོམ་ལྡན་འགྱུར། །ཚིགས་སུ་བཅད་པ་དགུ་པ་ཞེས་བྱ་བ།

དཔལ་ལྭ་བ་པའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྚི་ཏ་ཆེན་པོ་སུ་མ་ན་ཤྲི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་བའོ།། །།༄༅། །ཚིགས་སུ་བཅད་པ་བདུན་པ་དྲུག་པ་ཉིད་ཀྱིས་བསྒྱུར་བ་བཞུགས།
༄༅༅། །རྒྱ་གར་སྐད་དུ། ཨརྱ་སཔྟ་ཤློ་ཀི་ཀཱ། བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏཱ་སཱུ་ཏྲ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འཕགས་མ་ཚིགས་སུ་བཅད་པ་བདུན་མ་ཞེས་བྱ་བའི་མདོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་
ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་ཅན། འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཏ་དྱ་ཐཱ། ཨོཾ་ཛྙཱ་པྲ་ཏཱི་ཏིཿ ཨཀྵ་ཡ་ཀོ་སཱི་པྲ་ཏི་བྷཱ་བ་ཏེཿ སརྦ་བུདྡྷཱ་ཨ་བ་ལོ་ཀི་ཏེ་ཡོ་ག་པྲ་ཏི་ནི་སྤནྣ། གི་དྷཱི་རཱརྡུ་གི་ག་ཧི་ཏྲཻ་ཊཽ་པ་ར་ནི་སྤནྣ། བོ་དྷི་སཏྭཱ་སཾ་ཛུ་ན་ནཱི་སརྦཱ་ཤི་སེ་ཥ་པི། སོཀྵྀ་
སརྦ་ཏ་ཐཱ་ག་ཏཱ་བྷཱ་སྱ་ཏཱི། དྷརྨཱ་སཱ་གྲ་ར་སསྤཱི་ཏཱཿ། དྷརྨྨ་རཱ་ཛ་བྷཱ་ས་ཏཱི། ཨ་མོ་གྷ་སུ་དྷ་ནཱི། མྲྀ་ཧཱ་ས་མནྟྲ་རུ་ཏ་ཊུ་རྷ་ནི་ཪྱཱ་ཏཱི། བྱཱ་ཀ་ར་ཎ་པ་རི་པྲ་ར་ནི་སརྦ་བུདྡྷཱ་བོ་དྷི་ས་ཏྭཱ་སཾ་ཛུ་ན་མཱི། བྷ་ག་བ་ཏྱཻ་བུདྡྷ་མཱ་ཏཱ། ཨོཾ་ཨ་ར་ཌཱི། ཨ་ར་ཌཱི་ཀ་ར་ཌཱི་མ་ཧཱ་པྲ་ཛྙཱ་པཱ་ར་མི་ཏཱ་སྭཱ་ཧཱ། གང་
དུས་གཅིག་ན་རྗེས་སུ་དྲན་པར་བྱེད་པ་དེ་བསྐལ་པ་དཔག་ཏུ་མེད་པར་ལྷན་ཅིག་ཉེ་བར་བསགས་པའི་ལས་ཀྱི་སྒྲིབ་པ་མེད་པ་དང་། སངས་རྒྱས་སྟོང་གིས་ཉེ་བར་བསགས་པའི་དགའ་བ་ཐམས་ཅད་ཡང་དག་པར་བསྡུས་པ་དང་། གང་འཁོར་བར་བདེ་བ་དང་ལྡན་པར་བྱེད་པར་འགྱུར་བ་
དང་། སྐྱེ་བ་བརྗེས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་ཕྲག་སོ་སོར་རྙེད་པར་འགྱུར་རོ། །འཆི་བའི་དུས་ཀྱི་ཚེ་སངས་རྒྱས་སྟོང་མཐོང་བར་འགྱུར་རོ། །ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཉེ་བར་འགྲོ་བར་འགྱུར་རོ། །ཉིན་ལན་གསུམ་མཚན་ལན་གསུམ་

དུ་ཉིན་རེ་ལ་ལན་ཉི་ཤུ་རྩ་གཅིག་བརྗོད་ན། ཉི་མ་ཉི་ཤུ་རྩ་གཅིག་པ་ལ་སངས་རྒྱས་བཅོམ་ལྡན་འདས་པདྨའི་གདན་ལ་བཞུགས་པ་མཐོང་བར་འགྱུར་རོ། །ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བར་འགྱུར་རོ། །སངས་རྒྱས་སེམས་དཔའ་ཡང་
དག་པར་བརྗོད་པའི་མདོ་དག་པའོ་ཞེས་སོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཚིགས་སུ་བཅད་པ་བདུན་མའི་མདོ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་སུ་མ་ན་ཤྲི་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་བའོ། །
༄༅། །དཔལ་ལྡན་ཀ་ལཱ་པར་འཇུག་པ་ཞེས་བྱ་བ་ཡུལ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཤམྦྷ་ལ་ར་འགྲོ་ཚུལ་གྱི་ལམ་ཡིག་འཕགས་པ་དོན་ཡོད་ལྕགས་ཀྱུས་གསུངས་པ་བཞུགས། །ཨོཾ་ཏྲཱི་སྭཱ་ཏཱ། ཨོཾ་ཨངྐུ་ཤ་ཨངྐུ་ཤ་ཨ་མོ་གྷ་ཧི་སྭཱ་ཧཱ།། ༄༅༅། །རྒྱ་གར་སྐད་དུ། ཀ་ལཱ་པ། ཨ་ཝ་ཏ་ར། བོད་སྐད་དུ། ཀ་ལཱ་
པར་འཇུག་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོ་ཐབས་དང་ལྡན། །དེ་བཞིན་གཤེགས་ལ་རབ་བཏུད་ནས། །གང་གིས་དགའ་བའི་གནས་ཐོབ་འགྱུར། །ཐབས་དེ་འདིར་ནི་བཤད་པར་བྱ། །གཞོན་ནུ་ཟུར་ཕུད་ལྔ་པ་ནི། །ཐུགས་རྗེ་ལྡན་པ་
འཇམ་པའི་དབྱངས། །རྒྱལ་སྲས་སྟོང་ཕྲག་བརྒྱད་དག་དང་། །ལྷན་ཅིག་ཏུ་ནི་རབ་གཤེགས་ནས། །དབང་ཆེན་ཞེས་བྱའི་རི་བོ་ཆེན་པོ་ནི། །ཤར་དང་ནུབ་ཏུ་ཆུ་གཏེར་ཟབ་མོ་གནས། །གང་གི་ཕྱོགས་གཉིས་མེ་ཏོག་འབྲས་བུས་བརྒྱན། །རིག་འཛིན་རྣམས་ཀྱིས་
རོལ་པའི་གནས་དེར་བཞུགས། །ཤེས་བྱ་ཀུན་ལ་མ་ཐོགས་པའི། །སྤྱན་དང་ལྡན་པ་འཇིག་རྟེན་དབང་། །རྒྱལ་སྲས་བྱེ་བའི་ཚོགས་བཅས་པ། །གནས་སྐབས་དེར་ནི་དེར་གཤེགས་ནས། །ལྷ་དང་ལྷ་མིན་འབྱུང་པོའི་དབང་། །ལྟོ་འཕྱེའི་བདག་དང་ཀླུ་ཡི་གཙོ། །བསྐལ་
བཟང་མཐུ་དང་ལྡན་པ་ཡི། །མེ་དང་མི་རྣམས་དེར་འདུས་ལ། །གང་ཞིག་བླ་ན་མེད་པ་མཆོག །གཟི་བརྗིད་ཆེན་པོ་ཐེག་མཆོག་སྟེ། །བྱེ་བ་ཕྲག་བརྒྱའི་ཆོས་ཀྱི་གཏམ། །ཡང་དག་བགྲོས་ནས་རབ་ཏུ་བསྟན། །བྷར་ཏའི་དུམ་བུའི་འཛམ་གླིང་སྐྱེས། །ཀོ་ས་ལ་དང་ཡངས་

པ་ཅན། །ལུས་འཕགས་མེ་ཐི་ལ་དག་ན། །བསྐལ་བཟང་གཅིག་གཅིག་དེ་དག་ཡོད། །བློ་གྲོས་ཆེ་ལྡན་ལྔ་བརྒྱས་ནི། །དེ་འདྲའི་གཏམ་ནི་ཡང་ཡང་ཐོས། །གཞན་ལ་ཕན་བྱེད་རིག་པའི་བློ། །རྨད་བྱུང་མང་པོ་སྐྱེས་པར་གྱུར། །དཀའ་བ་བརྒྱ་
ཕྲག་འབད་པ་ཡིས། །དབང་ཆེན་གྱི་ནི་རི་ལ་སོང་། །གཞོན་ནུར་གྱུར་པ་མི་སྣང་ནས། །ཕྱག་ན་པདྨོའི་ཞབས་ལ་བཏུད། །ཡང་དག་མཆོད་ནས་རབ་དྲིས་པ། །ཚངས་ལ་སོགས་པའི་ལྷས་བཏུད་ཅིང་། །འགྲོ་བ་དྲུག་ལ་མཉམ་པར་བརྩེ། །ཐོས་ནས་བདག་ཅག་འདིར་
འོངས་ལགས། །གང་གི་ཞབས་བཀྲུའི་ཆུ་འཐུངས་པས། །བདེ་མེད་བདེ་བ་ལྡན་གྱུར་ཅིང་། །འདོད་པ་དང་ནི་ཐར་པ་འགྲུབ། །ལྷ་ཡིའང་ལྷ་ཁྱོད་ཕྱག་འཚལ་ལོ། །གང་ཟག་དང་ནི་ཆོས་ལ་སོགས། །འགའ་ཡང་མ་གཟིགས་དམིགས་སུ་མེད། །འོན་ཀྱང་མི་ཟད་
ཐུགས་རྗེ་ཡིས། །ཀུན་ལ་སྐྱོབ་མཛད་འདི་རེ་མཚར། །འདིར་འོངས་འདི་དག་ལ་བརྩེ་བས། །དོན་ཆེན་འགའ་ཞིག་ཞུ་འཚལ་ན། །ཕྱི་མའི་དུས་འགར་ཕན་པའི་སླད། །ཡང་དག་གསུང་པས་བཤད་དུ་གསོལ། །མ་འོངས་པ་ཡི་དུས་ན་ནི། །རིག་སྔགས་སྨྲ་བར་
ཁས་འཆེ་ཞིང་། །རྒྱལ་བའི་དགོངས་པ་མི་ཤེས་པ། །དེ་དག་ཕྱིན་ཅི་ལོག་ཏུ་བལྟ། །གང་ཕྱིར་འདི་དག་ཡང་དག་པའི། །ལམ་དུ་ངེས་པར་འཇུག་འགྱུར་བ། །ཇི་ལྟར་ཕྱུགས་ལ་དབྱུག་པ་ལྟའི། །ཐབས་དེ་གང་ལས་རྙེད་པར་འགྱུར། །དེ་ནས་བཅོམ་ལྡན་སྙིང་རྗེ་ཆེ། །
སྤྱན་རས་གཟིགས་ཀྱིས་འདི་སྐད་གསུངས། །འགྲོ་རྣམས་མང་ལ་ཕན་འདོད་པས། །འདྲི་བ་འདི་ནི་ལེགས་སོ་ལེགས། །དབང་ཆེན་རི་ལ་མཆོད་འོས་པའི། །གཞོན་ནུར་གྱུར་པས་སྔོན་བཤད་དོ། །དོན་འདི་ཡང་ནི་ལེགས་པར་བསྟན། །མཉམ་མེད་སེམས་ཅན་དོན་བྱེད་
བའོ། །སྐྱེ་བོ་འདི་ལ་ཕན་བྱེད་ཕྱིར། །སྔགས་འཛིན་རལ་པ་གཅིག་མ་ལོངས། །སྙིང་རྗེ་ལྡན་པ་དོན་ཡོད་པའི། །ལྕགས་ཀྱུ་ཁྱོད་ནི་མཐུ་ཆེན་ལྡན། །ཁྱོད་དག་ཕན་ཚུན་བགྲོས་པ་ཡིས། །དོན་ཆེན་འདི་ནི་སྨྲ་བར་གྱིས། །སྟོབས་བཅུ་ལྡན་པའི་བསྟན་པ་ལ། །ཕྱི་མའི་དུས་

ལ་དོན་ཆེན་འགྱུར། །འཇམ་དཔལ་རྗེས་སུ་འཇུག་པས་ནི། །ཁྱོད་ཀྱང་སྨྲ་བའི་མཐུ་དང་ལྡན། །དེ་སྐད་གསུངས་ནས་འཇིག་རྟེན་མགོན། །སྟོང་པ་ཉིད་ཀྱི་གནས་པས་བཞུགས། །དེ་ནས་ཡང་དེའི་ཚེ་འཕགས་པའི་གཙོ་བོ་དོན་ཡོད་ལྕགས་ཀྱུས་གསུངས་པ། ཕྱི་མའི་
དུས་ན་སྣ་ཚོགས་པའི། །བློ་གྲོས་ངན་པ་སྐྱེས་པས་ན། །ལྷ་མོ་སྒྱུ་འཕྲུལ་སྲས་ཀྱིས་བསྟན། །ཤིན་ཏུ་ནག་པོས་དྲི་མར་བྱས། །བརྗོད་པ་སྣ་ཚོགས་ཐ་དད་དེ། །སྐྱེ་བོ་ཐ་དད་སྤྱོད་ལ་བསྔགས། །དེ་ཕྱིར་དེ་ལྟར་སྤྱོད་རྣམས་ལ། །དབང་པོ་མེད་པས་རྣམ་པར་འཁྲུགས། །འཇིག་རྟེན་
འདས་པའི་དངོས་གྲུབ་ཀུན། །ནམ་ཡང་ཐོབ་པ་མེད་དེ་བཞིན། །གཞན་ཡང་དཀའ་བས་འགྲུབ་པ་དང་། །ངལ་བ་འབའ་ཞིག་བསྐྱེད་པར་བྱེད། །ཤིན་ཏུ་སྒྲིབ་བྱེད་ཀྱིས་བསྒྲིབས་པས། །ཡི་དགས་སོགས་ཀྱང་ལྐོག་གྱུར་ན། །ལྷ་རྣམས་སྨོས་ཀྱང་ཅི་དགོས་ཏེ། །རྟོག་གེ་ཕྲན་
ཚེགས་འཇུག་ཤེས་ཉིད། །དེ་ཙམ་གྱིས་ཀྱང་གྲུབ་པར་བལྟ། །འཕགས་པའི་སྐྱེ་བོ་ཡིད་ཀྱི་ལུས། །མཐོང་བའི་སྤྱོད་ཡུལ་ནམ་ཡང་ཅི། །དོན་མཆོག་འདོད་པའང་རྙེད་མི་འགྱུར། །འདི་ནས་བྱང་གི་ཕྱོགས་ཆ་ན། །ཀཻ་ལ་ཤ་ཡི་རི་བོའི་ངོགས། །གྲོང་ཁྱེར་ཀ་ལཱ་པ་ཞེས་ཡོད། །
རྟག་ཏུ་བདེ་ཞིང་འབྱོར་པ་ཡིན། །དེ་ན་རྒྱལ་བའི་སྲས་པོ་མང་། །མི་བདག་གཙོ་བོ་མཆོག་འཕགས་ཏེ། །དེ་རྣམས་རྟག་ཏུ་ཆོས་དང་ལྡན། །གཡོ་སྒྱུ་བྱེ་མེད་ཅིང་ཕྲ་མ་མེད། །རིགས་དང་རིགས་མིན་དབྱེར་མེད་དེ། །གཟུགས་ལྡན་སྟོབས་དང་ལྡན་པ་ཡིན། །སྐྱེས་བུའི་བགྲོད་པ་
དཔག་ཚད་བཅུ། །རྟ་ཡི་ཉི་ཤུ་སོ་ལྡན་གྱི། །ལྔ་བཅུའི་ལམ་སྟེ་ཉིན་གཅིག་ལའོ། །ཡམས་དང་ཉེར་འཚེ་ཡོངས་མེད་དེ། །འཕྲོག་བྱེད་ལག་ན་རྡོ་རྗེ་སོགས། །ཉིན་རེར་རྟག་ཏུ་སྲུང་བར་བྱེད། །རྣམ་པར་འདྲེན་པའི་བསྟན་བཅོས་ནི། །ཕྱོགས་དེ་དག་ཏུ་རྣམ་པར་རྒྱས། །
ཤེས་རབ་ཕ་རོལ་ཕྱིན་མདོ་དང་། །མདོ་སྡེ་ལང་ཀའི་གྲོང་དུ་འཇུག །དགོངས་པ་ངེས་པར་སྟོན་པ་དང་། །འདུས་པ་ཆེན་པོའི་ཚོགས་ཀྱིས་ཏེ། སྒྲིབ་པ་རྣམ་པར་སེལ་བ་ཡིས། །མངོན་དུ་བྱས་པའི་དཀོན་མཆོག་སྤྲིན། །བདེན་པའི་ལེའུ་མཆོག་གི་རྒྱུད། །དྲག་ཤུལ་སྟོབས་དང་

ལྡན་པ་ནི། །སོར་མོའི་ཕྲེང་བའི་ཆེད་གསུངས་དང་། །སྡོང་པོས་བརྒྱན་པ་ལ་སོགས་པ། །ཐམས་ཅད་ཡུལ་དེ་ལས་རབ་འབྱུང་། །འོད་དཔག་མེད་པའི་འཇིག་རྟེན་དང་། །མངོན་དགའི་བཀོད་པ་གསལ་བ་དང་། །རྣམ་སྣང་མཛད་པའི་ཞིང་ཁམས་ནི། །
རྒྱན་གྱི་བཀོད་པར་བཅས་པ་དང་། །སྟུག་པོ་བཀོད་པའི་མདོ་སྡེ་དང་། །དབང་ཕྱུག་ཆེན་པོས་བཤད་པ་ནི། །གནས་གཙང་ཆེན་པོ་ལ་སོགས་པར། །རྡོ་རྗེ་སྙིང་པོས་བཤད་དེ་བཞིན། །ཕལ་པོ་ཆེ་ཡི་མདོ་སྡེ་རྣམས། །ཐམས་ཅད་དེ་ན་རྣམ་པར་སྤྱོད། །གང་ལ་དཔེ་ནི་
འབུམ་ཕྲག་གིས། །གསལ་བར་བྱས་པ་ཕྱི་མའི་རྒྱུད། །དེ་བཞིན་གཤེགས་རྣམས་སྙིང་པོའི་དོན། །ཕྱིར་མི་ལྡོག་པའི་གཏམ་ཡང་ཡིན། །ཕ་རོལ་ཕྱིན་པ་དྲུག་གི་མདོ། །སྟོང་ཕྲག་ལྔ་བཅུར་ལྡན་པ་ཡོད། །རིག་པ་འཛིན་པའི་སྡེ་སྣོད་ནི། །འབུམ་ཕྲག་ཉི་ཤུ་དེར་སྤྱོད་དེ། །དེ་
དག་རྗེས་སུ་འཇུག་པ་ཡི། །ངེས་པར་བསྟན་པ་འབུམ་ཕྲག་བརྒྱ། །མཁའ་དང་མཉམ་པ་རྒྱུད་ཀྱི་རྒྱལ། །དངོས་གྲུབ་ངེས་པར་བསྟན་པ་ཡི། །དགེས་པའི་རྡོ་རྗེ་ཆེན་པོ་དང་། །རྗེས་སུ་རིག་པ་རྣལ་འབྱོར་རྒྱུད། །བདེ་གཤེགས་ཀུན་གྱི་འདུས་པ་ནི། །སྟོང་ཕྲག་ཉི་ཤུ་རྩ་ལྔ་པ། །དམ་
པ་དང་པོའི་སངས་རྒྱས་རྒྱུད། །སྒྱུ་འཕྲུལ་དྲ་བ་གཉིས་གཉིས་པ། །རྒྱལ་བ་རྒྱ་མཚོ་རྣམ་དབྱེ་བ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཀྱིས། །རྣམ་པར་ཕྱེ་བ་བརྒྱད་པོ་རྣམས། །ཁྲི་ཕྲག་གཉིས་དང་སྟོང་ཕྲག་ནི། །གཅིག་སྟེ་དྲུག་བརྒྱས་ལྷག་པའི་ལོ། །ལྷག་པའི་བརྒྱ་ཕྲག་
མང་པོར་ནི། །ཕྱོགས་དེར་མངོན་སུམ་སྤྱོད་པའོ། །ཕྱག་ན་རིན་ཆེན་བློ་ཡི་བདག །སྤོས་ཀྱི་གླང་པོ་མ་ཕམ་པ། །བདེ་ལྡན་དབང་ཕྱུག་ནམ་མཁའ་མཛོད། །རྡོ་རྗེ་གཟི་བརྗིད་རྡོ་རྗེ་སྙིང་། །གནོད་སྦྱིན་གཙོ་བོ་ལ་སོགས་པས། །དེ་རྣམས་རྗེས་སུ་འཇུག་པ་ཡིས། །ཚིག་
རྣམས་དུ་མ་རྣམ་པར་ཕྱེ། །ནན་ཏན་ཆེན་པོར་གཏད་པས་ན། །མ་ལོག་དོན་ཆེན་འཚོལ་བ་རྣམས། །གངས་རིའི་དབང་པོ་དེར་སོང་ནས། །མི་དག་གྲུབ་པ་རྣམས་ལ་དྲིས། །གདོན་མི་ཟ་བར་དོན་གྲུབ་ཉིད། །དེ་ནས་འཕགས་མ་རྡོ་རྗེ་སྲིན་མོ་རལ་པ་གཅིག་མས་ཞུས་

པ། ཀྱཻ་རྒྱལ་བའི་སྲས་པོ་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ། དེ་བཞིན་གཤེགས་པའི་རྗེས་སུ་འཇུག་པར་འདོད་པ་རྣམས་ཀྱང་། མུ་སྟེགས་ཅན་གྱི་གསང་ཚིག་འཚོལ་བ་ལ། །མངོན་པར་མོས་པས་མཆོག་ཏུ་གསུངས་པའི་དོན་ལས། ཕྱིར་ཕྱོགས་པ་དེ་དག་
ཡང་དག་པའི་ལམ་ལ་གཟུད་པ་དང་། མཆོག་གི་སྐལ་བ་ཅན་གང་དག་རང་དང་གཞན་ལ་ཕན་པའི་དངོས་གྲུབ་ཀྱི་རྒྱུར་གྲོང་ཁྱེར་ཀ་ལཱ་པར་བགྲོད་པའི་ཐབས་དེ་ཡང་དག་པར་བསྟན་དུ་གསོལ། དགེ་བསྙེན་རྣམ་པར་མི་རྟོག་པ་ཅེས་བྱ་བ་དང་། བཟང་པོ་སྦས་པ་ཞེས་
བྱ་བ་ལ་སོགས་པ་ལྔ་བརྒྱ་པོ་འདི་རྣམས་ཀྱིས་དངོས་གྲུབ་མཆོག་གི་དོན་དང་། ཕྱི་མའི་དུས་ཀྱི་རིག་པ་འཛིན་པའི་སྡེ་སྣོད་ལ་ཞུགས་པ་མང་པོ་དག་གི་བདེ་བར་འགྱུར་བ་དང་། ཕན་པར་འགྱུར་བ་དང་། གྲུབ་པ་མཆོག་ཏུ་གྲུབ་པ་བླ་ན་མ་མཆིས་པའི་སླད་དུ་བཤད་པར་
གསོལ། རབ་ཏུ་བཤད་པར་གསོལ། ལེགས་པར་བཤད་དུ་གསོལ། དོན་ཡོད་ལྕགས་ཀྱུས་གསུངས་པ། སྔགས་རིགས་རྣམས་ལ་ཕན་པའི་ཕྱིར། །ཁྱེད་རྣམས་ལེགས་པར་མཉན་པ་དང་། །ལྔ་བརྒྱའི་ཚོགས་རྣམས་ང་ལ་ཉོན། །ཕྱི་དུས་དོན་ཆེན་འདིར་
འབྱུང་ངོ་། །འདིར་སྒྲུབ་པ་པོ་གང་ཞིག་ལེགས་པའི་ལམ་ལ་གནས་པ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དཀྱིལ་འཁོར་དུ་དབང་བསྐུར་བ། རིག་པའི་ཆོ་ག་ཤེས་ཤིང་དམ་ཚིག་ལ་ཡང་དག་པར་གནས་པ། དེ་བཞིན་གཤེགས་པས་བསྟན་པའི་རྒྱུད་ལ་
མངོན་དུ་ཕྱོགས་པ། གསལ་བ། ཡིད་གཞུངས་པ། ཤེས་པ་དང་ལྡན་པ་དེས། དང་པོར་འདོད་པའི་ལྷ་མཉེས་པར་བྱའོ། །དེའི་འོག་ཏུ་མངོན་དུ་གྱུར་པའམ། རྨི་ལམ་དུ་མཐོང་བ་ཡིན་ཡང་རུང་སྟེ། འདོད་པའི་ལྷ་ལན་ན་ཏན་དུ་གནང་བ་ཐོབ་པར་གྱུར་ན། ཀཻ་ལ་
ཤར་འཇུག་པའི་ཐབས་ལ་བརྩོན་པར་བྱའི། །གཞན་དུ་ན་ཀུན་ནས་ཉོན་མོངས་པར་འགྱུར་རོ། །རབ་ཏུ་མི་གསལ་བསམ་གཏན་དང་། །བཟླས་བརྗོད་སྟོབས་ཀྱིས་དམན་པ་དང་། །མཚན་མའི་དགེ་བས་བོར་བ་གང་། །འདོད་པའི་གོ་འཕང་གྲུབ་པ་མེད། །ངན་པའི་ལམ་གྱིས་

ཁེངས་པ་དག། །ཆོ་ག་ཙམ་གྱིས་གྲུབ་པར་ལྟ། །བྱིས་རྨོངས་འཇིམ་པའི་གོང་བུ་ལ། །འཛེགས་ནས་ཟླ་བ་འཛིན་པར་འདོད། །ཅི་སྟེ་གནང་བར་གྱུར་ན་འཕགས་པ་འཇམ་དཔལ་གྱི་སྙིང་པོ། །འབུམ་ཕྲག་བརྒྱད་བཟླས་ཤིང་། །ཨུ་དུམ་ཝཱ་
རའི་སྦྱིན་སྲེག་ཀྱང་ཁྲི་ཕྲག་བརྒྱད་བྱའོ། །བགེགས་རྣམས་འཇོམས་པའི་དོན་དུ། བདུད་རྩི་འཁྱིལ་པའི་རིག་པ་འབུམ་ཕྲག་བཟླས་ཤིང་། སྦྱིན་སྲེག་ཀྱང་ཁྲི་ཕྲག་གཅིག་གོ། །སྡང་པ་ཐམས་ཅད་རབ་ཏུ་འཇིག་པའི་དོན་དུ། ཁྲོ་བོ་ཆེན་པོ་རབ་ཏུ་མི་བཟང་པ་
གཤིན་རྗེ་མཐར་བྱེད་ཀྱི་རིག་པ་འབུམ་དུ་བཟླས་ཤིང་། དེ་ནས་ཐོག་མ་ཉིད་དུ་ཀེང་ཤུ་ཀའི་སྦྱིན་སྲེག་སྟོང་ཕྲག་གཅིག་འབུལ་ལོ། །དེའི་འོག་ཏུ་བཱ་ཌའི་ཤིང་གིས་སྟོང་ཕྲག་བཅུའོ། །དེའི་འོག་ཏུ་ནི་ཙནྡན་དམར་པོ་དང་། ཨ་བྷཱི་རའི་ཁུ་བ་ལ་སོགས་པ་རྨད་དུ་བྱུང་བའི་གཏོར་
མ་དང་སྦྱིན་སྲེག་སྟོང་ཕྲག་བཅུས་མཉེས་པར་བྱས་ཏེ། དེ་ཐམས་ཅད་དུ་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །སྒྲུབ་པ་པོ་གང་ཞིག་ཆོ་ག་དེ་རྣམས་བརྩམས་ཤིང་། རང་ཉིད་དངོས་གྲུབ་མཆོག་གི་དོན་དང་། ལྷོ་ཕྱོགས་ཀྱི་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར།
གྲོང་ཁྱེར་ཀ་ལཱ་པར་འཇུག་པར་འདོད་པ། སྡིག་པ་མེད་ཅིང་གཡོ་སྒྱུ་མེད་པ། དེ་དག་ནི་འཆད་པར་འགྱུར་བའི་རིམ་པ་འདིས་ངེས་པར་དེར་ཕྱིན་པར་འགྱུར་གྱི། བར་མ་དོར་ཉམས་ཉེས་པར་མི་འགྱུར་ཏེ། གལ་ཏེ་བདག་གི་ཚིག་འདི་བརྫུན་པར་གྱུར་ན། བདག་གིས་མཚམས་
མེད་པ་ལྔ་བྱས་པར་འགྱུར་རོ། །ཅི་སྟེ་ཆོ་ག་འཁྲུལ་པའམ། སྡིག་པའི་སེམས་དང་ལྡན་པ་དག་ཅིག་ཡིན་ན་ནི། ཀླུ་ཕྲན་ནམ་ལྟོ་འཕྱེའམ། གནོད་སྦྱིན་ནམ། འབྱུང་པོའམ། ལྷ་གང་དག་གཏུམ་པོ་རྣམས་ཀྱིས་ཆད་པ་ཐོབ་པར་འགྱུར་གྱི་གྲུབ་པ་ནི་ནམ་ཡང་མ་ཡིན་ནོ། །གྲུབ་པ་
རྣམས་ལ་དཀའ་བ་མིན། །འབྱོར་པའི་ཁྱད་པར་གཞན་དང་གཞན། །སྔགས་དང་རླུང་གི་ལས་རྣམས་ཏེ། །རྒྱུད་ཀྱི་བགྲོད་པ་གཞན་ཡིན་ནོ། །ཤིན་ཏུ་ཉམ་ཆུང་འདི་མི་འགྲུབ། །སྒྲུབ་པོ་ནུས་ལྡན་གྲུབ་འདོད་པས། །མ་གྲུབ་དེ་དག་ལེགས་ཐོབ་འགྱུར། །རག་པའི་ཆོ་ག་འདི་

ཡིས་སོ། །དེ་ནས་སྒྲུབ་པོ་དེས། གང་དུ་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཤིང་ཨ་ཤྭདྠལ་མཆོད་པ་སྟོང་གིས་ཡང་དག་པར་མཆོད་ནས། ལམ་དུ་འཇུག་པར་བྱ་སྟེ། གླིང་འདིའི་ནུབ་ཕྱོགས་ཀྱི་རྒྱ་མཚོ་རཏྣ་སཱ་ག་ར་ཞེས་བྱ་བ་ལ། དེད་དཔོན་
མཆོག་དང་ལྷན་ཅིག་གྲུ་ལ་ཞོན་པས་བྱང་ཕྱོགས་སུ་བགྲོད་དེ། གླིང་སི་ཀོ་དྷ་ར་ཞེས་བྱ་བ་དང་། ནོར་གྱི་མཛོད་ཅེས་བྱ་བའི་གླིང་དུ་བགྲོད་པར་བྱའོ། །གླིང་དེའི་ནུབ་ཕྱོགས་ན་ཀླ་ཀློའི་གྲོང་ཡོད་དེ། སྒྲུབ་པ་པོ་དེར་འགྲོ་བར་མི་བྱ་ཞིང་། ཤར་གྱི་ཕྱོགས་ལ་ཉེ་བར་བརྟེན་པའི་གྲོང་ཁྱེར་
དུ་ཟླ་བ་དྲུག་སྡོད་པར་བྱའོ། །དེ་ན་བདེ་བར་གཤེགས་པ་གསེར་ཐུབ་ཀྱི་མཆོད་རྟེན་ཡོད་དོ། །དེ་ལ་བསྐོར་བ་སྟོང་ཕྲག་ལྔ་བྱས་ཏེ་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་གདོན་པར་བྱའོ། །དེ་ནི་འདི་ཡིན་ཏེ། ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ། ཏ་ཐཱ་ག་ཏ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ། བཱཔྟི་
དྷརྨྨ་ཏཱ་བ་ལི་ནཱི། ཨོཾ་ཨ་ས་མ་ས་མནྟ་ཏོ་ཉ། ཨ་ནནྟ་བཱ་པྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། བི་ག་ཏ་རཱ་བ། །བུདྡྷ་དྷརྨ་ཏེ་ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན། མ་ཧཱ་ཝར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སྭ་ག་རེ་སྭཱ་ཧཱ། དད་པ་སྟོབས་ཞན་དེ་དང་དེས། །ནམ་
ཡང་གྲུབ་པར་ཡོད་མ་ཡིན། །ཆོ་ག་མི་སྨོད་སྔགས་ལ་མིན། །ལྷ་དང་ཆོས་ལ་འཕྱས་མི་གདགས། །ངེས་པར་འགྲུབ་སྙམ་ཡིད་བརྟན་དང་། །ཤིན་ཏུ་དང་བའི་ཤུགས་སྟོབས་ཀྱིས། །འབྱོར་པ་དང་ནི་གྲོལ་བ་སྟེ། །དགེ་ཆོས་འཇོམས་ལ་ནམ་ཡང་མིན། །དེ་ནས་སྒྲུབ་པ་
པོ་དེ་གྲུར་བགྲོད་པས་བྷ་ར་ཏའི་དུམ་བུ་འདི་ཉིད་དུ་འོང་བར་བྱ་སྟེ། གཞན་དུ་ན་ནོར་གྱི་མཛོད་ཅེས་བྱ་བའི་གླིང་དེ་ཉིད་ལས་བྱང་གི་ཕྱོགས་ལ་ཉེ་བར་བརྟེན་པའི་གླིང་གཞན་དང་ཡུལ་མཐའ་གཞན་མང་པོ་དག་ནི་ལེགས་པར་སྤྱོད་པ་མ་ཡིན་པའི་ཕྱིར། སྒྲུབ་པ་པོ་ཀུན་ཏུ་འཁྱམས་པར་
འགྱུར་རོ། དེ་ལ་གླིང་འདི་ནི་ཆུ་ཀླུང་སྔོན་པོ་ཞེས་བྱ་བའི་མཚོ་དང་འབབ་ཆུ་དག་དང་ཤར་ནུབ་ཏུ་ཐད་མཉམ་པ་ཡིན་ཏེ། དེའི་ཕྱིར་དབང་པོའི་ཕྱོགས་བོར་ནས། སྒྲུབ་པ་པོ་དབང་ལྡན་གྱི་ཕྱོགས་སུ་འགྲོའོ། །གྲོང་ཁྱེར་རུག་མ་དང་། རཱ་ས་རི་དང་། ཀ་ཊ་ཏཱི་ལ་དང་། མ་དྷུ་ཝཱན་དྷ་ལ་

སོགས་པ། བྱང་ཕྱོགས་ནས་བྱང་ཕྱོགས་སུ་ཟླ་བ་དྲུག་ཏུ་བགྲོད་པར་བྱ་སྟེ། དེ་དག་གི་ཕ་རོལ་ན་ཆུ་བོ་ཆེན་པོ་ས་ཏྲུ་ཞེས་བྱ་བ་དང་། ཀ་ཀཱ་རི་ཞེས་བྱ་བ་གངས་ཀྱི་རི་ཡོད་དེ་དེ་དག་ལས་ཀྱང་བརྒལ་བར་བྱའོ། །ཡུལ་འཁོར་དེ་རྣམས་ན་གནས་པའི་མི་
རྣམས་ནི། དྲང་པོའི་རང་བཞིན་ཅན་གྱི་ཕྱིར། བགྲོད་པར་དཀའ་བ་མ་ཡིན་ཞིང་འཇིགས་པ་ཡང་མེད་དོ། །རི་དེ་ལས་ཏུ་ཛ་ན་ཡ་ཞེས་བྱ་བའི་སྨན་རོ་མཆོག་ཏུ་མངར་བ་དང་། ཏཱི་ལ་ཀ་ཞེས་བྱ་བ་ཤིན་ཏུ་ཁ་བ་སྟེ་དེ་དག་ཀྱང་འོ་མ་ལྟར་འཛག་པ་དག་ཡོད་དོ། །གང་གི་མེ་ཏོག་
ཉི་མ་འཆར་ཀའི་མདངས་ལྟར་རབ་ཏུ་དམར་བ་དེའི་འདབ་མ་ཡང་དགྲ་སྟའི་སོ་ལྟ་བུ། ཚེར་མ་རྣོན་པོ་ཅན། ལྷོ་ངོས་སུ་མངོན་དུ་ཕྱོགས་པའི་བྲག་ལས་བྱུང་བ་དེ་ནི་ཏུ་ཛ་ན་ཡང་ཡིན་ནོ། །ངམ་གྲོག་དག་གི་ངོས་ལ་འཕྱང་ཞིང་འཕྱང་བ་མ་ཧེ་མོའི་ནུ་མ་ལྟ་བུའི་མེ་ཏོག་དཀར་པོ་དང་
ལྡན་པ་ནི་ཏཱི་ལ་ཀའོ། །དེ་དག་གི་ཕྱོགས་བཞིར་རྡོ་རྗེ་སྲིན་པོ་སྟོབས་པོ་ཆེའི་རིག་སྔགས་ལན་བདུན་བཟླས་བཞིན་དུ། ཤིང་བ་ཏ་ལའི་ཕུར་བུས་བཏབ་ནས་དེ་དག་གི་བ་ཐག་དབྱུང་བར་བྱའོ། །ཞག་བདུན་དུ་དེ་དག་ཡོངས་སུ་བསྐམས་པར་བྱས་ནས། བྲག་གི་ཕུག་པར་བདུད་རྩི་
ཐབ་སྦྱོར་བཟླས་པས་བསྲུང་ཞིང་སྦ་བར་བྱའོ། །ཕྱོགས་དེ་ན་བཙག་ཁ་དོག་ལྔ་པོ་དག་ཡོད་དེ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་དང་ལྗང་ཁུ་དག་གོ། །དེ་དག་བླངས་ནས་གངས་ཀྱི་ཆུ་བོས་ཁྲུས་བྱས་ནས་རྡོ་ལེབ་དཀར་པོའི་གཞི་ལ་ལྷ་མོ་འོད་ཟེར་ཅན་
མའི་སྐུ་གཟུགས་བྲི་བར་བྱ་སྟེ། མདོག་གསེར་བཙོ་མ་ལྟ་བུ། ཀ་ར་བཱི་རའི་མེ་ཏོག་ལྟར་དམར་བའི་སྤྱན་གསུམ་པ། གཡས་ཀྱི་ཞལ་དམར་པོ་གཡོན་གྱི་ཞལ་ནི་ཕག་གི་གདོང་ནག་པོ་རབ་ཏུ་ཁྲོས་པ། དར་སྔོན་པོའི་ག་ཤ་འཕྱང་བ། ནམ་མཁའི་ཕྱག་རྒྱ་ཅུང་ཟད་གསལ་
བར་བྱེད་པས། ལྷ་དང་ལྷ་མ་ཡིན་དང་ཕྱུགས་རྣམས་དབང་དུ་བྱེད་པ། ཕྱག་དང་པོ་གཉིས་ཀྱིས་མེ་ཏོག་གིས་མང་དང་གཞུ་འགེངས་པ། བར་མ་གཉིས་ཀྱིས་ཁབ་དང་སྐུད་པ་དང་མྱ་ངན་མེད་པའི་ཤིང་བསྣམས་པ། ཐ་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་ལྟེ་བའི་

དཀྱིལ་འཁོར་གྱི་གཡས་གཡོན་དུ་འཛིན་པ། ཕག་གི་སྟེང་ན་སྡང་བ་དང་གདུག་པ་ཐམས་ཅད་ཡོངས་སུ་གནོན་པ། འདི་ལྟ་བུ་བྲིས་ནས་ཆོ་ག་ཇི་ལྟ་བས་མཆོད་པ་དང་བཟླས་པ་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་བཏཱ་ལ་བི་དཱ་ལི། བ་ར་ལི་བ་ར་ཧ་
མུ་ཁཱེ་སརྦ་དུ་ཥྚཱ་ན་པྲ་དུཥྚཱན། བྷནྡྷ་བྷནྡྷ་མུ་ཁཾ་སྭཱ་ཧཱ། ཞེས་པ་འདིས་ཨ་ཤྭོ་ཀའི་ཤིང་དང་། མེ་ཏོག་དམར་པོ་བརྒྱ་ཕྲག་ལྔས་སྦྱིན་སྲེག་བྱའོ། །སྙིང་པོའི་སྔགས་འདི་ཡང་ཁྲི་ཕྲག་བཟླས་པ་བྱ་སྟེ། ཨོཾ་བཛྲ་བེ་ཏ་ལཱི་ཧཱུཾ་ཕཊ། ཚངས་པར་སྤྱོད་ལ་ལེགས་གནས་པ། སྙིང་རྗེས་སྒྲུབ་པ་
ལེགས་པ་སྟེ། །གདུག་ལ་གདུག་པ་ངེས་སྦྱོར་བ། །རྟག་ཏུ་བྱམས་པའི་ཡིད་ཀྱིས་སོ། །གང་གང་འདུལ་ལ་དེ་དང་དེ། །སྔགས་པས་རབ་སྦྱོར་དེ་དེའོ། །ཉོན་མོངས་སྤྱོད་ལས་ནམ་ཡང་མིན། །ནང་གི་བདག་ཉིད་དུལ་བས་སོ། །དེའི་འོག་ཏུ་བདུད་རྩི་འཛག་པའི་སྨན་དེ་དག་བཏགས་
ཏེ། གངས་ཀྱི་བ་མེན་དག་གི་འོ་མ་ལྷུང་བ་ལ་ཡོངས་སུ་བསྐོལ་ནས། བཅོམ་ལྡན་འདས་མའི་སྤྱན་སྔར་གཞག་པར་བྱའོ། །སྙིང་པོའི་མཐར་བདུད་རྩི་ཐིགས་བསྒྲུབས་ཤིང་ཅེས་སྤེལ་བས། ལན་སྟོང་དུ་བཟླས་པར་བྱས་ནས། ལྷ་མོ་ལ་ཡང་དག་པར་མཆོད་དེ་དངོས་གྲུབ་བླངས་
ནས། སྨན་བཏུང་བར་བྱའོ། །ཕྱི་ནས་སྐུ་གཟུགས་དེ་ཡང་བྱང་ཕྱོགས་ལ་བལྟས་ཏེ་བཞག་ལ་མེ་ཏོག་དང་འབྲས་བུ་སྣ་ཚོགས་པས་སྤ་བར་བྱའོ། །དེས་ནི་བཀྲེས་པ་དང་། སྐོམ་པ་དང་། ངལ་བ་དང་། དུབ་པ་མེད་དེ། ལྷ་མོའི་མཐུ་ལས་བར་དུ་གཅོད་པ་ཐམས་ཅད་ཀྱང་
བདག་གི་དབང་དུ་བྱད་པར་འགྱུར་རོ། །དེ་ནས་བྱང་ཕྱོགས་སུ་བལྟས་ནས་ཉིན་ཞག་ཉི་ཤུ་རྩ་གཅིག་ཏུ་འགྲོ་བར་བྱ་སྟེ། ལམ་དེ་ལ་ནི་རྩྭ་ཡང་མེད། ཤིང་གེལ་པ་ཡང་མེད། ཆུ་ཡང་མེད་དོ། །དེའི་ཕ་རོལ་ན་ནགས་འཐུག་པོ་དག་ཡོད་དེ། སྦྲུལ་དང་སྟག་ལ་སོགས་པ་གནས་
པའི་འབྲོག་དགོན་པའི་ལམ་ལ་ཉི་མ་བཅུ་གཉིས་འགྲོ་བར་བྱའོ། །དེའི་ཕ་རོལ་ན་རིའི་རྒྱལ་པོ་གནྡྷ་ར་ཞེས་བྱ་བ་ཡོད་དེ། དཔངས་སུ་ནི་དཔག་ཚད་ཉི་ཤུའོ། །རི་དེ་ནི་སྨན་རྣམ་པ་སྣ་ཚོགས་ཀྱིས་གང་བ་ཡིན་ནོ། །དེ་ན་ནི་སེང་གེ་གཤོག་པ་ཅན་དག་གནས་ཏེ། ཉི་མ་རེ་རེ་ར་ཡང་སྲོག་ཆགས་

མང་པོ་དག་གསོད་པར་བྱེད་དོ། །དེར་རི་དགས་ཀྱི་ཁྱད་པར་ཞིག་ལུས་སྒྱུར་བ་ཞེས་བྱ་བ་ཡོད་དོ། །དེ་ལུས་ཀྱི་ཆ་བྱད་རྣམ་པ་སྣ་ཚོགས་པར་བསྒྱུར་བ་ཡིན་ཏེ། སེང་གེ་དེས་གསད་པའི་ཁྲག་ལས། རྡོ་ལེབ་ནག་པོ་ལ་སྲིན་མོ་མན་དེ་ཧ་ཞེས་བྱ་བ་རྣམ་པར་གཙིགས་ཤིང་
འཇིགས་སུ་རུང་བའི་ལུས་ཅན། ཁ་དོག་དམར་བ་མིའི་པགས་པས་སྨད་དཀྲིས་ཤིང་། ལག་པ་གཡོན་པ་ན་རལ་གྲི་འཛིན་པ། གཡས་པ་ན་ནི་བ་ལང་གི་པགས་པ་གསར་པའི་ནང་དུ་ཤ་ཁྲག་དང་སྙིང་གིས་གང་བ་འཛིན་ཅིང་ཟ་བ་བྲིས་ཏེ། སྣོད་དག་ཏུ་ཤ་དང་ཁྲག་གི་གཏོར་མ་
བཤམ་པར་བྱའོ། །བདག་ཉིད་གཤིན་རྗེ་མཐར་བྱེད་མི་བཟད་པ་དབྱུག་པ་དང་ཞགས་པ་ཐོགས་པ་མ་ཧེ་ལ་གནས་པར་བྱས་ནས། ཨོཾ་ཧྲཱིཿཀཱ་ལ་རཱུ་པ་ཧཱུཾ་ཁཾ་སྭཱ་ཧཱ། །ཀྲེཾ་ཀ་རེ་ཀྲེ་ཀ་རེ། མནྡྷཻ་ཧ་རཀྵ་སཱི། ཨཱ་གཙྪ་ཨཱ་གཙྪ་ཧྲཱིཿ། ཛཿཞེས་སྟོང་ཕྲག་བཅུར་བཟླས་པས་དེ་མངོན་སུམ་དུ་འོང་
བར་འགྱུར་ལ། ཁྲག་གི་མཆོད་ཡོན་དང་ཤའི་གཏོར་མ་དག་སྦྱིན་ནས་ཐོད་པའི་ཕྱག་རྒྱ་སྟོན་ཏེ། ཁྲོ་བོ་ཆེན་པོའི་སྟོབས་ཀྱིས་གཟིར་བར་བྱའོ། །དེས་ཀྱང་སྒྲུབ་པ་པོ་ཅི་འདོད་ཅིས་སྨྲ་བར་འགྱུར་རོ། །ཀྱེ་སྲིན་མོ་བདག་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་དང་བདེ་བར་འདོད་པས།
གྲོང་ཁྱེར་ཀ་ལཱ་པར་འགྲོའི། ཡུལ་སྟོངས་པ་འདི་རྣམས་སུ་ཁ་ཟས་འབྱོར་བར་གྱིས་ཤིག །དེས་ཀྱང་དེ་བཞིན་དུ་བྱའོ། །དེ་ནས་དེ་མི་སྣང་བར་འགྱུར་ཏེ། ཤིང་ཨརྫུ་ནའི་རྩ་བ་ན་རབ་ཏུ་ཆགས་པ། མེ་ཏོག་ཀུན་ད་ལྟར་ཁ་དོག་དཀར་བའི་བཅུད་རོ་སྦྲང་རྩི་འདྲ་བ་དག །ནུབ་མོ་དང་
ནུབ་མོ་གནས་པའི་ས་དག་དོག་ལ་སྟེར་བར་འགྱུར་རོ། །དེ་ནས་བྱང་ངོས་སུ་གངས་ཅན་ཆེན་པོ་ཞེས་བྱ་བའི་རི་ཡོད་དེ། དཔག་ཚད་བརྒྱ་ཕྲག་གསུམ་གྱི་ཁོར་ཡུག་ཅན། དེ་ནི་གནོད་སྦྱིན་རྣམས་དང་། དཀའ་ཐུབ་ཅན་རྣམས་དང་། གྲུབ་པ་རྣམས་དང་། མིའམ་ཅི་དག་གིས་ཡོངས་སུ་
གང་བ་ཡིན་ནོ། །ཅི་སྟེ་སྒྲུབ་པ་པོ་ཕ་རོལ་གནོན་པའི་འཕྲུལ་དང་ལྡན་པ་ཡིན་ན་ནི། དེར་སོང་ནས་དགའ་བར་བྱ། རྩེ་བར་བྱ། ལོངས་སྤྱོད་དག་ཀྱང་བྱ་སྟེ། དེ་ནས་མཐར་གྱིས་དེ་དག་གི་ཕྲག་པ་ལ་ཐོགས་ནས་གྲོང་ཁྱེར་ཀ་ལཱ་བར་ཡུད་ཀྱིས་ཕྱིན་པར་འགྱུར་རོ། །ཅི་སྟེ་ཕ་རོལ་གནོན་

པའི་སྟོབས་དེ་མེད་ན་ནི་དེར་འགྲོ་བར་མི་བྱ་སྟེ། རླུང་གི་ཕྱོགས་ཀྱི་ལམ་ཆེན་པོ་རབ་ཏུ་གསལ་བ་ལ་ཉེ་བར་བརྟེན་ཏེ་མྱུར་བར་འགྲོ་བར་བྱའོ། །སྲིད་གསུམ་གནས་ཀྱི་རྒྱུད་རྣམས་ནི། །བསོད་ནམས་ཆུང་ཡང་འགྲུབ་པར་བླ། །ཚངས་འཇོམས་དེ་ཡི་གྲོགས་ཀྱང་སྟེ། །ཆེ་བའི་ཆེ་བའང་
རྙེད་མ་ཡིན། །རྟག་ཏུ་དགེ་བའི་སྟོབས་དང་ལྡན། །བག་མེད་དོན་གྱི་དེ་ཉིད་རིག །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །མཆོག་གི་རིག་སྔགས་དེ་ཡིས་འགྲུབ། །གངས་རི་དེ་ལས་ཤར་དང་ནུབ་ཏུ་ཆུ་བོ་རབ་ཏུ་འབབ་པ། སའི་གཞི་ལ་ལུ་མ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་དང་ཡོངས་
སུ་འདྲེས་ཏེ། མཚོ་ལྟར་སྣང་ཞིང་རྒྱུ་བ་ཡང་མི་མངོན་པ། ཁ་དོག་དཀར་པོར་སྣང་བ་ཡོད་དེ། དེ་ལ་འདི་ནི་ཆུ་བོ་སཱི་ཏ་ཞེས་བྱའོ། །ཆུ་རླུང་འདི་ནི་དཀྱུས་སུ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་པ། ཤར་དང་ནུབ་ཏུ་རྒྱ་མཚོ་དུག་ཅན་པ་ལ་ཡོངས་སུ་འཇུག་པ། ཞེང་དུ་ནི་དཔག་
ཚད་ཙམ་མོ། །ཆུ་འདི་ནི་ཤིན་ཏུ་གྲང་བ་ཡིན་ཏེ། དམྱལ་བའི་འགྲོ་བ་མ་གཏོགས་པ། བྱ་དང་ཉ་དང་ཆུ་སྲིན་ལ་སོགས་པ་སྲོག་ཆགས་འགའ་ཡང་མེད་དོ། །ཆུ་བོ་དེའི་ཚུར་འགྲམ་ན་ཟངས་ཀྱི་མདོག་ཅེས་བྱ་བའི་རི་ཕུག་པ་སྟོང་དང་ལྡན་པ་དག་ཡོད་དེ། ཤིན་རི་ཥ་ཀ་དང་། ཀུ་
ལུམ་ཀ་དང་། ཏ་མ་རུ་དང་། དེ་བ་ད་ཏུ་དང་། ཤུག་པས་ཡོངས་སུ་གང་བ་ཡིན་ནོ། །རི་དེ་ལ་ནི་སྲིན་མོ་གློག་འགྱུ་མ་ཞེས་བྱ་བ་གནས་ཏེ། དེའི་ཆོ་ག་ཡང་སྔ་མ་དང་མཚུངས་པ་ལས། ལག་ན་ནི་གཏུན་ཤིང་འཛིན་པ། གླང་པོ་ཆེའི་ལུས་ལ་ཟ་བ། ཆར་སྤྲིན་གྱི་མདོག་ཅན་ཏེ།
གཉྩ་དང་། ཏ་རི་ན་དང་། ནགས་ཀྱི་བ་ལང་དང་། གླང་པོ་ཆེའི་ཁྲག་རྣམས་ཀྱིས་བྲི་བར་བྱ་ཞིང་། གཏོར་མ་ཡང་དེ་དག་རྣམས་ཉིད་དོ། །བདག་གི་རྣལ་འབྱོར་ནི་ཁྲོ་བོ་གཤིན་རྗེ་གཤེད་པོ་ཞལ་དྲུག་པ་དུས་མཐའི་སྤྲིན་དང་མཚུངས་པ། ཞབས་དྲུག་པ། ཕྱག་བཅུ་གཉིས་པ། རལ་
གྲི་དང་དགྲ་སྟ་དང་། གྲི་གུག་དང་། ག་ད་དང་། འཁོར་ལོ་དང་། ཏྲི་ཤཱུ་ལ་རྣམས་གཡས་ན་འཛིན་པའོ། །གཤིན་རྗེའི་དབྱུག་པ་དང་། དུས་ཀྱི་ཞགས་པ་དང་། ཁ་ཊྭཱཾ་ག་དང་། ལྕགས་ཀྱུ་དང་། ཐོད་པ་ཁྲག་གིས་གང་བ་དང་། སྡིགས་མཛུབ་རྣམས་ནི་གཡོན་པ་ནའོ། །རྣམ་

པ་འདི་ལྟ་བུ་ལས་སྔགས་ནི་འདི་ཡིན་ཏེ། ཨོཾ་སརྦ་དུཥྚུ་ན་སྟཾ་བྷ་ཡ་ཧཱུཾ། ན་དི་ཝ་རཱ་ཐཱ་ར་ཎི་ཀུ་མཱ་ད་ཀྲཱི་ཌ་ཏཱ་པི་ཎེ་བནྡྷ་བནྡྷ་ས་མ་ཡ་མ་ནུ་ས་མ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའོ། །པྻིུ་རུང་ཙ་ལ་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། པྻིུ་རུད་ཛི་ཧྭ། ས་ཧ་སྲ་མུ་ཁ་ས་ཧ་སྲ་བ་
ཧ་ཝེ། ར་ར་ར་ར་ར་ཀྵ་སི་བྷྱོཿབྷྱོཿཨཱ་ཀཱཪྵ་ཡ་ཇེཿ། ཞེས་པ་ནི་སྲིན་མོའི་སྔགས་སོ། །དེ་ལ་སྒྲུབ་པ་པོས་ལམ་སྟོན་ཅིག་ཅེས་བརྗོད་པར་བྱ་སྟེ། དེས་ཀྱང་ཆུ་བོ་སཱི་ཏ་ལ་ལམ་སྟོན་པར་འགྱུར་རོ། །ཆུ་ཀླུང་དེའི་རབ་ཏུ་གྲང་བས་ནི། སའི་སྟེང་གི་གངས་དང་རླུང་པོའི་རེག་པ་ཐམས་ཅད་
ཀྱང་ཟིལ་གྱིས་གནོན་པའི་ཕྱིར། དགུན་ཟླ་འབྲིང་པོ་ལ་ཡང་ཆབ་བྲོམ་ཆགས་པ་མེད་ན། སྲིན་མོ་འདིའི་རྫུ་འཕྲུལ་གྱིས། །དབྱར་ཟླ་བ་དང་པོ་ལ་ཡང་ཆབ་བྲོམ་ཤིན་ཏུ་བརྟན་པར་ཆགས་ནས། སྒྲུབ་པ་པོ་འཇིགས་པ་མེད་པ་ཉིད་ཀྱིས་ཆུ་བོའི་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། །
ཆུ་བོ་འདི་ནི་བྷ་ར་ཏའི་དུམ་བུ་ཞེས་བྱ་བ། གླིང་འདིའི་ཕྱེད་ཀྱི་དབུས་ལ་གྱུ་བ་ཡིན་ཏེ། ལྷོ་དང་བྱང་དུ་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་དང་། དགུ་བཅུ་རྩ་དྲུག་དག་གནས་པ་ཡིན་མོད་ཀྱི། འོན་ཀྱང་ཤར་ནུབ་ཏུ་ནི་བྱང་ཕྱོགས་ལྷག་པར་ཡངས་པ་ཡིན་ནོ། །ཆུ་བོ་དེའི་ཕ་རོལ་ན། ཤིང་ཀེ་ཏ་
ཀ་དང་། བེ་ལ་དང་། ཀ་བྷི་ཏ་དང་། བ་ཏུ་ཤ་དང་། བ་ད་ར་དང་། ཀ་པི་ཏ་དང་། ཨ་རྫུ་ན་དང་། ཏཱ་ལའི་ནགས་ཚལ་དག་ཡོད་དེ། དེར་ཟླ་བ་གཅིག་ཏུ་ངལ་གསོ་བར་བྱ། རྩ་བ་དང་འབྲས་བུ་དག་ཀྱང་བཟའ་བར་བྱ་སྟེ། གང་འདིའི་རྩ་བ་དང་འབྲས་བུ་དང་ལོ་མ་དང་མེ་ཏོག་དག་ནི་བཅུད་དང་
ལྡན་པ་དང་མཐུ་དང་ལྡན་པ་དག་ཡིན་ནོ། །དེར་ལྷ་མོ་སྐུལ་བྱེད་མའི་རིག་པ་སངས་རྒྱས་བྱེ་བ་ཕྲག་བདུན་གྱིས་བྱིན་གྱིས་བརླབས་པ། ཡི་གེ་དགུ་པའི་གཟུངས་སྔགས་སྟོང་ཕྲག་ལྔ་བཟླས་པས་སྒྲུབ་པ་པོ་རང་གི་ཡན་ལག་ལས། ཁྲག་ནག་པོ་ནག་པོར་སྣང་བ་དག་ཟག་པར་
འགྱུར་རོ། །ཅི་སྟེ་རྨི་ལམ་དུ་དེ་ལྟར་གྱུར་ན་ཡང་རུང་སྟེ། ལུས་ཡང་མེད་ཅིང་སྟོབས་དང་ལྡན་པ་དང་ཤིན་ཏུ་ཡང་བར་འགྱུར་རོ། །དམ་ཚིག་རྣམ་པར་སྤངས་དང་བླ་མ་སྨོད། །དུས་མིན་འཆི་དང་དམྱལ་བ་བརྒྱད་པར་འགྲོ། །དཀྱིལ་འཁོར་མ་མཐོང་དབང་བསྐུར་དམན་པ་ཡང་།

རིག་སྔགས་སྦྱོར་བ་ནམ་ཡང་གྲུབ་པ་མེད། །ཁེངས་ཞིང་ང་རྒྱལ་ཁྲོ་ལ་མི་བདེན་པ། །དངོས་གྲུབ་ཐོབ་ཅེས་རྒྱལ་བ་མི་གསུང་སྟེ། །མི་རྟག་སྡུག་བསྔལ་སྟོང་པའི་དོན་སེམས་པ། །མི་དེ་དག་ནི་མྱུར་འགྲུབ་འཕགས་རྣམས་གསུངས། །རིགས་དང་གཟུགས་དང་ནོར་དང་
དབང་ཕྱུག་དང་། ཆོས་དང་རིག་པ་སྔགས་ཀྱིས་མྱོས་པ་སྤང་། །རྨི་ལམ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་བཞིན། །བྱེད་པོ་བྱ་བ་དང་ནི་ལས་རྣམས་མཐོང་། །མ་ཆགས་དུལ་དང་ཡང་དག་མཉེན་པའི་སེམས། །མཆོད་དང་སྦྱིན་པ་བཟོད་དང་བརྩོན་འགྲུས་
བསྐྱེད། །བདག་དང་བདག་གིར་སྤོང་ལ་མངོན་དགའ་བ། །དེ་དག་དངོས་གྲུབ་མཆོག་ལ་རེག་པར་འགྱུར། །ཡང་དེ་ནས་ནགས་ཚལ་དེ་ལས་ཁ་ཊཱུ་ཛའི་འབྲས་བུ་གསེར་གྱི་མདོག་དང་མཉམ་པ་དག་བླངས་ཏེ། ལམ་རྒྱགས་སུ་འཁུར་བར་བྱའོ། །འདིར་
ནི་སྒྲུབ་པ་པོ་རང་ཉིད་ཀྱིས་ཇི་ཙམ་ལན་ནུས་པ་དེ་འཁུར་བར་བྱ་ཡི། །ནམ་ཡང་ལྕིད་ཀྱིས་ནོན་པར་མི་འགྱུར་བས། །མི་ཐེགས་པའི་དོགས་པ་མི་བྱའོ། །ནགས་དེ་ཉིད་དང་བར་མཚམས་མེད་པར་གངས་ཀྱི་རི་ཆུང་ངུ་ཆུང་ངུ་དག་གྲལ་དུ་བསྒྲིགས་པས་ཤར་
ནུབ་ཀྱི་རྒྱ་མཚོའི་བར་ཁྱབ་པ་ཡིན་ནོ། །དེ་དག་ལས་ཆུ་འབབ་པ་ཐམས་ཅད་ཀྱང་ལྷོ་ཕྱོགས་ཀྱི་ངོས་སུ་འབབ་པ་ཡིན་པས། དེ་དག་ཏུ་ཆུ་མང་པོ་ཅན་ནོ། །རི་དེ་དག་ལས་བརྒལ་ནས་བྱང་ཕྱོགས་སུ་དཔག་ཚད་ལྔ་བཅུ་ཚུན་ཆད་ན་ནི་འཐུང་ངུ་རུང་བའི་ཆུ་མེད་པ་
ཡིན་ནོ། །འོན་ཀྱང་སྒྲུབ་པ་པོ་དེ་ལུས་སྟོབས་དང་ལྡན་པ་དང་ཡང་བའི་ཕྱིར། ཞག་བདུན་དུ་ཐང་ཆེན་པོ་དེའི་ཕ་རོལ་ཏུ་ཕྱིན་པར་འགྱུར་ལ། ཁ་ཊཱུ་ཛའི་འབྲས་བུ་དེ་ཟོས་པས། བཀྲེས་པ་ཡང་མེད་སྐོམ་པ་ཡང་མེད་དོ། །ཐང་དེ་འདས་པ་ན། སྔོན་
མང་དུ་ཁྱེར་དུ་ཟིན་ཡང་རུང་སྟེ། འབྲས་བུ་དེ་ཡང་ཟད་པར་འགྱུར་རོ། །དེའི་ནུབ་ཀྱི་མཚམས་ན། རི་བོ་ཤིན་ཏུ་དཀར་བ་ནགས་ཚལ་ཡིད་དུ་འོང་བ་དུ་མས་མཛེས་པ་ཞིག་རྒྱང་རིང་མོ་ནས་མཐོང་བར་འགྱུར་མོད་ཀྱི། སྒྲུབ་པ་པོ་དེར་འགྲོ་བར་མི་བྱའོ། །

དེ་ཅིའི་ཕྱིར་ཞེ་ན་ནི། སྲིན་མོ་ཟངས་ཀྱི་མཆུ་ཅན་ལྔ་བརྒྱ་དག་གནས་ཏེ། ལྷ་མ་ཡིན་གྱི་ཕོ་ཉ་མོ་དེ་དག་གིས་སྒྲུབ་པ་པོ་ལ་འཚེ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་བས་ན་བྱང་ཕྱོགས་སུ་དང་པོའི་ལམ་པོ་ཆེ་བཟུང་ནས་འགྲོ་བར་བྱའོ། །ཉི་མ་གཅིག་
གིས་རི་བོ་ཀེ་ཏ་ར་ཞེས་བྱ་བར་ཕྱིན་པར་འགྱུར་རོ། །དེ་ཡང་ཁ་དོག་ནག་ཅིང་ངན་པ། འཇིགས་པ་བསྐྱེད་པར་བྱེད་པ། ཀ་བ་བཙུགས་པ་ལྟ་བུ། དཔག་ཚད་བཅུའི་དཔངས་དང་ལྡན་པ་ཡོད་དོ། །རི་དེའི་ནང་ནི་གསེར་དངུལ་འབའ་ཞིག་གིས་གང་བ་ཡིན་ཏེ།
དེའི་ཕྱོགས་བཞིན་ནི་པདྨ་དང་། ཨུ་ཏཱ་གའི་མཚོ། ངང་པ་དང་། ཙ་ཀྲ་བ་ཀ་དང་། ཀ་ར་ཎྜ་ལ་སོགས་པ་ཆུ་ལ་རྒྱུ་བའི་འདབ་ཆགས་གཟུགས་དང་ཁ་དོག་མཛེས་པ་སྐད་སྙན་པས་གང་བདག་ཡོད་དོ། །རི་དེ་ལ་འཇིག་རྟེན་སྐྱོང་བ་འཕགས་སྐྱེས་པོ། །དུས་དུས་སུ་
དགའ་ཞིང་རྩེ་བར་བྱེད་པ་ཡིན་ཏེ། ལྷ་མིན་གྱི་ལང་ཚོ་མ་དག་དང་། གདུག་ཅིང་གཏུམ་པའི་ཀླུ་རྣམས་ཀྱི་བུ་མོ་སྡུག་གུ་མ་སྟོང་སྙེད་ཀྱིས་མཆོད་པར་བྱེད་དོ། །དེའི་འཁོར་དུ་རྟོགས་པའི་ཡི་དགས་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་མང་པོ་དག་ཀྱང་ཡོད་དེ། དེར་སྒྲུབ་པ་པོ་དེ་ཅི་སྟེ་
འབྱོར་བར་གྱུར་ན་ནི། རྩ་བ་དང་འབྲས་བུ་རྣམས་དང་ན་རི་ཀ་ལའི་འབྲས་བུ་དང་། ཤ་དང་ཉ་ཤ་དག་གིས་གཏོར་མ་རྣམ་པ་སྣ་ཚོགས་པ་དག་བྱའོ། །ཅི་སྟེ་འབྱོར་པར་མ་གྱུར་ན་ཐམས་ཅད་ཡིད་ཀྱིས་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བི་བི་བི་བི་བ་རུ་དྷཱ་ཀ་ཤ་ས་པ་རི་ཝཱ་
རེ་བྷྱཿ། ཁུ་ནི་ཁུ་ནི་པྲེ་ཏོ་ཏ་ཀྵིས་ཏ། ཨི་མཾ་བ་ལིང་གྲྀཧྞ་གྲྀཧྞ་ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་སྦོས་དཀར་དང་། ཐང་ཆུ་དང་ཤའི་བདུག་སྤོས་དག་ཀྱང་སྦྱིན་པར་བྱའོ། །དེ་ནས་ནི་དེས་སྲུང་བ་བྱེད་དེ་མི་འམ་ཅི་དང་། ལྷ་མིན་དང་། སྲིན་པོ་དང་། ཡི་དགས་
དང་། ཤ་ཟ་དང་། མཁའ་འགྲོ་མ་རྣམས་ཀྱི་གནོད་པས་མི་ཚུགས་པར་འགྱུར་རོ། །འགའ་ཞིག་རྣམ་ཐར་གསུམ་གནས་གཞན་ནི་རྩེ་བའི་བདག་ཉིད་དཔའ་བོ་དང་། །བྱིན་རླབས་རིམ་པ་ཕན་ཚུན་རྒྱུ་དང་འབྲས་བུར་མཁས་པས་རིག་པར་བྱ། །འདོད་པའི་དཔུང་འཇོམས་དེ་ལས་

དག་པའི་ལམ་སྟེ་གྲུབ་པ་རྗེས་སུ་འཇུག །མུན་པ་ཉམས་དང་དགའ་བའི་རྒྱུ་ལས་རབ་བདེ་ཅི་ཕྱིར་ཐོབ་མ་ཡིན། དེ་ནས་སྒྲུབ་པ་པོ་བྱང་ཕྱོགས་སུ་སོང་ན་མི་རིང་བ་ན་མེ་ན་ཀོ་ཞེས་པའི་རི་ཆེན་པོ་ཡོད་དེ། དེ་ནི་ཙམ་པ་ཀ་དང་། ཀརྐོ་ལ་དང་། མ་ར་ཀ་དང་། ཀེ་ཏུ་ཀ་དང་། ཀིམྤ་ཀ་
དང་། ནཱ་ག་པུཥྤ་དང་། ཙན་དན་ས་མཆོག་རྣམས་ཀྱི་ནགས་ཀྱིས་བསྐོར་བ། རི་དེའི་ཁྲོད་ན་སྲིན་པོའི་བུ་མོ་རྟའི་གདོང་པ་ཅན་དང་། ལྷ་མིན་མོ་དག་དང་། ཀླུ་ཕྲན་གྱི་བུ་མོ་དག་གར་དང་དབྱངས་དང་རོལ་མོ་སྣ་ཚོགས་པས་རྟག་ཏུ་རྩེ་བར་བྱེད་པ་དག་ཡིན་ཏེ། དེར་སྒྲུབ་པ་
པོ་བུད་མེད་དེ་དག་ལ་ཆགས་པར་ཡང་མི་བྱ། གླུ་དང་རོལ་མོ་དེ་དག་ལ་དགའ་བར་ཡང་མི་བྱ་སྟེ། གཞན་དུ་ན་བསོད་སྙོམས་དག་བླངས་ཏེ་འགྲོ་བར་བྱའོ། །དེའི་ཕ་རོལ་ན་ཆུ་བོ་ཆེན་པོ་ཤར་ནས་ནུབ་ཏུ་འབབ་ཅིང་། རྦ་ཀློང་འཁྲུགས་པ་ཤིན་ཏུ་བགྲོད་པར་དཀའ་བ་ཡོང་དེ།
ཆུ་ཀླུང་དེའི་མིང་ནི་སི་ཏཱ་ལོ་ཏ་ན་ཞེས་བྱའོ། །དེ་ལ་ནི་ཉ་རྣམས་ཁ་དོག་སྣ་ཚོགས་པ་དང་། གདོང་རྣམ་པ་སྣ་ཚོགས་པ་དག་ཡོད་དེ། སྟག་དང་། སེང་གེ་དང་། གུང་དང་། བ་ལང་དང་། སྦྲེའུ་དང་། ནེ་ཙོ་དང་། ཁྲ་དང་། མིའི་གདོང་ལ་སོགས་པའོ། །
ཆུ་ཀླུང་དེའི་སྐབས་འགའ་ན་ནི། རྡོ་ལས་སྐྱེས་པའི་ནྱ་གྲོ་དྷའི་སྡོང་པོ་ཡལ་གས་ཕན་ཚུན་གྱི་འགྲམ་དུ་ཁྱབ་པ་དག་ཡོད་དེ། ཤིང་དེ་ལ་བརྟེན་ནས་སྒྲུབ་པ་པོ་འགྲོ་བར་བྱའོ། །ཡང་ན་ནི་ཉའི་སྟོབས་ཀྱིས་འགྲོ་བར་བྱ་སྟེ། ཕྱོགས་དེ་དང་ཉེ་བ་ན། ལོ་ཧི་ཏ་ཞེས་བྱ་བའི་
རི་དམར་པོ་ཆུང་ངུ་མང་པོ་དག་ཡོད་དེ། དེ་དག་ལ་ནི་སཱ་ལུ་དམར་པོ་དང་། མུད་ག་དང་། མན་ཌུ་པ་དག་མ་རྨོས་པར་སྐྱེ་བ་ཡིན་ཏེ། དེ་ལས་བླངས་ནས་ཟན་དུ་བཅོས་ཏེ། ཕྱོགས་ཕྱོགས་སུ་ཤིང་ལས་སྦྲང་རྩི་མང་པོ་ལྷུང་བ་དག་ཀྱང་བླངས་ཤིང་། དེ་དག་བསྲེས་
ཏེ་ནམ་མཁའི་མཛོད་ཅེས་བྱ་བ་འཕགས་པའི་སྔགས་ཀྱིས་ཡང་དག་པར་སྤེལ་ཞིང་སྦྱངས་ལ། སྔགས་འདིས་ཉའི་ཚོགས་རྣམས་ལ་གཏོར་མར་སྦྱིན་ནོ། །ཨོཾ་མཾ་མཾ་མཾ་མཾ་མཾ་མ་ཏ་སྱ་རཱ་ཛ། མ་ར་སྱ་ག་ཎ་ས་ཧི་ཏ་བྷུ་ཉྫ་ཧོ་བྷ་ཀྵ་ཧོ། །སརྦ་མ་ཏ་སྱ་དེ་ཝ་ཏཱ་ཨི་མཾ་བ་ལིཾ་

གྷྲྀ་ཧྞ་གྷྲྀ་ཧྞ་ཀ་ར་ཀ་ར་ཀི་རི་ཀི་རི་ཀུ་རུ་ཀུ་རུ་མ་ར་མ་ར་མི་རི་མི་རི་མུ་རུ་མུ་རུ། མ་མ་ཀཱ་ཏྱཾ་སྱ་དྷ་ཡ། སརྦ་བུདྡྷ་ཨཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ལྟར་ལན་ལྔ་བརྒྱར་གཏོར་མ་སྦྱིན་ཅིང་། འདོད་པའི་ལྷ་ལ་གསོལ་བ་གདབ་པར་བྱའོ། །དེར་
ཉ་རྣམས་ཀྱང་རྒྱལ་པོ་སྒྲུབ་པ་པོའི་མདུན་དུ་འོངས་པ་ལ། སྒྲུབ་པ་པོས་སྨྲས་པ། ཀྱེ་ཉའི་རྒྱལ་པོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། བདེ་བའི་དོན་དུ་ཁོ་བོ་ནི་གྲོང་ཁྱེར་ཀ་ལཱ་པར་འགྲོའི། ཆུ་བོའི་ཕ་རོལ་ཏུ་བསྒྲལ་བར་མཛོད་ཅིག །གནས་
འདི་ལ་ནི་དེ་བཞིན་གཤེགས་པ་རྣམས་དབང་པོའོ་ཞེས་བརྗོད་པར་བྱའོ། །དེ་ནས་ཉའི་རྒྱལ་པོ་དེས་སྒྲུབ་པ་པོ་དེ་རྒྱབ་ཏུ་ཁུར་ནས་ཆུ་བོའི་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། །ཀ་ཀ་རའི་གངས་ཀྱི་བྱང་ཕྱོགས་ནས་ཆུ་བོ་འདིའི་བར་གྱི་ལམ་གང་ཡིན་པ་དེ་དག་ན་ནི།
མིའི་འགྲོ་བ་གནས་པ་མེད་དེ། གང་མི་མ་ཡིན་པའི་འགྲོ་བ་དང་། གནོད་སྦྱིན་གཏུམ་པོ་མི་བཟད་པ་དག་གནས་པ་ཡིན་ནོ། །འོན་ཀྱང་ལམ་འདི་དག་གི་ཤར་དང་ནུབ་ཏུ་དཔག་ཚད་ལྔ་བརྒྱས་བཅད་པའི་ཕ་རོལ་ན་ནི། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དག་ཀྱང་ཡོད་
མོད་ཀྱི། ལམ་དེ་དག་ནས་སོང་ན་ནི། ལོ་བརྒྱ་ཕྲག་གིས་ཀྱང་གྲོང་ཁྱེར་ཀ་ལཱ་པར་ཕྱིན་པར་མི་འགྱུར་ཏེ་ཀུན་ཏུ་འཁོར་བར་འགྱུར་རོ། །ཆུ་ཀླུང་སཱི་ཏིའི་བྱང་ཕྱོགས་དེའི་བར་མཚམས་ཐམས་ཅད་ནི་རི་ཁ་བ་ཅན་མང་པོས་ཀུན་ཏུ་གང་བ་ཡིན་ནོ། །འོན་ཀྱང་
གངས་ཀྱི་རི་བར་བཅད་པ་ནི་མེད་དེ། །དེ་ནས་ཆུ་ཀླུང་དེ་ཡོངས་སུ་བརྒལ་བའི་བྱང་ཕྱོགས་ན་ནི། འཛམ་བུའི་