Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 206
Văn bản gốc(Tây Tạng)
Trang 14 / 20 (50.000 ký tự/trang)
ཤེགས་པ་ལ་སྐུར་པ་འདེབས་པ་ནི་ བརྫུན་དུ་སྨྲ་བའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། དགེ་འདུན་གྱི་དབྱེན་བྱས་པ་ནི་ཕྲ་མའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། འཕགས་པ་རྣམས་ལ་མི་སྙན་པ་བརྗོད་པ་འདི་ནི་ངག་རྩུབ་པའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་ཆོས་འདོད་པ་རྣམས་ལ་རྣམ་པར་གཡེང་བར་བྱེད་པ་ནི། ཚིག་འཁྱལ་བའི་ནང་ན་ མ་རུངས་པའོ། །འདི་ལྟ་སྟེ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་དབྲོག་པར་སེམས་པ་དེ་ནི། བརྣབ་སེམས་ཀྱི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། མཚམས་མེད་པ་བྱེད་པར་སེམས་པ་ནི། གནོད་སེམས་ཀྱི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་ལྟ་བ་ཤིན་ཏུ་འཛིན་པ་དེ་ནི། ལོག་པར་ལྟ་བའི་ནང་ན་མ་ རུངས་པ་སྟེ། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་དག་ཐམས་ཅད་ནི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་སྟེ། འོད་སྲུངས་གལ་ཏེ་སེམས་ཅན་ལ་ལ་ཞིག་ལ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་ལྟར་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་དང་ལྡན་པར་འགྱུར་ལ། དེ་ཡང་དེ་བཞིན་གཤེགས་པའི་ཆོས་ བསྟན་པ་ལ་ཡང་འཇུག་སྟེ། འདི་ལ་ནམ་བདག་གམ་སེམས་ཅན་ནམ། སྲོག་གམ། གང་ཟག་གམ། གང་བྱེད་པའམ། གང་མྱོང་བ་ཡང་མེད་དེ། འདི་ལྟར་ཆོས་ཐམས་ཅད་མ་བྱས་པ། མངོན་དུ་བྱ་བ་མེད་པ། སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ། རང་བཞིན་གྱིས་འོད་གསལ་ བར་རྟོགས་ལ། ཆོས་ཐམས་ཅད་གཟོད་མ་ནས་རྣམ་པར་དག་ཅིང་ཡིད་ཆེས་པར་མོས་ན། སེམས་ཅན་དེ་ངན་སོང་དུ་འགྲོ་བར་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་ཉོན་མོངས་པ་རྣམས་ལ་ཕུང་པོའི་དངོས་པོ་མེད་དེ། ཉོན་མོངས་པ་ཐམས་ཅད་བྱུང་ནས་ཞིག་ཅིང་ཞུ་བའོ། །རྒྱུ་དང་ རྐྱེན་ཚོགས་པ་ལས་འབྱུང་ལ། བྱུང་མ་ཐག་ཏུ་འགག་པའོ་ཞེས་གསུངས་པའོ། །བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པས་ཀྱང་སྒྲིབ་པ་ལས་འབྱུང་བ་མི་ཤེས་པ་རྣམས་གཏན་ནས་འབྱིན་པར་འགྱུར་ཏེ། ཉེ་བ་འཁོར་གྱིས་ཞུས་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་སྔ་དྲོ་ཉེས་པ་ བྱུང་ནས། ཉི་མའི་གུང་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་དོ། །དེ་བཞིན་དུ་ཉི་མིའི་གུང་ལ་ལྟུང་བ་བྱུང་བ་ལ་དེའི་ཕྱི་དྲོ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ན། བྱང་ཆུབ་སེམས་དཔའ་དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དག་དཔག་ཏུ་མེད་པ་ཁོ་ནར་འགྱུར་ རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཡང་ན་མདོ་སྡེ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཉེས་པ་ཐམས་ཅད་སྲེག་པའི་ཕྱིར། སྲེག་པའི་མེའི་བསྐལ་པ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཁ་ཅིག་འདི་སྐད་དུ་སྡིག་པའི་ ལས་ཆུང་ངུ་དང་འབྲིང་དག་ནི་བཤགས་པ་ལ་སོགས་པའི་མཐུས་གཏན་དུ་རྩད་ནས་འབྱིན་པར་བྱེད་རུང་གྲང་ན། མཚམས་མེད་པའི་ལས་ལ་སོགས་པ་ལྕི་བ་རྣམས་ཇི་ལྟར་གཏན་ནས་འབྱིན་པར་འགྱུར་ཞེས་ཟེར་བ་དག་ཡོད་དེ། ལན་དུ་འགལ་བ་མེད་དོ། །ཇི་ལྟར་ཞེ་ན། མ་སྐྱེས་དགྲ་ལ་ སོགས་པ་མཚམས་མེད་པ་དག་གིས་བསམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་པས་མནར་མེད་པའི་སེམས་ཅན་དམྱལ་བར་བསྐལ་བ་རངས་པར་རམ། བསྐལ་པ་ཕྱེད་དུ་གནས་པར་འགྱུར་བ་ལས་དེ་དག་གི་ཤིན་ཏུ་འགྱོད་པའི་སེམས་དད་པའི་སེམས་ཀྱིས་ཤིན་ཏུ་མི་དགའ་བར་གྱུར་ནས་མཐོལ་ཞིང་ བཤགས་པ་དང་། ཆོས་ཟབ་མོ་ཐོས་ཏེ་མོས་ནས་རྟོགས་པའི་དབང་གིས་ལས་དེ་བསྲབས་པར་གྱུར་ནས། ལ་ལ་ནི་ཚེ་འདི་ཉིད་ལ་སྡུག་བསྔལ་ཅུང་ཟད་ཅིག་མྱོང་ནས། དགྲ་བཅོམ་པ་ཐོབ་པ་ཡང་ཡོད་ལ། ལ་ལ་ནི་ཚེ་ཕྱི་མ་ལ་ཉི་ཚེ་བའི་དམྱལ་བར་ཕོ་ལོང་བརྡབས་པའི་སྲིད་པ་ཙམ་ཞིག་སྡུག་བསྔལ་གྱི་འབྲས་བུ་ མྱོང་བར་བྱེད་པ་ཡང་ཡོད་དེ། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས་འབྱུང་བ་ཡིན་ནོ། །འོ་ན་ལུང་ལས། བསྐལ་པ་བརྒྱ་དག་སྙེད་དུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་དང་ལྡན་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །ཞེས་གསུངས་པ་ཇི་ལྟར་སྦྱང་ཞེ་ན། དེ་ནི་མི་འགྱོད་ཅིང་ ལས་དེ་ལ་མི་སྨོད་ལ། གཉེན་པོ་མི་བརྟེན་པས་ལས་མ་སྦྱངས་ཤིང་། བསླབ་པ་མ་བྱས་པ་ལ་དགོངས་ཏེ་གསུངས་པ་ཡིན་ནོ། །གཉེན་པོ་བརྟེན་ན་ལས་འབྱང་དུ་རུང་སྟེ། མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་ངན་འགྲོར་འགྲོ་མཁས་པས་གནོད་པ་ཆེན་པོ་བྱས་ཀྱང་སྤོང་བར་འགྱུར། དེ་ཡང་གཞུང་ལས། ལྕགས་ཀྱི་གོང་བུ་ཆུང་ ཡང་ཆུ་ཡི་གཏིང་དུ་འགྲོ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་ཁ་ན་འཕྱོ། །ཞེས་བཤད་པ་ལྟ་བུའོ། །དེ་མཁས་པས་ཉེས་པ་བྱས་པའི་འོག་ཏུ་མི་དགའ་སྟེ་འགྱོད་ཅིང་བཤགས་པ་ལ་སོགས་པའི་གཉེན་པོས་སྦྱངས་ན་བྱང་བར་འགྱུར་བ་ལ་བྱའོ། །མི་མཁས་པས་མི་དགེ་བ་བབ་ཅོལ་དུ་བྱས། སྡིག་པར་མི་འགྱུར་བར་བཤགས་པ་ནི་མ་ཡིན་ ནོ། །མི་གཡོ་བའི་ལས་ནི་བསམ་གཏན་དང་སྙོམས་པར་འཇུག་པ་སྟེ། དེའི་སྟོབས་ནི་གཟུགས་ཀྱི་ཁམས་མི་ཟད་པར་འཇུག་པ་དང་། གཟུགས་མེད་པའི་ཁམས་སུ་སྐྱེ་བར་བྱེད་དོ། །དེ་དག་པར་བྱེད་པ་ནི་ལས་དེ་ཡང་བྱང་ཆུབ་ཆེན་པོར་བསྔོས་ལ། ལས་ལ་དབང་བས་སེམས་ཅན་གྱི་དོན་དུ་གར་དགར་སྐྱེ་བར་བྱེད་པའོ། །དགེ་བ་ནི་འདོད་པའི་ ཁམས་སུ་བདེ་བ་མྱོང་བར་འགྱུར་བའི་ལས་ཏེ། དེའི་སྟོབས་ནི་གདོན་མི་ཟ་བར་དེར་སྐྱེ་བར་འགྱུར་བ་སྟེ། དེ་ཡོངས་སུ་དག་པར་བྱེད་པའོ། །དེ་ལྟར་དགེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཏེ། སྨོན་ལམ་ཆེན་པོ་ལ་བརྟེན་པའི་མཐུས་རྣམ་པར་སྨིན་པའི་འབྲས་བུ་བྲལ་ཏེ་འཁོར་བའི་རྒྱུར་མི་འགྱུར་ གྱི། གདོན་མི་ཟ་བར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། །དེ་ལྟར་མི་དགེ་བའི་ལས་དང་། མི་གཡོ་བའི་ལས་དང་། དགེ་བའི་ལས་དང་། ཡོངས་སུ་དག་པར་བྱེད་པའོ། །གཉིས་པ་ཉོན་མོངས་པའི་གཉེན་པོ་བསྟན་པ་ནི། ཉོན་མོངས་སྟོབས་རྣམས་ཀུན་དུ་ཕམ་པར་བྱེད། །ཅེས་པ་སྟེ། ཉོན་མོངས་པ་ནི་ལུས་ དང་སེམས་ལ་གནོད་ཅིང་ཉོན་མོངས་པར་བྱེད་པ་སྟེ། འདོད་ཆགས་ལ་སོགས་པའོ། །དེ་དག་གི་སྟོབས་ནི་དེ་དག་གི་མཐུས་སེམས་ཅན་ཐམས་ཅད་རིག་པ་དང་མ་རིག་པ་དང་། ཕན་པ་དང་གནོད་པ་དང་། ལྕི་བ་དང་ཡང་བ་ལ་སོགས་པ་མི་ཤེས་པ་ནི་གཏི་མུག་ཡིན་ལ། ཤེས་བཞིན་དུ་འདོད་ཆགས་ལ་ སོགས་པར་བྱེད་པའོ། །ཀུན་དུ་འཇོམས་པར་བགྱིད་པ་ནི་གཉེན་པོ་བསྟེན་པའི་སྟོབས་ཏེ། འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་དང་། མི་སྡུག་པ་བསྒོམ་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་དང་། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་བརྟགས་པ་ལ་སོགས་པ་ལ་ གཞོལ་བའོ། །མདོར་ན་ཉོན་མོངས་དབང་དུ་གྱུར་བར་བྱ་སྟེ། བྱང་ཆུབ་ཀྱི་ཡན་ལག་ཏུ་སྒོམ་པར་བྱེད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོར་འོད་སྲུངས་ཀྱི་ལེའུ་ལས་འབྱུང་བ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། ། དེ་བཞིན་དུ་ཡེ་ཤེས་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པའི་དུག་གིས་ཀྱང་ཡོངས་སུ་ལྟུང་བར་བྱེད་མི་ནུས་སོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་གྲོང་ཁྱེར་ཆེན་པོའི་ལུད་གང་ཡིན་པ་དེ་ནི། བུ་རམ་ཤིང་གི་ཞིང་དག་དང་། རྒུན་གྱི་ཞིང་དག་ལ་ཕན་པར་འགྱུར་ བ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་འགྱུར་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ལྟར་ཉོན་མོངས་པ་འཕྲལ་དུ་མི་སྤོང་གི། ཤེས་རབ་དང་ཐབས་ཀྱིས་ཉོན་མོངས་ བཟིལ་གྱིས་མནན་ནས། ཉོན་མོངས་པ་ཡོད་བཞིན་དུ་སྤྱོད་པ་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པར་མཛད་དེ། དཔེར་ན་དུག་འཐུངས་པས་སྨན་བཟང་པོ་འཐུངས་ན་དུག་མི་ལྡང་བ་དང་། སྔགས་ཀྱིས་བཏབ་སྟེ་དུག་གི་མཐུ་བསད་པའི་དུག་ཟོས་ན་གནོད་པར་མི་འགྱུར་གྱི་ཕན་པར་ འགྱུར་བ་དང་འདྲའོ། །ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་། ཉོན་མོངས་ཐུལ་ལ་སྤངས་པ་མེད། །སྔགས་ཀྱིས་བསད་པའི་དུག་དང་འདྲ། །སངས་རྒྱས་རྣམས་ཀྱི་ཉོན་མོངས་ལས། །ཉོན་མོངས་ཟད་པ་ཀུན་མཁྱེན་བརྙེས། །ཞེས་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་གནས་སྐབས་ན་ཉོན་མོངས་ པ་རྣམས་ཀུན་དུ་སྤྱོད་པ་ནི་མ་ཡིན་གྱི། ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་ན་མི་རུང་ངོ་སྙམ་ནས་བག་ལ་ཉལ་ལྷག་མ་འཇོག་སྟེ། དེའི་ཕྱིར་ཉོན་མོངས་པ་ཉིད་ཉོན་མོངས་པ་ཟད་པས་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་རོ། །གསུམ་པ་བདུད་ཀྱི་སྟོབས་ཀྱི་གཉེན་པོར་སྟོན་པ་ནི། བདུད་ཀྱི་ སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །ཞེས་པ་ནི། བདུད་བཞི་ལས་ཉོན་མོངས་པའི་བདུད་གཞོམ་པ་གོང་དུ་བཤད་པའི་ལྷག་མ། ཕུང་པོའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དོ། །དེ་དག་གི་སྟོབས་ནི་སྡུག་བསྔལ་མྱོང་བར་བྱེད་པ་འཁོར་བ་ལས་མི་འདའ་བ་དང་། བྱང་ཆུབ་ སེམས་དཔའི་སྤྱོད་པ་ལ་བར་ཆད་བྱེད་པའོ། །ཕུང་པོའི་བདུད་ཀྱི་སྟོབས་མེད་པར་བྱེད་པ་ནི་ཤེས་རབ་ཀྱི་ཕུང་པོ་ལ་མཁས་པར་བྱ་བའི་སྟོབས་ཀྱིས་སྟོབས་མེད་པར་བྱེད་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་གང་ཞེ་ན། གང་འདི་ལྟར་ དཔེར་བྱ་བས་བསྟན་པ་དང་། ཆུའི་ཆུ་བུར་བསྟན་པ་དང་། སྨིག་རྒྱུ་བསྟན་པ་དང་། ཆུ་ཤིང་གི་སྡོང་བུ་བསྟན་པ་དང་། སྒྱུ་མ་བསྟན་པ་དང་། རྨི་ལམ་བསྟན་པ་དང་། བྲག་ཅ་བསྟན་པ་དང་། མིག་ཡོར་བསྟན་པ་དང་། གཟུགས་བརྙན་བསྟན་པ་དང་། སྤྲུལ་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་དབུ་ བ་རྡོས་པ་ལྟ་བུ་སྟེ། དབུ་བ་རྡོས་པ་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ། སྒྱུ་མའི་རང་བཞིན་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་ མཁས་པ་ཞེས་བྱའོ། །ཕུང་པོ་རྣམས་ནི་རྨི་ལམ་ལྟ་བུ། མིག་ཡོར་ལྟ་བུ། གཟུགས་བརྙན་ལྟ་བུ། སྤྲུལ་པ་ལྟ་བུ་སྟེ། སྤྲུལ་པ་ལ་ཡང་བདག་མ་ཡིན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་ནི་ཚོར་བས་ སྟོང་ངོ་། །འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་ངོ་། །འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ཕུང་པོ་རྣམས་ལ་བདག་མེད་ཅིང་སྟོང་པར་རྟོགས་པས་གནོད་པ་དང་སྡུག་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པས་བདུད་ཀྱི་ སྟོབས་མེད་པར་བྱེད་དོ། །འཆི་བདག་གི་བདུད་ནི་འཆི་འཕོ་བའི་ཆོས་སོ། །དེའི་སྟོབས་ནི་རང་དབང་མེད་པར་འཆི་བའོ། །འཆི་བདག་གི་བདུད་ཀྱི་སྟོབས་མེད་པར་བྱེད་པ་ནི་ཚེ་དང་སྐྱེ་བ་ལ་དབང་ཐོབ་པ་སྟེ། འཕགས་པ་ས་བཅུ་པའི་མདོ་ལས། བསྐལ་པ་བརྗོད་དུ་མེད་པར་ཚེ་བྱིན་གྱིས་རློབ་པའི་ ཕྱིར་ཚེ་ལ་དབང་རབ་ཏུ་ཐོབ་པོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཀུན་དུ་སྟོན་པས་སྐྱེ་བ་ལ་དབང་ཐོབ་པོ་ཞེས་གསུངས་པ་ལྟ་བུའོ། །ལྷའི་བུའི་བདུད་ནི་བྱང་ཆུབ་སེམས་དཔའ་དགེ་བ་སྤྱོད་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཡང་བར་ཆད་བྱེད་དོ། །དེའི་སྟོབས་མེད་པར་བྱེད་པ་ནི་ བདུད་སླུ་ཞིང་འོང་ཞིང་ཡང་དེ་ལྟར་རིག་ནས་སླུར་མི་ཚུགས་སྲན་ཐུབ་སྟེ། དགེ་བ་སྤྱོད་པ་ལས་མི་ཉམས་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པའི་ཚེ་བདུད་དཔུང་དང་བཅས་ཏེ་ལྷགས་ན་ཡང་། དེ་བཞིན་གཤེགས་པ་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་ནས་བཏུལ་བ་སྟེ། འཕགས་པ་རྒྱ་ཆེར་རོལ་བ་ དང་། རིན་པོ་ཆེ་ཏོག་གི་མདོ་ལས་གསུངས་པ་བཞིན་ནོ། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བྱེད། །ཅེས་བྱ་བ་ལ། བཟང་པོ་སྤྱོད་པ་ནི་གོང་དུ་བཤད་པ་བཞིན་ནོ། །དེའི་སྟོབས་ནི་དེའི་མི་མཐུན་པའི་ཕྱོགས་འབད་ཅིང་རྩོལ་བ་དང་བཅས་པ་ཟིལ་གྱིས་མནན་ནས། རང་གི་ངང་དུ་གྱུར་ཏེ་ལྷུན་གྱིས་གྲུབ་པར་བྱེད་པ་ ཡིན་ནོ། །རྫོགས་པར་བྱེད་པ་ནི་གོང་དུ་རྫུ་འཕྲུལ་གྱི་སྟོབས་ཞེས་པ་ནས། བྱང་ཆུབ་སྟོབས་ནི་ཡང་དག་གྲུབ་པར་བྱེད། །ཅེས་པའི་བར་གྱི་སྟོབས་བཅུ་དང་། ལས་ཀྱི་སྟོབས་དང་། ཉོན་མོངས་པའི་སྟོབས་དང་། བདུད་ཀྱི་སྟོབས་གཞོམ་པའི་གཉེན་པོ་གསུམ་གྱིས་རྫོགས་པར་བྱེད་པར་གྱུར་ཅིག་པའོ།། །། ད་ནི་སྤྱི་དོན་བཅུ་བཞི་པ་ཕྲིན་ལས་སྟོན་ཏེ། ཞིང་རྣམས་རྒྱ་མཚོ་ཞེས་པ་ནས། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། དེ་ཡང་དོན་བརྒྱད་ལས། དང་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ནི། ཞིང་རྣམས་རྒྱ་མཚོ་ཡོངས་སུ་དག་བྱེད་ཅིང་། །ཞེས་པ་ལ། ཞིང་ནི་སངས་རྒྱས་ཀྱི་ཞིང་ངོ་། །རྒྱ་མཚོ་ནི་མང་བ་ལ་བྱའོ། །དེ་རྣམས་རྣམ་པར་དག་པར་བྱ་བ་ནི་བདེ་བ་ཅན་དང་པདྨ་ཅན་ལ་སོགས་པ་བཞིན་ལག་མཐིལ་ལྟར་མཉམ་པ། ངམ་གྲོག་དང་གཡང་ས་ལ་སོགས་པ་མེད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་མེ་ཏོག་དང་འབྲས་བུ་ཡིད་དུ་འོང་བ་དག་གིས་མཛེས་པར་བྱས་པ། མི་གཙང་བའི་མིང་ཡང་མི་གྲག་པ། ངན་སོང་མེད་པ་ཞེས་བྱ་བ་ལ་སོགས་པ་དང་འདྲ་བར་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་དག་པར་བྱེད་པའོ། །ཡང་ན་ཞིང་ནི་སེམས་ལ་བྱ་སྟེ། ཉོན་ མོངས་པའི་ཐ་བ་མ་ཡིན་པ། བྱམས་པ་དང་སྙིང་རྗེའི་སེམས་ཀྱིས་བརླན་པའི་སེམས་ལས་སངས་རྒྱས་ཀྱི་མྱུ་གུ་འཁྲུངས་པས་ན་ཞིང་ངོ་། །རྒྱ་མཚོ་ནི་མང་པོ་ལ་བྱ་སྟེ། དེ་དག་རྣམ་པར་དག་པར་བྱེད་པ་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་ཡང་མ་ལུས་པར་གཏན་ ནས་འབྱིན་པའི་ལམ་སྟོན་ཅིང་བསྒྲུབ་ཏུ་གཞུག་པའོ། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་གྲོལ། །ཞེས་བྱ་བ་ལ། སེམས་ཅན་ནི་འཁོར་བ་ལ་ཆགས་པ་དང་། འཁོར་བར་འབྱུང་བའི་ཕྱིར་སེམས་ཅན་ནོ། །རྒྱ་མཚོ་ནི་མང་བའོ། །རྣམ་པར་དག་པར་བྱ་བ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ དང་། ཀུན་ནས་བརྗོད་པའི་ཆོ་འཕྲུལ་བསྟན་པས་འདུན་པར་བྱས་ལ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་མོས་པ་ཇི་ལྟ་བ་བཞིན་དུ་མན་ངག་བྱིན་ཏེ། བསྒྲུབ་ཏུ་བཅུག་པས་ཉོན་མོངས་པའི་འཆིང་བ་དམ་པོ་གཅོད་པར་བྱེད་དོ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཞེས་ བྱ་བ་ལ། ཆོས་ནི་ཐོབ་པའི་ཆོས་ལ་བྱ་སྟེ། བཤད་པའི་ཆོས་རྒྱ་མཚོ་དང་། རྟོགས་པའི་ཆོས་རྒྱ་མཚོ་དག་སྐད་ཅིག་རེ་རེ་ལ་ཤེས་རབ་ཀྱི་མིག་གིས་རབ་ཏུ་མཐོང་བར་བྱེད། རྣམ་པར་མཐོང་བར་བྱེད་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀྱི་རྒྱུད་མངའ་བ་ཤིན་ཏུ་རྣམ་ པར་དག་ཅིང་མཐར་ཕྱིན་པ། ཐུགས་རྗེ་ཆེན་པོ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་གྲངས་དཔག་ཏུ་མེད་པ་རྣམས། རབ་ཏུའམ་རྣམ་པར་མཐོང་བར་བྱེད་པ་ནི། ཤེས་རབ་ཀྱི་མིག་གིས་ཡོན་ཏན་གྱི་ཆོས་མང་པོ་དག་ལ་མཐོང་བར་བྱེད་པའོ། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་ བྱེད། །ཅེས་བྱ་བ་ལ། ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །རྒྱ་མཚོ་ནི་ཤེས་པར་བྱ་བའི་ཡུལ་མང་བས་ན་མཁྱེན་པ་ཡང་མང་བའོ། །རྟོགས་པར་བྱེད་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཤེས་བྱའི་ཡུལ་མང་པོ་མཁྱེན་པའི་ཚུལ་རྟོགས་པར་བྱེད་པའོ། །སྤྱོད་པ་རྒྱ་མཚོ་ རྣམ་པར་དག་བྱེད་ཅིང་། །ཞེས་པ་ལ། སྤྱོད་པ་ནི་བདག་དང་གཞན་ལ་ཕན་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པ། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བསྡུ་བའི་དངོས་པོ་རྣམས་དང་། བྱང་ཆུབ་སེམས་དཔའི་དངོས་པོ་དཔག་ཏུ་མེད་པའི་མདོ་སྡེ་དག་ལས་འབྱུང་བ་དང་། བཟང་པོ་ སྤྱོད་པ་འདི་ཉིད་ལ་བྱའོ། །རྣམ་པར་དག་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མི་མཐུན་པ་ཐམས་ཅད་བསལ་ཏེ་དྲི་མ་མེད་པར་བྱེད་པའོ། །སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད། །ཅེས་བྱ་བ་ལ། སྨོན་ལམ་ནི་བདག་དང་གཞན་ལ་མཐར་ཡུན་དུ་ཕན་པ་དང་བདེ་བར་སྨོན་པའོ། ། རྒྱ་མཚོ་ནི་བདེ་ཞིང་ལེགས་པར་སྨོན་པའི་རྣམ་གྲངས་མང་པོ་ལ་བྱའོ། །རྫོགས་པར་བྱེད་པ་ནི་ཚུལ་ཁྲིམས་རྣམ་པར་དག་པར་བྱ་སྟེ། མདོ་དག་ལས། ཚུལ་ཁྲིམས་དང་ལྡན་པའི་སྨོན་པ་གྲུབ་བོ་ཞེས་གསུངས་པ་ལྟ་བུའོ། །ཡང་ན་སྨོན་ལམ་ལ་དབང་ཐོབ་པར་བྱེད་པ་སྟེ། འཕགས་ པ་ས་བཅུ་པའི་མདོ་ལས། སངས་རྒྱས་ཞིང་གང་དང་དུས་གང་དུ་ཅི་དགའ་བ་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་དུ་སྨོན་ལམ་ལ་དབང་བ་རབ་ཏུ་ཐོབ་བོ་ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་སྨོན་ལམ་ཁྱད་པར་ཅན་གྱིས་རྣམ་པར་འཕྲུལ་ཏེ། བདག་ གི་ལུས་སམ། འོད་དམ། རྫུ་འཕྲུལ་ལམ། མིག་གམ། སྤྱོད་ལམ་མམ། ཡུལ་ལམ། དབྱངས་སམ། སྤྱོད་པའམ། བཀོད་པའམ། བྱིན་གྱི་རླབས་སམ། མོས་པའམ། མངོན་པར་འདུ་བྱེད་པ་དག་ཀྱང་། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཇི་སྙེད་པ་དེ་སྙེད་དུ་ཡང་ བརྗོད་པར་སླ་བ་མ་ཡིན་ནོ་ཞེས་གསུངས་པ་དེ་རྫོགས་པར་བྱེད་པའོ། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །ཞེས་པ་ནི། གོང་དུ་མཆོད་པ་བཤད་པའི་སྐབས་སུ་མཆོད་པར་མོས་པ་རྣམས་ཀྱིས། སངས་རྒྱས་ཐམས་ཅད་ལ་རྟག་ཏུ་མཆོད་པར་བྱའོ། །དེ་ ཡང་མདོ་སྡེ་དག་ལས། སངས་རྒྱས་གཅིག་གི་དྲུང་ནས་ཀྱང་མ་གཡོས་ལ། སངས་རྒྱས་ཐམས་ཅད་ཀྱི་དྲུང་དུ་ཡང་ཕྱིན་ཏེ། མཆོད་ཅིང་རིམ་གྲོ་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །ཞེས་བྱ་བ་ནི་བསྐལ་པ་མང་པོ་དཔག་ཏུ་མེད་པར་ཡང་ སེམས་ཅན་གྱི་དོན་དུ་སེམས་ཅན་དམྱལ་བར་འཇུག་ཅིང་སེམས་ཅན་དམྱལ་བར་སྡུག་བསྔལ་མྱོང་བ་ཡན་ཆོད་ཀྱིས་མི་སྐྱོ་བར་སྤྱོད་པར་གྱུར་ཅིག་པའོ།། །།ད་ནི་སྤྱི་དོན་བཅོ་ལྔ་པ་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་བསྟན་ཏེ། དེ་ལ་ཡང་གཉིས་ཏེ། སངས་རྒྱས་ཀྱི་རྗེས་སུ་སློབ་པར་ བསྔོ་བ་དང་། བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་བསྔོ་བའོ། །དེ་ལ་དང་པོ་ནི། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི། །ཞེས་པ་ནས། དེ་དག་མ་ལུས་བདག་གིས་རྫོགས་པར་བགྱི། །ཞེས་པའི་བར་གྱིས་ཏེ། དུས་གསུམ་གཤེགས་པའི་རྒྱལ་བ་རྣམས་ཀྱི་བླ་ན་ མེད་པའི་སྤྱོད་པ་དང་། སྨོན་ལམ་གྱི་བྱེ་བྲག་གང་ཡིན་པ་དེ་དག་ཐམས་ཅད་མ་ལུས་པར་བདག་གིས་བཟང་པོར་སྤྱོད་པ་རྫོགས་པར་བྱས་ལ། བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག་པའོ། །གཉིས་པ་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་ཡོངས་སུ་ བསྔོ་བ་ནི་གཉིས་ལས། དང་པོ་འཕགས་པ་ཀུན་དུ་བཟང་པོའི་རྗེས་སུ་སློབ་པར་བསྔོ་བ་ནི། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །ཞེས་བྱ་བ་ལ་སོགས་པ། རྒྱལ་བ་དང་སྲས་ཀྱི་དོན་ནི་དུས་གསུམ་གོང་དུ་བཤད་པ་བཞིན་ནོ། །ཐུ་བོ་ནི་སེམས་བསྐྱེད་པ་སྔ་མ་དང་། བྱང་ཆུབ་སེམས་དཔའི་ ཡོན་ཏན་ཇི་སྙེད་པ་ཡོངས་སུ་རྫོགས་ཤིང་རྣམ་པར་དག་པའོ། །དེ་གང་ཞེ་ན། གང་གི་མིང་ནི་ཀུན་དུ་བཟང་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ཉིད་ལ་བྱའོ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་པ་ནི། འཕགས་ པ་ཀུན་དུ་བཟང་པོ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པ་ལ་མཁས་པ་དེ་དང་མཚུངས་པར་སྤྱོད་པའི་ཕྱིར། བདག་ལ་དགེ་བ་ཅི་ཡོད་པ་ཐམས་ཅད་དེའི་རྗེས་སུ་བསྔོ་བར་བྱའོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །ཞེས་པ་ལ། ལུས་རྣམ་པར་དག་པ་ནི་ལུས་ཇི་ལྟ་བུས་ འདུལ་བའི་སྐྱེ་བོ་རྣམས་དང་འཚམ་པར་ལུས་སྣ་ཚོགས་དེ་ལྟ་བུར་ཅིག་ཅར་སྟོན་པ་དང་། ལུས་གཅིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་འགེངས་པ་ལ་སོགས་པའོ། །ངག་རྣམ་པར་དག་པ་ནི་སྒྲ་སྐད་གཅིག་ལས་སྒྲ་སྐད་ཐམས་ཅད་འབྱུང་བ་དང་། སྐད་ཅིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ མཐའ་ཡས་པར་གོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཡིད་རྣམ་པར་དག་པ་སྐད་ཅིག་གཅིག་ལ་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་མངོན་སུམ་དུ་བྱེད་པ་དང་། ཕྱོགས་དང་དུས་ཐམས་ཅད་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱེད་པ་དང་། ཏིང་ངེ་འཛིན་མང་པོ་ མངོན་སུམ་དུ་བྱེད་ནུས་པ་ལ་སོགས་པ་དང་ལྡན་པའོ། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པར། །ཞེས་པ་ལ། སྤྱོད་པ་རྣམ་པར་དག་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་། ས་ལ་སོགས་པ་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་པའོ། །ཞིང་རྣམ་པར་དག་པ་ནི་སྣོད་དང་བཅུད་དེ། ཐ་གྲུ་ཆེ་ལ་ ཞིང་མཉམ་ཞིང་ཉམས་དགའ་བའི་ཡོན་ཏན་མང་པོ་དག་དང་ལྡན་པའོ། །བསྔོ་བ་དང་པོ་ནི། བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བར། དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཅེས་པའི་དོན་ནི། ལུས་དང་ངག་དང་ཡིད་དང་སྤྱོད་པ་དང་ཞིང་རྣམ་པར་དག་པ་དེ་ལྟ་བུ་འཐོབ་པར་བྱ་བ་དང་། སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་འཐོབ་པར་བྱ་བའི་ཕྱིར་དགེ་བ་ཐམས་ཅད་ཡོངས་སུ་བསྔོ་བ་སྟེ། འཕགས་པ་ཀུན་དུ་བཟང་པོའི་སྐུ་དང་གསུང་དང་ཐུགས་དང་སྤྱོད་པ་དང་། ཞིང་ཡོངས་སུ་དག་པ་ཡ་མཚན་ཆེ་ཞིང་སྤྱོད་པ་རྨད་དུ་བྱུང་ བ་དང་ལྡན་པ་དང་། བསྔོ་བ་རྒྱ་ཆེན་པོ་ཅི་འདྲ་བ་དང་། བདག་གི་ལུས་དང་ངག་དང་ཡིད་དང་སྤྱོད་པ་དང་ཞིང་རྣམ་པར་དག་པ་དང་། བསྔོ་བ་ཡང་དེ་དང་འདྲ་བར་གྱུར་ཅིག་པའོ། །གཉིས་པ་འཕགས་པ་འཇམ་དཔལ་གྱི་རྗེས་སུ་སློབ་པར་བསྔོ་བ་ནི། ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །ཞེས་པ་ལ། ཀུན་ནས་དགེ་བའི་དུས་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའོ། །བཟང་པོ་སྤྱོད་པ་ནི་གོང་དུ་བཤད་པ་དང་འདྲའོ། །འཇམ་དཔལ་ནི་གཞོན་ནུའི་སྐུར་སྟོན་པས་གཞོན་ཤ་ཆགས་ཏེ་སྐུ་འཇམ་པ་དང་། ཡུན་ རིང་པོ་ནས་ཞེ་སྡང་སྤངས་པས་ཐུགས་ཀྱི་རྒྱུད་མཉེན་ཞིང་ཡིད་དུ་འོང་བའོ། །དཔལ་ནི་ཀུན་གྱིས་བསྟེན་ཞིང་བསྙེན་པའི་འོས་སུ་གྱུར་པ་དང་། དེ་བསྟེན་པ་རྣམས་ཀྱིས་ཀྱང་མཐོ་རིས་དང་ཐར་པའི་དགེ་བ་འཕེལ་བར་འགྱུར་བའོ། །དེའི་སྨོན་ལམ་ནི་འཕགས་པ་འཇམ་དཔལ་སྔོན་གྱི་རྒྱལ་པོ་ནམ་ མཁའ་ཞེས་བྱ་བར་གྱུར་པས་འདི་སྐད་དུ། འཁོར་བའི་མཐའ་ཇི་ཙམ་པ་དེ་སྲིད་དུ་སེམས་ཅན་ལ་ཕན་པར་སྤྱད་པར་བྱའོ་ཞེས་སྨོན་ལམ་རྒྱ་ཆེར་བཏབ་པ་སྟེ། ཕྱི་མའི་མུའི་བར་དུ་སེམས་ཅན་མ་ལུས་པ་ལ་ཕན་པ་དང་། བདེ་བར་བྱ་བ་སྣ་ཚོགས་ཀྱིས་མཐོ་རིས་དང་ཐར་པ་ཐོབ་པར་འགྱུར་བའི་ དོན་སྤྱོད་པར་གྱུར་ཅིག་པའོ། །མ་འོངས་བསྐལ་པ་ཀུན་དུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །ཞེས་བྱ་བ་ནི། མ་འོངས་པའི་བསྐལ་པ་མ་ལུས་པ་ཐམས་ཅད་དུ་སྐྱོ་བ་མེད་ཅིང་གཞན་དུ་མི་སེམས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕྲིན་ལས་དེ་དག་རྫོགས་ ཤིང་བསྒྲུབ་པར་བགྱིའོ་ཞེས་པའོ།། །།ད་ནི་སྤྱི་དོན་བཅུ་དྲུག་པ་མཇུག་བསྡུ་བ་བསྟན་པ་ནི། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཅེས་བྱ་བ་ལ་སོགས་པ་ཤློ་ཀ་གཅིག་སྟེ། དེའི་སྤྱོད་པ་དང་། ཡོན་ཏན་དང་། སྤྱོད་པ་ཚད་མེད་པ་ལ་གནས་པའི་ཁྱད་པར་གྱིས་བསྡུས་ཏེ། སྤྱོད་པ་རླབས་ པོ་ཆེ་དཔག་ཏུ་མེད་པ་དང་། ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པར་གྱུར་ཅིག །སྤྱོད་པ་དང་ཡོན་ཏན་ཚད་མེད་པ་དེ་དག་ལ་གནས་ནས་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་སྤྲུལ་པ་ངོ་མཚར་རྨད་དུ་བྱུང་བ་ཐམས་ཅད་ཤེས་པར་གྱུར་ཅིག་པའོ། །ད་ནི་བཟང་པོ་སྤྱོད་པ་ལ་སྤྱི་དོན་ བཅུ་ཡོད་པ་ལས། དགུ་པ་སྨོན་ལམ་གྱི་མཐའ་བསྟན་པ་ནི། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་པ་སྟེ། ནམ་མཁའི་མཐའ་ལ་ནི་ ཐུག་པ་མེད་ཅིང་བསམ་གྱིས་མི་ཁྱབ་པའོ། །སེམས་ཅན་གྱི་ཁམས་དཔག་ཏུ་མེད་དེ། འཕགས་པ་དེ་བཞིན་གཤེགས་པའི་ཐུགས་རྗེ་བསྟན་པའི་མདོ་ལས། ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན་སྣང་བར་མ་གྱུར་བའི་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་སྣང་བར་གྱུར་པ་དེ་དག་ནི་ཆོས་མང་ གི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མི་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་སྣང་བར་མ་གྱུར་པའི་སེམས་ཅན་ནི་ཚད་མེད་དོ་ཞེས་གསུངས་པ་ལྟ་བུའོ། །སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་དང་ལྡན་པ་ཡིན་པས། སེམས་ཅན་གྱི་མཐའ་ཇི་ཙམ་པར་སེམས་ཅན་ རྣམས་ཀྱི་ལས་དགེ་བ་དང་མི་དགེ་བའི་འཁོར་བའི་རྐྱེན་དུ་གྱུར་པ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྒྱུར་གྱུར་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་གྱུར་པ་ཡང་དེ་ཙམ་སྟེ། མི་མཐུན་པའི་ཕྱོགས་དེ་དག་གཉེན་པོ་འཕགས་པའི་ལམ་གྱིས་བསྲབས་པའི་ཕྱིར་ལས་དང་ཉོན་མོངས་ པའི་མཐའ་ཇི་ཙམ་པར། བདག་གིས་སེམས་ཅན་གྱི་དོན་བྱ་བ་སྨོན་ལམ་གྱི་མཐའ་ཡང་དེ་ཙམ་པར་གྱུར་ཅིག་པའོ།། །།ད་ནི་སྤྱི་དོན་བཅུ་པ་སྨོན་ལམ་གྱི་ཕན་ཡོན་བསྟན་ཏེ། དེ་ལ་ཡང་གཉིས་ཏེ། ཚེ་འདི་དང་། ཚེ་ཕྱི་མིའི་ཕན་ཡོན་ནོ། །ཚེ་འདིའི་ཕན་ཡོན་ལ་བཞི་སྟེ། བསོད་ནམས་ཁྱད་པར་ དུ་འཕགས་པ་ཡོངས་སུ་སྡུད་པ་དང་། དེ་བཞིན་གཤེགས་པ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པར་ཐོབ་པ་དང་། ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བར་སྨོན་པའོ། །དེ་ལ་དང་པོ་ལ་མང་བ་དང་། རྒྱ་ཆེ་བ་དང་། སྣ་ཚོགས་པ་དང་། ཕན་པར་བྱེད་པའི་དངོས་པོ་དང་། ཞིང་ཁྱད་པར་དུ་འཕགས་པའི་བསོད་ནམས་བརྗོད་པ་དེ་བས་བྱང་ཆུབ་དོན་དུ་གཉེར་བས་སྨོན་ལམ་ལ་མོས་པ་དང་ལྡན་པའི་བསོད་ནམས་མཆོག་ཏུ་འཕགས་པ་ཡོངས་སུ་སྡུད་པ་ནི། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བ་ མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་ཡང་དད་པ་སྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་བྱ་བ་ཡིན་ཏེ། དེ་ལ་ཕྱོགས་བཅུའི་ ཞིང་རྣམས་ཞེས་པ་ནི་མང་བ་ལ་བྱའོ། །མཐའ་ཡས་ཞེས་པ་ནི་རྒྱ་ཆེ་བ་ལ་བྱའོ། །རིན་ཆེན་བརྒྱན་ཏེ་ཞེས་པ་ནི་སྣ་ཚོགས་པ་སྟེ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཞིང་དེ་མཛེས་པར་བྱས་པའོ། །ལྷ་དང་མིའི་བདེ་བའི་མཆོག་རྣམས་ཞེས་པ་ནི་ཕན་པར་བྱེད་པའི་དངོས་པོ་སྟེ། ལྷ་ དང་མིའི་ཡུལ་ན་ཡོད་པའི་མཆོད་པའི་ཡོ་བྱད་དང་སྤྱད་པའི་ཡོ་བྱད་མཆོག་རྣམས་སོ། །རྒྱལ་བ་རྣམས་ལ་ཕུལ་ཞེས་པ་ནི་ཞིང་རྣམས་ཁྱད་པར་དུ་འཕགས་པ་སྟེ། བསོད་ནམས་ཀྱི་ཞིང་གི་མཆོག་སངས་རྒྱས་བཅོམ་ལྡན་འདས་སྲས་དང་བཅས་པ་ལ་ཕྱོགས་བཅུའི་ཞིང་མཐའ་ཡས་པ་རིན་པོ་ཆེ་སྣ་ ཚོགས་པས་བརྒྱན་པ་དང་། ལྷ་དང་མིའི་བདེ་བའི་ཡོ་བྱད་མཆོད་པ་རྣམས་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྙེད་ཀྱི་བསྐལ་པར་ཕུལ་བའི་བསོད་ནམས་ནི་དེ་ཙམ་དུ་མི་ཆེ་སྟེ། བསོད་ནམས་དེ་ཡང་ཟག་པ་དང་བཅས་པ་ཡིན་ལ། བླ་ན་མེད་པའི་བྱང་ཆུབ་ཏུ་མ་བསྔོས་ན། རྣམ་པར་ སྨིན་པ་མྱོང་ནས་ཟད་པར་འགྱུར་བའི་ཕྱིར་རོ། །བསྔོ་བའི་རྒྱལ་པོ་ནི་བསྔོ་བ་ཐམས་ཅད་ཀྱི་མཆོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པ་སྟེ། གང་གིས་འདི་ཐོས་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལས་ཁྱད་པར་དུ་འཕགས་པའི་བྱང་ཆུབ་མཆོག་རྣམ་པ་ཐམས་ ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སྨོན་ལམ་འདེབས་ཤིང་བསྔོ་བའི་རྒྱལ་པོ་འདི་ཁོ་ན་བཞིན་དུ་གྱུར་བ་ཡིན་ནོ་ཞེས་ཡིད་ཆེས་ཏེ། ལན་ཅིག་ཙམ་མོས་པ་བསྐྱེད་ན་ཐེག་པ་ཆེན་པོར་ཡང་དག་པར་ཞུགས་པའི་གང་ཟག་དེའི་བསོད་ནམས་པས་ཆེས་མཆོག་ཏུ་གྱུར་ཏེ་བྱང་ཆུབ་ཐོབ་ཀྱི་བར་དུ་ཟད་པར་མི་འགྱུར་རོ། ། གཉིས་པ་ངན་སོང་དང་མི་དགེ་བའི་གྲོགས་པོ་སྤངས་པ་དེ་བཞིན་གཤེགས་པ་མཐོང་བ་ནི། གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ། །དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །ཞེས་པ་ལ། གང་ཞིག་བཟང་པོར་སྤྱོད་པའི་སྨོན་ལམ་མམ། ཀུན་དུ་བཟང་པོས་སྨོན་ལམ་འདིའི་དོན་དང་ཚིག་གིས་རྟག་ཏུ་སྨོན་ལམ་དུ་འདེབས་ན། དེས་ནི་ངན་སོང་གསུམ་དུ་སྐྱེ་བར་མི་འགྱུར་ཞིང་གྲོགས་པོ་ངན་པ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། འཇིག་རྟེན་རྒྱང་ཕན་པ་དང་། ཆོས་ཀྱིས་སྡུད་པ་དང་། མི་མཐུན་པ་ཟང་ཟིང་གིས་སྡུད་པར་བྱེད་པ་དང་། ལོག་པར་སྤྱོད་པ་ཐམས་ཅད་དུ་སྤངས་ཏེ་མི་འགྲོགས་པའོ། །དེས་འཆི་ཀར་ཡང་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་སམ། འོད་དཔག་ཏུ་མེད་པ་མཐོང་བར་འགྱུར་རོ། །དེ་ལ་འོད་དཔག་མེད་ཅེས་བྱ་བ་ནི། བདེ་བ་ཅན་ གྱི་བཀོད་པའི་མདོ་ལས། ཤཱ་རིའི་བུ་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་འོད་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་འོད་དཔག་མེད་ཅེས་བྱའོ་ཞེས་བྱ་བ་ལ་སོགས་པ་འོད་དཔག་མེད་ཀྱི་བཀོད་པའི་མདོ་ལས་རྒྱ་ཆེར་གསུངས་སོ། །གསུམ་པ་བསྔགས་ པ་རྙེད་པའི་བྱང་ཆུབ་སེམས་དཔའི་སྐལ་བ་དང་མཉམ་པ་ཐོབ་པ་ནི། དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོངས། །ཞེས་བྱ་བ་སྟེ། དེ་དག་ཞེས་པ་ནི་སུ་དག་བཟང་པོར་སྤྱོད་པའི་སྨོན་ལམ་འདེབས་པའི་གང་ཟག་གང་ཡང་རུང་བའོ། །རྙེད་པ་ཞེས་པ་ནི་སྨོན་ ལམ་བླ་ན་མེད་པ་རྙེད་པའོ། །བདེ་བར་འཚོའམ་རབ་རྙེད་དམ་ལེགས་པར་རྙེད་ཅེས་བྱ་བ་ནི། དེ་དག་གིས་ཤིན་ཏུ་རྙེད་པའོ། །བདེ་བར་འཚོ་ཞེས་པ་ནི་ལེགས་པར་འཚོ་ཞེས་པའི་སྨོན་ལམ་རྙེད་པའི་ཕྱིར་རོ། །བདེ་བར་འཚོ་བ་དེ་ཉིད་ཀྱི་ཕྱིར་དེའི་ཡོན་ཏན་གྱིས་མིར་སྐྱེ་བའི་དོན་ཡོད་པའི་ཕྱིར་རོ། །སྨོན་ ལམ་འདི་རྙེད་ཅིང་བསྒྲུབས་པའི་མཐུས་འཕགས་པ་ཀུན་དུ་བཟང་པོ་དེ་ཡང་ཅི་འདྲ་བ་དེ་དང་འདྲ་བར། དེ་དག་གིས་རིང་པོར་མི་ཐོགས་པར་དེ་བཞིན་དུ་འགྱུར་རོ། །བཞི་པ་ལས་ཀྱི་སྒྲིབ་པ་ཡོངས་སུ་འབྱང་བར་འགྱུར་བ་ནི། མཚམས་མེད་ལྔ་པོ་དག་གི་སྒྲིབ་པ་རྣམས། །གང་གིས་མི་ཤེས་དབང་ གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཞེས་བྱ་བ་ལ། མཚམས་མེད་པ་ལྔ་ནི་ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་ སེམས་ཀྱིས་ཁྲག་ཕྱུང་བའོ། །དེ་ལ་མཚམས་མེད་པ་ལྔ་ཞེས་བྱ་བ་ནི། ལས་འདི་ལས་སྣ་འགའ་ཞིག་བྱས་པ་དང་། གཞན་གྱིས་བར་མི་ཆོད་པ་ལས་དེ་ཉིད་ཀྱི་འབྲས་བུ་ཐོག་མ་སྨིན་པར་འགྱུར་བས་མཚམས་མེད་པ་ཞེས་བྱའོ། །གང་གིས་མི་ཤེས་དབང་གིས་བྱས་པ་དག །ཞེས་པ་ནི་དགེ་ སྡིག་གི་ལས་རྒྱུ་འབྲས་མི་ཤེས་པའི་དབང་གིས་བྱས་པའོ། །འདོད་ཆགས་ཞེ་སྡང་ཡང་མི་ཤེས་པའི་རྒྱུ་ལས་འབྱུང་བའི་ཕྱིར་རོ། །དེ་དག་གི་དབང་གིས་བྱས་པ་ཡང་མི་ཤེས་པའི་དབང་གིས་བྱས་པ་ཞེས་བྱའོ། །དེ་ལྟ་བུ་ལས་མི་བཟད་པ་བྱས་པ་དེས། བཟང་པོར་སྤྱོད་པའི་ སྨོན་ལམ་འདི་ལ་ཡིད་ཆེས་པས་དད་པའི་ཆུས་སེམས་བརླན་པར་བྱས་ནས་ཡིད་ཆེས་པར་བྱས་ལ་འདི་བརྗོད་པ་དང་ཀློག་པ་དང་། ལུང་འབོགས་པ་དང་། འཆད་པ་དང་། སེམས་པ་དང་། བསྒྲུབ་པར་བྱས་ན། བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་ཏེ། དེའི་གཉེན་པོ་བསྟན་ པའི་ཕྱིར། དེ་དག་མ་ལུས་ཡོངས་སུ་བྱང་བར་འགྱུར། །སྡིག་པ་དེ་དག་མྱུར་དུ་འབྱང་བར་འགྱུར་རོ།། །།དོན་གཉིས་པ་ཚེ་ཕྱི་མའི་ཕན་ཡོན་ལ་གཉིས་ཏེ། རྒྱུས་བསྡུས་པ་དང་། འབྲས་བུས་བསྡུས་པའོ། །དེ་ལ་རྒྱུས་བསྡུས་པ་ནི། ཡེ་ཤེས་དང་། གཟུགས་དང་། མཚན་དང་། དཔེ་བྱད་བཟང་པོ་དང་། རིགས་དང་། ཁ་དོག་དང་། གནོད་པ་མེད་པའི་ལུས་ཀྱི་མཚན་ཉིད་དེ། དེ་ཡང་། ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོས་ཀུན་ནས་ མཆོད་པར་འགྱུར། །ཞེས་བྱ་བ་ཡིན་ཏེ། དེ་ལ་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །གཟུགས་ནི་མཛེས་ཤིང་ཡིད་དུ་འོང་བའོ། །མཚན་ནི་དབུ་གཙུག་ཏོར་དང་ལྡན་པ་ལ་སོགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ། །མཚན་གྱི་འཁོར་ནི་དཔེ་བྱད་ཡིན་པས་སེན་མོ་ ཟངས་ཀྱི་མདོག་ལྟ་བུ་ལ་སོགས་པ་དཔེ་བྱད་བརྒྱད་ཅུ་ཡང་ལྡན་པར་རིག་པར་བྱའོ། །རིགས་ནི་རིགས་ཀྱི་མཆོག་ལ་བྱ་སྟེ། རྒྱལ་རིགས་དང་བྲམ་ཟེའི་རིགས་ལ་བྱའོ། །ཁ་དོག་ནི་རུས་ལ་བྱ་སྟེ། རུས་ཆེ་ཞིང་བཙུན་པའོ། །ལྡན་པ་ནི་གོང་མ་ཀུན་ལ་ཡང་སྦྱར་ཏེ། ཡེ་ཤེས་དང་ལྡན། གཟུགས་ དང་ལྡན། མཚན་དང་ལྡན། རིགས་དང་ལྡན། རུས་དང་ལྡན་པར་གྲུབ་པའོ། །བདུད་ནི་དགེ་བའི་ཕྱོགས་ཀྱི་བར་ཆད་བྱེད་པའོ། །མུ་སྟེགས་ནི་དཔེར་ན་ཆུའི་རྫིང་བུའམ། མཚེའུར་འཇུག་པའི་མུར་ཐེམ་སྐས་སུ་བྱས་པའམ། རང་རྒྱལ་བའི་རབ་ཀ་བདེ་བ་ལ་མུ་སྟེགས་ཞེས་བྱའོ། །དེ་བཞིན་ དུ་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་མུ་སྟེགས་ཏེ། འཁོར་བའི་ཆུ་བོ་ལས་བརྒལ་བའི་བར་གྱིས་ལམ་གྱི་རབ་ཀ་ལ་ཡང་མུ་སྟེགས་ཞེས་བྱ་སྟེ། གང་སུ་དག་ལ་ལམ་དེ་སྤྱོད་ཅིང་སྤྱོད་པ་དེ་དག་ནི་མུ་སྟེགས་ཞེས་བྱའོ། །སངས་རྒྱས་པ་ཐམས་ཅད་ཐར་པར་འདོད་ཅིང་སོ་སོའི་ལྟ་བ་ལ་ཐར་པའི་ལམ་ འབྱུང་ལ། ཐར་པའི་ལམ་ཡིན་སྙམ་དུ་འཛིན་ཞིང་སྤྱོད་དོ་ཅོག་ལ་ཡང་མུ་སྟེགས་ཅན་ཞེས་བྱ་མོད་ཀྱི། སངས་རྒྱས་པའི་ཐར་པའི་ལམ་ནི་བདག་མེད་པ་རྣམ་པ་གཉིས་རྟོགས་པ་ཟག་པ་མེད་པ་ཡིན་པས་ཐར་བར་འགྱུར་རོ། །འདི་ལ་ཕྱི་རོལ་པ་རྣམས་ཀྱི་ལམ་ནི་བདག་ཏུ་ལྟ་བ་དང་ལྡན་པ་ཉོན་མོངས་པ་དང་ ཟག་བཅས་ཡིན་པས་ཐར་བར་མི་འགྱུར་རོ། །སྐབས་འདིར་མུ་སྟེགས་ཞེས་བྱ་བ་སངས་རྒྱས་པ་ལ་མ་གཏོགས་པ་མུ་སྟེགས་ཅན་གཞན་ལ་བྱ་སྟེ། བདུད་ཀྱི་ཚོགས་དང་མུ་སྟེགས་ཀྱི་ཚོགས་མང་པོས་དེ་མི་ཐུབ་སྟེ། དེའི་ཡུལ་ལ་གནོད་པར་བྱ་བར་མི་ནུས་སོ། །བཟང་པོ་སྤྱོད་པའི་སྨོན་ལམ་གྲུབ་པ་ནི་ ཡོན་ཏན་འདི་ལྟ་བུ་དག་དང་ལྡན་པར་འགྱུར་ལ། དེར་ཡང་མ་ཟད་དེ་དེ་ནི་ཁམས་གསུམ་ཐམས་ཅད་ན་མཆོག་ཏུ་ཕྱིན་པར་གྱུར་པ་ཡིན་པས་འཇིག་རྟེན་གསུམ་པོ་ཀུན་ནས་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་རོ། །གཉིས་པ་འབྲས་བུས་བསྡུས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། སེང་གེའི་ཁྲི་ལ་ བཞུགས་པར་བསྟན་པ་དང་། བདུད་ཕམ་པར་བྱེད་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མཚན་ཉིད་དེ། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་འཚང་རྒྱ་འཁོར་ལོ་རབ་ཏུ་བསྐོར། །བདུད་ རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །ཞེས་བྱ་བ་ཡིན་ཏེ། སུ་ཞིག་བཟང་པོར་སྤྱོད་པའི་སྨོན་ལམ་འདི་འཆང་བ་དང་། ཀློག་པ་དང་བསྒྲུབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ནི་འདི་ཡིན་ཏེ། ཤིང་གི་རྒྱལ་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མྱུར་དུ་འགྲོ་བ་དང་། དེར་སོང་ནས་ཀྱང་སེམས་ཅན་ ལ་ཕན་པའི་དོན་དུ་འཚང་རྒྱ་བའི་ཕྱིར་སེང་གེའི་ཁྲི་ལ་འདུག་པ་དང་། བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདུད་དང་བགེགས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་བདུད་སྡེ་དང་དཔུང་དུ་བཅས་པ་ཐམས་ཅད་བཏུལ་བ་སྟེ། དེ་དག་གི་དོན་ནི་གོང་དུ་ བཤད་པ་དང་འདྲའོ། །མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ལུས་པ་ཐོབ་པའི་ཕན་ཡོན་ནོ། །གང་ཡང་བཟང་པོར་སྤྱོད་པའི་སྨོན་ལམ་འདི། །ཞེས་བྱ་བ་ལ་སོགས་པའོ། །འཆང་བ་དང་ནི་ཞེས་པ་ནི། ཚིག་དང་དོན་མ་ལུས་པ་མི་བརྗེད་པར་འཛིན་ ཞིང་འཆང་བའོ། །སྟོན་ཏེ་ཀློག་པའི་ཞེས་པ་ན་བརྡ་ཕྲད་པར་ཟད་དོ། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །ཞེས་བྱ་བ་ལ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཞན་གྱིས་མི་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་སྨིན་པ་ཞེས་པ་ནི་འཛིན་པ་དང་སྟོན་པ་དང་ཀློག་པའི་འབྲས་ བུ་ལྷ་དང་མིའི་ནང་དུ་རུས་དང་རིགས་དང་། མདངས་བྱད་དང་། ཉམས་རྩལ་དང་། ལོངས་སྤྱོད་དང་། ནད་མེད་པ་དང་། ཡིད་གཞུངས་པ་དང་། ཡིད་རྣོ་བ་དང་། སྙིང་རྗེ་ཆེ་བ་དང་། གཏོང་ཕོད་པ་ལ་སོགས་པའི་ཡོན་ཏན་མང་པོའི་རྣམ་པར་སྨིན་པའོ། །དེའི་རྣམ་པར་སྨིན་པ་དམ་པ་ནི། བྱང་ཆུབ་ མཆོག་ལ་སོམ་ཉི་མ་བྱེད་ཅིག །ཅེས་བྱ་བ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཏུ་གྱུར་པས། སངས་རྒྱས་ཀྱི་བྱང་ཆུབ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ལ་ཐེ་ཚོམ་མ་ཟ་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །།ད་ནི་བསྔོ་བ་བསྡུས་པ་དོན་བདུན་ཏེ། བྱང་ཆུབ་སེམས་ དཔའི་བསྔོ་བ་དང་། དེ་བཞིན་གཤེགས་པ་ལྟར་བསྔོ་བ་དང་། སྒྲིབ་པ་དང་བྲལ་བ་དང་། ཕ་རོལ་ཏུ་ཕྱིན་པའི་ལུས་འཛིན་པ་དང་། ལུང་བསྟན་པ་ཐོབ་ཅིང་སེམས་ཅན་གྱི་དོན་བསྒྲུབ་པ་དང་། བསྟན་པའི་དགེ་རྩ་བསྔོ་བ་དང་། སེམས་ཅན་ཐམས་ཅད་འོད་དཔག་མེད་ཀྱི་གནས་སུ་སྐྱེ་བར་ བསྔོ་བའོ། །དེ་ལ་དང་པོ་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བ་སྟེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། འཇམ་དཔལ་ནི་གོང་དུ་བཤད་པ་བཞིན་ནོ། །དཔའ་བ་ནི་དགྲ་ལ་ཚམ་ཚོམ་མེད་པ་སྟེ། ཤེས་རབ་དྲི་མ་མེད་པའི་རལ་གྲི་རྣོན་པོས་དངོས་པོ་ ལ་མངོན་པར་ཞེན་པའི་དགྲའི་དངོས་པོའི་ཚོགས་ཀྱི་ལྟ་བ་ངན་པ་གཅོད་པའོ། །ཇི་ལྟར་མཁྱེན་པ་ཞེས་པ་ནི། འཕགས་པ་འཇམ་དཔལ་དཔའ་བོས་ཡོངས་སུ་བསྔོ་བའི་ཚུལ་ཇི་ལྟར་ཐུགས་སུ་ཆུད་པ་དེ་བཞིན་དུ་ཡོངས་སུ་བསྔོ་བར་བྱའོ། །ཀུན་དུ་བཟང་པོ་དེ་ཡང་དེ་བཞིན་ཏེ། ཞེས་པ་འཇམ་དཔལ་ ཉག་གཅིག་ཏུ་མ་བྱས་ཀྱི། ཀུན་ཏུ་བཟང་པོས་ཇི་ལྟར་ཡོངས་སུ་བསྔོས་པའི་ཆོ་གའི་ཚུལ་བཞིན་དུ་ཡང་བསྔོ་བར་བྱ་སྟེ། དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་པ་ནི་འཕགས་པ་འཇམ་དཔལ་དང་ཀུན་དུ་བཟང་པོ་གཉིས་ཀྱི་རྗེས་སུ་བདག་སློབ་ཅིང་ ཡོངས་སུ་བསྔོ་བ་ལ་མཁས་པ་དེ་གཉིས་ཀྱིས་ཇི་ལྟར་ཡོངས་སུ་བསྔོས་པ་དེ་བཞིན་དུ། བདག་གིས་ཀྱང་དགེ་བའི་རྩ་བ་ཅི་བྱས་པ་དེ་ཀུན་ཡོངས་སུ་བསྔོ་བར་བྱའོ། །ད་ནི་གཉིས་པ་དེ་བཞིན་གཤེགས་པ་ལྟར་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བ་ནི། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་བྱ་བ་སྟེ། དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས་བསྔོ་བ་གང་ལ་མཆོག་ཏུ་བསྔགས་ཤིང་བསྟོད་པ་དེ་ནི། འཕགས་པ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས་དང་ཁྲི་བརྒྱད་སྟོང་པས་ངེས་ཏེ། སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། དེས་ཡོངས་སུ་བསྔོས་པས་ན་ཅི་ནས་མཚན་མར་ཡང་དག་པར་ཡོངས་སུ་མི་མཐོང་བ་སྟེ། དེ་ལྟ་བུའི་ ཚུལ་གྱིས་ཡོངས་སུ་སྔོ་བར་བྱེད་དེ། བདག་གིས་ཅི་ཞིག་སྦྱིན་པར་བྱེད། སུ་ཞིག་སྦྱིན་པར་བྱེད། ཅི་ཞིག་ཡོངས་སུ་བསྔོ་བར་བྱ། གང་གིས་ཡོངས་སུ་སྔོ་བར་བྱེད། གང་དུ་བསྔོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པའི་དངོས་པོ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ ཅིའི་ཕྱིར་ཞེ་ན། ནང་སྟོང་པ་ཉིད་ཀྱིས་སྟོང་པ་དང་། དེ་བཞིན་དུ་སྦྱར་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེས་གང་དུ་ཡོངས་སུ་བསྔོ་བར་འགྱུར། ཅི་ཞིག་ཡོངས་སུ་བསྔོ་བར་འགྱུར། གང་ཞིག་ཡོངས་སུ་བསྔོ་བར་འགྱུར་ཞེས་དེ་ལྟར་མཐོང་སྟེ། དེ་ལྟར་ཡོངས་སུ་བསྔོས་ན་ལེགས་པར་ཡོངས་སུ་བསྔོས་པར་འགྱུར་ཞེས་འབྱུང་བ་ དང་། འཕགས་པ་ཕུང་པོ་གསུམ་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་དུ་འདུག་ནས་ཚིག་འདི་སྐད་དུ། འདི་སྐད་མགོས་མ་མཆིས་པར་ཕྱག་བགྱི་བ་དང་། བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་འདེབས་པ་དེ་ཡང་མ་ མཆིས་པར་འདུས་མ་བགྱིས་པའོ། །དེ་ལྟར་ཕྱག་འཚལ་བ་དང་། བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་འདེབས་པ་གང་ལགས་པ་དེ་ཡང་མ་མཆིས། ལེན་པ་མ་མཆིས། འདུས་མ་བགྱིས་པ་སྟེ། དེ་བཞིན་དུ་བྱང་ཆུབ་ཀྱང་ལེན་པ་མ་མཆིས་ འདུས་མ་བགྱིས་པ་སྟེ། ཆོས་ཉིད་དེ་ཡང་མ་ཆགས་པ་དང་། མ་ལྷག་པ་དང་། མ་སྨད་པ་དང་། མཉམ་པ་མ་མཆིས་པ་དང་། མི་མཐོ་བ་དང་། མི་དམའ་བའི་ཡོངས་སུ་བསྔོ་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆོས་ཕྲ་རབ་ཀྱང་མི་དམིགས་པར་ཡོངས་སུ་བསྔོ་བར་བྱའོ་ཞེས་བརྗོད་པར་བྱའོ་ཞེས་ བྱ་བ་ལ་སོགས་པ་གསུངས་པ་དང་། འཕགས་པ་འཇམ་དཔལ་གྱི་སྒྲིབ་པ་རྒྱུན་གཅོད་པའི་མདོ་ལས་ཡོངས་སུ་བསྔོ་བ་འབྱུང་བ་དང་། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང་རྡོ་རྗེ་རྒྱལ་མཚན་གྱི་མདོ་རྒྱ་ཆེར་འབྱུང་བ་སྟེ། དངོས་པོ་དེ་ལྟ་བུ་དེ་དག་གིས་བདག་ལ་དགེ་བའི་རྩ་བ་ཅི་ཡོད་པ་རྣམས་ཀྱང་། བཟང་པོར་སྤྱོད་ པ་ཕུལ་དུ་ཕྱིན་པ་སྒྲུབ་ཅིང་ཉམས་སུ་ལེན་པར་བྱེད་པའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ་ཞེས་ཡོངས་སུ་བསྔོ་བར་བྱའོ། །ད་ནི་གསུམ་པ་སྒྲིབ་པ་དང་བྲལ་ཞིང་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་ཡོངས་སུ་འཛིན་པ་བསྟན་ཏེ། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། ། ཞེས་པས་སྒྲིབ་པ་དང་བྲལ་བ་བསྟན་ཏོ། །སྒྲིབ་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ཆོས་བསྒྲུབ་པ་ཐམས་ཅད་ལ་བར་ཆད་བྱེད་ལ། ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་སྟེ། བདག་འཆི་བའི་དུས་བྱེད་པ་ན་སྒྲིབ་པ་དེ་རྣམས་དང་བྲལ་ཞིང་མེད་པར་གྱུར་ཅིག་ པའོ། །སྒྲིབ་པ་དེ་རྣམས་དང་བྲལ་ཞིང་མེད་པར་གྱུར་ནས་ཇི་ལྟར་བྱ་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་ཡོངས་སུ་གཟུང་བར་བྱ་སྟེ། དེ་ནི། མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །ཞེས་པས་སྟོན་ཏེ། དེ་ལྟར་འཆི་ཀར་སྒྲིབ་པ་ཐམས་ཅད་བསལ་ཏེ། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དེའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། མཆོག་ཏུ་བདེ་ཞིང་ཡིད་བདེ་བ་འབའ་ཞིག་གི་གནས་སུ་འགྱུར་བ། ངན་སོང་གསུམ་ལ་སོགས་པ་སྡུག་བསྔལ་མིང་ཡང་མི་གྲག་ཅིང་། བདེ་བླག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱད་དུ་ཡོད་པ་བདེ་བ་དང་ལྡན་པ་ དེ་ལ་བདེ་བ་ཅན་ཞེས་བྱ་སྟེ། དེ་ལྟ་བུའི་ཞིང་དེར་འགྲོ་བར་གྱུར་ཅིག་པའོ། །དེ་ཡན་ཆད་སྒྲིབ་པ་དང་བྲལ་བ་བསྟན་ནས། ད་ནི་བཞི་པ་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་ཡོངས་སུ་འཛིན་པ་བསྟན་ཏེ། དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཞེས་པ་ནི་དེར་ཏེ། བདེ་བ་ཅན་གྱི་ཞིང་དེར་སོང་ནས་སམ་སྐྱེས་ ནས་སོ། །སྨོན་ལམ་འདི་དག་ནི་གོང་དུ་སྨོས་པ་རྣམས་སོ། །ཐམས་ཅད་མ་ལུས་མངོན་དུ་གྱུར་པར་ཤོག་སྟེ། སྨོན་ལམ་གོང་དུ་སྨོས་པ་རྣམས་མཐར་ཡང་དག་པར་རྫོགས་པའི་སེམས་ལ་སྣང་བར་གྱུར་ཅིག་པའོ། །དེ་དག་བདག་གིས་མ་ལུས་ཡོངས་སུ་བསྐང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་ པར་བགྱི། །ཞེས་པ་ནི་སེམས་ལ་སྣང་བ་ཙམ་དུ་མ་ཟད་ཀྱི། བདག་གིས་སྨོན་ལམ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད། སེམས་ཅན་གྱི་འཇིག་རྟེན་ཡོད་ཀྱི་བར་དུ། སེམས་ཅན་མ་ལུས་པ་ལ་ཕན་པར་གྱུར་ཅིག་པར་སྨོན་པ་སྟེ། གོང་དུ་སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱིད་པར་གྱུར་ ཅིག་ཅེས་འབྱུང་བ་སྟེ། དུས་ཇི་སྲིད་ཀྱི་བར་དུ་ཕན་པར་བྱ་བའི་དུས་ཀྱི་ཚད་བསྟན་པའོ། །ལྷག་མ་རྣམས་ཀྱིས་ནི་ལྔ་པ་ལུང་བསྟན་པ་ཐོབ་ཅིང་སེམས་ཅན་གྱི་དོན་བསྒྲུབ་པ་བསྟན་ཏེ། གང་ཞེ་ན། རྒྱལ་བའི་དཀྱིལ་འཁོར་དེར་ཞེས་པ་ནི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དེར། བཟང་ཞིང་ དགའ་བ་ནི་སྐྱིད་ཅིང་བདེ་བའོ། །པདྨ་དམ་པ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨ་མཆོག་གོ། །ཤིན་ཏུ་མཛེས་པ་ལས་ཞེས་པ་ནི་གསལ་ཞིང་འོད་ཟེར་དྲ་བ་སྣ་ཚོགས་འབྱུང་བ་ལས་སོ། །སྐྱེས་པ་ནི་འཁྲུངས་པའོ། །ལུང་བསྟན་པ་ནི་ལུང་སྟོན་པ་སྟེ། བདག་གིས་དེར་བཅོམ་ལྡན་འདས་འོད་དཔག་མེད་ལས་ མངོན་སུམ་དུ། འདི་སྲིད་ཅིག་ན་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་དེ་བཞིན་གཤེགས་པ་འདི་ཞེས་བྱ་བར་འགྱུར་རོ་ཞེས་དེ་ལྟ་བུའི་ལུང་བསྟན་པ་ཐོབ་པར་ཤོག་ཤིག་པའོ། །སེམས་ཅན་གྱི་དོན་བསྒྲུབ་པ་ནི་དེར་ནི་བདག་གིས་ལུང་བསྟན་པ་ཐོབ་པའི་འོག་ཏུ་སྤྲུལ་པ་མང་པོ་སྟེ། སྤྲུལ་པའི་སྤྲིན་མང་ པོ་གྲངས་ལས་འདས་པས་ཕྱོགས་བཅུར་ཁྱབ་སྟེ། ཕྱོགས་བཅུར་འགྲོ་བའི་དོན་དུ་འཁོར་བ་ཇི་སྲིད་པར་སེམས་ཅན་ལ་སྐད་ཅིག་རེ་རེ་ཞིང་ཕན་པ་མང་པོ་བགྲང་བ་ལས་འདས་པ་བྱེད་ཅིང་སྒྲུབ་པར་གྱུར་ཅིག་པའོ། །བློའི་སྟོབས་ཀྱིས་ཞེས་པ་ནི་ཡེ་ཤེས་ཀྱི་མཐུ་སྟེ། ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ ཆགས་པ་མེད་ཅིང་ཐོགས་པ་མེད་པས་སོ། །ད་ནི་དྲུག་པ་བཟང་པོ་སྤྱོད་པ་བཏོན་པའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟོན་ཏེ། དེ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་ གཅིག་གིས་ཐམས་ཅད་འབྱོར་པར་ཤོག །ཅེས་བྱ་བ་ཡིན་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་ནི་ཐོག་མར་བཤད་པ་བཞིན་ནོ། །བཏོན་པ་ནི་གླེགས་བམ་བཀླག་པ་དང་། ཁ་ཏོན་དུ་བཏོན་པ་སྟེ། ལྷག་མ་གོ་བར་ཟད་དོ། །ད་ནི་བདུན་པ་བཟང་པོ་སྤྱོད་པ་བསྔོས་པའི་བསོད་ནམས་ཀྱིས་སེམས་ཅན་རྣམས་ ཀྱང་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་གནས་སུ་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བ་སྟོན་ཏོ། །དེ་ནི། གང་ཡང་བཟང་པོ་སྤྱོད་པ་བསྔོས་པ་ཡི། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །ཅེས་ བྱ་བ་ཡིན་ཏེ། ཀུན་དུ་བཟང་པོའི་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ལས་བྱུང་བའི་བསོད་ནམས་ཡུན་རིང་པོ་ནས་བསགས་ཤིང་། སེམས་ཅན་མང་པོའི་དོན་དུ་བསྔོས་སམ། བསྒྲུབས་པས་མཐའ་ཡས་པ་ཉན་ཐོས་དང་རང་ སངས་རྒྱས་ལ་སོགས་པ་དགེ་བའི་རྩ་བ་ཐམས་ཅད་ལས་མཆོག་ཏུ་འཕགས་པ་བདག་གིས་གང་ཅི་ཐོབ་པ་དེས་འཁོར་བར་འཁོར་བའི་འགྲོ་བ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་གྱི་ཆུ་བོར་བྱིང་སྟེ། ཕ་རོལ་དུ་བརྒལ་མ་ནུས་པ་རྣམས་སྡུག་བསྔལ་གྱི་ཆུ་བོ་ལས་ བརྒལ་ནས། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་གནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་སྡུག་བསྔལ་ཐམས་ཅད་ཀྱི་མིང་ཡང་མི་གྲག་ཅིང་། ལུས་དང་སེམས་ཀྱི་བདེ་བ་ཐམས་ཅད་དང་ལྡན་པའི་གནས་དེར་འགྲོ་བ་ཐམས་ཅད་ཀྱིས་འགྲོ་བའི་གནས་པར་གྱུར་ཅིག །སྐྱེ་བར་གྱུར་ཅིག་ པའི་ཐ་ཚིག་གོ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོས་འགྲེལ་པ་མཛད་པ་དང་། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་འགྲེལ་པ་མཛད་པ་དང་། སངས་རྒྱས་གྲགས་པས་འགྲེལ་པ་མཛད་པ་དང་། རྒྱན་བཟང་པོས་ཊཱི་ཀ་མཛད་པ་དང་རྣམ་པ་བཞིའི་དོན་དང་། འཕྲལ་དུ་མཁན་པོ་དག་ལས་ཐོས་པ་དང་། མདོ་སྡེ་ནས་འབྱུང་བ་དང་ཡང་སྦྱར་ཏེ་བཤད་པ་བརྡ་ཕྲད་སླ་བར་བརྗེད་བྱང་དུ་བྱས་པ་རྫོགས་སོ།། ༄། །ལྟ་བའི་ཁྱད་པར་བཞུགས། ༄༅༅། །ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ལ་སོགས་པའི་ལྟ་བའི་བྱེ་བྲག་དང་། ཐེག་པ་གསུམ་དང་ སྐུ་གསུམ་ལ་སོགས་པ་མཁན་པོ་དག་ལས་ཐོས་པ་དང་། གསུང་རབ་མདོ་སྡེ་དང་། བསྟན་བཅོས་ལས་བྱུང་བའི་དོན་མདོ་ཙམ་ཞིག་བརྗེད་བྱང་དུ་བྱས་པ། ཨཱ་ཙཱརྱ་ནཱ་གཱ་རྫུ་ནས་དབུ་མའི་ཀཱ་རི་ཀཱ་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མ་ཞེས་བྱ་བ་དང་། དབུ་མའི་སྙིང་པོ་ཞེས་བྱ་བ་མཛད་པ་དང་། བར་གྱི་ མཁན་པོ་ཤཱནྟ་རཀྵི་ཏ་ཞེས་བྱ་བས་ཨཱ་ཙཱརྱ་ཨ་སཾ་གས་རྣམ་པར་ཤེས་པ་ཙམ་དུ་བཤད་པའི་བསྟན་བཅོས་རྣལ་འབྱོར་སྤྱོད་པ་མཛད་པ་ལ་བརྟེན་ཏེ། ཀུན་རྫོབ་ཏུ་དེའི་ལུགས་དང་མཐུན་པར་རྣམ་པར་ཤེས་པ་ཙམ་དུ་བསྒྲུབས་ལ། དོན་དམ་པར་རྣམ་པར་ཤེས་པ་ཡང་རང་བཞིན་མེད་པར་བཤད་པའི་དབུ་ མའི་བསྟན་བཅོས་དབུ་མའི་རྒྱན་ཞེས་བྱ་བ་ཞིག་མཛད་དེ། དབུ་མའི་བསྟན་བཅོས་ལུགས་ཅུང་ཟད་མི་མཐུན་པ་གཉིས་བྱུང་བས། ཨཱ་ཙཱརྱ་བྷ་བྱས་མཛད་པ་ལ་ནི་མདོ་སྡེ་བའི་དབུ་མ་ཞེས་བཏགས། ཨཱ་ཙཱཪྱ་ཤཱནྟ་རཀྵི་ཏས་མཛད་པ་ལ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་བཏགས་སོ། །ཨཱ་ཙཱཪྱ་ནྰ་གཱ་རྫུ་ན་ དང་། ཨཱརྱ་དེ་ཝས་མཛད་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་འབྱུང་བ་བཞིན་དུ། གལ་ཏེ་གཟུགས་ལ་སོགས་ལ་རི་བོང་གི་རྭ་བཞིན་དུ་མེད་ལ། རྣམ་པར་ཤེས་པ་ཉིད་དེ་ལྟར་སྣང་བ་ཡིན་ན་ནི་འདི་དག་ཐོག་མ་མེད་པ་ཉིད་ནས་མེད་པ་ཉིད་ཡིན་པས། གཟུགས་སུ་འཁྲུལ་ པའི་གཞི་མེད་པའི་ཕྱིར། དེའི་དབང་གིས་རྣམ་པར་ཤེས་པ་དེ་ལྟར་སྣང་ཞེས་བྱར་ཡང་མི་རུང་ངོ་། །ཡང་གཅིག་ཏུ་ན་གཞི་མེད་པར་སེམས་ཉིད་དེ་ལྟར་སྣང་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་ཡང་སྣང་བར་འགྱུར་བའི་རིགས་སོ། །ཅི་སྟེ་ཡུལ་མེད་པའི་གཏན་ཚིགས་སུ་དངོས་པོ་རགས་པ་ རྡུལ་དུ་བཤིག་ལ། རྡུལ་ཡང་ཕྱོགས་ཆ་ཡོད་དེ་མི་འགྲུབ་པས་སེམས་ཙམ་མོ་ཞེས་བྱ་ན་ནི། འོ་ན་ལྟ་རྣམ་པར་ཤེས་པའི་སྐད་ཅིག་མ་ཡང་སྤྱིའི་མཚན་ཉིད་བཤད་པས་ཡུལ་ཡོད་དོ། །སྤྱིར་དངོས་པོ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས། ཀུན་རྫོབ་ཏུ་ནི་སྒྱུ་མ་དང་འདྲ་བ་ཙམ་དུ་སྐྱེ་བ་ཡོད་ ལ། དོན་དམ་པར་ནི་བདག་དང་གཞན་དང་གཉི་ག་དང་། རྒྱུ་མེད་པ་ལས་ཀྱང་སྐྱེར་མི་རུང་སྟེ། རང་བཞིན་མེད་དོ་ཞེས་བཤད་པས། དབུ་མ་པ་གཉི་ག་ཡང་དེ་ལ་བརྟེན་ཏོ། །དེ་ལ་རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་ནི་ཀུན་རྫོབ་ཏུ་ནི་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དང་མཐུན་ཏེ། རྣམ་པར་ཤེས་པས་ཡུལ་ཤེས་པ་ཡང་ཡུལ་ཉིད་རྣམ་པར་ཤེས་པའི་རང་བཞིན་ཡིན་པས། འབྲེལ་བ་ཡོད་པའི་ཕྱིར་རང་རིག་པས་ཤེས་པར་རུང་གི་ཡུལ་གཞན་ཡིན་པར་འདོད་ན་ནི་ཤེས་པ་དང་འབྲེལ་པ་མེད་པས་རིག་པར་མི་རུང་ངོ་། །ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བར་སྣང་བ་ཡང་དཔེར་ ན་རྨི་ལམ་ན་མཐོང་བ་རྣམས་ཡུལ་མེད་ཀྱི་སེམས་ཉིད་མཐོང་བ་དང་འདྲ་སྟེ། ལང་ཀར་གཤེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མ་ཡིན། །བདག་གི་སེམས་ནི་ཕྱི་རོལ་སྣང་། །ཞེས་གསུངས་པ་ལྟ་བུའོ། །དོན་དམ་པར་ནི་སེམས་དེ་ཡང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ གཏན་ཚིགས་ཀྱིས་བཤིག་ན་ཡོད་པར་མི་འགྲུབ་སྟེ། ཇི་ལྟར་ཞེ་ན། ཡུལ་ཉིད་རྣམ་པར་ཤེས་པའི་རང་བཞིན་ཡིན་ན། ཡང་ན་ནི་ཡུལ་ཐ་དད་པ་རྣམ་པ་མང་པོ་བཞིན་དུ་སེམས་ཀྱང་དུ་མར་འགྱུར་རོ། །ཡང་ན་ནི་སེམས་བཞིན་དུ་ཡུལ་ཡང་སྣ་ཚོགས་སུ་མི་འགྱུར་རོ། །དེ་ལྟ་བས་ན་སེམས་ ཙམ་ལ་བརྟེན་ནས། ཕྱི་རོལ་གྱི་ཡུལ་མེད་པར་ཤེས་པར་བྱའོ། །དབུ་མའི་ཚུལ་འདི་ལ་བརྟེན་ནས་སེམས་དེ་ཡང་བདག་མེད་པར་རྟོགས་པར་བྱ་སྟེ། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་ནི་སེམས་ཙམ་སྟེ། དུས་གསུམ་ཡང་ སེམས་ཙམ་དུ་རྟོགས་ཤིང་། སེམས་དེ་ཡང་མཐའ་དང་དབུས་མེད་པར་རྟོགས་སོ་ཞེས་འབྱུང་བ་ལྟ་བུའོ། །ལང་ཀར་གཤེགས་པ་ལས་ཀྱང་། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ། །དེ་བཞིན་ཉིད་ལ་གནས་ནས་སུ། །སེམས་ཙམ་ལས་ཀྱང་བཟླ་བར་ བྱ། །སེམས་ཙམ་ལས་ནི་བཟླས་ནས་སུ། །སྣང་བ་མེད་ལས་བཟླ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་ཏེ། དེ་ལྟ་བས་ན་དབུ་མའི་ཚུལ་འདི་དོན་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་གང་གི་ཕྱིར་དངོས་པོ་སྐྱེ་བ་མི་འཐད་ པ་དེའི་ཕྱིར་སྐྱེ་བ་མི་སྲིད་དེ། སྐྱེ་བ་བརྗོད་པ་ནི་ཐ་དད་བཏགས་པ་ཙམ་དུ་ཟད་དོ། །རྣམ་པར་ཤེས་པ་ཙམ་དུ་སྨྲས་པས་ཕྱི་རོལ་གྱི་ཡུལ་མེད་ཀྱི། སེམས་ཉིད་དོན་དུ་སྣང་ཞེས་བྱ་བ་ཡང་མི་རུང་སྟེ། ཇི་ལྟར་ཞེ་ན། ཡུལ་ཉིད་རྣམ་པར་ཤེས་པའི་རང་བཞིན་ཡིན་པས། ཡུལ་ཡང་ཤེས་པ་ཅན་དུ་འགྱུར་ རོ། །ཡང་ན་ནི་ཤེས་པ་ཉིད་གཟུགས་ཡིན་པས་སེམས་ཀྱང་ཤེས་པ་མེད་པར་འགྱུར་རོ། །ཡང་ན་ནི་ཡུལ་རྣམ་པ་མང་པོ་སྣ་ཚོགས་ཡོད་པ་བཞིན་དུ་སེམས་ཀྱང་སྣ་ཚོགས་དུ་མར་འགྱུར་རོ། །ཡང་ན་ནི་སེམས་བཞིན་དུ་ཡུལ་ཡང་སྣ་ཚོགས་སུ་མི་འགྱུར་རོ། །ཡང་ན་ནི་སེམས་ཀྱང་གཟུགས་ཅན་དུ་ འགྱུར་རོ། །ཡང་ན་ནི་གཟུགས་ཀྱང་སེམས་བཞིན་དུ་བལྟར་མི་སྣང་བར་འགྱུར་རོ། །རྣམ་པ་གཅིག་ཏུ་ན་ཡུལ་མེད་ཀྱི། སེམས་ཉིད་ཡུལ་དུ་སྣང་ན་ནི་གཟུགས་དང་ཁ་དོག་གི་རྣམ་པ་ཇི་ལྟ་བུ་བསམས་པ་དང་། ཇི་ལྟར་འདོད་པ་དེ་བཞིན་དུ་ཐམས་ཅད་ཡུལ་ཉིད་དུ་འབྱུང་ཞིང་སྣང་བའི་རིགས་སོ། ། ཡང་རྣམ་པ་གཅིག་ཏུ་ན་གཟུགས་རྡུལ་དུ་བཤིག་སྟེ། རྡུལ་ཕྲ་རབ་ཀྱང་ཆ་ཤས་ཀྱིས་བཤིག་ན་མེད་པ་བཞིན་དུ་སེམས་ཀྱང་མེད་པར་འགྱུར་ཏེ། དེ་ལྟར་སེམས་ཉིད་ཡུལ་དུ་སྣང་ཞེས་བྱར་མི་རུང་ངོ་། །ཐོག་མ་མེད་པ་ནས་གཟུགས་སུ་རྟོག་པའི་བག་ཆགས་སྨིན་པས། དེ་ལྟར་སྣང་ངོ་ཞེས་བྱར་ཡང་ ཡུལ་ཡང་མེད་ན་དེ་ལྟར་རྟོག་པ་མི་འབྱུང་བས། དེའི་བག་ཆགས་ཀྱང་ཡོད་པར་མི་འགྱུར་རོ། །འཕགས་པ་ས་བཅུ་པ་ལས། ཁམས་གསུམ་པ་སེམས་ཙམ་མོ་ཞེས་འབྱུང་བ་ནི་བྱེད་པ་པོ་དང་ཟ་བ་པོ་དགག་པ་སྟེ། མདོ་སྡེ་དེ་ཉིད་ལས། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པ་བཅུར་ རབ་ཏུ་རྟོགས་ཤིང་བདག་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་དང་། རང་བཞིན་གྱི་བྱེད་པ་པོ་དང་། ཚོར་བ་པོ་མེད་པར་རབ་ཏུ་རྟོགས་པའི་ཚེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །འཕགས་པ་ལང་ཀར་ གཤེགས་པ་ལ་སོགས་པ་ལས། ཕྱི་རོལ་གྱི་དོན་མེད་ཀྱི་སེམས་དེ་ལྟར་སྣང་ངོ་ཞེས་འབྱུང་བ་ཡང་དངོས་པོ་དོན་དམ་པར་ཡོད་པར་འདོད་པ་དགག་པ་དང་། སེམས་ཙམ་དུ་བཤད་པས་འདུལ་བ་ལ་ཕན་གདགས་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རང་བཞིན་གྱིས་དངོས་པོར་གྲུབ་ པ་མེད་པ་ལ་ལོག་པའི་རྣམ་པར་རྟོག་པས་དངོས་པོར་སྒྲོ་བཏགས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ་ཞེས་འཆད་དོ། །ཨཱརྱ་ཙཱརྱ་ཀ་མ་ལ་ཤཱི་ལས་དབུ་མའི་བསྟན་བཅོས་དབུ་མ་སྣང་བ་ཞེས་བྱ་བ་མཛད་པ་ལས་ནི་དབུ་མ་འདི་གཉིས་ཀུན་རྫོབ་ཏུ་ཅུང་ཟད་མི་མཐུན་ཡང་། དོན་དམ་པར་ཕྱི་ནང་གི་དངོས་པོ་ཐམས་ཅད་རང་བཞིན་མེད་པར་འདོད་དུ་འདྲ་བས་ན་འགལ་བ་མེད་དོ་ཞེས་འབྱུང་ངོ་། །ཐེག་པ་གསུམ་ནི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ། །ཐེག་པ་ཞེས་བྱ་བ་ནི་བཞོན་པ་དང་འདྲ་སྟེ། དེས་ཐེག་ཅིང་སོ་སོའི་གནས་ སུ་སོན་པར་བྱེད་པས་ཐེག་པའོ། །ཟམ་པ་དང་གྲུ་དང་གཟིངས་དང་འདྲ་སྟེ། དེས་བཏེག་ཅིང་བརྟེན་ནས་འཁོར་བའི་ཆུ་བོའི་ཕ་རོལ་ཏུ་ཕྱིན་པས་ན་ཡང་ཐེག་པའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ནི་བདེན་པ་བཞིའི་སྒོ་ནས་འཇུག་སྟེ། ཟག་པ་དང་བཅས་པའི་འབྲས་བུ་ཉེ་བར་ལེན་པའི་ཕུང་པོ་ ལྔ་ནི་སྡུག་བསྔལ་སྣ་ཚོགས་ཀྱི་གཞི་ཡིན་པས། བལྟ་སླ་བའི་ཕྱིར་ཐོག་མར་སྡུག་བསྔལ་ཀྱི་བདེན་པ་རྟོགས་སོ། །དེ་ནས་སྡུག་བསྔལ་གྱི་རྒྱུ་བརྟགས་ན་ལས་དང་ཉོན་མོངས་པ་ལས་བྱུང་བར་རིགས་ཏེ། ཀུན་འབྱུང་བའི་བདེན་པ་རྟོགས་སོ། །དེ་ནས་ལས་དང་ཉོན་མོངས་པ་སྤངས་ ཏེ། ཕུང་པོ་ལྔ་དང་བྲལ་བ་ནི་བདེན་པ་ཡིན་པར་རིག་སྟེ། འགོག་པའི་བདེན་པ་རྟོགས་སོ། །དེ་ནས་འགོག་པ་ཐོབ་པར་བྱ་བའི་ཐབས་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡིན་པར་རིག་སྟེ། ལམ་གྱི་བདེན་པ་རྟོགས་སོ། །དེ་ལྟར་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡང་རྒྱུ་དང་འབྲས་བུ་ཙམ་དུ་ཟད་དེ། བྱེད་པ་པོ་དང་ཟ་བ་པོ་བདག་མེད་པར་མཐོང་བས། གང་ཟག་ལ་བདག་མེད་པར་རྟོགས་སོ། །འཁོར་བ་ནི་སྡུག་བསྔལ་མི་བཟད་པ་ཡིན་ཞིང་། མྱ་ངན་ལས་འདས་པ་ནི་ཞི་བ་དང་བདེ་བར་རིག་ལ། དེ་གཉིས་ལས་གཅིག་སྤང་ཞིང་ གཅིག་ཐོབ་པར་བྱ་བར་རུང་བར་རྟོགས་པས། སྡུག་བསྔལ་གྱིས་ཁོང་དངངས་ཤིང་མི་བཟོད་དེ། འཁོར་བས་སྐྱོ་ཞིང་ཡིད་བྱུང་བ་དང་། སྙིང་རྗེ་ཤིན་ཏུ་ཆུང་སྟེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བ་སྤྱོད་པ་ཡང་སེམས་ཅན་མང་པོའི་དོན་གྱི་ཕྱིར་མ་ཡིན་གྱི། བདག་གཅིག་པུའི་དོན་དུ་སྤྱོད་ཅིང་། བདག་ཉིད་མྱ་ངན་ལས་འདས་པའི་བདེ་བ་བསྒྲུབ་པ་དང་། མངོན་པར་རྟོགས་པ་ཐོབ་པའི་དུས་ན་ཡང་དགེ་བའི་བཤེས་གཉེན་ལ་མ་ལྟོས་པར་བདག་ཉིད་ཀྱིས་བདེན་པ་བཞིའི་དེ་ཁོ་ན་ཉིད་རྟོགས་པར་མི་ནུས་ཏེ། དབང་པོ་རྟུལ་བས་ཐེག་པ་དམན་པ་ཞེས་བྱའོ། །ཉན་ཐོས་ཞེས་བྱ་བ་ནི་དགེ་བའི་བཤེས་ གཉེན་ལས་ཉན་ཅིང་གཞན་ལ་ཡང་སྒྲོགས་ཏེ་ཐོས་པར་བྱ་བས་ན་ཉན་ཐོས་ཞེས་བྱའོ། །རང་སངས་རྒྱས་ཀྱི་ཐེག་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པའི་སྒོ་ནས་འཇུག་སྟེ། འཁོར་བའི་ཉེས་དམིགས་རྒ་ཤི་མཐོང་ནས་ཅི་ལས་བྱུང་ཞེས་བརྟགས་ན། དེའི་རྒྱུ་སྐྱེ་བ་ཡིན་ པར་རིག་ལ། དེ་བཞིན་དུ་བརྩད་ན་གོང་ནས་གོང་དུ་མ་རིག་པ་ལ་ཐུག་གི་བར་དུ། རྒྱུ་དང་འབྲས་བུའི་ཚུལ་དུ་རྟོགས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་ཟད་དེ། བདག་གམ་བདག་གི་ཞེས་བྱ་བ་མེད་པས་གང་ཟག་ལ་བདག་མེད་པར་མཐོང་ཞིང་། སྔ་ཕྱི་ཆ་ཤས་ཀྱིས་བཤིག་ན་ཡོད་པར་མི་ འགྲུབ་སྟེ། མཐུན་པར་སྐྱོན་དུ་འགྱུར་བས། ཡུལ་མེད་ལ་སེམས་ཡོད་པར་མི་རུང་སྟེ། དེ་གཉིས་ནི་གྱི་ན་ཐ་སྙད་བཏགས་པར་ཟད་ཀྱི། དངོས་སུ་ནི་དེ་ལྟ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱེ་སྟེ་གསུངས་ པས་སེམས་དང་ཡུལ་གཉི་ག་དོན་དམ་པར་ཡོད་པར་མངོན་ནོ། །མདོ་དག་ལས། ཡུལ་མེད་ཀྱི་སེམས་ཉིད་ཡུལ་དུ་སྣང་ངོ་ཞེས་འབྱུང་བ་ནི་ཡུལ་རྣམ་པ་ཐམས་ཅད་དུ་དགག་པ་མ་ཡིན་གྱི་དངོས་པོ་མི་རྟག་པ་དང་། རྡུལ་མང་པོ་འདུས་པ་ལ་འཁྲུལ་པའི་རྟོག་པས་བརྟགས་པ་དང་། རིལ་པོར་ འཛིན་པ་བཟློག་པའི་གཉེན་པོར་གསུངས་པ་ཡིན་ནོ་ཞེས་འཆད་དོ། །རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ནི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་མེད་ཀྱི་རྣམ་པར་ཤེས་པ་ཉིད་དེ་ལྟར་སྣང་དུ་ཟད་དེ། འཇིག་རྟེན་ན་གྲགས་པ་དང་། བསྟན་བཅོས་ལས་འབྱུང་བའི་བདག་ཏུ་བརྗོད་པ་སྣ་ཚོགས་དང་། ཆོས་སྣ་ཚོགས་ཉེ་བར་འདོགས་པ་འབྱུང་བ་ནི་རྣམ་པར་ཤེས་པ་གྱུར་པ་ཡིན་ཏེ། དེ་དག་དངོས་སུ་ཡོད་པ་ལ་འདོགས་པ་མ་ཡིན་གྱི། ཐོག་མ་མེད་པའི་དུས་ནས་བདག་ལ་སོགས་པ་དང་། གཟུགས་ལ་སོགས་པ་ཆོས་སུ་རྣམ་པར་རྟོག་པའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་ པར་བལྟས་པས། ཀུན་གཞིའི་རྣམ་པར་ཤེས་པ་དེ་ལས་བདག་དང་ཆོས་སུ་སྣང་ངོ་སྙམ་དུ་རྣམ་པར་རྟོག་པ་འབྱུང་བས་ཡུལ་མེད་དོ། །ཇི་ལྟར་ཞེ་ན། དངོས་པོ་གོང་བུར་སྣང་བ་ནི་རྡུལ་ཕྲ་མོ་འདུས་པ་ཡིན་ལ། གོང་བུར་རྩོམ་པའི་རྡུལ་ཕྲ་མོ་ནི་ཕྱོགས་དྲུག་གི་ཆ་ཡོད་པས། རྡུལ་ཕྲ་མོར་འགྲུབ་པའི་ཕྱིར་ཡུལ་མེད་པར་མངོན་ཏེ། དཔེར་ན་རབ་རིབ་ཅན་གྱིས་ནམ་མཁའ་ལ་སྐྲ་ཤད་འཛིངས་པ་ལ་སོགས་པ་མཐོང་བཞིན་ནོ། །ས་བཅུ་པའི་མདོ་ལས་ཀྱང་ཀྱེ་རྒྱལ་བའི་སྲས་ཁམས་གསུམ་འདི་ནི་སེམས་ཙམ་མོ་ཞེས་འབྱུང་། སྟུག་པོ་བཀོད་པ་ལས་ཀྱང་། སེམས་ནི་རྣམ་ པ་གཉིས་དངོས་སུ། །གཟུང་དང་འཛིན་པར་སྣང་བ་སྟེ། །བུམ་པ་སྣམ་བུ་ལ་སོགས་པའི། །ཡུལ་ནི་གང་ཡང་ཡོད་མ་ཡིན། །ཞེས་གསུངས། ལང་ཀར་གཤེགས་པ་ལས། ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་བྱ་བ་ལ་སོགས་པ་ འབྱུང་བས། ཕྱིའི་དོན་ཡོད་པ་མ་ཡིན་གྱི་རྣམ་པར་ཤེས་པ་ཉིད་དེ་ལྟར་སྣང་ངོ་། །རྣམ་པར་ཤེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། རྒྱུན་གྱི་རྟག་པ་ཡིན་པས་དོན་དམ་པར་ཡང་ཡོད་དེ། གནས་གྱུར་པའི་དུས་ན་ཡང་གཟུང་བ་དང་འཛིན་པ་དང་ལས་དབེན་པ་གཉིས་སུ་མེད་པའི་ཡེ་ཤེས་ཕྱིན་ཅི་མ་ ལོག་པར་ཡོངས་སུ་གྲུབ་པ་ཡོད་དོ་ཞེས་འཆད་དོ། །དབུ་མ་རྣམ་གཉིས་ཀྱི་ཚུལ་ཇི་ལྟ་བུ་ཞེ་ན། སྔོན་གྱི་དབུ་མའི་མཁན་པོ་ཨཱ་ཙཱརྱ་ནཱ་གཱ་རྫུ་ན་དང་། ཨཱརྱ་དེ་ཝས་དབུ་མའི་བསྟན་བཅོས་མཛད་པར་ཟད་དེ། རྣམ་པ་གཉིས་སུ་ཕྱེ་བ་ཡང་མེད། དེའི་འོག་ཏུ་ཨཱ་ཙཱརྱ་ཨ་སཾ་ག་དང་། བ་སུ་བན་དྷུས་ རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་བསྟན་བཅོས་མཛད་དེ། ཕྱི་རོལ་གྱི་ཡུལ་མེད་ཀྱི་རྣམ་པར་ཤེས་པ་ཉིད་ཡུལ་དུ་སྣང་བར་བསྒྲུབས་ཤིང་། རྣམ་པར་ཤེས་པ་དག་པ་གཉིས་སུ་མེད་པ་ནི་དོན་དམ་པར་ཡང་ཡོད་པར་བཤད་པ་ལ་ཕྱིས་དབུ་མའི་མཁན་པོ་བྷ་བྱ་ཞེས་བྱ་བ་ཨཱ་ཙཱརྱ་ནཱ་གཱ་རྫུ་ནའི་ལུས་ཀྱི་མན་ ངག་ཡོད་པས་དངོས་གྲུབ་བརྙེས་པ་ཞིག་བཞུགས་པས། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་སུན་ཕྱུང་སྟེ། ཐེག་པ་ཆུང་ངུ་བ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ནི་ཕྱི་རོལ་གྱི་དོན་བཞི་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་དང་། དེ་ལས་གྱུར་པའི་གཟུགས་ལ་སོགས་པ་ཡིན་ཏེ། དེ་དག་ནི་མངོན་སུམ་གྱི་ཚད་ མས་ཀྱང་ཡོད་པར་གྲུབ་ལ། ཕུང་པོ་ལྔ་ལས་ཀྱང་གཟུགས་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལས་ཀྱང་དབང་པོ་གཟུགས་ཅན་དང་། དེ་དག་གི་ཡུལ་རྣམས་ནི་འབྱུང་བ་ཆེན་པོ་བཞི་དང་། དེ་ལས་གྱུར་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཕུང་པོ་དང་། ཁམས་དང་། སྐྱེ་ མཆེད་ཡོད་དོ་ཞེས་གསུངས་ཤིང་། འབྱུང་བ་ཆེན་པོ་ལ་སོགས་པའི་རང་དང་མ་རིག་པ་ནི་དགག་ཏུ་རུང་ལ། དེ་འགགས་ན་རྒ་ཤིའི་བར་དུ་འགགས་པར་མཐོང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་ བའི་ཕྱོགས་རྟོགས་པས། འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ཞིང་ཡིད་བྱུང་སྟེ་རྣམ་པར་བྱང་བ་ལ་མངོན་སུམ་དུ་ཕྱོགས་ནས། བདག་འབའ་ཞིག་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བ་སྤྱོད་ཅིང་སྙིང་རྗེ་ཆུང་སྟེ། སེམས་ཅན་མང་པོའི་དོན་ མི་བྱེད་པར་རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱའོ། །རང་སངས་རྒྱས་ནི་འཕགས་པ་བྷི་བྷ་ཤ་ན་ལུང་བསྟན་པའི་མདོ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་མཐོང་བ་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་རྟོགས་སོ་ཞེས་གསུངས་པ་དང་པོ་ཨཱ་ཙཱརྱའི་ཊཱི་ཀ་ལས་གཟུགས་ཀྱི་ཕུང་པོ་ ལ་ཆོས་ལ་བདག་མེད་པར་རྟོགས་སོ་ཞེས་འབྱུང་བ་དང་། མངོན་པར་རྟོགས་པ་ཐོབ་པའི་དུས་ན་ཡང་སློབ་དཔོན་ལ་མི་ལྟོས་པར་བདག་ཉིད་ཀྱིས་ཆོས་ཉིད་རྟོགས་པར་ནུས་ཏེ། དབང་པོ་རྣོ་བ་ཉན་ཐོས་ལས་ཁྱད་པར་དུ་འཕགས་སོ། །ཐེག་པ་ཆེན་པོ་ནི་དོན་དམ་པར་དངོས་པོ་ཐམས་ ཅད་རང་བཞིན་མེད་པར་རིག་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་རྟོགས་པ་དང་། ཀུན་རྫོབ་ཏུ་དངོས་པོ་སྒྱུ་མ་ཙམ་དུ་དམིགས་པས། ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་ལྡན་ཏེ། འཁོར་བ་ཡང་མི་སྤོང་། མྱ་ངན་ལས་འདས་པ་ཡང་མི་ལེན་པར་སེམས་ཅན་ཐམས་ ཅད་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་ཅིང་། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྒྲུབ་པ་སྟེ། མདོར་ན་བྱང་ཆུབ་སེམས་དཔའི་ས་བཅུ་འབྲས་བུ་སངས་རྒྱས་ཀྱི་ས་དང་བཅས་པ་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས། ཆེན་པོ་རྣམ་པ་བདུན་གྱིས་ཁྱད་པར་དུ་འཕགས་པ་སྟེ། ཆེན་པོ་རྣམ་པ་བདུན་ནི་དམིགས་པ་དང་། བསྒྲུབ་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་དང་། ཡང་དག་པར་འགྲུབ་པ་དང་། ལས་ཆེན་པོའོ། །དེ་ལ་དམིགས་པ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འབུམ་དང་། དཀོན་མཆོག་བརྩེགས་པ་ཆེན་པོ་འབུམ་དང་། འདུས་པ་ཆེན་པོ་འབུམ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ། བྱང་ཆུབ་སེམས་དཔའི་ལམ་བཤད་པའི་ཆོས་ལ་དམིགས་པའོ། །བསྒྲུབ་པ་ཆེན་པོ་ནི་བདག་དང་གཞན་གྱི་དོན་ཐམས་ཅད་ བསྒྲུབ་པའོ། །ཡེ་ཤེས་ཆེན་པོ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའོ། །བརྩོན་འགྲུས་ཆེན་པོ་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བྱ་དཀའ་བ་རྣམ་པ་མང་པོ་ལ་སྦྱོར་བའོ། །ཐབས་མཁས་པ་ཆེན་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཆེན་པོ་ལ་མི་གནས་ པའོ། །ཡང་དག་པར་འགྲུབ་པ་ཆེན་པོ་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པར་འགྲུབ་བོ། །ལས་ཆེན་པོ་ནི་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་བསྒྲུབ་ ཅིང་མཛད་པའོ། །ཐེག་པ་གསུམ་དུ་ཡང་གསུངས་ལ་གཅིག་ཅེས་ཀྱང་གསུངས་པ་གང་བདེན། ཅི་ལས་དགོངས་ཤེ་ན། འདུལ་བའི་དབང་གི་ཕྱིར། མོས་པའི་རྐྱེན་ཙམ་དུ་དབང་པོའི་རིམ་པ་དང་སྦྱར་ནས་ཐེག་པ་གསུམ་དུ་བཤད་དེ། ཐེག་པ་གཉིས་ནི་ཉན་ཐོས་དང་རང་ སངས་རྒྱས་འཁོར་བས་སྐྱོ་ཞིང་སྡུག་བསྔལ་མི་བཟོད་པས། དེ་མྱུར་དུ་ཞི་བར་བྱ་བའི་ཕྱིར་རིངས་ཐབས་བསྟི་བའི་གནས་ཙམ་དུ་ཟད་དེ། གཏན་དུ་མྱ་ངན་ལས་འདས་པའི་གནས་མ་ཡིན། འབྲས་བུ་ཐོབ་ནས་སངས་རྒྱས་ཀྱི་སྐུ་སྟེ། ཆོས་ལ་བདག་མེད་པར་རྟོགས་པར་མཛད་ ཅིང་། བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱོད་དུ་བཅུག་ནས། དེས་བསྒྲུབས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཐ་མར་ཐེག་པ་ཆེན་པོར་འདུ་བས། ལང་ཀར་གཤེགས་པའི་མདོ་ལས། ཉན་ཐོས་ཟག་པ་མེད་པའི་དབྱིངས་ལ་གནས་པ་དེ་བཞིན་གཤེགས་པའི་ འོད་ཟེར་གྱིས་བསྐུལ་ཏེ། ཐེག་པ་ཆེན་པོ་ལ་འཇུག་ཅིང་ཐེག་པ་གཅིག་ཏུ་བཤད་པ་དང་། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། ཉན་ཐོས་མང་པོ་སངས་རྒྱས་སུ་འགྲུབ་པར་ལུང་བསྟན་ཞིང་། །ཐེག་པ་གཅིག་ཏུ་བཤད་པ་ལ་སོགས་པའི་ཚུལ་གྱིས་ཐེག་པ་གསུམ་དུ་མེད་དེ་གཅིག་ཏུ་ཟད་དོ། ། མདོ་སྡེ་གཞན་ལས་རིགས་ལྔ་དང་སྦྱར་ཏེ། ཐེག་པ་གསུམ་དུ་བཤད་པའི་རིགས་ལྔ་ཡང་རིགས་ཡོང་གིས་དེ་ལྟར་ངེས་ཏེ་གཏན་དུ་ཡོད་པ་ནི་མ་ཡིན་གྱི། ཕྲིན་ལས་ཀྱི་དུས་ལ་ལྟོས་ཏེ་སྔར་ཕྱེ་བར་ཟད་དོ། །མདོ་ཁ་ཅིག་ལས་ཞི་བ་ཕྱོགས་གཅིག་པའི་ཉན་ཐོས་ནི་དེ་བཞིན་གཤེགས་པ་མང་པོས་བསྐུལ་ཀྱང་ འཚང་རྒྱ་བའི་སྐལ་བ་མེད་དོ་ཞེས་འབྱུང་བ་དང་། བདེན་པ་བཞི་ལ་ངེས་པ་རྙེད་ནས། དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པའི་བར་དུ་བསྒྱུར་དུ་མི་རུང་བ་ལ་བྱའོ། །མདོ་ཁ་ཅིག་ལས་དགྲ་བཅོམ་པ་ནི་ས་བོན་ཚིག་པ་དང་འདྲ་ཞེས་འབྱུང་བ་དང་། མཆིང་བུ་བྱི་དོར་བྱས་ཀྱང་རིན་པོ་ཆེ་བཻ་ཌཱུརྱར་མི་འགྱུར་བའི་ དཔེས། ཉན་ཐོས་སངས་རྒྱས་སུ་མི་འགྲུབ་པ་སྐད་འབྱུང་བ་ཡང་། ཐོག་མ་ནས་ཐེག་པ་ཆེན་པོ་ལ་འཇུག་པར་བྱ་ཞིང་དོན་ཆུང་ངུ་ཉིད་ལས་སུ་འགྱུར་བ་ཐེག་པ་དམན་པ་ལ་མི་འཇུག་པར་དགག་པའི་ཕྱིར་སྨད་པ་ཡིན་ནོ། །ཚུལ་འདི་ལྟར་མི་འདོད་ན་ནི་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་པ་ མདོ་སྡེ་མང་པོ་ལས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་འབྱུང་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་ཏེ། སྣོད་མ་ཡིན་པ་གང་ཡང་མེད་དོ་ཞེས་འབྱུང་བ་ལ་སོགས་པ་དང་། འགལ་བར་འགྱུར་བ་ནས། ཐེག་པ་གཉིས་ཀྱང་ཐ་མར་ ཐེག་པ་ཆེན་པོར་འདུས་ཏེ། ཐ་མར་ཐེག་པ་གཅིག་ཏུ་འདུ་བར་མངོན་ནོ། །ཡེ་ཤེས་བཞི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ། སངས་རྒྱས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཞུགས་པ་གཟུགས་དང་ཁ་དོག་དང་སྐུ་སྣ་ཚོགས་ཀུན་དུ་སྟོན་པའི་གཞིར་གྱུར་པ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་གནས་གྱུར་བ། བསྙེལ་བ་མི་མངའ་བ་མ་ལུས་པ་ལ་དམིགས་ པ། མེ་ལོང་ཕྱིས་པའི་ནང་དུ་གཟུགས་བརྙན་ཅི་ཡང་འབྱུང་ཞིང་སྣང་བ་བཞིན་དུ། དེ་ཡང་ཡེ་ཤེས་དང་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་འབྱུང་བའི་གཞི་ཡིན་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའི་ས་དང་ པོ་ལ་ཆོས་ཐམས་ཅད་རོ་གཅིག་པའི་དེ་བཞིན་གཤེགས་པ་ཉིད་མངོན་པར་རྟོགས་པའི་དུས་ན། བདག་དང་གཞན་དུ་མི་བྱེད་ཅིང་མཉམ་པ་ཉིད་དུ་རྟོགས་པའི་ཐོབ་པ་གང་ཡིན་པ་དེ་ཉིད་ལ་དམིགས་ཤིང་གོང་ནས་གོང་དུ་སྦྱངས་པས་ཉོན་མོངས་པ་ཅན་གྱི་ཡིད་གྱུར་ཏེ། ཤེལ་དང་བེེ་ཌཱུརྱ་ལ་སོགས་ པའི་ཁ་དོག་གི་སྐུ་སྟོན་པའི་རྒྱུར་གྱུར་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པས། གཟུགས་དང་། ཏིང་ངེ་འཛིན་དང་། བསམ་གཏན་དང་། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་གཞིར་གྱུར་ཅིང་། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ འཇུག་པས་ཆོས་ཀྱི་ཆར་ཆེན་པོ་འབེབས་ཤིང་ཐེ་ཚོམ་སྣ་ཚོགས་གཅོད་པ་དང་མཚན་མ་མེད་པ་ལ་དམིགས་པས་རྟོག་པ་ཐམས་ཅད་དང་བྲལ་བའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་མིག་ལ་སོགས་པའི་དབང་པོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདུལ་བའི་ སེམས་ཅན་གྱི་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་ཐབས་སྣ་ཚོགས་དཔག་ཏུ་མེད་པས་ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པར་གྲོལ་བར་བྱ་བ་སྒྲུབ་པའི་གཞིར་གྱུར་པའོ། །སྐུ་གསུམ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །དེ་ལ་ཆོས་ཀྱི་སྐུ་ནི་རྣམ་པར་ མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གཟུགས་ཅན་མ་ཡིན་པ། ཤེས་བྱ་ཐམས་ཅད་དུ་ཁྱབ་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དེ་བཞིན་ཉིད་དང་། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་པ་ལ་བྱའོ། །དེ་ལྟར་ནི་ཅི་མངོན་ཞེ་ན། འཕགས་པ་གསེར་འོད་དམ་པའི་མདོ་ལས་སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་། དགེ་བའི་ཆོས་ཐམས་ཅད་རྫོགས་པའི་ཕྱིར། དེ་ཁོ་ན་ཉིད་དང་ཡང་དག་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་ཞེས་གསུངས་སོ། །འཕགས་པ་སངས་རྒྱས་ཀྱི་སའི་ཊཱི་ཀ་ལས་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་ བུའི་ཡེ་ཤེས་ནི་ཆོས་ཀྱི་སྐུའོ་ཞེས་བཤད་དེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དྲི་མ་མེད་པ་ཡིན་ལ། མེ་ལོང་ལྟ་བུའི་ཡེ་ཤེས་དེ་ནི་དེ་བཞིན་ཉིད་ལ་དམིགས་པ་རྣམ་པར་མི་རྟོག་པ་ཡིན་པས་འདི་གཉིས་ནི་ཆོས་ཀྱི་སྐུའོ། །ཐ་སྙད་དུ་ཐ་དད་པ་སྐད་དུ་བྱ་ཡང་། དངོས་སུ་ ནི་མི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པར་དབྱེར་མེད་དེ་དེ་སྐད་དུ་དབུས་དང་མཐའ་རྣམ་པར་འབྱེད་པའི་ཊཱི་ཀ