Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 209
Văn bản gốc(Tây Tạng)
Trang 1 / 28 (50.000 ký tự/trang)
༄། །ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་བློ་གྲོས་བཙུན་པས་མཛད་པ་བཞུགས་སོ། ། ༄༅༅། །རྒྱ་གར་སྐད་དུ། ཨ་བྷི་དྷརྨྨ་ཀ་ཥོ་བྷཱ་ཥྱ་ཊཱི་ཀཱ་ཏ་ཏྭཱརྠ་ནཱ་མ། བོད་སྐད་དུ། ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ། དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བ་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་ འཚལ་ནས། །ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །བསྟན་བཅོས་མཛད་པར་བཞེད་པས་རང་གི་སྟོན་པ་ལ་བསྟོད་པ་བརྩམས་པའི་དགོས་པའི་དབང་དུ་བྱས་ནས་གསུངས་པ། དེ་ཡང་ བསྟན་བཅོས་དང་སྟོན་པ་ལ་གུས་པར་བསྐྱེད་པས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བཤད་པས། བཅོམ་ལྡན་འདས་ཀྱི་ཆེ་བའི་བདག་ཉིད་ཤེས་ཤིང་གུས་པ་བསྐྱེད་པ་དང་། ཡེ་ཤེས་དང་ སྤངས་པ་ཕུན་སུམ་ཚོགས་པ་ལྡན་པས། དེའི་གསུང་མི་བདེན་པའི་གཏན་ཚིགས་དང་བྲལ་ཞིང་དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་འཁོར་བའི་འདམ་དུ་བྱིང་བའི་སེམས་ཅན་རྣམས་དྲངས་ཏེ་འབྲས་བུ་མཐར་ ཐུག་པ་ལ་རབ་ཏུ་སྦྱོར་བའི་ཕྱིར་རོ། །བསྟན་བཅོས་ལ་གུས་པ་བསྐྱེད་པའི་དོན་ནི་དེ་བཞིན་ཏེ། ལྷག་མ་དང་བཅས་པའི་དགོས་པའི་སྙིང་པོ་ཡང་ངོ་། །གུས་པར་གྱུར་པས་བདེ་བར་གཤེགས་པའི་ གསུང་སོ་སོར་རང་གིས་རིག་ཅིང་བསྟན་བཅོས་ཀྱི་བཞེད་པ་དེ་དང་དོན་མཚུངས་པའི་ཕྱིར་དང་དགོས་པ་མཚུངས་པའི་ཕྱིར་གུས་པ་འདིར་མ་བཤད་ཀྱང་གྲུབ་པ་ཉིད་དོ། །མི་བདེན་པའི་གཏན་ཚིགས་ཀྱི་གཞི་ནི་རྗེས་སུ་ཆགས་པ་དང་ཁོང་ ཁྲོ་དང་འཇིགས་པ་དག་ཡིན་པར་ཤེས་པར་བྱའོ། །འདི་རྣམས་ཀྱིས་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་བཤད་པ་ཡིན་ནོ། །གུས་པ་བསྐྱེད་པ་རྣམས་ཀྱང་ཀློག་པ་དང་ཁ་ཏོན་དང་ཉན་པ་དང་སེམས་པ་ལ་སོགས་ པའི་བྱ་བ་རྣམས་ལ་འབད་ཅིང་ཞུགས་པས་འཁོར་བའི་འདམ་དུ་བྱིང་བ་དེ་ལས་རྒོལ་བ་ཐོབ་པར་བྱེད་དོ། །འོ་ན་བསྟན་བཅོས་ལ་གུས་པ་བསྐྱེད་པ་ཁོ་ན་འདིའི་དོན་མ་ཡིན་ནམ། འདིར་བཅོམ་ལྡན་འདས་ཀྱི་ཆེ་བའི་བདག་ཉིད་ཤེས་པར་ བྱེད་པ་ཅི་ཞེ་ན། འགའ་ཞིག་གང་ཟག་ཚད་མར་བྱེད་པ་ཡོད་པས་དེ་རྣམས་གང་ཟག་ཉིད་ཀྱི་སྒོ་ནས་དེའི་ཚིག་ལ་གུས་པར་བྱེད་ཅིང་། དོན་ལ་རྟོགས་པ་གང་ཡིན་པ་དེ་རྣམས་ཀྱང་བླ་ན་མེད་པའི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་ ཐོས་ནས་དེའི་ཚིག་གུས་པས་ཉན་པ་ནས་ཚིག་དང་རྟགས་དང་དོན་ལ་ཡོངས་སུ་རྟོགས་པའི་བར་བྱེད་དོ། །དེ་ནས་སྟོན་པའི་ཚིག་དང་དོན་དག་ཇི་ལྟར་ཐོས་པ་བཞིན་དུ་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་ངེས་ཏེ། སྟོན་པ་ལ་གུས་པ་སྐྱེའོ། །དེ་ལ་བསྟན་བཅོས་བྱེད་པར་འདོད་ པས་བསྟན་བཅོས་དང་སྟོན་པ་ལ་གུས་པ་བསྐྱེད་པའི་དོན་དུ་བསྟོད་པ་མངོན་པར་བརྗོད་དོ། །འོ་ན་ཆེ་བའི་བདག་ཉིད་ཤེས་པར་བྱེད་པ་ཉིད་འདིར་དགོས་པར་གསུངས་པ་མ་ཡིན་ནམ་ཞེ་ན། ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་དོན་དུ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་དེ་ལ་ཕྱག་འཚལ་བ་རྩོམ་མོ་ཞེས་ ཏེ། དེ་ནི་བསྟན་བཅོས་དང་སྟོན་པ་ལ་གུས་པ་སྐྱེས་པའི་རྒྱུ་མཚན་གྱི་ཕྱིར་གསུངས་པ་བདེན་ནོ། །རྣམ་པ་གཞན་དུ་ན་བསྟན་བཅོས་ཀྱི་ཐོག་མར་ཆེ་བའི་བདག་ཉིད་རབ་ཏུ་བསྟན་པས་ཅི་ཞིག་བྱ་སྟེ། ཆེ་བའི་བདག་ཉིད་ཀྱི་ཡོན་ཏན་བརྗོད་པ་ནི་བསྟན་བཅོས་རྩོམ་པ་ལ་བལྟོས་པ་མེད་པར་ཡང་བསྟན་ ནུས་པའི་ཕྱིར་བསྟན་བཅོས་བྱེད་པར་འདོད་པས་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་བསྟོད་པ་མངོན་པར་བརྗོད་པའི་དོན་དུ་བལྟ་བར་བྱའོ། །ཕན་འདོགས་པས་ན་བསྟན་བཅོས་སོ། །དེའི་ཕྱིར་སྟོན་པའི་ཆེ་བའི་བདག་ཉིད་ལས་བསྟན་བཅོས་ལ་གུས་པ་སྐྱེ་ཞིང་བསྟན་བཅོས་ཀྱི་ནུས་པ་ལས་སྟོན་ པའི་ཆེ་བའི་བདག་ཉིད་ངེས་ཏེ་གུས་པ་སྐྱེའོ་ཞེས་སྔར་བཤད་པ་ཉིད་ལེགས་སོ། །དེ་ལྟར་ན་བསྟོད་པ་ལས་བསྟན་བཅོས་ཀྱི་དོན་རྟོགས་པར་འགྱུར་རོ། །ཡང་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཆེ་བའི་བདག་ཉིད་ཤེས་པར་བྱེད་པ་ནི་དངོས་ཀྱི་དགོས་པ་ཞེས་བཤད་ཀྱི། གུས་པ་གཅིག་ནས་ གཅིག་ཏུ་བརྒྱུད་པ་ནི་དགོས་པ་མ་ཡིན་ནོ། །གཞན་དུ་ན་མྱ་ངན་ལས་འདས་པ་ཐོབ་པ་ཡང་བརྗོད་བྱར་འགྱུར་རོ། །ཡང་ན་དགོས་པ་ནི་བསྟན་བཅོས་རྩོམ་པའི་གེགས་བསལ་བ་དང་དགེ་བའི་རྩ་བ་ཉེ་བར་སོག་པ་ལ་འདོད་དེ་སེམས་ཞི་བ་དང་བསོད་ནམས་ཀྱི་ལས་ཉེ་བར་སོག་པ་ལས་གཞན་པའི་ དགོས་པ་མེད་དོ། །གེགས་དང་བྲལ་བས་རྩོམ་པའི་བྱ་བ་ཡོངས་སུ་རྫོགས་པར་འགྱུར་ཞིང་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལ་སྦྱོར་བ་ནི་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཡོན་ཏན་ཕུལ་དུ་བྱུང་བ་ཐམས་ཅད་མངའ་ཞིང་སྐྱོན་དང་བྲལ་བ་མཐར་ ཕྱིན་པའི་གནས་ཡིན་པའི་ཕྱིར་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་དང་ལམ་དེ་ལ་ཕྱག་འཚལ་བ་རྩོམ་པར་མཛད་དོ། །ཅི་ལྟར་ན་མིང་གི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་ལ་སྦྱར་བས་ཕུལ་དུ་བྱུང་བའི་འདོད་པའི་འབྲས་བུ་རྣམ་པ་བཞི་དང་བསོད་ནམས་ཀྱི་ ཕུང་པོ་ཐོབ་པ་དང་བགེགས་དང་ལོག་པར་འདྲེན་པ་དང་བྲལ་ཏེ་བསྟན་བཅོས་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ཉན་པ་པོ་རྣམས་ཆེ་བའི་བདག་ཉིད་ཐོས་པ་ལས་རབ་ཏུ་དད་པ་མངོན་པར་འཕེལ་ཏེ་འཇུག་ཅིང་དེའི་རྒྱུ་མཚན་གྱིས་བསོད་ནམས་ཀྱི་ཚོགས་ཐོབ་པ་དང་བགེགས་དང་ལོག་འདྲེན་རྣམས་ དང་བྲལ་ཏེ་འབད་པ་མེད་པར་ཀློག་པ་དང་ཁ་དོན་དང་མཉན་པ་ལ་སོགས་པའི་བྱ་བའི་ཁྱད་པར་ལ་མཐར་ཕྱིན་པར་འཇུག་པར་འགྱུར་རོ། །ཡང་ན་བསྟན་བཅོས་བྱེད་པ་ཕལ་ཆེར་རྩོམ་པ་ལ་འཇུག་པ་ན་འདོད་པའི་ལྷ་ལ་ཕྱག་བྱས་ནས་འཇུག་པར་བྱེད་དེ། སློབ་དཔོན་འདིས་ཀྱང་མཆོག་ཏུ་ ལེགས་པའི་ལམ་དེའི་རྗེས་སུ་འཇུག་པས་བསྟན་བཅོས་མཛད་པར་བཞེད་དེ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་བ་བརྩམས་སོ། །ཡང་ཅིའི་དོན་དུ་བསྟན་བཅོས་རྩོམ་པ་ན་འདོད་པའི་ལྷ་ལ་ཕྱག་འཚལ་བར་བྱེད་ཅེ་ན། བཀྲ་ཤིས་པའི་ཆེད་དུ་དམ་པ་རྣམས་ཀྱིས་བྱ་སྟེ། བསྟན་བཅོས་ ལ་འཇུག་པ་ན་ཀུན་ཏུ་ཉེ་བར་ཕན་པ་ནི་བཀྲ་ཤིས་ཏེ་ཚེ་དང་ལྡན་ཞིང་སློབ་མ་ཤེས་ཉན་ཅན་དང་། སྐྱེས་བུ་དཔའ་བོ་རྣམས་སུ་ཡང་འགྱུར་བའོ་ཞེས་གཞན་དག་ཟེར་རོ། །ཆེ་བའི་བདག་ཉིད་ཤེས་པར་བྱེད་པ་ནི་བདག་ཉིད་ཀྱི་སྐྱེ་མཆེད་དུ་གཏོགས་པའི་རབ་ཏུ་དང་བ་བསྟན་པའི་དོན་དང་གཞན་དག་ལ་ཡང་ བསྐྱེད་པའི་དོན་ཏེ་འདི་ཡང་བསྟན་བཅོས་ལ་ཉེ་བར་བྱེད་པར་བསམས་པའོ་ཞེས་གཞན་དག་ཟེར་རོ། །བསྟན་བཅོས་ཀྱི་ཐོག་མར་བསྟོད་པ་མངོན་པར་བརྗོད་པའི་ཕྱིར་སློབ་དཔོན་གྱིས་དམ་བཅས་པ་ཉིད་བསྟན་བཅོས་ཞེས་དགོས་ན། དེ་བྱེད་པ་ནི་མུན་པ་མ་སྤང་བའི་ཕྱིར་བསྟན་བཅོས་ལ་མ་གུས་པ་ ཉིད་དུ་འགྱུར་རོ། །བསྟོད་པ་མངོན་པར་བརྗོད་པས་ནི་གཞན་དག་གིས་བསྟན་བཅོས་སོ་སོ་རང་གི་ཡང་དག་པ་ཉིད་ཤེས་པས་བསྟན་བཅོས་འདི་ལ་གུས་པ་སྐྱེས་པར་བྱེད་དོ། །དེ་ལྟ་ན་ཡང་བསྟོད་པ་མངོན་པར་བརྗོད་པ་དོན་མེད་པ་མིན་ཏེ། གཞན་དུ་བསྟན་བཅོས་ཉེ་བར་གྱུར་པ་ཉིད་རྟོགས། དེའི་དོན་ཉིད་ལས་འདི་ལ་ཡང་དག་པར་འཇུག་ཅིང་དེའི་རྟེན་ཡིན་པས་ཆོས་མངོན་པ་མཛོད་ཅེས་རབ་ཏུ་གྲགས་པ་སྟོན་པར་བྱེད་པ་རྣམས་ཉིད་ལ་ཡང་གུས་པ་བསྐྱེད་པར་བྱ་སྟེ། སྟོན་པར་བྱེད་པ་རབ་ཏུ་གྲགས་པ་རྣམས་ལ་ཡང་ཚིག་ཙམ་གྱིས་སྒྲུབ་པ་ནི་མ་ཡིན་ནོ། །སླར་ཡང་བསྟན་ བཅོས་རྩོམ་པའི་དགོས་པ་ཅི་ཞེ་ན། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྟོགས་པ་ནི་དངོས་ཀྱི་དགོས་པ་དང་མྱ་ངན་ལས་འདས་པ་ཐོབ་པ་ཡང་དགོས་པ་ཡིན་པའི་བར་དུའོ། །གང་གི་ཕྱིར་འགྲོ་བ་ལྔ་པོ་རྣམས་སུ་ལས་དང་ཉོན་མོངས་པ་གཉིས་རྒྱུར་གྱུར་པ་ལས་ཡང་སྲིད་འཕེན་པའི་ དུས་དང་འཕངས་པའི་ཡང་སྲིད་མངོན་པར་འགྲུབ་པའི་དུས་དག་ཏུ་ལས་དང་ཉོན་མོངས་པ་མ་སྤངས་པ་རྣམས་ཡང་སྲིད་འཕེན་པར་བྱེད་ཅིང་སྐྱེད་པར་བྱེད་དོ། །དེས་སེམས་ཅན་རྣམས་ཇི་སྲིད་ཉོན་མོངས་པར་གྱུར་པ་དེ་སྲིད་དུ་འཁོར་བ་ལས་ཐར་བར་མི་འགྱུར་རོ། །ཆོས་རབ་ཏུ་རྣམ་པར་ འབྱེད་པ་མ་གཏོགས་པ་ཉོན་མོངས་པ་རྣམས་སྤོངས་པའི་ཐབས་གཞན་ཡོད་པ་མ་ཡིན་ལ། ཉོན་མོངས་པ་ཐམས་ཅད་ཀྱང་མི་ཤེས་པ་ལ་གནས་པའི་ཕྱིར་ཆོས་ཁོང་དུ་ཆུད་པའི་ཤེས་པ་དང་སྣང་བ་དང་མུན་པ་བཞིན་དུ་མཚན་ཉིད་འགལ་བས་ལྷན་ཅིག་ཏུ་མི་གནས་སོ། །གང་གི་ཕྱིར་ཆོས་རབ་ཏུ་རྣམ་ པར་འབྱེད་པ་ལས་ཉོན་མོངས་པ་སྤོང་བར་བྱེད་ཅིང་། ཉོན་མོངས་པ་སྤངས་པས་ཡང་སྲིད་ཀྱི་ལས་ཉེ་བར་སོག་པར་མི་བྱེད་ལ། ཉེ་བར་བསགས་པ་རྣམས་ཀྱང་ལྷན་ཅིག་བྱེད་པའི་རྒྱུ་དང་བྲལ་བས་འབྲས་བུ་བསྐྱེད་པའི་ནུས་པ་མེད་པར་འགྱུར་རོ། །དེ་ལྟར་ཉོན་མོངས་པ་སྤངས་པས་ད་ལྟར་གྱི་ སྐྱེ་བ་ལ་ཡང་སྲིད་དུ་ཉིང་མཚམས་སྦྱོར་བ་འགོག་པས་ཐར་པ་ཐོབ་པོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལ་སོགས་པ་དང་དགོས་པ་མཚུངས་ན་དེ་རྣམས་ལས་ལྷག་པར་རྩོམ་པ་དགོས་པ་མེད་པ་མ་ཡིན་ནམ་ཞེ་ན། བྱེ་བྲག་ཏུ་བཤད་པ་ལ་སོགས་པ་རྣམས་ལ་རྒྱས་པ་དང་མདོར་བསྡུས་པ་དང་ འཁྲུགས་པ་ལ་སོགས་པའི་སྐྱོན་མཐོང་སྟེ་ཡོངས་སུ་མགུ་བས་དགོས་པ་མང་བ་དང་རྒྱ་ཆེར་ཤེས་པ་དང་དགེ་བའི་བློ་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རྒྱས་པ་དང་མདོར་བསྡུས་པ་དང་འཁྲུགས་པ་མ་ཡིན་པའི་ཚིག་དོན་ཉེ་བར་བསྟན་པ་ཆོས་མངོན་པ་དང་ཆེས་ཉེ་བ་ཆོས་མངོན་པའི་མཛོད་ཅེས་ བྱ་བ་བརྩམས་སོ། །དེའི་ཕྱིར་འདི་རྩོམ་པ་དགོས་པ་མེད་པ་མ་ཡིན་ནོ། །བསྟན་བཅོས་བྱེད་པར་འདོད་པས་ཞེས་བྱ་བ་ལ་སློབ་མ་འཆོས་པའི་ཕྱིར་བསྟན་བཅོས་ཏེ། འཆོས་པ་ཡང་བདེ་འགྲོ་དང་ཐར་པའི་རྒྱུ་ལ་སོ་སོར་འགོད་པ་དང་ངན་འགྲོའི་འཇིགས་པ་དང་རྒྱུ་ ཡོངས་སུ་སྤོང་བའོ། །ཡང་ན་ཉོན་མོངས་པ་འཆོས་པ་དང་ངན་འགྲོའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་ཏེ་ཉོན་མོངས་པ་འཆོས་པ་ནི་ཉོན་མོངས་པ་སྤང་བ་དང་ཉོན་མོངས་པ་སྤང་བ་བདེན་པ་མཐོང་བ་རྣམས་ནི་སོ་སོར་བརྟགས་པ་མ་ཡིན་པ་འགོག་པ་ཐོབ་པས་ངན་སོང་གི་སྐྱེ་བ་དང་། ངན་ འགྲོའི་འཇིགས་པ་ལས་བསྐྱབ་པ་དང་གཉི་ག་ཡང་ལམ་ཉིད་ཡིན་པས་ན་ལམ་ཁོ་ན་བསྟན་བཅོས་ཏེ་ལམ་གྱི་བདག་ཉིད་དེ་བསྟན་བཅོས་སུ་འདོད་དོ། །མིང་གི་ཚོགས་ལ་སོགས་པ་རྣམས་ཀྱིས་ནི་གདུལ་བྱའི་རྒྱུད་ལ་རྣམ་པ་དང་བཅས་རབ་ཏུ་དབྱེ་བ་དང་བཅས་འབྲས་བུ་དང་བཅས་མི་མཐུན་ ཕྱོགས་དང་བཅས་པ་ཀུན་ཏུ་ཐོབ་པར་འདོད་པའོ། །ཡང་ན་འདིར་གཞུང་ལ་ཡང་འདྲ་བ་ལས་བཏགས་ཏེ་སྤྱིར་བཏང་བ་ཇི་ལྟ་བ་བཟུང་ནས་དེས་ཚིག་ལེའུར་བྱས་པ་འདི་ཉིད་ལ་བསྟན་བཅོས་སུ་འདོད་པས་ཞེས་བྱ་བ་ནི་མིང་གི་ཚོགས་ལ་སོགས་པ་རྣམས་ལ་འཇུག་པར་འདོད་པ་དང་འགོད་པར་འདོད་པ་ཞེས་ བྱ་བའོ། །ཡང་བསྟན་བཅོས་རྣམ་པ་གཉིས་ཏེ་བཤད་བྱའི་ཆོས་མངོན་པ་དང་འཆད་བྱེད་དོ། །ཇི་སྐད་དུ། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་པ་ལྟ་བུའོ། །འཆད་བྱེད་ཀྱི་བསྟན་བཅོས་ཀྱང་ཚིག་ལེའུར་བྱས་པའི་བདག་ཉིད། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བཤད་བྱའི་ཆོས་མངོན་པ་དང་འགལ་བ་དེའི་ཚེ་བྱེད་པར་འདོད་པ་ནི་བསྟན་པར་འདོད་པ་དང་རྣམ་པར་བཤད་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དོན་གྱི་དབང་གིས་བསྟན་བཅོས་རྣམ་པ་གཉིས་སུ་བསྟན་ཏོ། ། ཡང་ཚིག་ལེའུར་བྱས་པའི་བསྟན་བཅོས་དང་འབྲེལ་པ་དེའི་ཚེ་བྱེད་པར་འདོད་པ་ཞེས་བྱ་བ་ནི་འཇུག་པར་འདོད་པ་དང་རྩོམ་པར་འདོད་ཅེས་བྱ་བའི་ཐ་ཚིག་གོ། །རང་གི་སྟོན་པའི་ཞེས་སྟོན་པའི་སྤྱི་བཟུང་ནས་སྟོན་པའི་སྒྲ་དང་རང་གི་ཞེས་གསུངས་པ་ནི་གཞན་གྱི་སྟོན་ པ་ཡང་ཡོད་པས་རང་གི་སྟོན་པ་ཞེས་གསུངས་པ་སྟེ། དེས་ནི་འདི་སྐད་བརྗོད་པར་འགྱུར་ཏེ་སངས་རྒྱས་ནི་བཅོམ་ལྡན་འདས་སོ་ཞེས་ལྷན་ཅིག་པ་ནི་རང་གི་སྟོན་པར་སྐྱབས་སུ་འགྲོ་བར་ཁས་བླངས་པའི་ཕྱིར་ཏེ་ཁས་བླངས་པ་ལ་སྦྱར་བས་བསྟན་པ་རྗེས་སུ་བསྒྲུབ་པའི་ཕྱིར་རོ། །འོ་ན་སློབ་དཔོན་གྱིས་ཐོག་མར་སངས་ རྒྱས་ཀྱི་བླ་ན་མེད་པའི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་འབད་པས་བསྟན་པས་དེ་ལ་གནས་པར་བསྟན་པ་མ་ཡིན་ནམ་ཞེ་ན། དེའི་གསུང་ལ་གནས་པ་ལས་སྟོན་པར་འགྱུར་གྱི་ཁས་བླངས་པ་ཙམ་གྱིས་མ་ཡིན་ནོ། །གཞན་རང་རང་གི་སྟོན་པ་ཁོ་ན་ལས་ཡོན་ཏན་འབྱུང་བས་རང་ གི་ཞེས་ཁྱད་པར་སྨོས་པ་དོན་མེད་པ་ཅན་མ་ཡིན་ནོ། །ཡང་ན་སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ཉིད་ནས་སློབ་མའི་དངོས་པོར་བཟུང་སྟེ་བདག་གིས་འདི་དག་ལམ་གྱི་འབྲས་བུ་ལ་རྗེས་སུ་བསྟན་ཏོ་ཞེས་དེའི་དོན་ཉིད་དུ་འཁོར་བར་ཞུགས་ཤིང་རྫོགས་པར་ སངས་རྒྱས་པས་ན་འདི་སེམས་ཅན་རྣམས་ཀྱི་རང་གི་སྟོན་པ་སྟེ་གཞན་ནི་མ་ཡིན་ནོ། །མངོན་པར་བྱང་མ་ཆུབ་པ་ནས་སེམས་ཅན་མ་ལུས་པ་རྗེས་སུ་གཟུང་བའི་ཕྱིར་རང་གི་སྟོན་པ་ཞེས་བཤད་དེ། ཇི་སྐད་དུ། དཔའ་བོ་ཐུགས་རྗེ་རོ་གཅིག་ཅིང་། །ཡུན་རིང་ཕན་པར་བཞེད་པ་ཅན། ། འགྲོ་བ་བཀྲེན་ཞིང་རྨོངས་པ་ཡིས། །རང་གི་མགོན་པོར་ཁྱེད་མ་འཚལ། །ཞེས་གསུངས་པ་ལྟ་བུའོ། །ཡང་ན་རང་གི་ཞེས་པ་བསྟན་བཅོས་དང་འབྲེལ་པ་ན་ཆོས་མངོན་པ་བྱུང་ངོ་ཞེས་པའི་དོན་ཏོ། །བདག་ཉིད་ཆེ་བ་ཤེས་པར་བྱེད་པའི་དོན་དུ་ཞེས་བྱ་བ་ལ་བདག་ཉིད་ཆེན་པོའི་དངོས་པོ་ནི་ བདག་ཉིད་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དང་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་འོས་པར་གྱུར་པ་ཉིད་དོ། །ཇི་སྐད་དུ། སེམས་ཅན་གང་དག་རྐང་པ་མང་བའམ་རྐང་པ་གཉིས་པའམ་རྐང་པ་བཞི་པའམ་རྐང་མངས་ཏེ་དེ་དག་གི་ནང་ན་དེ་བཞིན་གཤེགས་པ་མཆོག་ཅེས་བྱ་ བ་སྟེ་ཞེས་པ་ལྟ་བུའོ། །ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པར་བཤད་པས་ནི་སེམས་ཅན་གྱི་མཆོག་ཉིད་ཐམས་ཅད་ཉིད་དུ་བསྟན་ཏེ་དེ་ལས་གཞན་པ་རྣམས་ལ་ནི་བླ་ན་མེད་པའི་ཡེ་ཤེས་དང་སྤངས་པ་མེད་པའི་ཕྱིར་རོ། །འགྲོ་བ་རྣམས་འཁོར་བ་ལས་འདོན་པར་མཛད་པས་ན་སེམས་ ཅན་ཐམས་ཅད་ཀྱི་སྐྱབས་ཀྱི་འོས་སུ་གྱུར་པ་ཉིད་དོ། །ཡང་ན་ཆེ་བའི་བདག་ཉིད་ནི་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་ཡེ་ཤེས་ཏེ་སེམས་ཅན་ཐམས་ཅད་པའི་གཉེན་པོ་ནི་ཡེ་ཤེས་དང་ཐུགས་རྗེའོ། །ཤེས་བྱ་ཐམས་ཅད་ལ་ མུན་པར་གྱུར་པ་སྤངས་པར་བཞེད་པས་ནི་ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་བསྟན་ཏེ། འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ་ཞེས་པ་འདིས་ནི་ཐུགས་རྗེ་ཆེན་པོ་སྟེ། འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་གདུངས་པ་རྣམས་ལ་ཐུགས་རྗེ་མཉམ་པའི་ ཕྱིར་རོ། །ཡང་ན་བདག་ཉིད་ཆེ་བས་ནི་རང་གི་དོན་ཕུན་སུམ་ཚོགས་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་ཀུན་ལ་མུན་པ་གཏན་བཅོམ་ཞེས་པ་འདིས་རང་གི་དོན་ཕུན་སུམ་ཚོགས་པ་དང་། འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །ཞེས་པ་འདིས་ གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་དེ་ལ་ཕྱག་འཚལ་བ་རྩོམ་པར་བྱེད་དོ་ཞེས་པ་ལ་མདོར་ན་འདིའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ་དེ་ཡང་ཚིགས་སུ་བཅད་པའི་ཕྱེད་སྔ་མས་སོ། །རྐང་པ་གསུམ་པས་ནི་ཕྱག་འཚལ་བ་བརྩམས་སོ། །དེ་ལ་ ཕྱག་འཚལ་ནས་ཞེས་པ་འདིར་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་བའོ། །དེ་ལ་ཡོན་ཏན་དུ་བྱེད་པས་ན་ཡོན་ཏན་ཏེ། ལེགས་པ་དོན་དུ་གཉེར་བར་བྱེད་པ་རྣམས་ཀྱིས་གོམས་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་རྣམས་ནི་རྒྱུ་དང་འབྲས་བུའི་དབྱེ་བ་རྣམ་པ་གཉིས་ཀྱིས་ཏེ། དེ་ ལ་རྒྱུ་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །བསོད་ནམས་ཀྱི་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་བསམ་གཏན་རྣམས་སོ། །དེ་ལྟར་ཡང་གསུངས་པ། གསུམ་པོ་འདི་རྣམས་ནི་བསོད་ནམས་བྱ་བའི་དངོས་པོ་རྣམས་ཏེ། སྦྱིན་པ་ལས་བྱུང་ བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བ་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་དང་བཟོད་པ་ནི་གཉི་གའི་ནང་དུ་གཏོགས་ཏེ་སྦྱིན་པ་ལ་སོགས་པ་རྣམས་ལ་འདི་དག་མི་འཇུག་པ་མི་ སྲིད་པའི་ཕྱིར་རོ། །ཡང་གཞན་དག་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་དང་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བསམ་གཏན་ནི་ཤེས་རབ་དང་རྗེས་སུ་མཐུན་པའི་ཕྱིར་དང་བརྩོན་འགྲུས་ནི་གཉིས་ཀ་ལ་ཕན་ འདོགས་པའི་ཕྱིར་གཉི་གའི་ནང་དུ་གཏོགས་སོ་ཞེས་ཟེར་རོ། །འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་བཞི་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་སྤངས་པ་ཕུན་སུམ་ཚོགས་པ་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་དང་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་སྟེ་འདིར་ཡེ་ཤེས་དང་སྤངས་ པ་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་རྣམས་ནི་འབྲས་བུའི་ཡོན་ཏན་ཉིད་དུ་བཞེད་པའོ། །ཡོན་ཏན་བརྗོད་པ་ནི་ཡོན་ཏན་རྣམས་མངོན་ཅིང་གསལ་བར་བྱེད་པའོ། །དེ་ལ་ཕྱག་འཚལ་བ་རྩོམ་མོ་ཞེས་པ་ལ། དེ་ལ་ཞེས་པ་ནི་རང་གི་སྟོན་པ་ལའོ། །ཕྱག་འཚལ་བའི་སྒྲ་སྦྱོར་བ་ན་ རྣམ་དབྱེ་བཞི་པ་སྟེ་དོན་གྱི་དབང་གིས་རྣམ་པར་དབྱེ་བ་ཡོངས་སུ་འགྱུར་རོ། །ཕྱག་འཚལ་བ་རྩོམ་མོ་ཞེས་པ་བསྟན་བཅོས་བྱེད་པར་འདོད་པ་ཞེས་པ་འདི་དང་མངོན་པར་འབྲེལ་ཏེ། ཐུན་མོང་མ་ཡིན་པའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་སྤྱི་བོས་རབ་ཏུ་འདུད་པ་ནི་ཕྱག་འཚལ་བའོ། ། ཡོན་ཏན་བརྗོད་པ་ཉིད་ཀྱིས་ཆེ་བའི་བདག་ཉིད་གྲུབ་པ་མ་ཡིན་ནམ། དེ་ལ་ཕྱག་འཚལ་བས་ཅི་ཞིག་བྱ་ཞེ་ན། དེས་ཀྱང་ཆེ་བའི་བདག་ཉིད་མཚོན་མོད་ཀྱི། ཆེ་བའི་བདག་ཉིད་ཡོད་པ་མ་ཡིན་པ་ལ་སློབ་དཔོན་ཕྱག་འཚལ་བ་རྩོམ་པ་དང་བསྟན་བཅོས་བྱེད་པར་འདོད་པ་མེད་དོ། །ཡང་ ན་རང་དང་གཞན་གྱི་རྒྱུད་ལ་བསོད་ནམས་ཉེ་བར་བསགས་པའི་ཕྱིར་ལུས་དང་ངག་དང་ཡིད་རྣམས་ཀྱིས་སྟོན་པ་ལ་སྒྲུབ་པའི་མཆོད་པ་བྱ་བའི་ཕྱིར་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་བ་རྩོམ་མོ། །དེ་ལྟར་ན་ཆེ་བའི་བདག་ཉིད་ཀྱང་ཤེས་པར་བྱས་ལ་རང་དང་གཞན་གྱི་རྒྱུད་ལ་ བསོད་ནམས་ཉེ་བར་སོག་པ་ལ་ནན་ཏན་བྱས་པར་ཡང་འགྱུར་རོ། །དེ་ལ་རང་གི་སྟོན་པ་ལ་བསྟོད་པ་མངོན་པར་བརྗོད་པས་ནི་འབྲེལ་པ་དང་དགོས་པ་དང་བརྗོད་བྱ་རྣམས་སོ་སོར་བསྟན་ཏེ། དེ་ཡང་བསྟན་བཅོས་བྱེད་པར་འདོད་པས་ཞེས་པས་ནི་འབྲེལ་པའོ། །ཆེ་བའི་བདག་ཉིད་ཀྱང་ཤེས་པར་ བྱ་བའི་ཕྱིར་ཞེས་པས་ནི་དགོས་པའོ། །ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་བ་རྩོམ་མོ་ཞེས་པས་ནི་བརྗོད་བྱའི་ཚིག་དང་དོན་ནོ། །གང་གི་ཕྱིར་རྟོགས་པ་སྔོན་དུ་འགྲོ་བས་དག་དོན་རྟོགས་པས་ན་ཚིག་དོན་ནོ། །ད་ནི་གང་ཞིག་ཅེས་བྱ་བ་སངས་ རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་སོ་ཞེས་པ་ལ་བསམ་པར་བྱ་སྟེ། གང་ཞིག་ཅེས་བྱ་བ་ནི་མིང་ཐམས་ཅད་པ་སྟེ་སྤྱིའི་སྒྲ་ཡང་དོན་དང་སྐབས་དང་རྟགས་ལ་སོགས་ལ་མ་ལྟོས་པར་བྱེ་བྲག་ལ་གནས་པར་བྱ་བར་མི་ནུས་སོ། །དེའི་ཕྱིར་འདི་ནི་ཆོས་མངོན་པ་འཆད་པ་ན་ སྐབས་ཀྱིས་གཞན་རྣམ་པར་བཅད་ནས་སངས་རྒྱས་བཅོམ་ལྡན་འདས་ཉིད་ལ་འཇུག་སྟེ། ཆོས་མངོན་པ་འཆད་པར་རྩོམ་པ་ན་སངས་རྒྱས་ལས་གཞན་ལ་བསྟོད་པ་མངོན་པར་བརྗོད་པ་མ་ཡིན་པར་རྟོགས་པའི་ཕྱིར་རོ། །ཡང་ན་ཡེ་ཤེས་དང་སྤངས་པ་དང་སེམས་ཅན་ལ་ལན་འདོགས་ པར་བཤད་པ་གང་ཡིན་པ་དེ་རྣམས་སངས་རྒྱས་ལས་གཞན་ལ་མི་ལྡན་པར་བཤད་པས་གང་ཞིག་ཅེས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་གསུངས་པའོ་ཞེས་བྱའོ། །ལྡན་པ་ཡང་སྤྱིའི་སྒྲ་བྱེ་བྲག་ལ་གནས་པའི་རྒྱུར་མཐོང་སྟེ། དཔེར་ན་དྲུས་མ་འོར་ཅིག་ ཅེས་བརྗོད་པ་ན་བེའུ་དང་བཅས་པའམ། རྔེའུ་དང་བཅས་པ་ལ་གོ་བ་བཞིན་ནོ། །ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ནུས་པ་རྒྱས་པ་དང་ལྡན་པས་ན་རང་ཉིད་སངས་རྒྱས་ཏེ་པདྨ་ཁ་རྒྱས་པ་བཞིན་ནོ། །ཡང་ན་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་གཏི་ མུག་གི་གཉིད་གཏན་དུ་ཟད་པའི་ཕྱིར་སངས་རྒྱས་ཏེ་སྐྱེས་བུ་གཉིད་སད་པ་བཞིན་ནོ། །ཇི་ལྟར་གཉིད་སད་པའི་ཕྱིར་སྐྱེས་བུ་གཉིད་སད་པ་ནི་རང་ཉིད་སད་པ་ཞེས་བརྗོད་པར་བྱའི་གཞན་དག་གི་སད་པར་བྱས་པ་ནི་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ངོ་། །བདུད་བཞི་བཅོམ་པ་དང་ལྡན་པའི་ ཕྱིར་བཅོམ་ལྡན་ནོ། །བདུད་དེ་རྣམས་ཀྱང་ལྷའི་བུའི་བདུད་དང་ཉོན་མོངས་པ་དང་འཆི་བདག་དང་ཕུང་པོ་ཞེས་མངོན་པར་བརྗོད་པ་རྣམས་སོ། །ཡང་ན་འདི་ལ་སྐལ་བ་མངའ་བས་སྐལ་ལྡན་ཏེ། སྐལ་བ་ཡང་ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །གྲགས་དང་དཔལ་དང་ཡེ་ཤེས་དང་། ། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་སོ། །སངས་རྒྱས་ལས་གཞན་ལ་དབང་ཕྱུག་དང་གཟུགས་དང་གྲགས་པ་ལ་སོགས་པ་འདི་དག་ཚང་བར་ཡོད་པ་མ་ཡིན་པ་དེའི་ཕྱིར་སངས་རྒྱས་ཁོ་ན་བཅོམ་ལྡན་འདས་སོ། །ཇི་ལྟར་སངས་རྒྱས་ལས་ གཞན་ལ་གྲགས་པ་ལ་སོགས་པ་རྣམས་ཚང་བར་ཡོད་པ་མ་ཡིན་པ་དེ་ལྟར་ལེགས་པའི་ལམ་བསྟན་པ་སོགས་སུ་སློབ་དཔོན་དཔའ་བོ་ལ་སོགས་པ་རྣམས་ཀྱིས་རྒྱ་ཆེར་བཤད་མོད་ཀྱི་འདིར་ནི་གཞུང་མངས་པའི་འཇིགས་པས་མ་བརྗོད་དོ། །གལ་ཏེ་སངས་རྒྱས་ཁོ་ན་བཅོམ་ལྡན་འདས་ཡིན་གྱི། གཞན་མ་ཡིན་ན་ཅིའི་ཕྱིར་སངས་རྒྱས་དང་བཅོམ་ལྡན་འདས་གཉི་ག་སྨོས་ཤེ་ན། གང་གི་ཕྱིར་སངས་རྒྱས་ཀྱི་སྒྲ་ཉེ་བའི་ཚིག་དང་བྲལ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་གསུམ་ཀ་ལ་འཇུག་པས་དེའི་ཕྱིར་བཅོམ་ལྡན་འདས་ཞེས་སྨོས་སོ། ། བཅོམ་ལྡན་འདས་ཀྱི་སྒྲ་ཡང་བདག་ཉིད་མ་སྦྱངས་པ་ཁ་ཅིག་གིས་གཞན་དུ་ཡང་སྦྱར་བས་ན་སངས་རྒྱས་ཞེས་སྨོས་སོ། །ཡང་ན་ཉེ་བའི་ཚིག་མེད་པར་བཅོམ་ལྡན་འདས་ཀྱི་མཚན་ནས་སྨོས་པ་མི་རིགས་པས་གཉི་ག་སྨོས་སོ། །ཀུན་ལ་མུན་པ་གཏན་བཅོམ་ཞིང་། །ཞེས་བྱ་བ་ལ་མུན་པ་ བཅོམ་ཞེས་པ་ནི་ཚིག་གཉིས་པ་འབྲུ་མང་པོ་པའི་སྙིང་པོ་ཅན་ནོ། །ཀུན་ལ་གཏན་ཞེས་པའི་ཉེ་བའི་ཚིག་ནི་བདུན་པའི་དེའི་སྐྱེས་བུའི་བསྡུ་བའོ། །འདི་འབྲུ་མང་པོ་པ་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་གསུངས་པ། འདིའི་འམ་འདིས་མུན་པ་བཅོམ་པས་མུན་བཅོམ་མོ། །ཅིའི་ ཕྱིར་འདི་འབྲུ་མང་པོ་པར་མི་འདོད་ཅེ་ན། འབྲུ་མང་པོ་ལ་ནིཥྛ་ཞེས་པ་ནིཥྛའི་མཐའ་ཅན་སྔ་མར་ཚིག་ཕྲད་དུ་གྱུར་པ་ལས་ཀུན་ལ་མུན་བཅོམ་ཞེས་པར་འགྱུར་གྱི་མུན་པ་ཀུན་ཞེས་པ་ནི་མ་ཡིན་ནོ། །ཨཱ་ཧི་ཏ་ཨགྣི་ལ་སོགས་པར་གཏོགས་པའི་ཕྱིར་ནིཥྛའི་མཐའ་ཅན་གོང་དུ་འདོན་པའི་ངེས་པ་མེད་དོ། །དེ་ ལྟར་ཡང་བཅོམ་པ་དང་མུན་པའི་སྒྲ་དག་དང་ཐམས་ཅད་ཀྱི་སྒྲ་ཐ་དད་པའི་དབང་དུ་བྱས་པའི་ཕྱིར་རོ། །ཐ་དད་པ་མ་ཡིན་པའི་དབང་དུ་བྱས་ན་ཐམས་ཅད་དུ་འབྲུ་མང་པོ་པ་ཐོབ་སྟེ། དེའི་ཕྱིར་ཀུན་ལ་མུན་བཅོམ་ཞེས་པ་བདུན་པ་དེའི་སྐྱེས་བུ་ཉིད་དེ་འདི་ནི་འབྲུ་མང་པོ་པའོ། །གང་གི་ཚེ་འདིའི་མུན་པ་ བཅོམ་ཞེས་དྲུག་པ་ཡིན་པར་ཚིག་རྣམ་པར་སྦྱར་བ་དེའི་ཚེ་བཅོམ་ལྡན་འདས་མུན་པ་འཇོམས་པའི་འབྲེལ་པ་ཅན་ཉིད་དུ་ཉེ་བར་བཟུང་བས་མུན་པ་བཅོམ་པའི་བྱེད་པ་པོ་དང་བྱེད་པ་མ་བསྟན་ལ། གང་གི་ཚེ་འདིས་མུན་པ་བཅོམ་ཞེས་བྱེད་པ་པོའི་མཚན་ཉིད་ཀྱིས་གསུམ་ པ་ཡིན་པར་ཚིག་རྣམ་པར་སྦྱར་བ་དེའི་ཚེ་ཡང་བཅོམ་ལྡན་འདས་མུན་པ་འཇོམས་པའི་བྱེད་པ་པོ་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ། །གང་གི་འབྲས་བུའམ་བྱེད་པ་གང་གིས་ཞེས་མུན་པ་བཅོམ་པའི་འབྲེལ་ཅན་དང་བྱེད་པ་མི་ཤེས་སོ་ཞེ་ན། ཉེས་པ་འདི་ནི་མེད་དེ། གཞན་འཇོམས་པ་པོ་ དང་འབྲེལ་པ་ཅན་དུ་མ་བསྟན་པའི་ཕྱིར་དེ་ཉིད་ཀྱི་མུན་པའི་འཇོམས་པ་པོ་དང་འདིས་བདག་ཉིད་ཀྱི་མུན་པ་བཅོམ་མོ་ཞེས་བྱ་བར་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཅི་ནས་ཀྱང་དེ་ཉིད་མུན་པ་འཇོམས་པ་ལ་བྱེད་པ་པོ་ཉིད་དང་འབྲེལ་པ་ཅན་ཉིད་དུ་ཤེས་པར་བྱ་བའི་ཕྱིར་གཉི་ག་ལྟར་ཡང་ཚིག་རྣམ་ པར་སྦྱར་རོ། །བྱེད་པ་ནི་གཉེན་པོ་བརྙེས་པ་སྟེ་དེ་ཡོད་ན་མུན་པ་སྤང་བའི་ཕྱིར་རོ། །ཐམས་ཅད་ལ་མུན་པ་བཅོམ་པས་ན་ཀུན་ལ་མུན་བཅོམ་ཞེས་པ་སྟེ། ཚིག་གཉིས་ཀྱི་འབྲུ་མང་པོ་པའི་སྙིང་པོ་ཅན་བདུན་པ་དེའི་སྐྱེས་བུའོ། །གཏན་ཞེས་བྱ་བ་ནི་ཉེ་བའི་ཚིག་ཡིན་གྱི་དེ་དང་ཚིག་བསྡུ་བ་ནི་མ་ཡིན་ ཏེ་མི་ཟད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་མུན་པ་བཅོམ་པ་ནི་ཚིག་ཕྱི་མ་གཙོ་བོ་ཡིན་པའི་ཕྱིར་མུན་པ་བཅོམ་པ་ཉིད་གཙོ་བོ་མ་ཡིན་ནམ་ཞེ་ན། གཙོ་བོ་ཡང་བྱ་བ་གཞན་དང་འབྲེལ་པར་མཐོང་སྟེ། བ་ཁྲ་མོ་ཁྲིད་ཤོག་ཅེས་པ་བཞིན་ནོ། །དེ་བཞིན་དུ་འདིར་ཡང་ཤེས་བྱ་ཐམས་ཅད་ལ་མུན་པ་བཅོམ་པ་ནི་ བཅོམ་ལྡན་འདས་ཉིད་དུ་ཤེས་པར་བྱའོ། །ཡང་ན་དེའི་མུན་པ་བཅོམ་པ་འདི་ལྟ་བུའི་འདོད་པ་མ་ཡིན་ནོ། །འོ་ན་ཅིའི་འདོད་པ་ཡིན་ཞེ་ན། ཤེས་བྱ་ཐམས་ཅད་ལ་བཅོམ་ལྡན་འདས་མུན་པ་བཅོམ་པ་ཉིད་ན། བཅོམ་ལྡན་འདས་ཞེས་བདུན་པ་དེའི་སྐྱེས་བུར་ཡང་མི་སྦྱར་རོ། །འདི་ནི་ངེས་པར་ གཙོ་བོ་ཉིད་དང་འབྲེལ་བ་མ་ཡིན་པས་ཡོན་ཏན་དུ་གྱུར་པ་མ་ཡིན་ཏེ། དོན་ལས་འབྲེལ་པ་བསྟན་པའི་ཕྱིར་རོ། །དཔེར་ན། ཁྱོད་གདོང་ཨུཏྤལ་སྔོན་པོའི་འདབ་འདྲའི་མིག །དེ་ཡི་ཟེ་འབྲུ་དང་མཚུངས་དྲི་ལྡན་འདིའི། །ཞེས་སོ། །ཀུན་ལ་མུན་པ་བཅོམ་པ་མི་སྲིད་དོ་ཞེ་ན། མི་སྲིད་པ་ཡང་མ་ཡིན་ཏེ། སྲིད་པ་ལས་ནི་ཡོན་ཏན་དུ་གྱུར་པ་ལས་མུན་པ་བཅོམ་པ་ཉིད་ཀྱིས་ཡུལ་ཐམས་ཅད་ཤེས་པར་འགྱུར་ཏེ། ཆང་གིས་མ་མྱོས་པ་བཞིན་ནོ། །དཔེར་ན་ཆང་གི་བཏུང་བ་དང་མིག་ཉམས་པ་མིག་ཉམས་བཞིན་ནོ། །མྱོས་པའམ་མིག་ཞར་བས་བཏུང་བའི་གཞི་དང་མིག་གི་གཞི་ཤེས་པར་མི་ འགྱུར་རོ། །འོ་ན་ཅི་ཞེ་ན་གང་ཞིག་མ་མྱོས་པའམ་མ་ལོང་བ་དེས་ནི་བཏུང་བའི་ཡུལ་དང་མིག་གི་ཡུལ་ཡང་རྣམ་པར་ཤེས་སོ། །དེ་བཞིན་དུ་འདིར་ཡང་བཅོམ་ལྡན་འདས་ཀྱིས་མུན་པ་བཅོམ་པ་ནི་ཡུལ་ཐམས་ཅད་ཤེས་པར་འགྱུར་བས་མཆོག་ཏུ་མུན་པ་བཅོམ་པ་ཉིད་དེ། །དེའི་ཕྱིར་འདི་ནི་ཚིག་ གཉིས་པའི་འབྲུ་མང་པོ་པའི་སྙིང་པོ་ཅན་བདུན་པའི་སྐྱེས་བུ་ཞེས་སོ། །དེ་ལ་འབད་པ་ནི་རྣམ་པ་ཐམས་ཅད་དུའོ། །གཏན་ཞེས་བྱ་བ་ནི་དོན་ཉེ་བར་སྟོན་པ་ལྷུར་བྱེད་པ་ཡིན་གྱི་ཚིག་རྣམ་པར་སྦྱར་བ་ལྷུར་བྱེད་པ་ནི་མ་ཡིན་ལ། ཀུན་ལ་མུན་བཅོམ་ཞེས་བྱ་བ་འདི་ནི་ཚིག་རྣམ་པར་སྦྱར་བ་ལྷུར་བྱེད་ པ་ཡིན་ནོ། །དེ་ལ་མུན་པའི་རྣམ་པ་ཐམས་ཅད་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་མ་ཡིན་པ་རྣམ་པ་གཉིས་དང་། འདོད་པ་དང་གཟུགས་མེད་པ་ན་སྤྱོད་པའི་དབྱེ་བ་དང་དོན་གྱི་དབྱེ་བས་རྣམ་པ་གསུམ་མམ། སྤོང་བའི་དབྱེ་བས་རྣམ་པ་ལྔའོ། །ཤེས་བྱ་ཐམས་ཅད་ནི་སྐྱེ་མཆེད་ བཅུ་གཉིས་རྣམས་ཏེ། མདོ་ལས་བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་བར་རྣམས་སོ་ཞེས་གསུངས་པའི་ཕྱིར་རོ། །རྣམ་པ་ལྔ་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དང་འདུས་མ་བྱས་རྣམས་སོ། །རྣམ་པ་གཉིས་ ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའམ། འདུས་བྱས་དང་འདུས་མ་བྱས་སོ། །འཇིག་རྟེན་ན་ཕྱི་རོལ་གྱི་མུན་པ་ནི་བུམ་པ་ལ་སོགས་པའི་གཟུགས་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་སྐྱེ་བོ་ལོང་བ་བཞིན་དུ་བྱེད་པས་མུན་པ་ཞེས་གྲགས་ཀྱི། འདིར་ནི་ཡང་དག་པའི་དོན་མཐོང་ བའི་གེགས་སུ་གྱུར་པས་འདྲ་བའི་ཕྱིར་མི་ཤེས་པ་ཁོ་ན་མུན་པའོ་ཞེས་བསྟན་པའི་ཕྱིར་མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ་ཞེས་གསུངས་སོ། །ཡང་དག་པའི་དོན་མཐོང་བ་ནི་ཐོས་པ་དང་བསམ་པ་དང་བསྒོམས་པས་བསྡུས་པ་ཕྱིན་ཅི་མ་ལོག་པའི་ དོན་མཐོང་བའོ། །དེ་ལ་གེགས་སུ་གྱུར་པ་ནི་ཡང་དག་པའི་དོན་མཐོང་བ་དེ་ལ་གེགས་སྐྱེད་པའོ། །ཡང་དག་པ་མ་ཡིན་པའི་དོན་མཐོང་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྟེ། དེ་ལ་ནི་གེགས་སུ་གྱུར་པ་མ་ཡིན་ཏེ་མ་རིག་པས་ཕན་བཏགས་པ་ ཁོ་ན་ལས་དེ་བྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པའི་དོན་མཐོང་བ་སྨོས་པ་ནི་ཁྱད་པར་ཡིན་ནོ་ཞེས་ཁ་ཅིག་གོ། །ཟག་པ་མེད་པ་མཐོང་བ་གཙོ་བོར་གྱུར་པའི་ཕྱིར་ཡང་དག་པའི་དོན་མཐོང་བའོ་ཞེས་གཞན་དག་གོ། །འདིར་དོན་གཞན་དེ་ཉིད་ཡང་དག་པའི་དོན་དུ་བཞེད་དེ། དེ་ལྟར་ཡང་སངས་རྒྱས་ཀྱི་ཆོས་ཡུལ་དང་དུས་ཤིན་ཏུ་བསྐལ་པ་དང་དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་ནི་མ་རིག་པའི་ཞེས་བཞེད་ དོ། །ཐོས་པ་ལས་བྱུང་བ་ལ་སོགས་པས་མཐོང་བ་ཡང་དག་པའི་དོན་མཐོང་བ་ཡིན་ཏེ། འདིའི་ཤེས་བྱའི་ཡུལ་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་དོ། །དེ་དག་ལྷག་མ་མ་ལུས་ཤིང་ཕྱིན་ཅི་མ་ལོག་པ་རང་དང་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཅན་དུ་མཁྱེན་པ་ནི་ཡང་དག་པའི་དོན་མཐོང་ བར་བཞེད་དོ་ཞེས་ཤེས་པར་བྱའོ། །གཞན་གྱི་རྣམ་པ་འབའ་ཞིག་ཉིད་ནི་མ་ཡིན་ཏེ། ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་སྤོང་བའི་དབང་དུ་བྱས་ནས་ཤེས་བྱ་ཐམས་ཅད་ལ་ཞེས་གསུངས་པའི་ཕྱིར་རོ། །གཉེན་པོ་བརྙེས་པས་ཞེས་བྱ་བ་ལ་མི་མཐུན་པའི་ཕྱོགས་སྤོང་བར་ བྱེད་པའི་ཕྱོགས་ནི་གཉེན་པོ་སྟེ། དེ་ཡང་གཅིག་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། འདི་ལྟར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་བཅོམ་ལྡན་འདས་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དང་ཐམས་ཅད་ལ་ཐོགས་པ་མི་མངའ་བའི་ཡེ་ཤེས་ཀྱི་ནུས་པ་མངའ་བར་འགྱུར་རོ་ཞེས་ཟེར་རོ། །དེ་བརྙེས་པ་ ནི་མངོན་དུ་གྱུར་པའི་ངོ་བོས་སོ། །དེ་དང་པོར་ཐོབ་པས་སོ་ཞེས་གཞན་དག་གོ། །འདི་ནི་བསམ་པར་བྱ་སྟེ། རྡོ་རྗེ་ལྟ་བུ་ཉིད་ཀྱིས་དེ་མ་སྤངས་པའི་ཕྱིར་རོ། །མཐོང་བས་སྤང་བར་བྱ་བ་རྣམས་ལས་སྲིད་པའི་རྩེ་མོ་པ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་ལས་གཞན་ བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་ཀྱི་གཉེན་པོ་མ་ཡིན་ཞེས་གཞན་དག་སེམས་ཏེ། རྡོ་རྗེ་ལྟ་བུ་ཁོ་ན་ནི་མ་ཡིན་པར་བཞེད་དོ། །འོ་ན་ཅི་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་སྤོང་བའི་ལམ་ཐམས་ཅད་ཉིད་དེའི་གཉེན་པོར་བཞེད་དེ། ཟག་པ་མེད་པའི་ཡེ་ཤེས་དང་དེའི་འཕྲིན་ལས་གཉེན་ པོ་ཉིད་ཡིན་པའི་ཕྱིར་ཉེ་བ་གཉེན་པོ་ཉིད་དུ་བཟུང་ནས་སོ་ཞེས་གཞན་དག་གོ། །གཉེན་པོ་བརྙེས་ནས་བཅོམ་གྱི་ངོ་བོ་ཉིད་འདོད་རྒྱལ་དང་དམ་པ་སྦྱིན་པའི་མཐུས་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཤིན་ཏུ་མཐར་ཐུག་པའི་གཉེན་པོ་བརྙེས་ནས་བཅོམ་སྟེ་ཞེས་བྱ་བ་ནི་དེའི་སོ་སོར་བརྟགས་པའི་འགོག་ པ་བརྙེས་པ་སྟོན་པར་བྱེད་ལ། ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་འདིས་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་བརྙེས་པ་སྟོན་པར་བྱེད་དེ། དེ་ལྟ་ཡིན་དང་སྟོན་པ་མུན་པ་སྤངས་པ་དང་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཉིད་དུ་གསལ་བར་བྱས་པར་འགྱུར་ཏེ་སོ་སོར་ བརྟགས་པའི་འགོག་པ་བརྙེས་པའི་ཕྱིར་རོ་ཞེས་གཞན་དག་སེམས་སོ། །གཞན་དེ་བཅོམ་ཞེས་པ་འདི་ཉིད་ཀྱིས་སོ་སོར་བརྟགས་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པ་བཤད་དོ། །སོ་སོར་བརྟགས་པའི་འགོག་པ་འབའ་ཞིག་ཐོབ་པ་ལས་ཤིན་ཏུ་བཅོམ་པས་སླར་སྐྱེ་ཞིང་ འབྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་འདས་པ་དང་མ་འོངས་པ་དག་ནི་ཉམས་པ་ལས་མི་སྐྱེ་བའི་ཕྱིར་དང་ད་ལྟར་བྱུང་བ་ནི་འགོག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་སྤངས་པ་མེད་དོ་ཞེས་དོགས་པ་བསལ་བའི་ཕྱིར་གསུངས་པ། ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་ཞེས་པ་ནི། ཇི་ལྟར་སྔར་ ཡོད་པ་མ་ཡིན་པའི་གཉེན་པོ་ཐོབ་པ་སྐྱེད་པར་བྱེད་ལ། དེ་ལྟར་གཉེན་པོ་ཐོབ་པ་ལ་ཕྱིས་མི་སྐྱེ་བ་ཡོད་ཅེས་པ་སྟེ། གཉེན་པོ་ཐོབ་པས་བཅོམ་པ་ཞེས་བརྗོད་པར་བྱའོ། །གཞན་དག་ནི་མི་ཤེས་པའི་རྣམ་པ་འགའ་ཞིག་ལ་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པས་ཤིན་ཏུ་སྤངས་པ་མཐར་ཕྱིན་ པར་སྤངས་པ་ལ་ཡང་ཀུན་ཏུ་སྤྱོད་པ་འབྱུང་བས་ཁྱད་པར་དུ་བྱེད་དོ་ཞེས་སེམས་སོ། །ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་བཅོམ་པ་ནི། ཇི་ལྟར་གཞན་རྣམས་ཀྱི་ཡང་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ཙམ་ལས་ནི་མ་ཡིན་ཞེས་གཞན་དག་ཟེར་རོ། །གཉེན་པོ་བརྙེས་པས་གནས་ ཡོངས་སུ་གྱུར་ཏེ་ཕྱིས་ཤིན་ཏུ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་བཅོམ་པ་སྟེ། དེ་ལྟར་ཡང་ཉོན་མོངས་པ་སྐྱེད་པ་དང་འགལ་བའི་སྐྱེ་མཆེད་དྲུག་གི་ལམ་སྐྱེད་པའི་རྐྱེན་དང་ཉོན་མོངས་པ་སྐྱེད་པའི་ས་བོན་གྱི་སྐྱེ་མཆེད་དྲུག་སྐྱེད་པ་ལ་འགལ་བ་ཉིད་དང་སྡུག་བསྔལ་ལ་ཆོས་ ཤེས་པའི་བཟོད་པ་མངོན་དུ་གྱུར་པའི་ཕྱིར་དེའི་སྤང་བྱ་ཉོན་མོངས་པ་ལྡོག་པའི་རྒྱུར་གྱུར་པའི་སྐྱེ་མཆེད་དྲུག་སྐྱེད་པར་བྱེད་དོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་མངོན་དུ་གྱུར་པའི་ཕྱིར་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པའི་ས་བོན་མ་ལུས་པ་ལྡོག་པའི་སྐྱེ་མཆེད་ དྲུག་སྐྱེད་པར་བྱེད་དོ། །དེ་སྐྱེས་པས་རྟེན་དང་ས་བོན་མེད་པའི་ཕྱིར་ཕྱིས་ཀུན་ཏུ་རྨོངས་པ་མི་སྐྱེ་བར་བྱེད་དོ། །དེས་ན་ཕྱིས་ཤིན་ཏུ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་བཅོམ་པ་ཞེས་བརྗོད་པར་བྱའོ། །དེ་ལ་ཡང་གཉེན་པོ་བརྙེས་པས་ཤིན་ཏུ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་བཅོམ་ཞེས་འདི་དང་ མངོན་པར་འབྲེལ་པས་འགའ་ཞིག་ནི་མི་ཤེས་པ་ཅུང་ཟད་ཀྱི་གཉེན་པོ་ཐོབ་པས་དེ་ལ་དམིགས་པའི་ཉོན་མོངས་པ་བཅོམ་ཡང་འགའ་ཞིག་གི་ཚེ་ས་བོན་སྐྱེ་བ་ཡོད་པས་བཅོམ་ལྡན་འདས་ནི་གཉེན་པོ་བརྙེས་པས་མི་ཤེས་པ་མ་ལུས་པའི་ས་བོན་དྲུངས་ནས་ཕྱུང་བའི་ཕྱིར་ན་ཕྱིས་ཤིན་ཏུ་མི་སྐྱེ་བའི་ཕྱིར་བཅོམ་ ཞེས་སྟོན་པར་བྱེད་དོ། །དེ་ཡང་གང་གིས་ཇི་ལྟར་ཡུལ་གང་དུ་བཅོམ་ཞེ་ན་དེ་བསྟན་པའི་ཕྱིར་ཀུན་ལ་མུན་པ་གཏན་བཅོམ་ཞེས་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་འདིས་ནི་ཤེས་བྱ་ཐམས་ཅད་ལ་མུན་པ་གཏན་དུ་བཅོམ་པས་མཁྱེན་ནོ། །གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་འདིས་ ཀུན་ལ་མུན་པ་གཏན་དུ་བཅོམ་ཞེ་ན། ཤེས་བྱའི་རྣམ་པ་ཐམས་ཅད་ཀྱི་མུན་པ་མུན་ནག་ནི་གཉེན་པོ་བརྙེས་པས་ཕྱིས་ཤིན་ཏུ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་བཅོམ་པའོ། །འདིས་ཀྱང་བཅོམ་ལྡན་འདས་རང་གི་དོན་ཕུལ་དུ་ཕྱིན་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་དང་སྤངས་པ་ཕུན་སུམ་ཚོགས་ པར་ཡང་བཤད་དོ། །དེ་ལ་ཀུན་ལ་མུན་བཅོམ་ཞེས་པས་ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ་ཤེས་བྱ་ཐམས་ཅད་མཁྱེན་པ་ལ་གེགས་སུ་གྱུར་པའི་མུན་པ་སྤོང་བའི་ཐབས་བསྟན་པ་དང་བཅོམ་ལྡན་འདས་ཀྱི་མཁྱེན་པ་ཡུལ་ཐམས་ཅད་ལ་མ་ཆགས་མ་ཐོགས་པར་འཆད་པར་བྱེད་དོ། །ཀུན་ལ་ མུན་པ་བཅོམ་ཞེས་པ་འདིས་སྤངས་པ་ཕུན་སུམ་ཚོགས་པ་ཡང་བསྟན་ཏེ་འཇིག་རྟེན་པ་རྣམས་ལ་ཉོན་མོངས་པ་ཅན་གྱི་མི་ཤེས་པ་མ་ལུས་པར་སྤངས་པ་མི་སྲིད་པའི་ཕྱིར་རོ། །སྤངས་པ་ཡང་ཕྱིས་སྐྱེ་བ་སྟེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཀུན་ཏུ་སྤྱོད་ པའི་ཕྱིར་རོ། །དེ་དག་གི་སྤངས་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཁོ་ནའི་སྤངས་པ་ནི་ཀུན་ཏུ་རྨོངས་པའི་རྣམ་པ་ཐམས་ཅད་ཕྱིས་ཤིན་ཏུ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་སྤངས་པ་ཕུན་སུམ་ཚོགས་པར་རྣམ་པར་གཞག་པར་བྱའོ། །གལ་ཏེ་འདོད་ཆགས་ལ་ སོགས་པ་དག་ཀྱང་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་རྣམ་པ་ཐམས་ཅད་དུ་བཅོམ་པ་མ་ཡིན་ན། ཅིའི་ཕྱིར་མི་ཤེས་པ་བཅོམ་པ་ཁོ་ནའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་ཅེ་ན། མི་ཤེས་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །གཞན་ཡང་སྟོན་པ་ཉིད་ ཕུན་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར་རོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་ཡང་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་འགྲོ་བ་འཁོར་བའི་འདམ་ནས་འདྲེན་པར་མཛད་པའི་སྦྱོར་བ་སྟེ། གཞན་གྱི་དོན་ལ་རབ་ཏུ་མི་སྦྱོར་བའམ། ཕྱིན་ཅི་ལོག་ཏུ་སྦྱོར་བ་ནི་བསྟན་པ་མ་ཡིན་ནོ། ། དེ་ལ་ཤེས་བྱ་ཐམས་ཅད་མཁྱེན་པ་ལ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་མུན་པ་བཅོམ་པར་བསྟན་པས་ནི་བཅོམ་ལྡན་འདས་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་མངའ་བར་རྟོགས་པར་བྱེད་དོ། །གཞན་གྱི་ཉོན་མོངས་པ་བཅོམ་པར་བརྗོད་པ་ནི་མ་ཡིན་པའི་ཕྱིར་དོན་དམ་པ་ལ་རབ་ཏུ་སྦྱོར་བ་ཡང་ ཚིགས་སུ་བཅད་པའི་རྐང་པ་གཉིས་པ་དང་རྐང་པ་གསུམ་པས་བསྟན་ཏོ། །ཡང་ན་རང་གི་དོན་ཕུལ་དུ་བྱུང་བའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་བཅོམ་པ་ཉིད་གསུངས་ཀྱི་གཞན་གྱི་ཉོན་མོངས་པ་བཅོམ་པ་ནི་མ་ཡིན་ནོ། །ཡེ་ཤེས་ཕུན་སུམ་ཚོགས་པ་དང་སྤངས་པ་ཕུན་སུམ་ཚོགས་པ་ཡང་ སྟོན་པའི་བདག་ལ་ཕན་པ་ཕུལ་དུ་བྱུང་བའོ། །གཞན་གྱི་ཉོན་མོངས་པ་བཅོམ་པ་མ་ཡིན་པའི་ཕྱིར་གཉི་ག་ཡང་འདིས་སྒྲུབ་པར་ནུས་པས་ན་མུན་པ་བཅོམ་པ་ཉིད་བཤད་དོ། །ཡང་ན་ཉོན་མོངས་པ་ཐམས་ཅད་སྤངས་པར་བསྟན་པའི་ཆེད་ཁོ་ནར་གསུངས་པར་འགྱུར་ཏེ། གང་གི་ཕྱིར་མི་ཤེས་པ་ནི་ ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་ཞིང་ཀུན་ཏུ་རྨོངས་པ་དང་ཅིག་ཤོས་སླར་མི་སྐྱེ་བ་མ་ཡིན་པས་དེ་ལྟར་ཉོན་མོངས་པ་གཞན་དང་ཉོན་མོངས་པ་ཐམས་ཅད་མཚུངས་པར་ལྡན་ནོ། །དེའི་ཕྱིར་མི་ཤེས་པ་སྤངས་པས་ཅིག་ ཤོས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངས་པ་ནི་མ་བརྗོད་ཀྱང་གྲུབ་པ་ཉིད་དེ་གཉེན་པོ་གཅིག་པའི་ཕྱིར་རོ། །ཡང་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བཅོམ་པས་འདོད་ཆགས་ལ་སོགས་པ་ཀུན་ལ་གཏན་བཅོམ་པར་བརྗོད་པ་ ཡོད་དོ་ཞེ་ན་མ་ཡིན་ཏེ། དེ་རྣམས་དང་སྟོན་པ་ལ་ཁྱད་པར་བརྗོད་པས་སྟོན་པ་དང་དེ་རྣམས་མུན་པ་བཅོམ་པར་མཚུངས་པ་མ་ཡིན་ཏེ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པའི་ཕྱིར་རོ། །ཀུན་ལ་མུན་པ་གཏན་བཅོམ་ཞེས་གཉིས་མངོན་ པར་བརྗོད་པའི་དོན་ཅི་ཡིན་ཞེ་ན། གཞན་དུ་བརྗོད་ན་བཅོམ་ལྡན་འདས་དང་གཞན་རྣམས་ལ་ཁྱད་པར་མ་བཤད་པར་འགྱུར་བས་སོ། །དེ་ལྟར་ཡང་ཅི་སྟེ་མུན་པ་ཀུན་བཅོམ་ཞེས་བརྗོད་ན། དེ་ལྟ་ན་ཉན་ཐོས་ལ་སོགས་པ་རྣམས་ལ་ཡང་ཐལ་བར་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་ཉོན་མོངས་ པ་ཅན་གྱི་མི་ཤེས་པ་སྤངས་པའི་ཕྱིར་རོ། །གལ་ཏེ་མུན་པ་གཏན་བཅོམ་ཞེས་བརྗོད་ན། དེ་ལྟ་ན་སངས་རྒྱས་ཀྱི་ཆོས་ཤིན་ཏུ་བསྐལ་བའི་ཡུལ་དང་དུས་དང་རབ་ཏུ་དབྱེ་བ་དཔག་ཏུ་མེད་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་དང་མ་བྲལ་བའི་ཕྱིར་ཉན་ཐོས་ལ་སོགས་པ་ རྣམས་ཀྱང་མུན་པ་ཀུན་བཅོམ་པ་ཉིད་དུ་ཐལ་ལོ། །དེའི་ཕྱིར་དེ་དག་རྣམ་པར་གཅད་པའི་ཕྱིར་གཉི་ག་བརྗོད་དོ། །ཡང་ན་སྟོན་པ་ལས་གཞན་ལ་ཀུན་ཏུ་རྨོངས་པ་གཏན་སྤངས་པ་མི་སྲིད་པས་དེ་བཞིན་ནོ། །འོ་ན་མུན་པ་གཏན་བཅོམ་ཞེས་བརྗོད་ན་སྟོན་པའི་སྤངས་པ་ཕུན་སུམ་ཚོགས་པ་ཁོ་ན་ ཕན་པར་འགྱུར་གྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་མ་ཡིན་ནོ་ཞེ་ན། སྤངས་པ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཡེ་ཤེས་ཕུན་སུམ་ཚོགས་པ་རྟོགས་པར་འགྱུར་བ་མ་ཡིན་ནམ། ཏང་བི་ནཱ་བྷཱ་བི་ཏྭཱཏ། ཡ་རྒྱ་སྱེ་ཏ་དེ་བ་ཏ་ཐླ་བི་ཡ་བྱཱ་བྷཱ་བླ་དླ་བྱེ་བཱ་པྲ་ཧཱ་ཎཱཊ། བྱང་ཆུབ་ཀྱི་བར་དུ་བདག་ལ་ཕན་པ་ཕུན་སུམ་ ཚོགས་པ་ཉིད་ཀྱིས་ཡེ་ཤེས་ཕུན་སུམ་ཚོགས་པ་བསྒྲུབས་པས་དེའི་གཉེན་པོ་བརྙེས་པས་དེའི་ངོ་བོའམ་དེ་སྤང་བའི་ཕྱིར། སྟོན་པའི་སྤངས་པ་དང་ཡེ་ཤེས་ཁྱད་པར་འཕགས་པ་ནི་རང་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་འབྱུང་བའི་རང་བཞིན་དུ་བསྟན་པར་འགྱུར་རོ། །འོ་ན་ཉན་ཐོས་ལ་ སོགས་པ་རྣམས་ལ་ཡང་ཤེས་བྱ་ཐམས་ཅད་ལ་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་སྤངས་པ་ཡོད་པ་མ་ཡིན་ནམ་ཞེ་ན། གང་གི་ཕྱིར་སྤངས་པ་འགའ་ཞིག་གི་རྣམ་པས་དེ་རྣམས་མི་སློབ་པ་ཉིད་ཁོ་ནར་འགྱུར་བ་ཡིན་ནོ། །གལ་ཏེ་དེ་ཉིད་འདིར་ཀུན་ཏུ་སྤྱོད་པ་སྤངས་ པར་འདོད་ཀྱི་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ནི་འཆད་པར་འདོད་པ་མ་ཡིན་ཏེ་ཉན་ཐོས་ལ་སོགས་པ་རྣམས་དང་མཚུངས་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་ལ་ཡང་ཤེས་བྱ་ཐམས་ཅད་ལ་ཉོན་མོངས་པ་ཅན་གྱི་ཡིད་ཕྱིས་ཤིན་ཏུ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར། ཀུན་ཏུ་སྤྱོད་པ་ སྤངས་པ་ཡོད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ལ་ཡང་མུན་པ་ཀུན་བཅོམ་པ་ནི་འདོད་ཀྱི་ཞེས་གསུངས་ཏེ་ཡང་དག་པའི་གདམས་ངག་གི་འབྲས་བུ་སྒྲོག་པར་བྱེད་པས་ན་ཉན་ཐོས་སོ། །བདག་ཉིད་གཅིག་པུ་སོ་སོར་སངས་རྒྱས་པས་ན་རང་ སངས་རྒྱས་རྣམས་ཏེ། དེ་དག་ནི་བདག་ཉིད་གཅིག་པུ་འདུལ་བར་བྱེད་ཀྱི་གཞན་ནི་མ་ཡིན་ནོ། །འདོད་མོད་ཀྱི་ཞེས་བྱ་བ་ནི་ཁས་བླངས་ནས་ལན་བརྗོད་པར་འདོད་པས་ཡིན་མོད་ཀྱི་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ཅན་གྱི་ཀུན་ཏུ་རྨོངས་པ་དང་བྲལ་བའི་ཕྱིར་ཞེས་བྱ་བས་ནི་ཀུན་ལ་མུན་ པ་བཅོམ་པ་སྟོན་པར་བྱེད་དོ། །གལ་ཏེ་ཉན་ཐོས་ལ་སོགས་པ་རྣམས་ཐམས་ཅད་དུ་ཉོན་མོངས་པ་ཅན་གྱི་ཀུན་ཏུ་རྨོངས་པ་དང་གཏན་བྲལ་བར་མི་འགྱུར་ན་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་མི་འགྱུར་ཏེ། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་ མོངས་པ་རྣམས་ནི་ཉོན་མོངས་པ་ཅན་གྱིས་ཀུན་ཏུ་རྨོངས་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །ཡང་ཅི་ལྟར་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པས་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཀུན་ནས་ཉོན་མོངས་པ་གསུམ་ལྡོག་པར་འགྱུར་ཞེ་ན། ཉོན་མོངས་པ་ཅན་ཉིད་ཀུན་ནས་ཉོན་མོངས་པའི་ རྒྱུ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཉོན་མོངས་པ་ཅན་ཉིད་ཁོ་ན་བདེན་པའི་དོན་མཐོང་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་རྒྱུའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་བདེན་པའི་དོན་མཐོང་བའི་མི་མཐུན་པའི་ཕྱོགས་མ་ཡིན་པས་ དེ་ནི་སངས་རྒྱས་ཀྱི་ཆོས་ལ་སོགས་པ་མཁྱེན་པའི་མི་མཐུན་པའི་ཕྱོགས་ཉིད་དེ། བདེན་པའི་དོན་མཐོང་བ་ལས་གཞན་དུ་ཡེ་ཤེས་འཇུག་པའི་གེགས་སུ་གྱུར་པའི་ཕྱིར་དེ་ནི་སངས་རྒྱས་རྣམས་ཁོ་ནའི་སྒྲིབ་པ་བརྗོད་པར་བྱའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མ་ཡིན་ནོ། །ཉན་ཐོས་ དང་རང་སངས་རྒྱས་ཀྱི་ནི་ཉོན་མོངས་པ་ཅན་ཁོ་ན་ཡེ་ཤེས་ལ་སྒྲིབ་པའོ། །གཏན་ནས་ནི་མ་ཡིན་ཏེ་ཞེས་པ་ཅི་ཞེ་ན། མུན་པ་བཅོམ་པ་ཞེས་བྱ་བ་དང་སྦྱར་ཏེ། སྐབས་སུ་བབ་པའི་ཕྱིར་རོ། །འདི་ལྟར་དེ་དག་ལ་ཞེས་རྒྱས་པར་བརྗོད་པ་དེའི་ཚེ། ཧ་ཞེས་པ་གང་གི་ཕྱིར་ཞེས་བྱ་བའི་ ཐ་ཚིག་གོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཏེ། དེ་དག་ནི་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཤེས་པའི་ཡུལ་ལས་འདས་པས་དེ་ལ་ཐམས་ཅད་མཁྱེན་པ་ལས་གཞན་པ་རྣམས་ཀྱི་ཤེས་པ་མི་ འཇུག་གོ། །དེ་ཉིད་ཀྱི་ཕྱིར་ཐོགས་པ་མེད་པའི་དོན་གྱིས་ཐམས་ཅད་མཁྱེན་པ་རྣམས་ཁོ་ན་ཡེ་ཤེས་ཀྱི་སྟོབས་ཅན་དུ་བརྗོད་པར་བྱའི་གཞན་རྣམས་ནི་མ་ཡིན་ནོ། །གཞན་དུ་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཁྱད་པར་འཕགས་པ་ཉིད་དུ་ཡང་མི་འགྱུར་རོ། །མདོ་ལས་ཀྱང་། ཤཱ་རིའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང་རྣམ་པར་གྲོལ་བའི་ཕུང་པོ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཤེས་སམ་ཞེས་དྲིས་པ་དང་། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ་ཞེས་གསུངས་ཏེ། དེའི་ཕྱིར་སངས་ རྒྱས་ཀྱི་ཆོས་རྣམས་ལ་སངས་རྒྱས་ལས་གཞན་པའི་ཤེས་པ་མི་འཇུག་གོ། །དེའི་ཕྱིར་ཉན་ཐོས་ལ་སོགས་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་ཀྱི་ཡུལ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་དོ་ཞེས་བྱ་བར་གསུངས་སོ། །ཡུལ་དང་དུས་ཤིན་ཏུ་བསྐལ་པ་དང་དོན་ཞེས་བྱ་བ་ལ་ ཡུལ་ཤིན་ཏུ་བསྐལ་པ་ནི་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ཕྲག་དུ་མས་ཆོད་པའི་གཞིའི་ཡུལ་རྣམས་སོ། །འོ་ན་རྣམ་པར་རིག་བྱེད་མ་ཡིན་པ་གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ཡུལ་ན་མི་གནས་པ་ཉིད་ཀྱིས་ཅི་ལྟར་ན་དེ་དག་ཡུལ་གྱིས་བསྐལ་ཞེ་ན། དེ་བསྐྱེད་པའི་རྟེན་གྱི་ཡུལ་ བསྐལ་པའི་ཕྱིར་དེ་དག་ཀྱང་ཡུལ་གྱི་བསྐལ་པར་བརྗོད་པར་བྱའོ། །དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་པ་གྲངས་མེད་མཐོང་། །ཞེས་གསུངས་པའི་ཕྱིར་ཡུལ་ཤིན་ཏུ་བསྐལ་པའི་དོན་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་མི་འཇུག་ སྟེ། གནས་བརྟན་མཽངྒལ་གྱི་བུས་རང་གི་མ་སྐྱེས་པའི་ཡུལ་ཡོངས་སུ་མ་ཤེས་པ་དཔེར་བརྗོད་པར་བྱའོ། །དུས་ཤིན་ཏུ་བསྐལ་པ་ནི་འདས་པ་དང་མ་འོངས་པའི་བསྐལ་པ་དུ་མས་ཆོད་པ་རྣམས་ཏེ། དེ་ལ་ཡང་དེ་རྣམས་ཀྱི་ཤེས་པ་ཐོགས་པ་ཁོ་ན་སྟེ། གང་གི་དབང་དུ་མཛད་ནས་ བཅོམ་ལྡན་འདས་ཀྱིས། ང་ཡིས་འདི་ཡི་ཐར་པ་ཡི། །ས་བོན་ཤིན་ཏུ་ཕྲ་བ་ཡང་། །ཚོན་དང་རྡོ་ཡི་གསེང་ན་གསེར། །བག་ལ་ཞ་བ་ལྟ་བུར་གཟིགས། །ཞེས་གསུངས་ཏེ། གནས་བརྟན་ཤཱ་རིའི་བུས་རབ་ཏུ་འབྱུང་བར་འོས་པའི་སྐྱེས་བུ་ཕྱིར་བཏང་བ་དཔེར་བརྗོད་པར་བྱའོ། ། བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་ཆོས་ཡུལ་དང་དུས་ཤིན་ཏུ་བསྐལ་པ་རབ་ཏུ་དབྱེ་བ་མཐའ་ཡས་པ་སྟེ། ཁམས་དང་ས་དང་འགྲོ་བ་དང་སྐྱེ་གནས་དང་རིགས་དང་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པ་སྤངས་པ་ལ་སོགས་པས་ཕྱེ་བ་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉན་ ཐོས་དང་རང་སངས་རྒྱས་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཡང་། རྨ་བྱའི་མདོངས་ནི་གཅིག་པུ་ལ། །རྒྱུ་ཡི་རྣམ་པ་ཐམས་ཅད་དག །ཀུན་མཁྱེན་མིན་པའི་ཤེས་བྱ་མིན། །དེ་ཤེས་ཀུན་མཁྱེན་སྟོབས་ཡིན་ནོ། །ཞེས་གསུངས་སོ། །དངོས་ པོའི་རང་བཞིན་ཤེས་པ་ལ་ཐོགས་པ་ནི་དེའི་རབ་ཏུ་དབྱེ་བ་ཤེས་པ་ལ་འོ། །སངས་རྒྱས་ཀྱི་ཆོས་ཡུལ་དང་དུས་ཤིན་ཏུ་བསྐལ་པ་དང་དོན་རྣམས་ལ་ཞེས་པ་ནི་དངོས་པོའི་རང་བཞིན་ཉིད་དོ། །ཉན་ཐོས་ལ་སོགས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པས་ཞེས་པ་ནི་སངས་རྒྱས་ཀྱི་ ཆོས་ལ་སོགས་པའི་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཆགས་ཤིང་ཐོགས་པ་དང་འབྲེལ་བའོ། །དེ་ལ་རབ་ཏུ་དབྱེ་བ་ཤེས་པ་ཆགས་པ་མེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་ཁོང་དུ་ཆུད་པ་སྟེ། དེའི་རབ་ཏུ་དབྱེ་བ་རྣམས་ཁོང་དུ་ཆུད་པའི་ངོ་ བོར་བཤད་པའི་ཕྱིར་རོ། །གཞན་དུ་སངས་རྒྱས་ཀྱི་ཆོས་ཡུལ་དང་དུས་ཆོས་ཉེ་བ་ཉིད་ཀྱི་དོན་ཏེ་རབ་ཏུ་དབྱེ་བ་མཐའ་ཡས་པ་ཞེས་པ་དང་ཡང་སྦྱར་རོ། །དེ་ལྟར་ན་འདིར་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མི་ཤེས་པའི་རྒྱུ་རྣམ་པ་བཞི་བཤད་པར་འགྱུར་ཏེ། ཤེས་བྱ་རིང་བ་ཉིད་དང་ཡུལ་རིང་བ་ཉིད་ དང་དུས་རིང་བ་ཉིད་དང་རབ་ཏུ་དབྱེ་བ་རིང་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། ཤེས་བྱ་ཡུལ་དང་རབ་དབྱེ་དང་། །དུས་ནི་རིང་བ་ཉིད་དང་ཡང་། །རིང་བ་ཉིད་བཞིར་རབ་བཤད་པ། །རྫོགས་སངས་རྒྱས་ཀྱིས་རབ་ཏུ་མཁྱེན། །ཞེས་བཤད་དོ། །གང་གི་ཕྱིར་དེ་ལྟར་ཉན་ཐོས་ལ་སོགས་པ་ རྣམས་ལ་ནི་སངས་རྒྱས་ཀྱི་ཆོས་ལ་སོགས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་ཡིན་པ་དང་ཡེ་ཤེས་དེའི་གེགས་ཙམ་བྱེད་པ་དེའི་ཕྱིར་དེ་དག་ཀུན་ལ་མུན་པ་གཏན་བཅོམ་པ་ཡིན་ནོ། །ཡང་ཅིའི་ཕྱིར་འདིར་ཀུན་ཏུ་རྨོངས་པའི་དངོས་པོ་རྣམ་པ་དུ་མ་བསྟན་ཅེ་ན། རྣམ་པ་གཅིག་བསྟན་པས་ཀྱང་ཉན་ཐོས་ལ་སོགས་པ་རྣམས་ཀྱི་མུན་པ་བཅོམ་པ་གཏན་དུ་མ་ཡིན་པ་རྟོགས་པར་འགྱུར། ཡང་དེ་ལས་བཟློག་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་ཅན་གྱི་ཀུན་ཏུ་རྨོངས་པ་ཐམས་ཅད་དུ་སྤངས་པ་བསྟན་པའི་ཕྱིར་རྣམ་པ་དུ་མ་བསྟན་པས་ཤིན་ ཏུ་གསལ་བར་ཤེས་པར་འགྱུར་བས་ན་འདི་ལ་སྐྱོན་ཡོད་པ་མ་ཡིན་ཏེ། མདོ་སྡེའི་སྟོབས་དང་སྟོབས་མ་ཡིན་པ་བསམས་ཏེ་བཤད་ཅིང་དོན་བསྡུས་ནས་རྣམ་པར་འགྲེལ་པ་ལ་འཇུག་པའི་ཕྱིར་རོ། །དེ་ལྟར་བདག་ལ་ཕན་པ་བསྒྲུབ་པ་ཕུན་སུམ་ཚོགས་པས་ཡང་དག་པར་བསྟན་ནས་ཞེས་བྱ་ བ་ལ་དེ་ལྟར་བྱེད་པ་ནི་ཇི་སྐད་བཤད་པའི་བསྟོད་པའི་རྣམ་པ་བསྟན་པར་བྱ་བའི་ཕྱིར་རོ། །བདག་ཅེས་བྱ་བ་ནི་ངའོ་སྙམ་པའི་ང་རྒྱལ་སྐྱེད་པ་ཕུང་པོའི་རྒྱུད་དོ། །བདག་ལ་ཕན་པའི་ཕྱིར་བསྒྲུབ་པ་ནི་བདག་ལ་ཕན་པ་སྒྲུབ་པའོ། །གང་ལས་བདག་ལ་ཕན་པ་འཐོབ་པའི་བདག་ལ་ ཕན་པ་ཡང་འདིར་ཐམས་ཅད་ཤེས་པ་ཉིད་ལ་མངོན་པར་འདོད་ལ། དེ་ཡང་མུན་པ་བཅོམ་པ་ལས་འཐོབ་པའི་ཕྱིར་མུན་པ་བཅོམ་པ་ནི་འདིར་བདག་ལ་ཕན་པ་སྒྲུབ་པའོ། །དེའི་ཕུན་སུམ་ཚོགས་པ་ནི་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་སྤངས་པའོ། །ཡང་ན་བདག་ལ་ཕན་པ་ནི་ ཀུན་ཏུ་རྨོངས་པ་སྤངས་པ་སྟེ། དེ་ཡང་འདོད་རྒྱལ་ལམ་དམ་པ་སྦྱིན་པའི་མཐུས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་གཉེན་པོ་བརྙེས་པས་སོ། །གཉེན་པོ་བརྙེས་པས་བདག་ལ་ཕན་པ་སྒྲུབ་པ་དེ་ནི་ཡུལ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མི་ཤེས་པའི་གཉེན་པོ་ཕུན་སུམ་ཚོགས་པ་ཉིད་དོ། ། ཡང་ན་བདག་ལ་ཕན་པའི་ཕྱིར་བསྒྲུབ་པ་ནི་བདག་ལ་ཕན་པ་སྒྲུབ་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ཉིད་དོ། །དེའི་འབྲས་བུ་ཕུན་སུམ་ཚོགས་པ་གྲུབ་པ་ནི་བཤད་མ་ཐག་པའི་ཡེ་ཤེས་ཕུན་སུམ་ཚོགས་ པ་དང་སྤངས་པ་ཕུན་སུམ་ཚོགས་པའོ། །དེས་ན་བདག་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པས་ཡང་དག་པར་བསྟོད་ནས་ཞེས་པ་གཏན་ཚིགས་ལ་གསུམ་པའོ། །ཡོན་ཏན་ཕུལ་དུ་བྱུང་བ་བརྗོད་པ་ནི་བསྟོད་པ་སྟེ། བསྟོད་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པའི་གཏན་ཚིགས་སམ་རྒྱུའོ། ། ཡང་ན་བདག་ལ་ཕན་པ་ནི་བླ་ན་མེད་པའི་ཡེ་ཤེས་དང་སྤངས་པ་སྟེ། དེ་སྒྲུབ་པ་ནི་དེ་རྟོགས་པ་དང་དེ་ཐོབ་པའི་བྱེད་པ་སྟེ། བླ་ན་མེད་པའི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་ཤིང་རབ་ཏུ་གྱུར་པ་ཐོབ་པར་བྱེད་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་དང་འབྲས་བུ་ཐམས་ཅད་ ཀྱང་གཞན་གྱི་དོན་ཉིད་ཡིན་ཏེ། ཇི་སྐད་དུ། ཁྱོད་ཀྱི་བསོད་ནམས་བསོད་ནམས་འབྲས་བུ་གང་ལགས་ཀུན། །གཞན་གྱི་དོན་ཏེ་བདག་ཕྱིར་མིན་ཞེས་གསུངས་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་ན་བདག་ལ་ཕན་པ་སྒྲུབ་པར་བརྗོད་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ལ་ཕན་པའི་ཕྱིར་ བསྒྲུབ་པའི་ཕན་ཡོན་དང་འབྲས་བུ་ནི་བདག་ལ་ཕན་པའི་འབྲས་བུ་ཉིད་ཡིན་པའི་ཕྱིར་བདག་ལ་ཕན་པའི་སྒྲུབ་པ་ཞེས་བརྗོད་པས་འདི་ལ་ཉེས་པ་མེད་དོ། །ཇི་སྐད་དུ། གང་འདིར་ཤེས་རབ་ཡོན་ཏན་གཙོ་བོར་གཞན་གྱི་དབང་བཟུང་ནས། །བཅོམ་ལྡན་འགྲོ་བར་འཕྲིན་ལས་བསོད་ནམས་འབྲས་བུ་མི་ ཟད་པ། །ཉེ་བར་བཟུང་བ་དེ་རྣམས་གཞན་དུ་གྱུར་ལས་བཅོམ་ལྡན་གྱི། །འགྲོ་ལ་ཡོངས་སུ་བསྔོ་བ་འདི་ནི་དོན་མེད་གྱུར་མ་ལགས། །དེའི་ཕྱིར་ཇི་ལྟར་འགོད་པ་ཉིད་ལ་རག་གོ། །ཡང་བཅོམ་ལྡན་འདས་དེ་ཉིད་ལ་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་བཅོམ་ ལྡན་འདས་དེ་ཉིད་ལ་རྣམ་པ་གཞན་གྱི་སྒོ་ནས་བསྟོད་པ་བརྗོད་པ་མཚོན་པར་བྱེད་པའོ། །གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པས་བསྟོད་པ་ནི་ཞེས་གཞན་ལ་ཕན་པའི་ཕྱིར་བསྒྲུབ་པ་ནི་གཞན་ལ་ཕན་པའོ། །དེ་ཡང་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་ས་ལ་འགོད་ པར་བྱེད་པ་སྟེ། འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །ཞེས་གང་གསུངས་པའོ། །གཞན་དག་ཕན་པ་ལ་སྦྱོར་བ་ནི་གཞན་ལ་ཕན་པའི་སྒྲུབ་པའོ། །དེའི་ཕུན་སུམ་ཚོགས་པ་ནི་འགྲོ་བ་ལ་བླ་ན་མེད་པའི་དོན་སྒྲུབ་པར་མཛད་པའོ། །འཁོར་བ་ནི་འགྲོ་བ་ཀུན་ཏུ་ ཆགས་པའི་གནས་ཡིན་པའི་ཕྱིར་དང་བརྒལ་བར་དཀའ་བའི་ཕྱིར་འདམ་ལྟ་བུ་ཡིན་ཏེ་ཞེས་བྱ་བ་ལ། འདི་དག་གིས་སམ་འདིར་འགྲོ་བ་དག་འཁོར་བས་ན་འཁོར་བ་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་འགྲོ་བ་ལྔ་པོའོ། །ཀུན་ནས་ཆགས་པས་ཀུན་ཏུ་ཆགས་པའམ། འདིས་ཆགས་པར་ བྱེད་པས་ཀུན་ཏུ་ཆགས་པ་སྟེ། བདག་དང་བདག་གི་བའི་སྲིད་པའི་གཞིའི་ངོ་བོའི་ཕྱིར་འགྲོ་བ་ཀུན་ཏུ་ཆགས་པའི་གནས་ཡིན་ལ། བདག་དང་བདག་གིར་ལྟ་བའི་གནས་ཡིན་པས་ན་བརྒལ་བར་དཀའ་བ་སྟེ། འཇིག་ཚོགས་ལ་ལྟ་བའི་དབང་གིས་འགོག་པ་ལ་སྐྲག་པས་དེ་ལས་མི་ བརྒལ་བའི་ཕྱིར་རོ། །ཀུན་ཏུ་ཆགས་པའི་གནས་ཡིན་པ་དང་བརྒལ་བར་དཀའ་བ་དག་གིས་ན་འཁོར་བ་ནི་འདམ་ལྟ་བུ་སྟེ་འདམ་དང་འདྲའོ། །ཡང་ན་འཁོར་བ་ནས་ཐོག་མ་དང་ཐ་མ་མེད་པ་ནས་ཀུན་ཏུ་བརྒྱུག་ཅིང་སྐད་ཅིག་ཀྱང་མི་གནས་པ་སྟེ། རིས་མཐུན་པ་དང་སྐལ་བ་མཉམ་པ་རྣམས་ ལས་སྔར་སྐྱེས་པ་ཞིག་ནས་བར་མ་ཆད་པར་ལུས་གཞན་ཐོབ་པའོ་ཞེས་བྱ་བའི་ཐ་ཚིག་གོ །འཁོར་བ་ནི་འདམ་དང་ཆོས་མཚུངས་པ་ལས་འདམ་དང་འདྲ་བས་ན་འདམ་ཞེས་བྱ་སྟེ། དཔེར་ན་འདམ་ཆུས་བརླན་པའི་དབང་གིས་འགྲོ་བ་ཀུན་ཏུ་ཆགས་པའི་གནས་ཏེ་བྱིང་བར་བྱེད་པའི་བདག་ ཉིད་ཡིན་ལ། དེར་བྱིང་བ་བ་ལང་རྒན་པོ་ལ་སོགས་པ་རྣམས་ཀྱིས་རང་གི་གཡོ་འགུལ་དག་གིས་བརྒལ་བར་དཀའ་བ་དེ་བཞིན་དུ་འཁོར་བ་ཡང་སྲིད་པའི་སྲེད་པའི་བརླན་གྱི་དབང་གིས་འགྲོ་བ་ཀུན་ཏུ་ཆགས་པའི་གནས་ཡིན་ལ། བདག་ལ་སྲེད་པ་ཀུན་ཏུ་སྤྱོད་པའི་ཕྱིར་བརྒལ་དཀའ་ བའོ། །ཡང་ན་འཇིག་ཚོགས་ལ་ལྟ་བ་དང་བདག་དང་བདག་གིར་འཛིན་པ་ཉེ་བར་ལེན་པས་དེ་ཉིད་དུ་འགྲོ་བ་རྣམས་འབྱིང་བས་ཀུན་ཏུ་ཆགས་པའི་གནས་ཡིན་ལ། བདག་ལ་སྲེད་པ་ཀུན་ཏུ་སྤྱོད་པའི་ཕྱིར་བརྒལ་དཀའ་བ་སྟེ་བསམ་པ་དེ་དང་མི་འབྲལ་བའི་ཕྱིར་རོ། །ཡང་ན་སྲེད་པ་ལ་ བརྟེན་པའི་ཕྱིར་ཀུན་ཏུ་ཆགས་པའི་གནས་ཡིན་ལ། དེ་ལས་སྐྱེ་བ་མི་འབྱུང་བའི་ཕྱིར་རོ། །ངའོ་སྙམ་པའི་ང་རྒྱལ་ནི་བརྒལ་དཀའ་བ་སྟེ། དེ་ནི་འཁོར་བ་ལས་ངེས་པར་འབྱུང་བ་བསྟན་པ་དང་མཉམ་པའི་གེགས་ཡིན་པའི་ཕྱིར་རོ། །ཡང་ན་འཇིག་ཚོགས་ལ་ལྟ་བས་དེའི་འགོག་པ་ལ་ སྐྲག་པས་འཇིག་ཚོགས་ལ་ལྟ་བའི་དབང་གིས་ཀུན་ཏུ་ཆགས་པའི་གནས་ཡིན་ལ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཐེ་ཚོམ་གྱིས་བརྒལ་བར་དཀའ་བ་སྟེ། ལམ་གཞན་ལ་བརྟེན་པ་དང་ལམ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཏེ། དེ་ལྟར་ཡང་། འགྲོ་མི་འདོད་དང་ལམ་ནོར་ དང་། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པ་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་བཤད་དོ། །ཡང་ན་འདམ་མི་འབྲལ་བའི་བདག་ཉིད་ཡིན་པའི་ཕྱིར་ཀུན་ཏུ་ཆགས་པའི་གནས་ཡིན་ལ། གཞན་ལ་བརྟེན་ནས་བརྒལ་བ་ཡིན་པའི་ཕྱིར་བརྒལ་བར་དཀའ་བ་ ཡིན་པ་དེ་བཞིན་དུ་འཁོར་བ་ཡང་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བའི་དབང་གིས་འགྲོ་བ་ཀུན་ཏུ་ཆགས་པའི་གནས་ཡིན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་བརྒལ་བའི་ཕྱིར་བརྒལ་བར་དཀའ་བ་སྟེ། སངས་རྒྱས་འབྱུང་བ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་པའི་ ཕྱིར་རོ། །ཡང་ན་ཉོན་མོངས་པ་ཐམས་ཅད་ཉིད་འགྲོ་བ་འཁོར་བར་ཀུན་ཏུ་ཆགས་པའི་གནས་ཡིན་ཏེ། ཉོན་མོངས་པ་རྣམས་གང་ཡང་རུང་བ་ཡོད་ན་འཁོར་བ་དང་མི་འབྲལ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་པས་སངས་རྒྱས་འབྱུང་བའི་བར་སྐབས་སུ་ཡང་ལམ་སྐྱེད་པ་ དང་ཐར་པ་ཁོང་ཆུད་པར་མི་འགྱུར་བས་བརྒལ་དཀའ་བའོ། །འགྲོ་བ་དེར་བྱིང་བ་སྐྱབས་མེད་པ་ལ་ཐུགས་བརྩེ་བ་དང་ལྡན་པ་ཞེས་བྱ་བ་ལ་འགྲོ་བར་བྱེད་པས་ན་འགྲོ་བ་སྟེ། སྐད་ཅིག་ཀྱང་མི་གནས་པར་རིས་མཐུན་པ་དང་སྐལ་བ་མཉམ་པའི་གནས་སུ་ཤིན་ཏུ་འགྲོ་ བའི་ཕྱིར་རོ། །བྱིང་བ་ནི་ནུབ་པ་སྟེ་དེའི་བདག་ཉིད་དུ་གནས་ཞེས་བྱ་བའི་ཐ་ཚིག་གོ། །སྐྱབས་མེད་པ་ནི་དཔུང་གཉེན་མེད་ཅིང་ཆོ་ངེས་བརྡུང་བ་མེད་པའོ། །ཐུགས་བརྩེ་བ་དང་ལྡན་པ་ནི་སྙིང་བརྩེ་བ་དང་ལྡན་པ་སྟེ། ཐུགས་རྗེ་དང་ལྡན་པས་འཁོར་བའི་འདམ་ལས་འགྲོ་བ་དྲངས་སོ་ཞེས་ བྱ་བའོ། །ཨི་ཡ་ཏེ་སཱ་ཏྲེ་སྐྱབས་མེད་པ་ལ་ཐུགས་བརྩེ་བ་དང་ལྡན་པ་ཞེས་པ་གང་ལས་འདི་རྟོགས་ཤེ་ན། ཐུགས་བརྩེ་བ་ནི་གཞན་ལ་ཕན་པ་བསྒྲུབ་པའི་རྒྱུ་ཡིན་པས་གཞན་ལ་ཕན་པའི་བྱ་བ་དེ་རང་གི་དོན་ཡོངས་སུ་གྲུབ་པའི་ཐབས་དང་རྗེས་སུ་བརྩེ་བ་ལ་ངེས་པར་བལྟོས་པ་ཡིན་ནོ། ། དེ་ཡང་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པའི་རང་གི་དོན་ཐོབ་པ་ནི་སཾ་བྷ་བ་<མི་སྲིད་པ་>ཏཱི་ཏ་ཐོབ་པར་བྱེད་དོ། །འདི་ནི་སྐྱབས་མེད་པ་ལ་ཐུགས་བརྩེ་བ་ལྡན་པ་ཞེས་བྱའོ། །དམ་པའི་ཆོས་སྟོན་པ་ཞེས་པ་ལ། དམ་པ་ནི་བཀྲ་ཤིས་ཤིང་མཆོད་པར་འོས་པ་རྣམས་སོ། །ཆོས་ནི་མདོ་ལ་སོགས་པ་ རྣམས་སོ། །སྟོན་པ་ནི་གསལ་བར་བྱེད་པའོ། །དམ་པའི་ཆོས་སྟོན་པ་ཉིད་ཕྱག་བརྐྱང་བ་ཡིན་པས་དམ་པའི་ཆོས་སྟོན་པའི་ཕྱག་བརྐྱང་བའོ། །ཕྱག་བརྐྱང་བ་དང་འདྲ་བས་ཕྱག་བརྐྱང་བ་ཞེས་བྱས་ནས་འཁོར་བའི་འདམ་དུ་བྱིང་བ་དྲངས་པ་དང་འབྲེལ་པས་འདམ་དུ་བྱིང་བ་འདྲེན་ པར་བྱ་བའི་རང་བཞིན་གྱིས་ཕྱག་བརྐྱང་བའོ། །མང་པོའི་ཚིག་ནི་གདུལ་བྱའི་དབྱེ་བ་བསྟན་པའི་ཕྱིར་ཏེ། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གལ་ཏེ་བདག་ཅག་ལ་སོགས་པ་རྣམས་འཁོར་བ་ན་གནས་ན་ཇི་ལྟར་ ན་འགྲོ་བ་འཁོར་བའི་འདམ་ལས་དྲངས་ཤེ་ན། དོགས་པ་འདི་བསལ་བའི་ཕྱིར་སྐལ་བ་ཇི་ལྟ་བ་བཞིན་དྲངས་སོ་ཞེས་གསུངས་སོ། །ཕྱོགས་ཅན་བཞིན་དུ་ཕྱོགས་ལ་ཡང་འདོགས་པའི་ཕྱིར་རམ་འགྲོ་བ་མ་ལུས་པ་ལ་ཕན་འདོགས་པའི་བསམ་པ་འཇུག་པའི་ཕྱིར་ཆོས་བསྟན་པས་འགྲོ་བ་འདྲེན་ པར་བྱེད་ཅིང་འགྲོ་བ་མ་ལུས་པ་འདྲེན་པར་སྤྱོད་པའི་དབང་དུ་བྱས་ནས་དེ་སྐད་བརྗོད་དེ་ཉི་མ་བཞིན་ནོ། །འདི་ལྟར་ཉི་མ་ནི་པདྨ་ཁ་འབྱེད་པར་ནུས་པ་ཡིན་ཡང་ཡོངས་སུ་སྨིན་པ་དེ་ཉིད་ཁ་འབྱེད་པར་བྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ཀྱང་འགྲོ་བ་འདྲེན་པར་སྤྱོད་པ་ན་གང་དག་རྒྱུད་ ཡོངས་སུ་སྨིན་པ་དེ་དག་ཁོ་ན་དྲངས་ཀྱི་གཞན་དག་ནི་མ་ཡིན་ནོ། །འདིར་བརྣན་པ་ཡང་སྟེ་གང་དང་གང་སྐལ་བ་དང་ལྡན་པ་དེ་དང་དེ་དྲངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྐལ་བ་དང་ལྡན་པ་ཡང་གང་ཞིག་ཡིན་ཅེ་ན། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པའོ། ། སྐལ་བ་དང་མི་ལྡན་པ་རྣམས་ནི་རང་གིས་ཉེས་པས་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་འདུལ་བའི་ཐབས་ལ་མཁས་པ་མཐར་ཕྱིན་པ་བརྙེས་པ་རྣམས་ཀྱིས་ཀྱང་འཁོར་བའི་འདམ་ནས་དྲངས་པར་མི་སྤྱོད་དེ། དེ་སྐད་དུ། ཁྱོད་ཀྱིས་ཕྱི་རོལ་ཡན་ལག་སྟོབས། །མཐའ་དག་ཡང་ དག་བསྒྲུབས་མོད་ཀྱི། །ནང་གི་བདག་ཉིད་སྟོབས་བྲལ་བས། །བྱིས་པ་རྣམས་ནི་ཉོན་མོངས་བསྟེན། །ཞེས་བཤད་དོ། །སྐལ་བ་དང་མི་ལྡན་པ་ཉིད་ནི་ལོག་པ་ཉིད་དུ་ངེས་པ་ནས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དང་། མ་བསྟན་པ་དང་། གཟུགས་དང་གཟུགས་ མེད་པར་སྐྱེས་པ་རྣམས་ཏེ། དེར་མཐོང་བའི་ལམ་མི་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་སྐལ་བ་དང་ལྡན་པ་རྣམས་ཁོ་ན་ཕྱི་དང་ནང་གི་ཕུན་སུམ་ཚོགས་པ་དང་ལྡན་པ་དྲངས་པ་ཡིན་ནོ། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། ། སྐལ་བ་མེད་པས་འབྲས་མི་མྱོང་། །ཞེས་བཤད་དོ། །ཡང་ན་གང་ཞིག་རྣམ་པ་གང་གི་སྐལ་བ་དང་ལྡན་པ་དེ་དེ་ཁོ་ནས་དྲངས་ཏེ། ཕུང་པོ་བསྟན་པའམ། ཁམས་དང་སྐྱེ་མཆེད་དམ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པས་སོ། །དེས་ན་འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་དོན་དང་ བཅས་པར་སྟོན་པར་བྱེད་དོ། །ཡང་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་ཡིན་པས་སེམས་ཅན་རྣམ་པ་གསུམ་ཡིན་ལ། དེ་དག་ལས་གང་ཞིག་ཐེག་པ་གང་གིས་དྲང་བའི་སྐལ་བ་ལྡན་པ་དེ་དེ་ཉིད་ཀྱིས་དྲང་བར་བྱ་སྟེ། འདིས་ནི་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཕན་ འདོགས་པ་དང་། བླ་ན་མེད་པའི་དགེ་བའི་བཤེས་གཉེན་ཉིད་དུ་བསྟན་ཏོ། །དེ་ལྟར་ཡང་། དགེ་བའི་བཤེས་གཉེན་མཁས་པ་གང་། །གང་ཞིག་བག་མེད་སྡིག་སྤྱོད་པ། །ནུས་ཀྱང་ཡོན་ཏན་གཞན་དག་ལ། །ངེས་པར་སྦྱོར་བ་མིན་པ་ཉིད། ། ཅེས་བཤད་དོ། །དེ་ལྟར་བདག་དང་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་དེ་ལྟ་བུ་དང་ལྡན་པ་ཞེས་བྱ་བ་ལ། དེ་ལྟར་གྱི་སྒྲ་ནི་ཇི་སྐད་བཤད་པའི་བསྟོད་པའི་རྣམ་པ་བསྟན་པར་བྱ་བའི་ཕྱིར་རོ། །སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པས་བདག་ལ་ཕན་པ་ཕུན་སུམ་ ཚོགས་པ་དང་ལྡན་པ་ཡིན་ལ། དམ་པའི་ཆོས་སྟོན་པ་འབྲས་བུ་དང་བཅས་པའི་སྟོན་པ་པོ་ཡིན་པའི་ཕྱིར་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་དང་ལྡན་པས་སོ། །མགོས་བཏུད་ནས་ཞེས་པ་འདིས་ལུས་ཀྱི་ལས་སྟོན་པར་བྱེད་དོ། །དེ་ལྟར་ལུས་དང་ངག་དང་ཡིད་ཀྱིས་སྟོན་པ་ལ་མཆོད་ པ་བྱས་ཏེ་བསྟན་བཅོས་རྩོམ་མོ་ཞེས་བཤད་པར་འགྱུར་རོ། །ཡང་ཕྱག་འཚལ་བ་དག་གི་ལས་ཡིན་པས་མགོས་བཏུད་ནས་ཞེས་པ་འདི་མི་འཐད་དོ་ཞེ་ན། མི་རིགས་ཏེ་ཕྱག་འཚལ་བ་ནི་ལུས་དང་སེམས་ཀྱིས་འདུས་པ་ཡང་ཡིན་ལ་འགའ་ཞིག་གི་ཚེ་དག་ཏུ་རབ་ཏུ་བརྟག་ཅིང་འགའ་ཞིག་གི་ ཚེ་མགོ་བོ་ལ་སོགས་པ་རྣམས་ཀྱིས་ཏེ་འདིར་ནི་གུས་པའི་ཁྱད་པར་བསྟན་པའི་ཕྱིར་རོ། །ཕྱག་འཚལ་ནས་ཞེས་བྱ་བ་ནི་མགོས་བཏུད་ནས་སོ་ཞེས་བཤད་དོ། །གང་ཡང་འདུད་པའི་སྒྲ་ལ་ན་མ་ཞེས་སྦྱར་བ་ན་རྣམ་དབྱེ་བཞི་པ་རིགས་པས་འདི་ཉེ་བའི་ཚིག་གི་མཚན་ཉིད་ཀྱི་བྱ་བ་ལས་སུ་ཉེ་བར་བཏགས་ པ་སྟེ། འཐབ་པ་ལ་གོ་བགོ །ཁྱིམ་ཐབ་ལ་ཉལ་ལོ་ཞེས་པ་ལྟ་བུའོ། །བཏུད་ནས་ཀྱི་སྒྲ་ནི་ན་མའི་སྒྲ་དང་མཚུངས་པའི་ཕྱིར་སྐྱོན་མེད་དོ། །སྦྱོར་བ་སྨོས་པ་ལས་གཞན་དུ་ཡང་དེའི་དོན་ཉིད་ལ་བཞིར་འགྱུར་རོ་ཞེས་ཤེས་པར་བྱའོ། །དོན་བཞིན་སྟོན་པ་ཞེས་བྱ་བ་ལ་དོན་གང་ཞིག་ཇི་ལྟར་གནས་པ་ དེ་ཁོ་ན་ལྟར་སྟོན་གྱི་གཞན་དུ་མ་ཡིན་པས་དོན་བཞིན་སྟོན་པའོ། །ཡང་ན་དོན་ཇི་ལྟ་བ་དང་དགོས་པ་ཇི་ལྟ་བ་བཞིན་དུ་འདུལ་བར་བྱེད་པས་ན་དོན་བཞིན་སྟོན་པ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་འདོད་པ་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་འདུལ་བ་ལྟ་བུ་མ་ཡིན་པ་སྟེ་དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། ། ཡང་དོན་བཞིན་སྟོན་པ་འདི་རང་དང་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པའི་ལྡོག་པ་ནས་ཡིན་ནམ་ཅི་ཞེ་ན། འདིས་དོན་བཞིན་སྟོན་པ་དེའི་ལྡོག་པ་ནས་མ་ཡིན་གྱི། འོན་ཀྱང་གཞན་ལ་ཕན་པ་སྒྲུབ་པའི་ཐབས་འདིས་གསལ་བར་བྱེད་པའོ། །དེ་ལ་གཞན་ལ་ཕན་པ་སྒྲུབ་པའི་ཐབས་ནི་ སྙིང་རྗེ་དང་ལྡན་པས་གཞན་དག་ལ་དམ་པའི་ཆོས་སྟོན་པ་སྟེ་དེ་ནི་དོན་བཞིན་སྟོན་པ་ཉིད་དོ། །ཡང་ཇི་ལྟར་ན་དོན་བཞིན་སྟོན་པ་ཉིད་ཀྱི་སྒོ་ནས་འདིར་གཞན་ལ་ཕན་པ་སྒྲུབ་པའི་ཐབས་གསལ་བར་བྱེད་ཅེ་ན། དེའི་ཕྱིར་དེ་ནི་སྟོན་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པས་འཁོར་བའི་འདམ་ ལས་འགྲོ་བ་དྲངས་ཀྱི་རྫུ་འཕྲུལ་དང་དམ་པ་སྦྱིན་པའི་མཐུན་ཆ་མ་ཡིན་ནོ་ཞེས་གསུངས་ཏེ། མཐུའི་སྒྲ་ནི་ནུས་པ་བརྗོད་པར་བྱེད་པ་སྟེ། རྫུ་འཕྲུལ་གྱིས་མ་ཡིན་དམ་པ་སྦྱིན་པས་མ་ཡིན་ཞེས་རེ་རེ་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་ཡང་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱི་ མཐུས་སེམས་ཅན་རྣམས་སྐད་ཅིག་ཙམ་ཞེ་སྡང་དང་བྲལ་བ་ལ་སོགས་པར་ནི་འགྱུར་ལ། གཞན་གྱི་སེམས་ཀྱང་ཤེས་མོད་ཀྱི། བཅོམ་ལྡན་འདས་ཀྱི་བྱིན་རླབས་ཀྱིས་དེ་རྣམས་ཉོན་མོངས་པ་སྤངས་པར་ནི་མི་འགྱུར་རོ། །འོ་ན་ཅི་ཞེ་ན་དམ་པའི་ཆོས་བསྟན་པ་ལས་དོན་རྟོགས་ཏེ་ཉོན་མོངས་པ་ སྤོང་བར་བྱེད་དོ། །དེ་སྐད་དུ་ཡང་། ཡང་དག་པའི་ལྟ་བ་སྐྱེད་པ་ལ་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། གཞན་གྱི་སྒྲ་དང་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའི་ཞེས་གསུངས་སོ། །ཉོན་མོངས་པ་སྤངས་པ་མེད་པར་འཁོར་བའི་འདམ་དང་བྲལ་བ་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་སྟོན་པ་ན་ ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པས་འཁོར་བའི་འདམ་ལས་འགྲོ་བ་དྲངས་སོ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །དམ་པ་སྦྱིན་པ་ནི་དཔེར་ན་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ཀྱིས་སྲིན་པོའི་དབང་པོ་སྒྲ་སྒྲོགས་ལ་སོགས་པ་དག་ལྷ་ལ་སོགས་པ་རྣམས་ཀྱིས་གསང་ བར་བྱ་བ་མ་ཡིན་པ་ལྟ་བུའོ། །གཞན་དག་མཐུ་ནི་རྫུ་འཕྲུལ་དང་དམ་པ་སྦྱིན་པ་ལས་ལོགས་སུ་འདོད་དེ། ཇི་ལྟར་ནོར་བུ་དང་སྨན་གྱི་མཐུས་རིམས་ལ་སོགས་པ་དང་བྲལ་བར་འགྱུར་བ་ལྟ་བུའོ། །ཉོན་མོངས་པ་རྣམས་དང་རྟེན་མི་མཚུངས་པའི་ཕྱིར་རྫུ་འཕྲུལ་ལ་སོགས་པ་རྣམས་ཉོན་མོངས་པའི་ གཉེན་པོ་ཉིད་དུ་མི་འགྱུར་རོ། །གང་གི་ཚེ་རྟེན་ནད་ཀྱི་རྒྱུ་ཡིན་པ་དེའི་ཚེ་རྟེན་ཉིད་ནད་མེད་པའི་རྒྱུར་གསོ་དཔྱད་ལ་སོགས་པ་རྣམས་སུ་མཐོང་བས་རྟེན་ཐ་དད་པ་མི་འདོད་དོ། །དེ་བཞིན་དུ་རྫུ་འཕྲུལ་མཐོང་ཡང་གཉེན་པོ་སྐྱེས་པ་མེད་པར་ཉོན་མོངས་པ་སྤངས་པ་ འགའ་ཡང་མི་མཐོང་ངོ་། །དམ་པ་སྦྱིན་པའི་མཐུས་ཀྱང་མ་ཡིན་ཏེ། རྒྱུ་འགལ་བ་ཅན་རྣམས་ལ་དེའི་འབྲས་བུ་ཡང་འགལ་བ་ཅན་ཉིད་དུ་མཐོང་ངོ་། །ཉོན་མོངས་པ་སྤྱོད་པ་རྣམས་ལ་རྒྱུ་མི་འགལ་བ་ཡོད་པ་མ་ཡིན་ཏེ། དཔེར་ན་མི་སྡུག་པ་དང་མི་རྟག་པ་སོགས་པ་བསྒོམ་པ་ལ་ཡང་ མན་ངག་མེད་པ་མེད་པར་དེ་བསྒོམ་པ་མེད་པ་བཞིན་ནོ། །རྫུ་འཕྲུལ་དང་ཀུན་བརྗོད་པ་དག་གིས་ནི་སེམས་ཅན་རྣམས་རངས་པ་ཙམ་ཞིག་ཏུ་འགྱུར་ན། རངས་པ་ཙམ་གྱིས་ནི་ཉོན་མོངས་པ་སྤོང་བ་ཡང་མ་ཡིན་ནོ། །ཉོན་མོངས་པ་ནི་འཁོར་བའི་རྩ་བ་ཡིན་པའི་ཕྱིར་ཉོན་མོངས་པ་ སྤངས་པ་མེད་པར་འཁོར་བའི་འདམ་ལས་བརྒལ་བ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རྫུ་འཕྲུལ་དང་དམ་པ་སྦྱིན་པའི་མཐུས་འཁོར་བའི་འདམ་ལས་དྲངས་པ་མེད་དོ། །ཚིགས་སུ་བཅད་པ་འདིར་ནི་གཞན་གྱི་སྟོན་པ་དང་བསྟན་པ་དང་སློབ་མ་རྣམས་ལས། བཅོམ་ལྡན་འདས་དང་དེའི་ བསྟན་པ་དང་དེའི་སློབ་མ་རྣམས་ཁྱད་པར་དུ་འཕགས་པར་བརྗོད་དོ། །སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པའི་ཕྱིར་དང་། འཁོར་བའི་འདམ་ལས་བརྒལ་བའི་ཐབས་ཡིན་པའི་ཕྱིར་དང་། འཁོར་བའི་འདམ་ལས་བརྒལ་བའི་ཕྱིར་རོ། །གཞན་དག་ནི་སྟོན་པར་ཁས་བླངས་པར་ ཟད་ཀྱི། སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་མ་ཡིན་ལ། དེ་དག་གིས་བསྟན་པ་ནི་འཁོར་བའི་འདམ་ལས་བརྒལ་བའི་ཐབས་མ་ཡིན་ཞིང་། དེ་དག་གི་སློབ་མ་རྣམས་ཀྱང་འཁོར་བའི་འདམ་ལས་བརྒལ་བ་མ་ཡིན་ནོ་ཞེས་དོན་གྱིས་བསྟན་པ་ཡིན་ནོ། །ཡང་ན་བསྟན་པ་ནི་རྟེན་དང་རྒྱུ་ དང་བརྗོད་བྱ་དང་གནས་དང་དགོས་པའི་ཁྱད་པར་བསྟན་པས་གཞན་གྱི་བསྟན་པ་ལས་ཁྱད་པར་འཕགས་པར་བཤད་དེ། དེ་ལ་བརྟེན་ནི་ཕྱིན་ན་གཤེགས་པའི་བསྟན་པ་ལ་སེམས་ཅན་རྣམས་མངོན་པར་དད་པ་བསྐྱེད་པར་བྱ་བའི་ཕྱིར་རོ། །རྒྱུ་ནི་ཐམས་ཅད་དུ་ཐོགས་པ་མི་མངའ་བའི་ཡེ་ཤེས་ དང་བླ་ན་མེད་པའི་སྤངས་པ་དང་ལྡན་པའི་བཅོམ་ལྡན་འདས་སོ། །བརྗོད་བྱ་ནི་ཕྱིན་ཅི་མ་ལོག་པའི་དོན་སྡུག་བསྔལ་དང་སྟོང་པ་དང་བདག་མེད་པ་ལ་སོགས་པའོ། །གནས་ནི་འཁོར་བའི་འདམ་དུ་བྱིང་བ་རྣམས་སོ། །དགོས་པ་ནི་སེམས་ཅན་རྣམས་འཁོར་བའི་འདམ་ནས་འདྲེན་ པའོ། །ཡང་ན་ཡེ་ཤེས་ཕུན་སུམ་ཚོགས་པ་དང་སྤངས་པ་ཕུན་སུམ་ཚོགས་པ་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་སྟེ། འཇིག་རྟེན་གསུམ་གྱི་སྟོན་པ་གཅིག་པུ་ཉིད་ཀྱི་བསྟན་པ་ཕྱིན་ཅི་མ་ལོག་པའི་ཕྱིར་འཇིག་རྟེན་གསུམ་གྱི་སྟོན་པ་གཅིག་པུ་ཉིད་དོ། །ཡང་ན་ཀུན་ཏུ་མུན་ བཅོམ་ཞེས་བྱ་སྟེ། ཡེ་ཤེས་ཐོགས་པ་མི་མངའ་བའི་ཕྱིར་ཏེ། སེམས་ཅན་རྣམས་ཀྱི་ཚེ་རབས་འདི་དང་ཕྱི་མ་དང་ངེས་པར་ལེགས་པར་མ་ལུས་པའི་དོན་བྱེད་ནུས་པ་ལ་བཤད་དོ། །མུན་པ་གཏན་བཅོམ་ཞེས་པ་འདིས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་འབྱུང་བ་ཡོད་པ་མ་ཡིན་ནོ། །གཞན་ གྱི་དོན་མཐར་ཕྱིན་པའི་རྒྱུ་ནི་གཞན་གྱི་དོན་མཐར་ཕྱིན་པའི་ཐབས་སོ། །ཡང་ན་ཡེ་ཤེས་ཕུན་སུམ་ཚོགས་པ་དང་སྤངས་པ་ཕུན་སུམ་ཚོགས་པ་རྗེས་སུ་དཔག་པ་དང་བཅས་པ་ཡོངས་སུ་གསལ་བར་བསྟན། དོན་བཞིན་སྟོན་པ་ཉིད་ཀྱིས་ཡེ་ཤེས་ཕུན་སུམ་ཚོགས་པ་རྗེས་སུ་དཔག་པར་བྱའོ། ། སེམས་ཅན་རྣམས་འཁོར་བའི་འདམ་ནས་འབྱིན་པས་སྤངས་པ་ཕུན་སུམ་ཚོགས་པ་སྟེ། གང་གི་ཕྱིར་འཁོར་བའི་འདམ་ལས་བརྒལ་བ་དེའི་ཕྱིར་འགྲོ་བ་འདྲེན་པར་ནུས་པའོ། །འདམ་གྱི་གནས་དང་འདྲ་བས་འདམ་དུ་བྱིང་བའོ། །ཡང་ན་རྟོགས་པ་མཐར་ཕྱིན་པ་དང་སྤངས་པ་མཐར་ཕྱིན་པ་དང་གཞན་ལ་ ཕན་པ་མཐར་ཕྱིན་པ་དང་གཞན་ལ་ཕན་པར་བྱེད་པའི་ཐབས་མཐར་ཕྱིན་པ་རྣམས་སོ། །དེ་ལ་ཕྱག་འཚལ་ནས་ཞེས་གསུངས་པ་ལ་བྱེད་པ་པོ་མཚུངས་པའི་བྱ་བ་གཉིས་ཀྱིས་སྔ་མའི་དུས་ཀྱི་བྱ་བ་ལ་ནས་ཞེས་པ་བསྒྲུབ་པར་བྱ་སྟེ། དཔེར་ན་ཁྲུས་བྱས་ནས་ཟ་ཞེས་པ་ལྟ་བུའོ། །དེའི་ཕྱིར་བྱ་བ་གཞན་ལ་བལྟོས་པས་ཅི་ཞིག་བྱ་ཞེ་ན། ཞེས་བྱ་བ་གསུངས་སོ། །སློབ་དཔོན་གྱིས་ཀྱང་བསྟན་བཅོས་རབ་བཤད་བྱ་ཞེས་བྱ་བ་གསུངས་ཏེ། སློབ་མ་མཆོད་པའི་ཕྱིར་དང་སློབ་མ་འདུལ་བར་བྱ་བའི་ཕྱིར་བསྟན་བཅོས་སོ། །འདི་སྐད་བཤད་པར་འགྱུར་ཏེ། ཕན་པ་འཐོབ་པའི་རྒྱུ་དང་མི་ཕན་པ་སྤོང་བའི་རྒྱུ་དག་གིས་ཡང་དག་པར་ རྗེས་སུ་འཆོས་པ་དང་ཉེས་པ་དང་སྡུག་བསྔལ་རྣམས་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་སུ་བཤད་དེ། ཕན་པ་དང་མི་ཕན་པ་འཐོབ་པ་དང་སྤོང་བའི་རྒྱུར་གྱུར་པ་དག་གིས་རྗེས་སུ་འཆོས་པ་དང་ཉེས་པ་དང་སྡུག་བསྔལ་རྣམས་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་ སོ། །བསྟན་བཅོས་ཨ་ཏོ་ནྱ་ཐཱ་དེ་ཡང་གསལ་བར་བྱ་བའམ་རབ་ཏུ་དབྱེ་བར་བྱ་བའི་ཕྱིར་བསྟན་བཅོས་རབ་བཤད་བྱ་ཞེས་སོ། །དུ་མ་ཉིད་བཅད་པའི་ཕྱིར་འདྲི་བར་བྱེད་པ་ལ་ཆོས་མངོན་མཛོད་ཅེས་ཏེ། ཆོས་མངོན་པ་སྨོས་པ་ནི་འདུལ་བ་ལ་སོགས་པའི་བསྟན་བཅོས་རྣམ་པར་བཅད་ པའི་དོན་ཏོ། །མཛོད་སྨོས་པ་ནི་ཆོས་མངོན་པའི་བསྡུས་པའི་ངོ་བོ་ཤེས་པར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་འདི་བརྩམས་ཤེ་ན་ཆོས་མངོན་པ་རྒྱས་པ་བསྡུ་བར་བྱ་བའི་ཕྱིར་རོ། །ད་ལྟ་ཡིན་དང་བྱ་བ་དུ་མས་སེམས་གཡེང་བ་དང་བློ་ཞེན་པ་རྣམས་རྗེས་སུ་གཟུང་བ་བྱས་པར་འགྱུར་རོ། ། དེ་ལ་གང་ལ་བསྟོད་པ་དང་ཇི་ལྟར་དང་གང་གི་དོན་དུ་བསྟོད་པ་ཚིགས་སུ་བཅད་པ་འདིས་བསྟན་ཏོ། །ཆོས་མངོན་པ་མཛོད་ཅེས་བརྗོད་པ་ནི་ཚིག་བསྡུས་པའི་ཡན་ལག་ཡིན་པའི་ཕྱིར་གཉིས་དམ་བཅས་པར་འགྱུར་ཏེ་ཆོས་མངོན་པ་དང་མཛོད་དོ། །ཆོས་མངོན་པ་དམིགས་ཀྱིས་དགར་ བའི་ཕྱིར་མངོན་པ་ཞེས་བྱ་བ་འདི་གང་ཞེ་ན་ཞེས་བྱ་བ་སྨྲས་ཏེ། ཡན་ལག་གི་དོན་དེ་དམིགས་ཀྱིས་བཀར་ན་ཚིག་བསྡུ་བའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པར་འགྱུར་རོ། །ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །ཞེས་བྱ་བ་ལ་ཤེས་རབ་སྨོས་པ་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། ཆོས་མངོན་པ་ནི་ཕུང་པོ་ལྔའོ་ཞེས་གསུངས་པའི་ཕྱིར་ཤེས་རབ་ཁོ་ན་ཆོས་མངོན་པ་ནི་མ་ཡིན་ནོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའོ་ཞེས་བྱ་བ་ནི་ཆོས་རྣམས་རྣམ་པར་ཕྱེ་སྟེ་རང་དང་སྤྱིའི་མཚན་ཉིད་རྟོགས་པའོ། །དྲི་མེད་ཅེས་བྱ་བ་ནི་ཟག་པ་དང་བཅས་པ་གསལ་བར་བྱ་བའི་ཕྱིར་ཏེ་དོན་དམ་ པ་བརྗོད་པར་འདོད་པའི་ཕྱིར་རོ། །དྲི་མ་རྣམས་ནི་ཟག་པའི་རྣམ་གྲངས་ཡིན་པའི་ཕྱིར་ཟག་པ་མེད་པའོ་ཞེས་སྨོས་ཏེ། དེ་ལ་འདོད་ཆགས་ལ་སོགས་པ་ཟག་པ་རྣམས་རྒྱས་པར་མི་འགྱུར་བས་ན་ཟག་པ་མེད་པའོ། །ཡང་ཅི་ཤེས་རབ་དྲི་མ་མེད་པ་ཁོ་ན་ཆོས་མངོན་པ་ཡིན་ནམ་ཞེ་ན། སྨྲས་པ་ མ་ཡིན་ནོ། །