Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 206
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
་དང་། མདོ་སྡེ་རྒྱན་གྱི་ཊཱི་ཀ་ལས་ཀྱང་བཤད་དོ། །སྐུ་དེ་ཏིང་ངེ་འཛིན་ལ་སོགས་པ་དང་ལྡན་པར་ནི་འཕགས་པ་གསེར་འོད་དམ་པ་དང་། སངས་རྒྱས་ཀྱི་སའི་མདོ་ལས་རྒྱས་པར་ བཤད་དོ། །མདོ་སྡེ་རྒྱན་ལས་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱང་དེ་ཡིན་ནོ་ཞེས་འབྱུང་བ་ནི་དེའི་རྒྱུར་གྱུར་པ་ཙམ་ལ་བྱ་སྟེ། དེ་ཉིད་ལས་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ་ཞེས་ཀྱང་བཤད་ལ། དེའི་ཊཱི་ཀ་ལས་དེའི་རྒྱུར་གྱུར་པའི་ཕྱིར་རོ་ཞེས་བཤད་དོ། ། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་ཆོས་ཀྱི་སྐུ་ཞེས་གསུངས་སོ། །འཕགས་པ་དུང་ཕྲེང་གི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་གསལ་བར་མ་གྱུར་བའི་ཚེ་ནི་ཀུན་གཞི་ཞེས་བྱའོ། །གསལ་བར་གྱུར་པ་དེའི་ཚེ་ནི་ཆོས་སྐུ་ཞེས་ བྱའོ་ཞེས་གསུངས་སོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ནི་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ཤིན་ཏུ་བསྒོམས་པའི་ངེས་པར་འབྱུང་བས། གནས་གྱུར་པ་ཡང་དག་པར་གྲུབ་པའོ་ཞེས་གསུངས་ཏེ། ཀུན་གཞི་ རྣམ་པར་ཤེས་པ་གནས་གྱུར་པ་ལ་བྱའོ། །དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་ལས་ཀྱང་ཆོས་སྐུ་ཞེས་བྱ་བ་ལ། ཆོས་ནི་ཐོག་མ་མེད་པ་ནས་རིགས་སུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་ནི་ཡང་དག་པ་མ་ཡིན་པས་བསྒྲིབས་ པས་དྲི་མ་ཅན་དུ་གྱུར་ཏེ། གང་གི་ཚེ་སྦྱོར་བ་སྔོན་དུ་བཏང་ནས་འཁྲུལ་པ་དང་བྲལ་བ་དེའི་ཚེ་རང་བཞིན་དུ་འགྱུར་རོ། །རང་བཞིན་དུ་གྱུར་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བཤད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ན་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་མ་ལུས་པར་ མྱོང་བ་མཛད་པ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་སྟེ། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་ལྡན་པའོ། །འཕགས་པ་སངས་རྒྱས་ཀྱི་སའི་ཊཱི་ཀ་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་སུ་བཤད་དོ། །དེ་ཡང་རུང་བར་ཅི་མངོན་ ཞེ་ན། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་གསུངས་ཏེ། དེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ། །འཕགས་པ་སངས་རྒྱས་ཀྱི་ས་ལས་ཀྱང་། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་དང་ལྡན་པའི་ཆོས་རྒྱ་ཆེན་པོ་སྟོན་པ་དག་སྣང་ངོ་ཞེས་གསུངས་སོ། །འཕགས་པ་རྡོ་རྗེ་རི་རབ་ཀྱི་ཟོམ་ལས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་ནི་བསོད་ནམས་ཆེན་པོའི་རྒྱུ་མཐུན་པ་ཞེས་གསུངས་པས། དེ་ནི་ཡེ་ཤེས་གཉིས་དང་ལྡན་པའི་གཟུགས་ཀྱི་ སྐུའོ། །སྤྲུལ་པའི་སྐུ་ནི་ཤཱཀྱ་ཐུབ་པའི་སྐུ་ལ་སོགས་པ་སྤྲུལ་པ་གང་གིས་སེམས་ཅན་རྣམས་ཀྱི་དོན་མཛད་པ་སྟེ། དེ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་ཅི་མངོན་ཞེ་ན། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སྤྲུལ་པའི་སྐུའོ་ཞེས་གསུངས་ ལ། འཕགས་པ་སངས་རྒྱས་ཀྱི་སའི་ཊཱི་ཀ་ལས་ཀྱང་བྱ་བ་སྒྲུབ་པའི་ཡེ་ཤེས་ནི་སྤྲུལ་པའི་སྐུ་ཡིན་ནོ་ཞེས་བཤད་དོ། །འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་བྱ་བ་སྒྲུབ་པའི་ཡེ་ཤེས་ནི་ལུས་སྤྲུལ་པའི་ལས་བྱུང་བ་དེས་དེ་བཞིན་གཤེགས་པ་རྣམས་སེམས་ཅན་ལས་དང་བཟོའི་གནས་ ཐམས་ཅད་ཀྱིས་རྒྱགས་དྲེགས་པ་རྣམས་ལ། ལས་དང་བཟོའི་གནས་ཐམས་ཅད་ཉེ་བར་བསྟན་ཏེ། ཟིལ་གྱིས་མནན་ནས་ཐབས་མཁས་པ་དེས་ཀྱང་བསྟན་པ་ལ་འཛུད་དེ། དེ་ཡོངས་སུ་སྨིན་པར་བྱེད་རྣམ་པར་གྲོལ་བར་བྱེད་དོ་ཞེས་སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་རྒྱ་ཆེར་བཀའ་སྩལ་ ཏོ། །དེ་ལ་སྐུ་སྤྲུལ་པ་ནི་རྣམ་པ་གསུམ་སྟེ། བདག་གི་ལུས་དང་འབྲེལ་པ་དང་། གཞན་གྱི་ལུས་དང་འབྲེལ་པ་དང་། མ་འབྲེལ་པའོ། །དེ་ལ་བདག་གི་ལུས་དང་འབྲེལ་པ་ནི་བདག་ཉིད་འཁོར་ལོས་སྒྱུར་བ་ལ་སོགས་པའི་གཟུགས་ཀུན་དུ་སྟོན་པའོ། །གཞན་གྱི་ལུས་དང་འབྲེལ་བ་ནི་ བདུད་ལ་སོགས་པ་སངས་རྒྱས་ལ་སོགས་པའི་གཟུགས་ཀུན་དུ་སྟོན་པའོ། །མ་འབྲེལ་པ་ནི་ས་ལ་སོགས་པ་རིན་པོ་ཆེ་སྣ་བདུན་དུ་ཀུན་དུ་སྟོན་པ་དང་། སངས་རྒྱས་ཀྱི་སྐུ་གཟུགས་དཔག་ཏུ་མེད་པ་ཀུན་དུ་སྟོན་པ་ལ་སོགས་པའོ། །གསུང་སྤྲུལ་པ་ཡང་རྣམ་པ་གསུམ་སྟེ། བདག་གི་ལུས་ དང་འབྲེལ་བ་ནི་ཚངས་པའི་དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་གོ་བར་མཛད་པའོ། །གཞན་གྱི་ལུས་དང་འབྲེལ་ན་ནི་གང་གིས་ཉན་ཐོས་ལ་སོགས་པ་ཡང་། སངས་རྒྱས་ཀྱི་གསུང་གིས་ཐེག་པ་ཆེན་པོའི་ཆོས་སྟོན་པའོ། །མ་འབྲེལ་བ་ནི་ནམ་མཁའ་ལ་སོགས་པ་ལ་ཆོས་ བསྟན་པའི་སྒྲ་འབྱུང་ཞེས་བྱ་བ་ལ་སོགས་པའོ། །ཐུགས་སྤྲུལ་པ་ནི་བདག་དང་གཞན་གཉིས་ཏེ། བདག་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་དང་། གཞན་སེམས་དེ་བཞིན་དུ་བསྒྱུར་བ་སྟེ། དེས་ན་ཤེས་རབ་ཆུང་ངུ་དག་ཀྱང་ཆོས་ཟབ་མོ་ཁོང་དུ་ཆུད་པ་དང་། དྲན་པ་ཉམས་པ་ཡང་དྲན་པ་ཐོབ་ ཅེས་བྱ་བ་ལ་སོགས་པ་དང་སྦྱར་རོ་ཞེས་བཤད་དོ། །སྐུ་གཉིས་ལ་རྟོག་པ་མངའ་འམ་མི་མངའ་ཞེ་ན་དེ་གཉིས་ཏེ་ཆོས་ཀྱི་སྐུ་རྣམ་པར་རྟོག་པ་མི་མངའ་བ་ལས་བྱུང་བས་རྟོག་པ་མི་མངའོ། །དེ་ལྟར་ཅི་མངོན་ཞེ་ན། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་རྟོག་པ་ཡོད་པ་འདྲ་མོད་ཀྱི་དེ་བཞིན་ཉིད་ ལ་ནི་རྟོག་པ་མེད་དོ། །གསུམ་དུ་བགྲང་བ་ཡོད་མོད་ཀྱི་དངོས་པོ་ནི་གསུམ་དུ་མེད་དོ་ཞེས་གསུངས་སོ། །མདོ་སྡེ་དུ་མ་ལས་ཀྱང་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་གཞག་པའོ་ཞེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་འམ་མི་མངའ་ ཐམས་ཅད་མཁྱེན་པས་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་མཁྱེན་ཏམ། སྤྱིའི་མཚན་ཉིད་མཁྱེན། རྟོག་པ་དང་བཅས་པས་མཁྱེན་ཏམ། རྣམ་པར་མི་རྟོག་པར་མཁྱེན་ཞེ་ན། རྣམ་པར་མི་རྟོག་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཐམས་ཅད་མཁྱེན་ཏེ། སྔོན་བྱང་ཆུབ་སེམས་དཔའ་མཛད་ཅིང་སྒྲིབ་པ་མ་བྱང་། ལྷུན་གྱིས་མ་གྲུབ། དབང་བསམ་གྱིས་མི་ཁྱབ་པ་མ་བརྙེས་པའི་ཚེ། མཉམ་པར་གཞག་པའི་དུས་ན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དངོས་པོ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྟོང་པ་ཉིད་དུ་གཟིགས་ལ། དེ་ལས་བཞིངས་ནས་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སྒྱུ་མ་ ཙམ་དུ་རང་གི་མཚན་ཉིད་མཁྱེན་པ་དེ་གོང་ནས་གོང་དུ་སྦྱངས་པས་རྟོག་པ་བསལ་ཏེ་སྒྲིབ་པ་བྱང་བའི་འབྲས་བུ་སངས་རྒྱས་ཀྱི་ས་ལ་ལྷུན་གྱིས་ཏེ་མཉམ་པར་འཇོག་པ་དང་། བཞེངས་པ་མི་མངའ་བར་ཤེས་བྱ་ཇི་སྙེད་པ་དེ་ཐམས་ཅད་དུས་གཅིག་ཏུ་མངོན་དུ་གྱུར་ཏེ། རྣམ་ པར་རྟོག་པ་མི་མངའ་བས་རང་གི་མཚན་ཉིད་སྒྱུ་མ་ཙམ་དུ་མཁྱེན་ཀྱང་དངོས་པོར་མི་དམིགས། མཚན་མར་མི་འཛིན་པའི་ཕྱིར། གཟུང་བ་དང་འཛིན་པའི་སྐྱོན་དུ་འགྱུར་བ་ཡང་མེད་དེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་ནི་ ཆགས་པ་མི་མངའ་སྟེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཡོངས་སུ་སྦྱངས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ཡུལ་དུ་གྱུར་པའོ། །ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཡུལ་དུ་གྱུར་བའོ། །དུས་གསུམ་ཐམས་ ཅད་ལ་དགོངས་པ་གཅིག་གིས་ཆགས་པ་མེད་པར་མཁྱེན་ཞིང་ཐུགས་སུ་ཆུད་པའི་ཡུལ་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། དཔེར་ན་སྒྱུ་མའི་མཁན་པོ་ཞིག །སྤྲུལ་པ་ཐར་བར་བྱ་ཕྱིར་བརྩོན། ། དེས་ནི་སྔ་ནས་དེ་ཤེས་པས། །སྤྲུལ་པ་དེ་ལ་ཆགས་པ་མེད། །སྲིད་གསུམ་སྤྲུལ་པ་འདྲ་བ་ནི། །རྫོགས་པའི་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་དག་སྔ་ནས་ཤེས། །ཞེས་གསུངས་སོ། །དེ་བས་ན་སངས་རྒྱས་ཀྱི་ས་ལ་དག་པ་འཇིག་རྟེན་པའི་ ཡེ་ཤེས་མངའ་བར་མི་འགྱུར་རོ། །དེ་ལྟར་རྣམ་པར་མི་རྟོག་པ་ལས། སྐུ་དང་གསུང་དང་ཐུགས་སྤྲུལ་པ་ཇི་ལྟར་འབྱུང་ཞེ་ན། སྔོན་ཐུགས་རྗེ་ཆེན་པོའི་དབང་གིས་སེམས་ཅན་མ་ལུས་པའི་དོན་མཛད་པར་ཐུགས་དམ་བཅས་ཤིང་སྨོན་ལམ་ཆེན་པོ་བཏབ་ནས། ཐབས་དང་ཤེས་རབ་བསྒོམས་པ་ མཐར་ཕྱིན་ཏེ། ཆོས་ཀྱི་སྐུ་རྣམ་པར་དག་པ་ལྷུན་གྱིས་གྲུབ་ནས། དབང་དང་ཏིང་ངེ་འཛིན་དང་མཐུ་དང་བྱིན་གྱི་རླབས་དང་ཤུགས་བསམ་གྱིས་མི་ཁྱབ་པ་བརྙེས་པས། སྤྲུལ་པ་ཐམས་ཅད་ཀྱང་རྣམ་པར་རྟོག་པ་མི་མངའ་བར་གདུལ་བྱ་ཡིད་བཞིན་དུ་ལྷུན་གྱིས་གྲུབ་པར་འབྱུང་སྟེ། དཔེར་ན་ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། དཔག་བསམ་གྱི་ཤིང་ནི་འདི་དང་འདི་དབྱུང་ཞིང་སེམས་ཅན་ལ་ཕན་གདགས་སོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་མཐུ་ཆེན་པོ་དང་ལྡན་པ་དེ་ལས་སེམས་ཅན་སྐལ་བ་ཅན་གྱི་བསམ་པ་དང་མཐུན་པར་ཅི་འདོད་པ་འབྱུང་ཞིང་ཕན་འདོགས་སོ། །དེ་བཞིན་དུ་དེ་ བཞིན་གཤེགས་པ་ཡང་འདི་ལྟར་སྤྲུལ་ལོ། །འདི་སྐད་བཤད་དོ། །འདི་ལྟ་བུར་བཅོས་སོ། །འདི་ལྟར་ཕན་འདོགས་སོ་སྙམ་དུ་མི་དགོངས་མོད་ཀྱི། ཆོས་སྐུ་དབང་དང་མཐུ་ཆེན་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེ་ལས། སེམས་ཅན་སྐལ་བ་ཅི་ཡོད་པ་དང་མཐུན་པར་སྐུ་ མཐོང་བ་དང་། གསུང་ཐོས་པ་དང་། དྲན་པ་རྙེད་པར་འགྱུར་བ་ལ་སོགས་པའི་སྐུ་སྤྲུལ་པ་སྣ་ཚོགས་ཡིད་བཞིན་དུ་འབྱུང་ཞིང་ཕན་འདོགས་སོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་གསུངས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ མངོན་པར་འདུ་བྱེད་པ་དང་བྲལ་ན། ཇི་ལྟར་མངོན་པར་འདུ་བྱེད་པ་མ་མཆིས་པར་སེམས་འབྱུང་བར་འགྱུར། འཇམ་དཔལ་སྔོན་ཐབས་དང་ཤེས་རབ་བསྒོམས་པའི་མངོན་པར་འདུ་བྱེད་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སེམས་མེད་པར་གཉིད་ཀྱིས་ལོག་པའི་ཚེ། ཕྱིར་ སད་པར་མངོན་པར་འདུ་བྱ་བ་མེད་ཀྱང་། སྔོན་གྱི་མངོན་པར་འདུ་བྱེད་ཀྱི་དབང་གིས་སད་པར་འགྱུར་བའང་ཡོད་དོ། །འགོག་པ་ལ་སྙོམས་པར་འཇུག་པ་ཡང་ལྡང་བར་མངོན་པར་འདུ་བྱེད་པ་མེད་མོད་ཀྱི། སྔོན་གྱི་འདུ་བྱེད་ཀྱི་དབང་གིས་ལྡང་བ་ཡང་ཡོད་དོ། །དེ་བཞིན་དུ་དེ་བཞིན་ གཤེགས་པའི་སེམས་འབྱུང་བ་ཡང་སྔོན་གྱི་ཐབས་དང་ཤེས་རབ་བསྒོམས་པའི་མངོན་པར་འདུ་བྱེད་པ་ལས་ཤེས་པར་བྱའོ་ཞེས་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་དཔེར་ན་ཉི་མ་དང་ཟླ་བ་ལ་ཡང་རྣམ་པར་རྟོག་པ་མེད། ཆུ་དང་མེ་ལོང་ལ་ཡང་ རྣམ་པར་རྟོག་པ་མེད། འོད་སྣང་བ་ལ་ཡང་རྣམ་པར་རྟོག་པ་མེད་མོད་ཀྱི། གསུམ་འདུས་པ་ལས་གཟུགས་བརྙན་འབྱུང་ངོ་། །དེ་བཞིན་དུ་ཡང་དག་པའི་མཐའ་དང་། ཡང་དག་པའི་ཡེ་ཤེས་ལ་ཡང་རྣམ་པར་རྟོག་པ་མེད་མོད་ཀྱི། སྨོན་ལམ་གྱི་དབང་དང་སེམས་ཅན་གྱི་མཐུ་ལས། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་འབྱུང་ངོ་ཞེས་གསུངས་སོ། །དེ་སྐད་དུ་འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱུན་རྣམས་ནི་བསྒྲིབས་པ་མི་མངའ་ཞིང་ལྷུན་གྱིས་གྲུབ་ལ་མངོན་པར་ འདུ་མཛད་པ་མི་མངའ་བར་གནས་སོ། །སེམས་ཅན་གྱི་སྤྱོད་པ་ཐམས་ཅད་ལ་ཡང་གཟིགས་སོ། །སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་རབ་ཏུ་མཁྱེན་ཏོ། །དེའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ མཁྱེན་པ་ཡང་བསྙེལ་བ་མི་མངའ་སྟེ། དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་ལྷུན་གྱིས་གྲུབ་ཅིང་བསྒྲིབས་པ་མི་མངའ་བར་མངོན་པར་འདུ་མཛད་པ་མི་མངའ་བར་འཇུག་གོ། །དེ་བཞིན་གཤེགས་པ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་ རོ། །སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་ལ། དེའི་ཆོས་ཐམས་ཅད་ལ་ཆགས་པ་མི་མངའ་བའི་ཡེ་ཤེས་ཀྱི་གང་དུ་ཡང་མི་ཆགས་སོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པས་སྤྲུལ་པའི་དེ་བཞིན་གཤེགས་པ་གཉིས་པ་གང་ཡིན་པ་དེ་ལ་ནི་སེམས་ཀྱང་མི་ མངའ། ཡིད་ཀྱང་མི་མངའ། རྣམ་པར་ཤེས་པ་ཡང་མི་མངའ། སྐུའི་འདུ་བྱེད་ཀྱང་མི་མངའ། གསུང་གི་འདུ་བྱེད་ཀྱང་མི་མངའ། ཐུགས་ཀྱི་འདུ་བྱེད་ཀྱང་མི་མངའ་མོད་ཀྱི། འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུ་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་དོ། །དེ་ཡང་ལྷུན་གྱིས་ གྲུབ་ཅིང་། བསྒྲིབས་པ་མི་མངའ་ལ། མངོན་པར་འདུ་མཛད་པ་མི་མངའ་བས་མཛད་དོ། །ཞི་བའི་བློ་གྲོས་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་སྤྲུལ་པ་དང་མཚུངས་པར་མཉམ་མོ། །སྤྲུལ་པའི་ཆོས་ཉིད་ཀྱིས་རྣམ་པར་མི་རྟོག་གོ། །དེ་ལ་སྐུའི་རྩོམ་པ་དང་། གསུང་གི་རྩོམ་པ་དང་། ཐུགས་ཀྱི་རྩོམ་པ་ཡང་མི་སྣང་ལ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་དེ། དེ་ཡང་ལྷུན་གྱིས་གྲུབ་ཅིང་བསྒྲིབས་པ་མི་མངའ་ལ། མངོན་པར་འདུ་མཛད་པ་མི་མངའ་བས་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་སྤྲུལ་པའི་རང་བཞིན་གྱི་མཚན་ཉིད་དུ་ ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་ལ་ཐུགས་བརྩེ་བས་དེ་བཞིན་དུ་བསྟན་ཏོ། །ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་སྟེ། མཉམ་པར་གཞག་པའི་གནས་ཀྱང་མི་འདོར་ལ། སེམས་ ཅན་ཐམས་ཅད་ལ་རྣམ་པར་རིག་པར་ཡང་མཛད་པས། ཐུགས་བསམ་གྱིས་མི་ཁྱབ་པ་ཉིད་དོ་ཞེས་གསུངས་སོ། །སྐུ་གསུམ་རྟག་གམ་མི་རྟག་ཅེ་ན། ཆོས་ཀྱི་སྐུ་ནི་མདོ་སྡེ་དང་བསྟན་བཅོས་ལས་ཀྱང་རྟག་པར་བཤད་དེ། དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་ པ་ཉིད་དོ་ཞེས་འབྱུང་ངོ་། །དེ་ལྟ་ན་མུ་སྟེགས་ཅན་གྱི་བདག་རྟག་པར་འདོད་པ་དང་འདྲ་བར་མི་འགྱུར་རམ་ཞེ་ན། དེ་དང་མི་འདྲ་སྟེ། རྟག་པ་ནི་དེ་བཞིན་ཉིད་ལ་བྱ་ན། དེ་ནི་དངོས་པོར་གཟུང་དུ་མེད་པས་དེ་ཉིད་ཀྱང་བདག་མ་ཡིན་ལ། དེ་ལ་གང་ཟག་གི་དངོས་པོ་དང་། ཆོས་ཀྱི་དངོས་པོའི་བདག་ཀྱང་ མེད་པས་དེ་ལྟར་མི་འདྲའོ། །དེ་ལྟ་བས་ན་དེ་ནི་དོན་དུ་ན་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ནོ། །དེ་ལྟར་ཅི་མངོན་ཞེ་ན། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། དེ་བཞིན་གཤེགས་པ་ནི་རྟག་པ་ཡང་མ་ཡིན་ཏེ། རྟག་ཏུ་ཟིན་ན་ནི་རྒྱུར་འགྱུར་རོ། །བློ་གྲོས་ཆེན་པོ་མུ་སྟེགས་ བྱེད་པ་ཐམས་ཅད་ཀྱི་རྒྱུ་ནི་མ་བྱས་པ་རྟག་པ་སྟེ། དེ་བས་ན་མ་བྱས་པ་རྟག་པའི་ཕྱིར། དེ་བཞིན་གཤེགས་པ་ནི་རྟག་པ་ཡང་མ་ཡིན་ནོ། །མི་རྟག་ན་ནི་བྱས་པའི་མི་རྟག་པར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་སྐུ་གསུམ་ནི་ རྟག་པའི་རྣམ་གྲངས་ཡོད་པས་རྟག་པ་ཞེས་ཀྱང་བྱ། མི་རྟག་པའི་རྣམ་གྲངས་ཡོད་པས་མི་རྟག་པ་ཞེས་ཀྱང་བྱ་སྟེ། སྤྲུལ་པའི་སྐུ་ནི་ཐབས་མཁས་པས་གནས་ཐམས་ཅད་རྐྱེན་ཇི་ལྟ་བ་བཞིན་དུ་རྒྱུན་མི་ཆད་པར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རྟག་པའོ། །དེ་རྩ་བ་མ་ཡིན་པའི་ཕྱིར་སྤྱོད་ པ་ཆེན་པོ་ཕུན་སུམ་ཚོགས་པ་མངོན་དུ་མི་འབྱུང་བས་མི་རྟག་པ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྒྱུན་མི་ཆད་དེ། སངས་རྒྱས་ཐམས་ཅད་ཀྱི་མ་འདྲེས་པའི་ཆོས་འཛིན་ཞིང་སྡུད་པའི་ཕྱིར། སེམས་ཅན་མི་ཟད་པས་ན་སྤྱོད་པ་མི་ཟད་དེ་དེ་བས་ན་རྟག་པའོ། །དེ་རྩ་བ་མ་ཡིན་པའི་ ཕྱིར་སྤྱོད་པ་ཆེན་པོ་ཕུན་སུམ་ཚོགས་པ་མངོན་དུ་མི་འབྱུང་བས་མི་རྟག་པའོ། །ཆོས་ཀྱི་སྐུ་ནི་འདུས་བྱས་ཀྱི་ཆོས་མ་ཡིན་ཞིང་མཚན་མ་ཐ་དད་པ་མེད་ལ་རྩ་བ་དང་གཞི་ཡིན་པས་རྟག་པའོ། །རིགས་ཀྱི་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་འཕགས་པའི་ཡེ་ཤེས་མེད་ དོ། །ཡང་དག་པའི་མཐའི་ཆོས་དང་བྲལ་ན་འཕགས་པའི་སྤྱོད་ཡུལ་མེད་དོ། །ཡང་དག་པའི་རྣམ་པ་འདི་གཉིས་ནི་གཅིག་པའང་མ་ཡིན་ཐ་དད་པའང་མ་ཡིན་ནོ། །དེའི་ཕྱིར་ཆོས་ཀྱི་སྐུ་ནི་ཤེས་རབ་རྣམ་པར་དག་པ་དང་། སྤྱོད་ཡུལ་རྣམ་པར་དག་པས་རྣམ་པར་དག་པ་ཕུན་སུམ་ ཚོགས་པ་ཞེས་བྱའོ། །ཆོས་ཀྱི་སྐུ་ལ་བརྟེན་ནས་ཏིང་ངེ་འཛིན་ཆེན་པོ་བསམ་གྱིས་མི་ཁྱབ་པ་མངོན་དུ་སྣང་བར་འགྱུར་རོ། །ཡེ་ཤེས་ཆེན་པོ་ཐམས་ཅད་ཀྱང་སྣང་བར་འགྱུར་ཏེ། དེ་ལྟ་བས་ན་སྐུ་གཉིས་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་ལ་བརྟེན་ནས་མངོན་དུ་སྣང་བར་འགྱུར་རོ། ། ཆོས་ཀྱི་སྐུ་ནི་བདག་གི་ངོ་བོ་ཉིད་ལ་བརྟེན་པས་རྟག་པ་ཞེས་བྱའོ། །བདག་ཅེས་བྱའོ། །ཏིང་ངེ་འཛིན་ཆེན་པོ་ལ་བརྟེན་པས་བདེ་བ་ཞེས་བྱའོ། །ཡེ་ཤེས་ཆེན་པོ་ལ་བརྟེན་པས་རྣམ་པར་དག་པ་ཞེས་བྱའོ། །དེའི་ཕྱིར་ན་དེ་བཞིན་གཤེགས་པ་ནི་རྟག་པར་ཞུགས་པ་མངའ་མཛད་པ་བདེ་ ཞིང་སྐྱིད་པ་རྣམ་པར་དག་པའོ་ཞེས་གསུངས་ཏེ། སེམས་ཅན་ལས་དང་ཉོན་མོངས་པས་འདུས་བྱས་པའི་ཕྱིར་མི་རྟག་པ་རང་དབང་མེད་པ་སྡུག་བསྔལ་བ་རྣམ་པར་མ་དག་པའི་གཉེན་པོར་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡང་མདོ་དེ་ཉིད་ལས། དེ་ལྟ་བུའི་ཆོས་ཀྱི་སྐུ་ཏིང་ངེ་འཛིན་དང་ ཤེས་རབ་དང་ལྡན་པ་ནི་མཚན་མ་ཐམས་ཅད་ལས་འདས་པ། མཚན་མ་ལ་མི་ཆགས་པ། རྣམ་པར་མི་རྟོག་པ། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་སྟེ་དེ་ནི་དབུ་མའི་ལམ་མོ་ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་། ཇི་སྲིད་དུ་ ཚིག་གི་རྣམ་པར་རྟོག་པ་འཇུག་པ་དེ་སྲིད་དུ་རྟག་པ་དང་། མི་རྟག་པའི་ཉེས་པར་འགྱུར་རོ། །བློ་གྲོས་ཆེན་པོ་རྣམ་པར་རྟོག་པའི་བློ་ཟད་པས་བྱིས་པ་རྣམས་ཀྱི་རྟག་པ་དང་། མི་རྟག་པར་ལྟ་བ་ལྡོག་སྟེ། དབེན་པའི་བློ་ཟད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟ་བས་ན་ བསམ་གྱིས་མི་ཁྱབ་ཅིང་ཚིག་གིས་བརྗོད་དུ་མེད་དོ། །ཐེག་པ་ཆེན་པོ་བསྡུས་པ་དང་། མདོ་སྡེ་རྒྱན་ལས་སྐུ་གསུམ་ཆར་རྟག་སྟེ། ཆོས་ཀྱི་སྐུ་ནི་མི་འགྱུར་བས་ངོ་བོ་ཉིད་ཀྱིས་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པས། མི་ཉམས་པའི་ རྟག་པའོ། །སྤྲུལ་པའི་སྐུ་ནི་ཡང་དང་ཡང་འབྱུང་བས་རྒྱུན་གྱིས་རྟག་པའོ། །རྣམ་པ་གཅིག་ཏུ་ན་སྐུ་གཉིས་ནི་ཆོས་ཀྱི་སྐུ་རྟག་པ་ལ་བརྟེན་པས་རྟག་པའོ་ཞེས་བྱ་བ་བཤད་པའང་དོན་དུ་ན་གོང་མ་བཞིན་དུ་སྦྱར་བར་འགྱུར་རོ། །མདོ་ཁ་ཅིག་ལས་རྟག་ཅེས་བཤད་ནའང་ཡིད་ ཆེས་པར་གྱིས་ཤིག །མི་རྟག་ཅེས་བཤད་ན་ཡང་ཡིད་ཆེས་པར་གྱིས་ཤིག །ཡོད་ཅེས་བཤད་ན་ཡང་ཡིད་ཆེས་པར་གྱིས་ཤིག །མེད་ཅེས་བཤད་ན་ཡང་ཡིད་ཆེས་པར་གྱིས་ཤིག །རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་བཤད་ན་ཡིད་ཆེས་པར་གྱིས་ཤིག་ཅེས་འབྱུང་བ་ཡང་སྒྲ་ཙམ་གྱི་ཕྱིར་འབྲང་སྟེ། དེ་ལྟར་གཟུང་བ་ཡང་མ་ཡིན་གྱི། དགོངས་པའི་དོན་རྟོགས་པར་བྱས་ལ། དེ་ལྟར་གཟུང་བ་ཡིན་ནོ། །རྣམ་པར་ཤེས་པ་བརྒྱད་ནི་མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཀུན་གཞི་རྣམ་པར་ཤེས་པའོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་དང་ གཟུགས་ལ་བརྟེན་ནས་འབྱུང་སྟེ། སྔོན་པོ་ཙམ་དུ་ཡུལ་གྱི་མཚན་ཉིད་ཤེས་པ་ཡིན་གྱི། འདི་ནི་སྔོན་པོའོ་ཞེས་རྟོག་པ་དང་འདྲེས་པ་ནི་མ་ཡིན་ནོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པའང་ཚུལ་འདི་དང་འདྲའོ། །འདི་དག་ནི་རང་བཞིན་གྱིས་ཕྱི་རོལ་གྱི་ཡུལ་ལ་དམིགས་ པ་སྟེ། དེ་བཞིན་ཉིད་ལ་ནམ་ཡང་མི་དམིགས་པས་གཅིག་ཏུ་ཟད་པ་དང་བཅས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་དང་ཆོས་ལ་བརྟེན་ནས་འབྱུང་སྟེ། ཡིད་ནི་རྣམ་པར་ཤེས་པ་གང་ཡང་རུང་འགགས་མ་ཐག་པའོ། །ཆོས་ནི་འདུས་བྱས་དང་འདུས་མ་བྱས་པ་དང་། ཟག་པ་དང་ བཅས་པ་དང་། ཟག་པ་མེད་པ་ཐམས་ཅད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ནི་ཆོས་ཐམས་ཅད་དོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཟག་དང་བཅས་པ་ཡང་ཡིན་ལ་ཟག་པ་མེད་པ་ཡང་ཡིན་ནོ། །འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་འདི་དག་ནི་དགེ་བ་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པ་གསུམ་ཆར་དུ་འགྱུར་ཏེ། སེམས་ལས་བྱུང་བ་དགེ་བ་ལ་སོགས་པ་གང་དང་ལྡན་པ་བཞིན་དུ་འགྱུར་རོ། །འདི་དག་ནི་སེམས་ལས་བྱུང་བ་ཀུན་དུ་འགྲོ་བ་དང་། ཡུལ་སོ་སོར་ངེས་པ་དང་། དགེ་བ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཚོར་བའང་གསུམ་ཆར་དང་ལྡན་ནོ། །དེ་དག་ནི་དགེ་བ་དང་མི་དགེ་བའི་འབྲས་བུ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པར་འགྱུར་བ་དང་། རང་གི་རྒྱུན་མི་ཆད་པའི་ས་བོན་རྣམ་པར་སྨིན་པའི་བག་ཆགས་དང་། རྒྱུ་མཐུན་པའི་བག་ཆགས་དང་རྣམ་པ་གཉིས་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་ པའོ། །ཡུལ་ལ་འཇུག་པ་འདི་དག་ནི་བསྟན་པ་མ་ཡིན་པ་སྟེ། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། བརྒྱལ་བ་དང་། གཉིད་སྟུག་པོས་ནོན་པ་ན་ལྡོག་གོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་དབང་པོ་དང་ཡུལ་ གཞན་ལ་བརྟེན་ནས་འབྱུང་བ་མ་ཡིན་གྱི། ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་བརྟེན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་དམིགས་ནས་འབྱུང་ངོ་། །ཇི་ལྟར་དེ་ལ་བརྟེན་ཏེ་འབྱུང་ཞེ་ན། ཀུན་གཞི་ནི་དེའི་ས་བོན་གྱི་གནས་ཡིན་ཏེ། ཇི་ལྟར་ཉོན་མོངས་པ་ཅན་གྱི་བག་ཆགས་དེ་ལ་ གནས་པས་ན་དེ་ལ་བརྟེན་ཏེ་འབྱུང་ངོ་། །ཇི་ལྟར་དེ་ལ་དམིགས་ཤེ་ན། འདི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་ལྡན་ཏེ། དེའི་ཕྱིར་ང་དང་ངའི་སྙམ་པའི་རྣམ་པས་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་དམིགས་སོ། །འདི་ནི་སེམས་ལས་བྱུང་བའི་ཆོས་ ཀུན་དུ་འགྲོ་བ་ལྔ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཉོན་མོངས་པ་བཞི་དང་རྟག་ཏུ་ལྡན་ནོ། །ཚོར་བ་གསུམ་ལས་ནི་ཚོར་བ་བཏང་སྙོམས་དང་ལྡན་ནོ། །ཉོན་མོངས་པ་བཞི་ནི་བདག་ཏུ་ལྟ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་དང་། བདག་ཏུ་ཆགས་པ་སྟེ། འདི་བཞིས་བསྒྲིབས་པ་ནི་ ཉོན་མོངས་པ་ཅན་ནོ། །བསྒྲིབས་པའི་རྣམ་པར་ཤེས་པ་ནི་མི་དགེ་བ་རྣམས་དང་ལྡན་མི་སྲིད་དོ། །དེ་བས་ན་ཉོན་མོངས་པ་ཅན་གྱི་ཡིད་ནི་མི་དགེ་བ་རྣམས་དང་མི་ལྡན་པས་རྣམ་པར་སྨིན་པ་འཕེན་མི་ནུས་པ་དང་ངར་འཛིན་པའི་ཚུལ་གྱིས་ང་སྦྱིན་པ་བྱེད་དོ། །ང་སྲོག་གཅོད་པ་བྱེད་དོ། །ང་རི་མོ་འདྲའོ་ སྙམ་པ་ལ་སོགས་པ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་བྱེད་པའི་གནས་སྐབས་སུའང་འབྱུང་བ་ལུང་དུ་མ་བསྟན་པའོ། །འདི་ནི་དགྲ་བཅོམ་པ་དང་། འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་གནས་པའི་དུས་མ་གཏོགས་པར་དུས་ ཐམས་ཅད་དུ་འབྱུང་ངོ་། །ཉོན་མོངས་པ་ཅན་གྱི་ཡིད་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་རྒྱུ་མཐུན་པའི་བག་ཆགས་གཅིག་པུ་སོགས་སོ། །ཀུན་གཞི་རྣམ་པར་ཤེས་པ་ནི་དགེ་བ་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞི་ཡིན་པས་ཀུན་གཞིའོ། །རྣམ་ པ་གཅིག་ཏུ་ན་དེ་ལ་ཆོས་ཐམས་ཅད་དང་འབྲས་བུའི་དངོས་པོར་འཇུག་ཅིང་འབྲེལ་བའམ། དེ་ཆོས་ཐམས་ཅད་ལ་རྒྱུའི་དངོས་པོར་འཇུག་ཅིང་འབྲེལ་བས་ན་ཀུན་གཞིའོ། །ཤེས་པའི་རང་བཞིན་ཡིན་པས་ན་རྣམ་པར་ཤེས་པའོ། །ཀུན་གཞི་ནི་མིང་གཅིག་ཏུ་ན་སེམས་ཞེས་ཀྱང་བྱ་སྟེ། དགེ་ བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་བག་ཆགས་སོགས་པའི་ཕྱིར་རོ། །ཡང་གཅིག་ཏུ་ན་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། སེམས་ཅན་གྱི་རིས་གང་དང་གང་གི་ལུས་མངོན་པར་འགྲུབ་ཅིང་སྐྱེ་བ་ན། ལུས་དང་བཅས་པའི་དབང་པོ་གཟུགས་ཅན་ཉེ་བར་ལེན་པ་དང་། མིང་ ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པ་ཞེས་བྱ་སྟེ་འདོད་པ་དང་གཟུགས་ཡོད་པའི་ཁམས་ན་ནི་གཉི་ག་ལན་ཏོ། །གཟུགས་མེད་པའི་ཁམས་ན་ནི་མིང་བཞི་འབའ་ཞིག་ལེན་ཏོ། །ལེན་པའི་རྣམ་པར་ཤེས་པ་ཡོད་པར་ལུང་དང་རིགས་པས་མངོན་ཏེ། ལུང་ནི་དགོངས་པ་ངེས་པར་འགྲེལ་པ་ ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པ་དང་། ཐེག་པ་ཆེན་པོའི་ཆོས་མངོན་པ་ལས། ཐོག་མ་མེད་པའང་དུས་ཀྱི་ དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །རིགས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་མེད་ན་འཁོར་བར་མི་རུང་སྟེ་འཁོར་བར་འགྱུར་བའི་ས་བོན་བག་ ཆགས་ཀྱི་གཞི་མེད་པས་འཁོར་བར་མི་རུང་ངོ་། །ཉོན་མོངས་པ་སྤངས་པ་ཡང་ཀུན་གཞི་མེད་ན་མི་རུང་སྟེ། འཇུག་པའི་རྣམ་པར་ཤེས་པ་ཉིད་ལ་མི་མཐུན་པའི་ཕྱོགས་དང་། གཉེན་པོ་གཉིས་དུས་གཅིག་ཏུ་འབྱུང་དུ་མི་རུང་བས། ཉོན་མོངས་པ་མངོན་དུ་གྱུར་པ་སྤང་ཞེས་བྱར་ནི་རྣལ་འབྱོར་ པ་ལམ་ལ་སྙོམས་པར་ཞུགས་པའི་ཚེ་ཉོན་མོངས་པ་མངོན་དུ་འགྱུར་མི་སྲིད། ས་བོན་གྱི་གནས་སྐབས་ཀྱི་ཚེ་ན་སྤང་ཞེས་བྱར་ནི་གང་ན་ཉོན་མོངས་པའི་ས་བོན་གནས་པ་དེ་གཉེན་པོས་སྤངས་དགོས་ན། གཉེན་པོ་མ་གཏོགས་པར་ས་བོན་གྱི་གནས་གཞན་མེད་པས་དེ་སྤང་དུ་ཡང་མི་རུང་ ངོ་། །དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཉོན་མོངས་པ་སྤང་དུ་མི་རུང་བས། འཁོར་བ་ལས་ལྡོག་པ་མྱ་ངན་ལས་འདས་པ་ཡང་འཐོབ་པར་མི་འགྱུར་རོ། །རྣམ་པ་གཅིག་ཏུ་ན་ཀུན་གཞི་མེད་དུ་ཟིན་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་ དང་། འགོག་པའི་སྙོམས་པར་འཇུག་པའི་དུས་ན་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་འགགས་ཏེ་མེད་པས། དེ་ལས་ལངས་པའི་ཚེ་ཅི་ལ་བརྟེན་ནས་འབྱུང་ཞེས་བྱ་སྟེ། དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་མངོན་ནོ། །དེ་སེམས་ལས་བྱུང་བ་དུ་ཞིག་དང་ ལྡན་ཞེ་ན། ཀུན་དུ་འགྲོ་བ་ལྔ་དང་ལྡན་ནོ། །ཚོར་བ་གསུམ་གྱི་ནང་ནས་ནི་ཚོར་བ་བཏང་སྙོམས་དང་ལྡན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་ལུང་མ་བསྟན་པ་ཡིན་ལ། ཚོར་བ་གཉིས་ནི་འདོད་ཆགས་ཞེ་སྡང་གི་རྒྱུ་ཡིན་ཏེ། རྣམ་པར་སྨིན་པ་བསྐྱེད་ནུས་པས་ཀུན་གཞི་དང་ལྡན་དུ་མི་རུང་ ངོ་། །དེ་ལ་བདེ་བའི་ཚོར་བ་ནི་ལས་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡིན། སྡུག་བསྔལ་གྱི་ཚོར་བ་ནི་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡིན། ཚོར་བ་བཏང་སྙོམས་ནི་དགེ་བ་དང་མི་དགེ་བ་གཉི་གའི་རྣམ་པར་སྨིན་པ་ཞེས་འབྱུང་བས། ལས་དགེ་བ་དང་མི་དགེ་བའི་རྣམ་ པར་སྨིན་པ་ཀུན་གཞི་རྣམ་པར་ཤེས་པ་དང་ལྡན་པའི་ཚོར་བ་བཏང་སྙོམས་ཉིད་རྣམ་པར་སྨིན་པ་ཡིན་ཏེ། གཉིས་ནི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་ཞེས་བཏགས་སོ། །ཀུན་གཞི་དམིགས་པ་དང་རྣམ་པར་གཅོད་པ་ནི་ཕྲ་སྟེ་མི་མངོན་པས། གཞན་གྱིས་མི་རྟོགས་ པའི་ཕྱིར་དམིགས་པ་ཡོངས་སུ་མ་ཆད་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཞེས་བྱ་སྟེ། དཔེར་ན་ཉི་མའི་འོད་ཀྱི་སྣང་བ་བྱུང་ན། ཟླ་བ་དང་སྐར་མའི་འོད་ཡོད་བཞིན་དུ་མི་མངོན་པ་ལྟར་རྣམ་པར་རྟོག་པ་རགས་པའི་དབང་གིས་ཕྲ་བ་མི་རྟོགས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་སའི་ཉོན་མོངས་ པ་བཞིས་མ་བསྒྲིབས་ལ། རྣམ་པར་སྨིན་པའི་རང་བཞིན་ཏེ་རྣམ་པར་སྨིན་པ་དེ་ལས་རྣམ་པར་སྨིན་པ་གཞན་མི་འབྱུང་། དགེ་བ་དང་མི་དགེ་བ་ཞེས་ལུང་བསྟན་དུ་མེད་པའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཞེས་བྱའོ། །བདེན་པ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་ པའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མཐོང་བར་བྱ་བ་མི་རྟོགས་ཏེ། སྒྲིབ་པས་ཡང་དག་བསྒྲིབས་ཞེས་ཀྱང་བྱ་རྣམ་པ་གཅིག་ཏུ་ན་ཆོས་ཐམས་ཅད་རང་བཞིན་མེད་ཅིང་སྟོང་པ་ལས། ཕྱིན་ཅི་ལོག་གི་དངོས་པོ་སྐྱེ་ཞིང་འབྱུང་ བར་མཐོང་བ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་ཙམ་དུ་བདེན་པ་སྟེ། ཀུན་གྱིས་ཤེས་པ་ལ་བྱ་བར་དབུ་མའི་བསྟན་བཅོས་ལས་ཀྱང་བཤད་དོ། །བློ་གྲོས་མི་ཟད་པས་བསྟན་པ་ལ་སོགས་པའི་ནང་ནས་ཀྱང་ཇི་སྙེད་དུ་ཚིག་འབྲུ་དང་ཡི་གེས་བསྟན་པ་ཐམས་ཅད་ནི་ཀུན་རྫོབ་ཀྱི་ བདེན་པའོ་ཞེས་འབྱུང་སྟེ། མདོར་ན་དངོས་པོ་རྣམས་བརྟག་མི་བཟོད་དེ་རང་བཞིན་མེད་ཀྱང་འཕྲལ་དུ་བྱ་བ་བྱེད་ནུས་པར་སྣང་སྟེ། དེ་ཙམ་དུ་བདེན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །དོན་དམ་པའི་བདེན་པ་ནི་ཆོས་རྣམས་ཀྱི་ཆོས་ཉིད་མི་འགག་པ་སྟེ། དེ་དོན་ཀྱང་ཡིན་ལ་དམ་པ་ཡང་ ཡིན་པས་དོན་དམ་པའོ། །རྣམ་པ་གཅིག་ཏུ་ན་དམ་པའི་དོན་དུ་བཤད་དོ། །དངོས་པོ་མེད་པར་རྟོགས་པའི་ཡེ་ཤེས་དམ་པའི་ཡུལ་ཡིན་པས་དམ་པའི་དོན་ཏེ། འཕགས་པ་ཆོས་ཀྱི་དེ་ཁོ་ན་ཉིད་གཟིགས་པ་རྣམས་ལ་དེ་ལྟར་བདེན་པས་ན་དོན་དམ་པའི་བདེན་པ་ཞེས་བྱའོ། །བདག་མེད་ པ་རྣམ་པ་གཉིས་ནི་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའོ། །དེ་ལ་གང་ཟག་ལ་བདག་མེད་པ་ཇི་ལྟ་བུ་ཞེ་ན། གང་ཟག་ཅེས་བྱ་བ་ནི་བློ་གྲོས་ངན་པ་ལོག་པར་རྟོག་པ་རྣམས་ཀྱིས་ལུས་ཀྱི་ཁོང་ན་བྱེད་པའི་སྐྱེས་བུ་བདག་ཅེས་བྱ་བ། བྱེད་པ་པོ་དང་ཟ་བ་པོ་ རྟག་པ་གཅིག་པུ་ཞིག་ཡོད་པར་བརྟགས་ནས། སེམས་ཅན་དང་སྲོག་དང་གང་ཟག་ལ་སོགས་པའི་སྒྲར་འདོགས་ཏེ། བདག་རྟག་པ་གཅིག་པུ་ཞིག་ཡོད་པས། ལས་གང་གིས་བྱས་པའི་འབྲས་བུ་ཡང་དེས་མྱོང་ངོ་། །གང་བཅིངས་པ་དེས་འགྲོལ་ལོ། །གང་གིས་སྔོན་མཐོང་བ་དེས་ སོ་སོར་ངོ་ཤེས་སོ། །གང་གིས་གཞག་པ་དེས་དྲན་ནོ། །གལ་ཏེ་བདག་རྟག་པ་མེད་དེ་སྐད་ཅིག་མ་ཡིན་དུ་ཟིན་ན། བྱེད་པ་ཡང་གཞན་ཟ་བ་ཡང་གཞན་པས། གཞན་གྱིས་བྱས་ལ་གཞན་གྱིས་མྱོང་བར་འགྱུར་ཞིང་། གཞན་བཅིངས་ལ་གཞན་གྲོལ་བ་ལ་སོགས་པའི་ཉེས་པར་ འགྱུར་ཏེ། དེ་ལྟ་བས་ན་བདག་རྟག་པ་གཅིག་པུ་ཡོད་པར་འདོད་དོ། །དེ་ནི་དེ་ལྟར་མི་རུང་སྟེ་རྟག་པ་ནི་མི་འགྱུར་བས་བྱེད་པ་པོ་དང་ཟ་བ་པོ་ཆོས་མི་མཐུན་པ་གཉིས་སུ་འགྱུར་མི་སྲིད་དོ། །རྟག་པ་གཅིག་པུ་ཡིན་པས་གང་གིས་བཅིངས་པ་དེ་ཉིད་གྲོལ་ལ་ཞེས་བྱར་ཡང་། གོང་མ་ལྟ་བུའི་སྐྱོན་ ཡོད་ཀྱི་སྟེང་དུ་སེམས་ཅན་ཐམས་ཅད་ནི་མི་རྟག་པར་མངོན་སུམ་དུ་སྣང་ལ། རྟག་པ་གཅིག་པུ་ནི་སུས་ཀྱང་མ་མཐོང་བས་མངོན་སུམ་དང་ཡང་འགལ་ལོ། །ངོ་ཤེས་པ་དང་དྲན་པ་དེ་བཞིན་དུ་སྦྱར་རོ། །དེ་ལྟ་བས་ན་གང་ཟག་ཅེས་བྱ་བ་ཕུང་པོ་ལྔ་དང་ཐ་དད་པའི་རྟག་པ་གཅིག་པུ་མེད་པས་ གང་ཟག་ལ་བདག་མེད་པ་ཞེས་བྱའོ། །ཅི་སྟེ་བདག་རྟག་པ་གཅིག་པུ་དེ་ཁོ་ན་ཕུང་པོ་ལྔ་ལས་གཞན་མ་ཡིན་ན་ནི་ཕུང་པོ་བཞིན་དུ་སྐད་ཅིག་པར་འགྱུར་རོ། །ཡང་ན་ཕུང་པོ་ཡང་བདག་བཞིན་དུ་རྟག་པར་འགྱུར་རོ། །ཕུང་པོ་བཞིན་དུ་ཐ་དད་དུ་མར་འགྱུར་བས། གཅིག་པུ་མི་རུང་བའི་ སྐྱོན་དུ་ཡང་འགྱུར་ཏེ། དེ་ལྟར་ན་གང་ཟག་ལ་བདག་མེད་དོ། །ཆོས་ལ་བདག་མེད་པ་ཇི་ལྟ་བུ་ཞེ་ན། ཆོས་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ། དེ་དག་ཀྱང་མདོར་བསྡུ་ན་འདུས་བྱས་དང་འདུས་མ་བྱས་དང་། གཟུགས་ཡོད་པ་དང་གཟུགས་མེད་པའོ། །འདི་ རྣམས་ཀྱང་གཅིག་དང་དུ་མའི་རང་བཞིན་དུ་མ་གྲུབ་པས་རང་བཞིན་མེད་པ་སྟེ། ཇི་ལྟ་ཞེ་ན། གཟུགས་རྣམས་དངོས་པོ་གཅིག་ཏུ་གྱུར་ན་ནི་གཅིག་པུ་ལ་ཆ་མེད་པའི་ཕྱིར། མཐོང་བ་དང་མ་མཐོང་བ་དང་ཟིན་པ་དང་མ་ཟིན་པ་དང་། གཡོགས་པ་དང་མ་གཡོགས་པ་ལ་སོགས་པའི་བྱེ་བྲག་ཀྱང་ མེད་ཅིང་། གོམ་པ་གཅིག་གིས་ཀྱང་ཕྱོགས་ཐམས་ཅད་དུ་སོན་པའི་རིགས་སོ། །ཅི་སྟེ་ཆ་ཤས་ཡོད་པར་འདོད་ན་ནི་ཆ་ཤས་ཀྱིས་བཤིག་ན་དངོས་པོ་གཅིག་ཏུ་མི་འགྲུབ་པོ། །རྡུལ་ཕྲ་མོ་ཆ་མེད་པ་ཡོད་ཅེས་བྱ་བར་ཡང་། ཇི་ཙམ་དུ་རྡུལ་ཕྲ་མོ་ཡོད་པ་དེ་ཙམ་དུ་ལུས་ཡོད་དེ། རང་གི་ཡུལ་ དུ་གཞན་འབྱུང་བའི་གོ་མི་འབྱེད་པས་ཆ་ཤས་ཡོད་དེ་གཅིག་ཏུ་མི་འགྲུབ་བོ། །གཅིག་མི་འགྲུབ་ན་དེ་བསགས་པའི་དུས་ཡང་མེད་དེ། དེ་ལྟར་དེ་གཉིས་ཀྱི་རང་བཞིན་དང་བྲལ་བས་དངོས་པོ་མེད་དོ། །གཟུགས་མེད་པ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་གཅིག་ན་ནི་རང་བཞིན་མི་ འགྱུར་བས། དགེ་བ་དང་མི་དགེ་བ་ལ་སོགས་པ་རྣམ་པ་མང་པོ་ཡང་འགྱུར་དུ་མི་རུང་ལ། སྐད་ཅིག་པ་ཐམས་ཅད་ཀྱང་སྐད་ཅིག་གཅིག་པུར་འགྱུར་ཏེ། དུས་གསུམ་ཐམས་ཅད་ཀྱང་སྐད་ཅིག་གཅིག་ཏུ་ཟད་པར་འགྱུར་རོ། །ཅི་སྟེ་ཆ་ཡོད་པར་འདོད་ན་ནི་སྐད་ཅིག་གི་ཆས་བཤིག་ན་ དོན་དམ་པར་དངོས་པོར་མི་འགྲུབ་སྟེ། དེ་ལྟར་གཅིག་ཏུ་མི་རུང་ངོ་། །གཅིག་མ་གྲུབ་པས་དུ་མར་ཡང་མི་འགྲུབ་སྟེ། དེ་གཉི་གའི་རང་བཞིན་དང་བྲལ་བས་དངོས་པོ་མེད་དོ། །རྣམ་པ་གཅིག་ཏུ་ན་འདུས་བྱས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། གང་ དག་བདག་ཉིད་གྲུབ་པ་མེད་ཀྱི་རྒྱུ་དང་རྐྱེན་ལ་ལྟོས་ནས་འབྱུང་བ་དེ་དག་ནི་སྒྱུ་མ་ལྟ་བུ་ཡིན་པས་རང་བཞིན་མེད་དོ། །འདུས་མ་བྱས་ནམ་མཁའ་ལ་སོགས་པ་ལ་ཡང་དངོས་པོ་ཡོད་པ་ཞིག་ཡིན་ན་ནི་གཅིག་ཏུ་དུ་མའི་རང་བཞིན་དུ་འགྱུར་བས་སྐྱོན་བཟློག་པར་དཀའ་བར་འགྱུར་རོ། །དེ་ བས་ན་ཆོས་ཐམས་ཅད་གཅིག་དང་དུ་མའི་རང་བཞིན་དུ་མ་གྲུབ་སྟེ། དངོས་པོ་མེད་པས་ཆོས་ལ་བདག་མེད་པ་ཞེས་བྱའོ། །མཚན་ཉིད་གསུམ་ནི་ཀུན་དུ་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །དེ་ལ་ཀུན་བརྟགས་ པའི་མཚན་ཉིད་ནི་ངོ་བོ་ཉིད་དམ། བྱེ་བྲག་ཏུ་མིང་གི་བརྡར་བཏགས་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་མེད་པ་སྒྱུ་མ་ཙམ་དུ་སྣང་བ་ལ། དངོས་པོ་སྣ་ཚོགས་སུ་མངོན་པར་ཞེན་ནས་གཟུང་བ་དང་འཛིན་པ་དང་བཅས་པའི་ཆོས་ནན་གྱིས་བཏགས་པ་ རྣམས་སོ། །དེ་ལ་ངོ་བོ་ཉིད་ནི་གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །བྱེ་བྲག་ནི་གཟུགས་རྟག་གོ། །གཟུགས་མི་རྟག་གོ། །གཟུགས་ཀུན་ནས་ཉོན་མོངས་པའོ། །གཟུགས་རྣམ་པར་བྱང་བའོ་ཞེས་བྱ་བ་ལ་སོགས་པའོ། ། གཞན་གྱི་དབང་གི་མཚན་ཉིད་ནི་རང་མི་འབྱུང་གི་རྒྱུ་དང་རྐྱེན་གཞན་གྱི་དབང་གིས་འབྱུང་བས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཏེ། ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཐམས་ཅད་ལ་བྱ་མོད་ཀྱི། དངོས་སུ་ན་སེམས་དང་སེམས་ལས་བྱུང་བའི་ཆོས་སྔ་མ་སྔ་མ་ལ་བརྟེན་ཏེ་ཕྱི་མ་ ཕྱི་མ་འབྱུང་བ་ལ་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དེ་བཞིན་ཉིད་དང་མྱ་ངན་ལས་འདས་པ་ཉིད་དང་ལམ་མོ། །དེ་ལ་དེ་བཞིན་ཉིད་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་པ་གཟུང་བ་དང་འཛིན་པ་དང་བྲལ་བ་སྟེ་ལམ་གྱི་དམིགས་པའོ། །མྱ་ངན་ལས་འདས་པ་ནི་ཤིན་ཏུ་དྲི་མ་ མེད་པའི་དེ་བཞིན་ཉིད་གནས་གྱུར་བའི་མཚན་ཉིད་དེ། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་ནས་སྐྱེ་བ་དང་འཇིག་པ་དང་བྲལ་བ་འདུས་བྱས་ཀྱི་གནོད་པ་མེད་པ་སྟེ། ལམ་གྱིས་ཐོབ་པར་བྱ་བའོ། །འདི་གཉིས་ནི་འདུས་མ་བྱས་པ་སྟེ། མི་འགྱུར་བའི་ཕྱིར་འགྱུར་བ་མེད་པར་ཡོངས་སུ་ གྲུབ་པ་ཞེས་བྱའོ། །ལམ་ནི་འདུས་བྱས་ཏེ་དེས་ཡང་དག་པར་རྟོགས་པའི་ཕྱིར་ཕྱིན་ཅི་མ་ལོག་པ་ཡོངས་སུ་གྲུབ་པ་ཞེས་བྱའོ། །མདོར་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྩོན་འགྲུས་ཀྱི་སྟོབས་དང་། ཡང་ དག་པར་ཚུལ་བཞིན་ཡིད་ལ་བྱེད་པའི་སྟོབས་ཀྱིས་རྟོགས་པར་འགྱུར་ཞིང་། དེ་རྟོགས་པ་གོམས་པར་བྱས་པ་ཡང་དག་པར་གྲུབ་པས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་འགྲུབ་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྒྱུ་དང་བཅས། རྐྱེན་དང་བཅས་པ་ལ་བྱ་སྟེ། རྒྱུ་མེད། རྐྱེན་མེད་པ་ནི་མ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། ཕྱི་དང་ནང་གིའོ། །ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡང་རྣམ་པ་གཉིས་ཏེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་བའོ། །དེ་ལ་རྒྱུ་དང་འབྲེལ་བ་ནི་ས་བོན་ལས་མྱུ་གུ་འབྱུང་བ་ནས། མེ་ཏོག་ལས་འབྲས་བུ་འབྱུང་བའི་བར་དུའོ། །རྐྱེན་དང་འབྲེལ་བ་ནི་ཁམས་དྲུག་འདུས་པ་ལས་འབྲས་བུ་འབྱུང་བ་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། དུས་ཀྱི་ཁམས་སོ། །ནང་གི་རྟེན་ཅིང་འབྲེལ་ པར་འབྱུང་བ་ཡང་རྣམ་པ་གཉིས་ཏེ། ལུགས་སུ་འབྱུང་བ་དང་། ལུགས་སུ་མི་འབྱུང་བའོ། །ལུགས་སུ་འབྱུང་བ་ཡང་རྣམ་པ་གཉིས་ཏེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའོ། །དེ་ལ་རྒྱུ་དང་འབྲེལ་བ་ནི་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་སྟེ། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་ བར་འགྱུར་བའི་བར་དུའོ། །དེ་ལ་མ་རིག་པ་ནི་ལས་ལེགས་ཉེས་དང་། དེའི་འབྲས་བུ་མི་ཤེས་པ་དང་། ཡང་དག་པའི་དོན་མི་ཤེས་པའོ། །འདུ་བྱེད་ནི་ལས་ལེགས་ཉེས་བྱེད་པའོ། །རྣམ་པར་ཤེས་པ་ནི་ལས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་སྐྱེ་བའི་ཐོག་མར་མཚམས་ སྦྱོར་བའོ། །མིང་དང་གཟུགས་ནི་ཕུང་པོ་ལྔར་གྱུར་པའོ། །སྐྱེ་མཆེད་དྲུག་ནི་དབང་པོ་རྣམས་དོད་པའོ། །རེག་པ་ནི་གསུམ་འདུས་ནས་ཡོངས་སུ་གཅོད་པའོ། །ཚོར་བ་ནི་རེག་པ་ལས་བྱུང་བ་རྣམ་པ་གསུམ་མྱོང་བའོ། །སྲེད་པ་ནི་ཚོར་བ་ལ་ཞེན་ཅིང་མི་ངོམས་པའོ། །ལེན་པ་ནི་ སྲེད་པས་གཡེན་སྤྱོས་ནས་འཛིན་ཞིང་ཡོངས་སུ་མི་གཏོང་བའོ། །སྲིད་པ་ནི་ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པའོ། །སྐྱེ་བ་ནི་སྲིད་པ་དང་མཐུན་པའི་འབྲས་བུ་འགྲུབ་པའོ། །རྒ་ཤི་ནི་ཕུང་པོ་སྨིན་པ་དང་ཕུང་པོ་འཇིག་པའོ། །མྱ་ངན་ནི་མི་དགའ་བའོ། །སྨྲེ་སྔགས་འདོན་པ་ ནི་མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བའོ། །སྡུག་བསྔལ་བ་ནི་ལུས་ལ་གནོད་པའོ། །འབའ་ཞིག་པོ་ནི་བདག་གི་མེད་པའོ། །བཅུ་གཉིས་པོ་འདི་དག་ནི་བྱ་བ་གཉིས་གཉིས་སུ་ཉེ་བར་གནས་ཏེ་མ་རིག་པ་ནི་སེམས་ཅན་རྨོངས་པར་ཡང་བྱེད་དོ། །འདུ་བྱེད་མངོན་པར་འགྲུབ་ པའི་རྒྱུ་ཡང་འབྱིན་ཏོ། །འདུ་བྱེད་ནི་མ་འོངས་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་ཡང་བྱེད་དོ། །རྣམ་པར་ཤེས་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །རྣམ་པར་ཤེས་པ་ནི་སྲིད་པའི་ཉིང་མཚམས་ཀྱང་སྦྱར་རོ། །མིང་དང་གཟུགས་མངོན་པར་འགྲུབ་པའི་རྒྱུ་འབྱིན་ཏོ། །མིང་དང་ གཟུགས་ནི་ཕན་ཚུན་སྟོན་པར་ཡང་བྱེད་དོ། །སྐྱེ་མཆེད་དྲུག་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྐྱེ་མཆེད་དྲུག་ནི་རང་གི་ཡུལ་རྣམ་པར་ཕྱེ་བ་ཡང་སྟོན་ཏོ། །རེག་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །རེག་པ་ནི་དམིགས་པ་ལ་རེག་པར་ཡང་བྱེད་དོ། །ཚོར་བ་མངོན་པར་འགྲུབ་ པའི་རྒྱུ་ཡང་འབྱིན་ཏོ། །ཚོར་བ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་གཉིས་ཀ་མ་ཡིན་པ་མྱོང་བར་ཡང་བྱེད་དོ། །སྲེད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྲེད་པ་ནི་ཆགས་པར་འགྱུར་བའི་དངོས་པོ་ལ་མངོན་པར་ཆགས་པར་ཡང་བྱེད་དོ། །ལེན་པ་མངོན་པར་འགྲུབ་པའི་རྒྱུ་ ཡང་འབྱིན་ཏོ། །ལེན་པ་ནི་ཀུན་ནས་ཉོན་མོངས་པས་འཆིང་བར་ཡང་བྱེད་དོ། །སྲིད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྲིད་པ་ནི་སྲིད་པའི་རྒྱུད་གཞན་དུ་གནས་པར་ཡང་བྱེད་དོ། །སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྐྱེ་བ་ནི་ཕུང་པོ་འབྱུང་བར་ཡང་བྱེད་དོ། །རྒ་བ་མངོན་ པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །རྒ་བ་ནི་དབང་པོ་ཡོངས་སུ་འགྱུར་བར་ཡང་བྱེད་དོ། །འཆི་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །འཆི་བ་ནི་འདུ་བྱེད་འཇིག་པར་ཡང་བྱེད་དོ། །ཡོངས་སུ་མ་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་ཏོ། །ཆོས་བཅུ་གཉིས་པོ་འདི་དག་ནི་ཡན་ ལག་ལྔར་འགྱུར་རོ། །དང་པོ་གསུམ་ནི་འཕེན་པའི་ཡན་ལག་གོ། །དེའི་འོག་མ་བཞི་ནི་འཕངས་པའི་ཡན་ལག་གོ། །དེའི་འོག་མ་གསུམ་ནི་མངོན་པར་སྒྲུབ་པའི་ཡན་ལག་གོ། །སྐྱེ་བ་ནི་མངོན་པར་སྒྲུབ་པའི་ཡན་ལག་གོ། །རྒ་ཤི་ནི་ཉེས་དམིགས་ཀྱི་ཡན་ལག་གོ། །ཇི་ལྟར་འཕེན་ ཞེ་ན། མ་རིག་པ་ཡོད་པས་ལེགས་ཉེས་བྱེད་ཅིང་ལས་ཀྱི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་ནས། དེ་གསུམ་གྱིས་ནི་མར་སྐྱེ་བ་འཕངས་པར་འགྱུར་རོ། །དེ་ནས་སྲེད་པ་དང་། ལེན་པ་དང་། སྲིད་པ་ལས་དེ་བསྐུལ་ནས། ཚེ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ནས་ལང་ཚོ་དང་ སྲོག་འཕངས་པ་འཇིག་པས་ཉེས་དམིགས་སུ་འགྱུར་རོ། །ཡང་འདི་དག་ནི་ལས་དང་ཉོན་མོངས་པ་དང་། ཚེ་དང་གསུམ་འགྱུར་ཏེ། མ་རིག་པ་དང་སྲིད་པ་དང་ལེན་པ་ནི་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་སོ། །ལྷག་མ་བདུན་ནི་ཚེ་སྟེ་སྡུག་བསྔལ་ཞེས་ཀྱང་བྱའོ། །གསུམ་ལས་ གཉིས་འབྱུང་། གཉིས་ལས་བདུན་འབྱུང་། བདུན་ལས་ཀྱང་གསུམ་འབྱུང་སྟེ། ཐོག་མ་དང་ཐ་མ་མེད་ཅིང་ངེས་པ་མེད་པར་ཡང་འཁོར་རོ། །ཡང་དེ་དག་རབ་གསུམ་དུ་དབྱེ་སྟེ། དང་པོ་གཉིས་ནི་འདས་པའོ། །བར་པ་བརྒྱད་ནི་ད་ལྟར་གྱིའོ། །ཐ་མ་གཉིས་ནི་མ་འོངས་པའོ། །དེ་ལ་མ་ རིག་པ་དང་འདུ་བྱེད་ནི་འདས་པའི་ཉོན་མོངས་པ་དང་ལས་ཏེ་ད་ལྟར་གྱི་རྒྱུར་གྱུར་པའོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་ནི་ད་ལྟར་གྱི་འབྲས་བུའོ། །སྲེད་པ་དང་ལེན་པ་དང་སྲིད་པ་ནི་ད་ལྟར་གྱི་ཉོན་མོངས་པ་དང་ལས་ཏེ། མ་འོངས་པའི་རྒྱུར་འགྱུར་ བའོ། །སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་འབྲས་བུའོ། །རྐྱེན་དང་འབྲེལ་བ་ནི་ཁམས་དྲུག་འདུས་པ་ལས་ཕུང་པོ་འགྲུབ་པ་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སོ། །དེ་ལ་སའི་ ཁམས་ནི་ལུས་ཀྱི་སྲ་བའོ། །ཆུའི་ཁམས་ནི་ལུས་སྡུད་པ་དང་གཤེར་བའོ། །མེའི་ཁམས་ནི་ལུས་ཀྱི་དྲོད་དོ། །རླུང་གི་ཁམས་ནི་ལུས་ཀྱི་གཡོ་བའོ། །ནམ་མཁའི་ཁམས་ནི་ལུས་ཀྱི་ནང་སྦུབས་ཡོད་པའོ། །རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པ་ལྔ་དང་། ཡིད་ཀྱི་རྣམ་པར་ཤེས་ པ་ཟག་པ་དང་བཅས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པས་ནི་མུ་སྟེགས་ཅན་རྒྱུ་མེད་པ་ལས་འབྱུང་བར་འདོད་པ་དང་མི་མཐུན་པའི་རྒྱུ་ལས་འབྱུང་བར་འདོད་པ་སེལ་ཏེ། རྒྱུ་ཡོད་པ་ལས་འབྱུང་ཞིང་རྟག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་དང་། འཕོ་བ་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་ བུ་ཆེན་པོ་འབྱུང་བ་དང་། དེ་དང་འདྲ་བའི་རྒྱུད་དུ་འབྱུང་བར་སྟོན་ཏོ། །ཇི་ལྟར་རྟག་པ་མ་ཡིན་ཞེ་ན། འཆི་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འགག་ལ། སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བར་འགྱུར་རོ། །ཇི་ལྟར་ཆད་པ་མ་ཡིན་ཞེ་ན། ཐ་མ་འཆི་བའི་ཆར་ གཏོགས་པའི་ཕུང་པོ་འགག་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་སྲང་མདའི་མཐོན་དམན་བཞིན་དུ་འབྱུང་བའི་ཕྱིར་རོ། །ཇི་ལྟར་འཕོ་བ་མ་ཡིན་ཞེ་ན། སེམས་ཅན་གྱི་རིས་མི་འདྲ་བར་ཤི་འཕོས་ལ་གཞན་དུ་སྐྱེ་བའི་ཕྱིར་རོ། །ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན། ལས་ཆུང་ངུ་བྱས་ པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་རོ། །ཇི་ལྟར་དེ་དང་འདྲ་བའི་རྒྱུད་འབྱུང་ཞེ་ན། ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་རོ། །ལུགས་སུ་མི་འབྱུང་བ་ནི་འདི་འགགས་པས་འདི་འགག་པ་སྟེ། འདི་ལྟར་མ་རིག་པ་འགགས་པས་ འདུ་བྱེད་འགག་ཅེས་བྱ་བ་ནས་སྐྱེ་བ་འགགས་པས་རྒ་ཤི་ལ་སོགས་པ་འགག་པའི་བར་དུའོ། །མ་རིག་པ་འགགས་པས་ཅིའང་མེད་པ་འགྱུར་བའང་མ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བར་འགྱུར་བ་འང་མ་ཡིན་གྱི། ཀུན་ནས་ཉོན་མོངས་པའི་ཕྱོགས་འགགས་ནས། རྣམ་པར་བྱང་བའི་ཕྱོགས་སུ་འགྱུར་ ཏེ། དཔེར་ན་སྨན་བཅུད་ཀྱིས་ལེན་བྱ་བ་ཟོས་ནས། ཚེ་ཐུང་བ་དང་ནད་རྣམས་མེད་པར་གྱུར་ནས། ཚེ་རིང་བ་དང་ནད་མེད་པ་རྙེད་པར་འགྱུར་བ་བཞིན་དུ། མ་རིག་པ་འགགས་ཏེ་རིག་པ་བྱུང་ནས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་འབྲས་བུ་གྲུབ་པ་དང་། རིག་པ་ལས་བྱུང་བའི་བསོད་ནམས་ དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་སྐོང་བའི་བྱེ་བྲག་གིས་བྱང་ཆུབ་སེམས་དཔའི་ས་ནས་སར་འཕར་བ་དང་། སངས་རྒྱས་ཀྱི་ས་ལ་ཚོགས་ཡོངས་སུ་རྫོགས་ཏེ། བསྒྲུབ་པ་ཐམས་ཅད་མཐར་ཕྱིན་ནས། ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་ཏེ། འཁོར་བའི་མཐའ་ཇི་ ཙམ་པར་འགྲོ་བ་མ་ལུས་པའི་དོན་ལྷུན་གྱིས་གྲུབ་པར་མཛད་ཅིང་། མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པ་ཡིན་ནོ། །ལྟ་བའི་ཁྱད་པར་མཁན་པོ་ཡེ་ཤེས་སྡེས་མཛད་པ་རྫོགས་སོ།། །། ༄། སངས་རྒྱས་གཙོ་བོའི་རྒྱ་ཆེར་འགྲེལ་པ་བཞུགས། ༄༅༅། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་ཕྱག་འཚལ་ལོ། །སངས་རྒྱས་ལ་དོན་རྣམ་པ་ལྔས་བསྟན་ཏེ། དེ་ཡང་གང་ཞེ་ན། རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། བདག་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། དེ་ལྟར་དོན་རྣམ་པ་ལྔས་བསྟན་ཏོ། །དེ་ལ་ཚོགས་ཆེན་གཉིས་རྫོགས་ཞེས་འབྱུང་བས་རྒྱུ་ཕུན་སུམ་ཚོགས་པ་ བསྟན་ཏེ། ཚོགས་ཆེན་གཉིས་རྫོགས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡིན་ཏེ། དེ་ཡང་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཚོགས་གཉིས་སུ་འདུས་ཏེ། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ནང་ནས། བྱམས་པའི་ཏིང་ངེ་འཛིན་ལ་སོགས་པ་ཚད་མེད་པ་བཞི་དང་། ལྷའི་ཏིང་ངེ་འཛིན་ལ་སོགས་པ་མཚན་མའི་ཏིང་ངེ་འཛིན་ཐམས་ཅད་དང་། བརྩོན་འགྲུས་ཀྱི་ཆ་གཅིག་ནི་བསོད་ནམས་ཀྱི་ཚོགས་སུ་བསྡུ། བསམ་གཏན་གྱི་ནང་ནས་རྣམ་པར་ཐར་པའི་ སྒོ་གསུམ་ལ་སོགས་ཏེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཆ་གཅིག་ནི་ཡེ་ཤེས་ཀྱི་ཚོགས་སུ་བསྡུ་སྟེ། དེ་ལྟར་ན་ཚོགས་ཆེན་པོ་གཉིས་རྫོགས་པས་ནི་རྒྱུ་ཕུན་སུམ་ཚོགས་པའོ། །མཁྱེན་བཞི་སྐུ་གསུམ་གྲུབ་ཅེས་པས་ནི། འབྲས་བུ་ཕུན་སུམ་ ཚོགས་པ་བསྟན་ཏེ། མཁྱེན་བཞི་ནི་ཡེ་ཤེས་བཞི་ལ་བྱ་སྟེ་གང་ཞེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་བཞིའོ། །དེ་ཡང་དངོས་གང་ཞེ་ན། སོ་སོའི་སྐྱེ་བོའི་གནས་སྐབས་ན་རྣམ་པར་ཤེས་པའི་ཚོགས་ བརྒྱད་གནས་གྱུར་ན། ཡེ་ཤེས་བཞིར་འགྱུར་ཏེ། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་ན། མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་རོ། །ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་རོ། །སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡིད་ཀྱི་རྣམ་པར་ཤེས་པ་ གནས་གྱུར་ན། སོ་སོར་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས་སུ་འགྱུར་རོ། །དེ་ལྟར་ན་ཡེ་ཤེས་བཞི་ནི་དེ་དག་གོ། །སྐུ་གསུམ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ དང་གསུམ་མོ། །དེ་རྣམས་ཀྱང་གང་ཞེ་ན། ཡེ་ཤེས་བཞི་དང་སྐུ་གསུམ་དང་སྦྱར་ན། མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་དང་སྦྱར་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་གཉིས་ལོངས་སྤྱོད་རྫོགས་པའི་སྐུ་དང་སྦྱར་རོ། །བྱ་བ་གྲུབ་པའི་ཡེ་ཤེས་དང་། སྤྲུལ་པའི་ སྐུར་སྦྱར་རོ། །དེ་ལྟར་སྐུ་གསུམ་དང་ཡེ་ཤེས་བཞི་པོ་འདི་དག་ནི་རྒྱུ་ཚོགས་གཉིས་རྫོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །འབྲས་བུ་ཕུན་སུམ་ཚོགས་པ་ཞེས་བྱའོ། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཞེས་འབྱུང་བ་ནི། རང་བཞིན་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་ སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་རང་བཞིན་ནི་རྣམ་པར་རྟོག་པ་ནི་རྡུལ་ཙམ་ཡང་མི་མངའ་ལ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་འཇིག་རྟེན་ལ་སོགས་པ་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ཆོས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་མ་ནོར་བར་སྐྱུ་རུ་ར་ཕྱག་མཐིལ་དུ་གཞག་པ་བཞིན་དུ་ས་ལེར་མཁྱེན་པའི་ཕྱིར། རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཞེས་བྱ་སྟེ། དེ་ལྟ་བུའི་སངས་རྒྱས་ཐམས་ཅད་ཀྱི་རང་ བཞིན་ཡིན་ནོ། །ཆོས་སྐུ་མཁའ་འདྲ་གཟུགས་སྐུ་མཛེས་སྐུར་ལྡན། །ཞེས་འབྱུང་བས་ན། བདག་ཅག་གི་དོན་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་གཟུགས་ཅན་མ་ཡིན་པ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། སྤྲོས་པ་ཐམས་ཅད་ལས་འདས་ པ་ཡང་དག་པ་ཇི་ལྟ་བུར་ཡང་དམིགས་སུ་མེད་པ་སྟེ། དཔེར་ན་ནམ་མཁའ་ཇི་ལྟ་བུར་ཡང་དམིགས་སུ་མེད་པ་དང་འདྲ་བའི་ཕྱིར། ཆོས་སྐུ་མཁའ་འདྲ་ཞེས་བྱའོ། །གཟུགས་སྐུ་ནི་གདུལ་བྱ་སོ་སོ་ཀུན་གྱི་རྣམ་པར་རིག་པ་ཇི་ལྟར་མོས་ཤིང་དད་པ་བཞིན་དུ་མཛེས་པར་སྣང་ བའི་ཕྱིར། གཟུགས་སྐུ་མཛེས་སྐུར་ལྡན་ཞེས་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ཆེན་པོ་འོག་མིན་གྱི་གནས་ན། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱི་དཀྱིལ་འཁོར་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ དང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཞིང་། ཆོས་ལ་ལོངས་སྤྱོད་པར་མཛད་པ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་དང་། འཕགས་པ་ཉན་ཐོས་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་ན་མཚན་ བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཏེ། རབ་ཏུ་བྱུང་བའི་ཚུལ་དུ་བཞུགས་པ་དང་། གཞན་ཡང་འགྲོ་བའི་རིས་ལྔ་སོ་སོའི་ལུས་དང་མཐུན་པར་མཛེས་པར་སྐུ་སྣ་ཚོགས་སུ་སྟོན་པའི་ཕྱིར། གཟུགས་སྐུ་མཛེས་སྐུར་ལྡན་ཞེས་བྱ་སྟེ། དེ་དག་ནི་ བདག་གི་དོན་ཕུན་སུམ་ཚོགས་པའོ། །སངས་རྒྱས་དཔག་བསམ་འདྲ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་འབྱུང་བས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ནི་དཔག་བསམ་གྱི་ཤིང་ངམ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། དཔེར་ན་ དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རྟོག་པ་རྡུལ་ཙམ་ཡང་མེད་ན་ཡང་སྐལ་བ་ཅན་གང་ཞིག་གིས་རྙེད་དམ་ཡོད་ན། ལོང་བས་གཟུགས་མཐོང་། འོན་པས་སྒྲ་ཐོས། སྨྱོན་པས་དྲན་པ་རྙེད་པ་ལ་སོགས་པ་ཡོན་ཏན་གཞན་ཡང་གྲང་བའི་དུས་ན་དྲོ་ཞིང་འཇམ་པ་དང་། ཚ་ཞིང་གདུང་བའི་དུས་ན་བསེལ་བ་ལ་སོགས་པ་ཇི་ལྟར་འདོད་ཅིང་སྨོན་པའི་དོན་ཐམས་ཅད་ཡིད་བཞིན་དུ་བྱེད་པ་དང་། གྲུབ་པར་ངེས་པ་དང་འདྲ་བར་སྐུ་གསུམ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཡིད་བཞིན་དུ་གྲུབ་པར་མཛད་པས། སངས་རྒྱས་དཔག་ བསམ་འདྲ་ཞེས་བྱ་སྟེ། དེ་ལྟར་སངས་རྒྱས་དཀོན་མཆོག་ལ་དོན་ལྔས་བསྟན་ཏོ། །ཆོས་དཀོན་མཆོག་ལ་དོན་བཞིས་བསྟན་ཏེ། དེ་ཡང་གང་ཞེ་ན། རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ ཕུན་སུམ་ཚོགས་པ་སྟེ། ཆོས་དབྱིངས་རྒྱུ་མཐུན་ཞེས་འབྱུང་བས་ན། རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་དབྱིངས་ཞེས་བྱ་བ་ནི། རྒྱ་གར་གྱི་སྒྲ་ལས་དྲངས་ན་དྷཱ་ཏུ་ཞེས་འབྱུང་། དྷཱ་ཏུ་བོད་སྐད་དུ་བཟློག་ན་དབྱིངས་ཞེས་འབྱུང་སྟེ། དབྱིངས་ཀྱི་དོན་ནི་རྒྱུའི་ དོན་ཏེ། དབྱིངས་ཀྱི་རྒྱུའི་དོན་དེ་ཡང་གང་ཞེ་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་བདག་མེད་པ་ལ་བྱ་སྟེ། ཆོས་ཉིད་སྟོང་པ་དེ་ཇི་ལྟར་རྒྱུ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་སྟོང་པ་བདག་མེད་པ་དེ་ལ་དམིགས་པས། དེ་རྟོགས་པ་ལས་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་བཤད་པའི་ཆོས་ དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལམ་གྱི་ཆོས་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པའི་འབྲས་བུའི་ཆོས་དང་། མདོར་ན་ཡོན་ཏན་གྱི་ཕྱོགས་མཐའ་དག་འབྱུང་བའི་གཞིར་གྱུར་བའི་ཕྱིར་ཆོས་ལ་དབྱིངས་སམ་རྒྱུ་ཞེས་བྱའོ། །གསུང་རབ་བཅུ་གཉིས་ ཞེས་འབྱུང་བས། འབྲས་བུ་ཕུན་སུམ་ཚོགས་པ་སྟོན་ཏོ། །མདོའི་སྡེ་ལ་སོགས་པ་གསུང་རབ་བཅུ་གཉིས་ནི་ཆོས་ཀྱི་དབྱིངས་ཏེ་རྟོགས་པའི་རྒྱུ་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར། འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཆོས་ཉིད་སྐྱེ་འགག་མེད་ཅིང་སྤྲོས་ལས་དབེན། །ཞེས་པ་ ནི། རང་བཞིན་ཕུན་སུམ་ཚོགས་པ་བསྟན་ཏེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་གཟོད་མ་ནས་མ་བྱུང་མ་སྐྱེས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། དེ་ལྟར་ཡང་དག་པར་མ་སྐྱེས་ན། འགག་ཀྱང་མི་སྲིད་དེ། སྐྱེ་འགག་གྱི་རྟག་ཆད་ཡོད་མེད་ལ་སོགས་པའི་སྤྲོས་པའི་ མཐའ་ཐམས་ཅད་ལས་དབེན་པའི་རང་བཞིན་ཡིན་པས། ཆོས་ཉིད་སྐྱེ་འགག་མེད་ཅིང་སྤྲོས་ལས་དབེན། །ཞེས་བྱ་བས་བསྟན་ཏོ། །དེ་ལ་དམིགས་ཏེ་ཡོན་ཏན་ཀུན་གྲུབ་པ། །ལེགས་རྒྱུ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བས། གཞན་གྱི་དོན་ཕུན་སུམ་ཚོགས་ པ་བསྟན་ཏེ། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པར་བསྟན་པ་དང་། དེ་རྟོགས་པ་ལས་འབྱུང་བ་གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་ལ་དམིགས་ཤིང་གོམས་པར་བྱས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ ཕྱིར། དེ་ལ་དམིགས་ནས་ཡོན་ཏན་ཀུན་གྲུབ་པ་ཡིན་ལ། དེ་ལྟར་ཡོན་ཏན་གྲུབ་པའི་གཞི་འམ་དམིགས་པར་གྱུར་པ་དེ་ཉིད་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུ་ཡིན་པས། དེ་ལེགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་བའི་ཆོས་ལ་ཕྱག་འཚལ་ལོ་ཞེས་བསྟན་ཏེ། དེ་ལྟར་ཆོས་དཀོན་མཆོག་ལ་ དོན་བཞིས་བསྟན་ཏོ། །དགེ་འདུན་དཀོན་མཆོག་ལ་དོན་ལྔས་བསྟན་ཏོ། །དེ་ཡང་གང་ཞེ་ན། རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། བདག་གི་དོན་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། དེ་ལྟར་རྣམ་པ་ལྔས་བསྟན་ ཏེ། དེ་ལ། ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག །གཉེན་པོས་རིམ་པར་ཞེས་འབྱུང་བས། རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏེ། སྒྲིབ་པ་མཐའ་དག་མདོར་བསྡུ་ན། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་སུ་འདུས་སོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་འདོད་ཆགས་ དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཉོན་མོངས་པ་དྲུག་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུ་ལ་བྱ། ཤེས་བྱའི་སྒྲིབ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དངོས་སུ་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་དང་། རིག་པའི་གནས་ལྔ་ལ་སོགས་པ་མི་ཤེས་པ་ ལ་བྱ། དེའི་གཉེན་པོ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་དབུ་མའི་ལམ་དང་། རིག་པའི་གནས་ལྔ་ལ་སོགས་པ་ལམ་ལ་ སོགས་པ་ལ་མཁས་པ་ལ་བྱ། རིམ་པར་བསལ་ཏེ་སར་བཞུགས་པ། །ཞེས་འབྱུང་བས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏེ། གཉེན་པོ་གོང་དུ་སྨོས་པ་དེས་མི་མཐུན་པའི་ཕྱོགས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་རིམ་གྱིས་ སྤངས་པའི་འབྲས་བུ། ས་ལ་བཞུགས་པ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་དང་། ས་གཉིས་པ་དྲི་མ་མེད་པ་དང་། ས་གསུམ་པ་འོད་བྱེད་པ་དང་། ས་བཞི་པ་འོད་འཕྲོ་བ་དང་། ས་ལྔ་པ་ཤིན་ཏུ་སྦྱང་དཀའ་བ་དང་། ས་དྲུག་པ་མངོན་དུ་གྱུར་པ་དང་། ས་བདུན་པ་ རིང་དུ་སོང་བ་དང་། ས་བརྒྱད་པ་མི་གཡོ་བ་དང་། ས་དགུ་པ་ལེགས་པའི་བློ་གྲོས་དང་། ས་བཅུ་པ་ཆོས་ཀྱི་སྤྲིན་ཏེ། བྱང་ཆུབ་སེམས་དཔའི་ས་བཅུ་དང་། འཕགས་པའི་ཉན་ཐོས་དང་། རང་རྒྱལ་བའི་དགེ་འདུན་སྐྱེས་བུ་ཆེན་པོ་ཟུང་བཞི་གང་ཟག་ཡ་བརྒྱད་ས་ བདུན་གྱིས་བསྡུས་ཏེ། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པ་ཅན་གྱི་ས་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ས་བཅུ་དང་། ཉན་ཐོས་དང་རང་ སངས་རྒྱས་ཀྱི་ས་བདུན་དང་། སྤངས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་ལ་རིམ་བཞིན་དུ་བཞུགས་པ་ནི་འབྲས་བུ་ཕུན་སུམ་ཚོགས་པ་ཡིན་ནོ། །སེམས་ཅན་དོན་མཛད་ཅེས་འབྱུང་བས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། འཕགས་པའི་དགེ་འདུན་ས་ལ་ རིམ་བཞིན་དུ་བཞུགས་པའི་ཕྲིན་ལས་ནི། སྐུ་གསུང་ཐུགས་ཀྱི་སྒོ་ནས་ཐབས་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་ཁོ་ན་མཛད་དེ། འདི་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་ནོ། །སངས་རྒྱས་ཞིང་སྦྱོང་བ་ཞེས་འབྱུང་བས་ནི། བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། འདི་ལྟར་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་འཇིག་རྟེན་དང་གཉིས་སོ། །དེ་དག་སྦྱོང་བ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ངམ་གྲོག་དང་། སྡོང་དུམ་དང་། ཚ་སྒོ་ཅན་ལ་སོགས་ཏེ། མ་དག་པ་རྣམས་ལ་གསེར་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ དང་། བདེ་བ་ཅན་དང་། པདྨ་ཅན་ལ་སོགས་པ་ཡོན་ཏན་སྣ་ཚོགས་དང་ལྡན་པར་འགྱུར་བར་བསྒྲུབ་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་སངས་རྒྱས་ཀྱི་ཞིང་སྦྱོང་བ་ཡིན་ནོ། །ནང་བཅུད་ཀྱི་འཇིག་རྟེན་འགྲོ་བ་རིགས་ལྔས་བསྡུས་པ་སེམས་ཅན་སྡུག་བསྔལ་བ་རྣམས་བདེ་བ་ལ་དགོད་པ་དང་། མི་ དགེ་བ་བཅུ་ལ་གནས་པ་རྣམས་དགེ་བ་བཅུ་ལ་དགོད་པ་དང་། རྣམ་པར་གཡེང་བ་རྣམས་ནི་བསམ་གཏན་དང་སྙོམས་པར་འཇུག་པ་ལ་དགོད་པ་དང་། འཁོར་བ་པ་རྣམས་འཕགས་པའི་ལམ་དང་། བྱང་ཆུབ་གསུམ་གྱི་འབྲས་བུ་ལ་དགོད་པར་བྱེད་པ་དང་། རང་སེམས་རྒྱུད་ སྦྱོང་བ་སྟེ་ཅིའི་ཕྱིར་སངས་རྒྱས་ཀྱི་ཞིང་སྦྱོང་བ་ཞེས་བྱ་ཞེ་ན། དེ་རང་དང་གཞན་གྱི་རྒྱུད་སྦྱང་བ་ལས། སངས་རྒྱས་སུ་འགྲུབ་པའམ་སྐྱེ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཞེས་བྱ་སྟེ། དཔེར་ན་ཞིང་ལས་ནས་སྐྱེ་བ་བཞིན་ནོ། །སྐབས་འདིར་གཙོར་ཡང་རང་གི་སེམས་སྦྱང་བ་ལ་བྱ། རང་ གི་སེམས་སྦྱང་བ་ཡང་གཞན་གྱི་དོན་བྱས་པས་འགྲུབ་པོ། །འཕགས་པའི་དགེ་འདུན་ཆེ་ཞེས་བྱ་བས་ནི། རང་བཞིན་ཕུན་སུམ་ཚོགས་པ་བསྟན་ཏེ། འདི་ལྟར་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་རང་བཞིན་ན། རྒྱུ་ལས་དང་ཉོན་མོངས་པ་དང་། འབྲས་བུ་སྡུག་བསྔལ་གསུམ་ དང་བརྒྱད་ལ་སོགས་ཏེ། འཁོར་བའི་ཉེས་པའི་སྐྱོན་ཐམས་ཅད་ལས་འཕགས་པ་ཡིན་ལ། འཕགས་པ་དེ་ལྟ་བུ་མང་པོ་འདུས་པ་ལ་དགེ་འདུན་ཞེས་བྱ། ཆེ་ཞེས་འབྱུང་བ་ཡང་གཉིས་ཏེ། དེ་ཡང་གང་ཞེ་ན། མཐུ་ཆེ་བ་དང་གྲངས་མང་བས་ཆེ་བའོ། །དེ་ལ་མཐུ་ཆེ་བ་ནི་ཉོན་ མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པའི་དགྲ་ཐམས་ཅད་ཆོམས་པ་དང་། ལྷའི་བུའི་བདུད་ལ་སོགས་པ་བདུད་བཞིའི་ཚོགས་ཐམས་ཅད་ཀྱིས་མི་ཚུགས་ཤིང་། འཕགས་པར་མཛད་པས་ན་མཐུ་ཆེ་བ་ཡིན་ནོ། །སྟོང་ཉིས་བརྒྱ་ལ་སོགས་པ་མང་དུ་བཞུགས་པས་ གྲངས་ཀྱིས་ཆེ་བ་ཡིན་ནོ། །དེ་ལྟ་བུ་ནི་དགེ་འདུན་གྱི་རང་བཞིན་ཏེ། དེ་ལྟར་དགེ་འདུན་དཀོན་མཆོག་ལ་དོན་ལྔས་བསྟན་ཏོ། །དེ་ལྟར་དཀོན་མཆོག་གསུམ་གྱི་མཚན་ཉིད་དང་། ཡོན་ཏན་ལ་དམིགས་ཏེ། སེམས་དང་བ་དང་མོས་པ་ཆེན་པོས་ཕྱག་བྱས་ན། སྒྲིབ་པ་གཉིས་བྱང་ནས། འབྲས་བུ་རྣམ་ པ་གསུམ་འཐོབ་བོ། །སངས་རྒྱས་གཙོའི་ཊཱི་ཀ་རྒྱ་ཆེར་འགྲེལ་པ་བོད་ཀྱི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་མཛད་པ་རྫོགས་སོ།། །།༄། །ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་བཞུགས། ༄༅༅། །ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ཞེས་བྱ་བ། འཕགས་པའི་ཚོགས་ མ་ལུས་པ་ལ་ཕྱག་འཚལ་ལོ། །དེ་ལ་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ཞེས་བྱ་བ་ནི་མདོ་སྡེ་དང་བསྟན་བཅོས་དང་། ཤེས་རབ་འབུམ་དང་། ཡོ་ག་ཙཱརྱ་ལ་སོགས་པ་གཞུང་ཐ་དད་པ་མང་པོའི་ནང་ནས་དོན་འདུས་པའི་ཚིག་འཇེབས་འཇེབས་མདོ་ཙམ་བཏུས་ཏེ། ཆོས་མང་པོ་ཉན་ མི་ནུས་པའི་གང་ཟག་རྣམས་ཀྱིས་ཚེགས་ཆུང་ངུས་གསུང་རབ་ཀྱི་དོན་རྟོགས་པར་བྱ་བ་དང་། རང་གི་ལུས་གཞིག་པའི་མཚན་ཉིད་ལ་མཁས་པར་བྱ་བའི་ཕྱིར་བསྟན་པའོ། །དེ་ཡང་གཟུགས་ཀྱི་ཕུང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་དང་ཁམས་ དང་སྐྱེ་མཆེད་ཀྱི་མཚན་ཉིད་ཡོ་ག་ཙཱརྱ་ལས་འབྱུང་བ་དེ་སྟོན་ཏོ། །དེ་ཡང་ཕུང་པོ་ལྔའི་ནང་ནས་གཟུགས་ཀྱི་ཕུང་པོ་གང་ཡིན་ཞེས་བྱ་བའི་དོན་སྟོན་ཏོ། །གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་གྱུར་པའོ་ཞེས་བྱ་བ་ལ། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ཅེས་བྱ་བ་ནི་གཟུགས་རིང་པོ་དང་ཐུང་ངུ་དང་ཟླུམ་པོ་དང་གྲུ་བཞི་དང་། སྔོན་པོ་དང་སེར་པོ་ལ་སོགས་པ་དང་། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་གཟུགས་དང་། ཉེ་བ་དང་། རིང་བ་དང་། བཟང་པོ་དང་། ངན་པ་ལ་ སོགས་པ་ཇི་ཙམ་དུ་གཟུགས་སུ་གདགས་པ་ཐམས་ཅད་དོ། །འབྱུང་བ་ཆེན་པོ་བཞི་ནི་མེ་དང་ཆུ་དང་ས་དང་རླུང་བཞིའོ། །འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ནི་འབྱུང་བ་དེ་ལས་སྐྱེས་པའམ། དེ་ལས་གྱུར་ཞེས་བྱ་བའི་དོན་ཏེ། རྒྱུ་དེ་ལས་བྱུང་བའི་གཟུགས་རྣམས་ཏེ། མིག་ ལ་སོགས་པའི་དབང་པོ་ལྔ་དང་། དབང་པོ་དེ་རྣམས་ཀྱི་ཡུལ་གཟུགས་ནས་རེག་བྱའི་བར་དུ་ལྔ་སྟེ་བཅུ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅུ་གཅིག་དང་འབྱུང་བ་ཆེན་པོ་བཞི་སྟེ། གཟུགས་ཀྱི་ཕུང་པོ་ལ་ཕྱེ་ན་སྤྱིར་བཅོ་ལྔ་ཡོད་དོ། །གཟུགས་ནི་རྣམ་པ་གསུམ་སྟེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་དང་གསུམ་མོ། །དེ་ལ་འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་ཁ་དོག་དང་དབྱིབས་ལ་སོགས་པ་ནི་བསྟན་དུ་ཡང་ཡོད་ཅིང་ཐོགས་པ་དང་ ཡང་བཅས་པའོ། །མིག་ལ་སོགས་པའི་དབང་པོ་ལྔ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ནི་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་སྟེ། དེ་ནི་རྣམ་པར་རིག་བྱེད་ཀྱི་གཟུགས་དང་བསམ་གཏན་ བཞི་ལ། རྒྱུ་གཟུགས་ཅན་ལས་སྐྱེས་པའི་ཕྱིར་གཟུགས་སུ་གཞག་སྟེ། གཟུགས་ཀྱི་ཕུང་པོ་ནི་དེ་ལྟ་བུའི་མཚན་ཉིད་དོ། །ཚོར་བའི་ཕུང་པོ་གང་ཞེ་ན། མྱོང་བ་རྣམ་པ་གསུམ་སྟེ་ཞེས་སྨོས་ཏེ། བདེ་བ་དང་སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གསུམ་ ཉམས་སུ་མྱོང་བ་ནི་ཚོར་བ་ཞེས་བྱའོ། །དེ་ལ་བདེ་བ་ནི་གང་འགགས་ན་ཕྲད་པར་འདོད་པའོ་ཞེས་བྱ་བ་ནི་ལུས་དང་སེམས་ལས་དབེན་ཞིང་བདེ་བ་བྱུང་ན་དེ་དང་བྲལ་བར་མི་འདོད་ལ་བྲལ་ན་ཡང་སླར་ཕྲད་པར་འདོད་པའོ། །སྡུག་བསྔལ་ནི་གང་བྱུང་ན་བྲལ་བར་འདོད་པའོ་ཞེས་བྱ་བ་ནི་ ལུས་དང་སེམས་ལ་གནོད་པ་ཞིག་བྱུང་ན། དེ་དང་འགྲོགས་པར་མི་འདོད་པས་ན་བྲལ་བར་འདོད་པའོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་གང་བྱུང་ན་གཉི་གར་འདོད་པར་མི་འགྱུར་བའོ་ཞེས་བྱ་བ་ནི། ལུས་དང་སེམས་ལ་གནོད་པར་བྱེད་པ་མེད་པས་ བྲལ་བར་འདོད་པ་ཡང་མེད། ལུས་དང་སེམས་ལ་ལྷག་པར་བདེ་ཞིང་ཕན་པར་བྱེད་པ་ཡང་མེད་པས་ན་འགྲོགས་པའམ་ཕྲད་པར་འདོད་པ་ཡང་མེད་དེ། གཉི་གར་འདོད་པ་མེད་ཅེས་བྱ་བའོ། །འདུ་ཤེས་ཀྱི་ཕུང་པོ་གང་ཞེ་ན། ཡུལ་ལ་མཚན་མར་འཛིན་པ་རྣམ་པ་གསུམ་སྟེ། ཆུང་ ངུ་དང་། ཆེན་པོ་དང་། ཚད་མེད་པའོ་ཞེས་སྨོས་ཏེ། ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པ་དམིགས་པར་བྱ་བའི་ཆོས་རྣམས་སོ། །མཚན་མར་འཛིན་པ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ཐ་དད་པ་མང་པོ་ལ་བྱའོ། །ཆུང་ངུ་ནི་འདོད་པའི་ཁམས་ངན་པ་ལ་དམིགས་པའོ། ། ཆེན་པོ་ནི་བསམ་གཏན་དང་པོ་ནས། བཞི་པ་མན་ཆད་དེ་གཟུགས་ཀྱི་ཁམས་ལ་དམིགས་པའོ། །ཚད་མེད་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་མན་ཆད་དེ། གཟུགས་མེད་པའི་ཁམས་ལ་དམིགས་པ་དང་གསུམ་མོ། །འདུ་བྱེད་ཀྱི་ ཕུང་པོ་གང་ཞེ་ན། ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་ཏེ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་མང་པོ་ཚོགས་པ་ལས་བྱུང་བའི་ཕྱིར། གཟུགས་ལ་སོགས་པའི་ཕུང་པོར་བསྡུས་པ་ཀུན་ལ་ཡང་འདུ་བྱེད་ཅེས་བྱ་མོད་ཀྱི། འདི་ནི་སེམས་ལས་བྱུང་བའི་འདུ་བྱེད་ རྣམས་ལ་བྱ་སྟེ། ཚོར་བ་དང་འདུ་ཤེས་གཉིས་གོང་དུ་ཕུང་པོའི་ནང་དུ་བསྟན་པས་དེ་བཀོལ་བའི་ཕྱི་མ་རེག་པ་ནས་བཟུང་སྟེ། དཔྱོད་པ་ལ་ཐུག་པའི་བར་དེ་དག་ལ་བྱའོ། །དེ་དག་ལས་ལྔ་ཀུན་དུ་འགྲོ་བ་གང་ཞེ་ན་ཞེས་སྨོས་ཏེ། འདུ་བྱེད་སེམས་དང་ལྡན་པ་ལྔ་བཅུ་རྩ་གཅིག་ སེམས་དང་མི་ལྡན་པ་བཅུ་བཞི་པོ་དེ་དག་རེ་རེ་ནས་སྟོན་ཏོ། །ཀུན་དུ་འགྲོ་བ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཀུན་གྱི་ནང་དུ་སྣང་ཞིང་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །རེག་པ་ནི་གསུམ་འདུས་ནས་ཡོངས་སུ་གཅོད་པའོ་ཞེས་བྱ་བ་ནི། ཡུལ་དང་དབང་པོ་དང་རྣམ་པར་ཤེས་ པ་གསུམ་འདུས་པ་ལས། ཡུལ་བདེ་བ་ལ་སོགས་པ་ཇི་ལྟ་བ་དེ་ལྟར་དབང་པོ་ཡང་འགྱུར་བ་དེ་རྣམ་པར་ཤེས་པས་གཅོད་ཅིང་ཚོར་བ་སྐྱེད་པར་བྱེད་པས་ན་རེག་པ་ཞེས་བྱའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ་ཞེས་བྱ་བ་ནི་དམིགས་པར་བྱ་བའི་ཡུལ་ལ་སེམས་གཏོད་ཅིང་མངོན་ དུ་ཕྱོགས་པར་བྱེད་པས་ན་སེམས་ཀྱི་འཇུག་པ་ཞེས་བྱའོ། །ཚོར་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་བྱེད་པའོ་ཞེས་བྱ་བ་ནི། ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་འབྲས་བུ་བདེ་བ་དང་སྡུག་བསྔལ་དང་གཉི་ག་ མ་ཡིན་པ་གསུམ་ཉམས་སུ་མྱོང་བར་བྱེད་པའོ། །འདུ་ཤེས་ནི་རྣམ་པར་ཤེས་པའི་དོན་རྣམས་ལ་བྱེ་བྲག་འབྱེད་པའོ་ཞེས་བྱ་བ་ནི་སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་ཐ་དད་པའི་བྱེ་བྲག་སོ་སོར་གསལ་བར་བྱེད་ཅིང་གཅོད་པའོ། །སེམས་པ་ནི་ཡོན་ཏན་དང་ཉེས་པ་དང་གཉི་ག་མ་ཡིན་ པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ་ཞེས་བྱ་བ་ནི་ལས་དགེ་བ་ནི་ཡོན་ཏན་ཞེས་བྱ། ལས་མི་དགེ་བ་ནི་ཉེས་པ་ཞེས་བྱ། ལས་ལུང་དུ་མ་བསྟན་པ་ནི་གཉི་ག་མ་ཡིན་པ་ཞེས་བྱ་སྟེ། ལས་དེ་གསུམ་ལ་སེམས་པས་སེམས་སློང་ཞིང་གཏོད་པ་ནི། དཔེར་ན་རྡོ་ཁབ་ལེན་གྱིས་ ཁབ་གཡོ་བར་བྱེད་པ་བཞིན་དམིགས་པའི་ཡུལ་ལ་འཇུག་པར་བྱེད་པའི་ཕྱིར་རོ། །ལྔ་ཡུལ་སོ་སོར་ངེས་པ་གང་ཞེ་ན། འདུན་པ་ནི་བསམ་པའི་དངོས་པོ་ལ་འདོད་པའོ་ཞེས་སྨོས་ཏེ། ཀུན་དུ་འགྲོ་བ་ལྟར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་གནས་ཀུན་ལ་མི་འཇུག་གི་ རང་གི་ཡུལ་གང་ཡིན་པ་དེ་ཉི་ཚེ་ལ་འཇུག་པས་ན། ཡུལ་སོ་སོར་ངེས་པ་ཞེས་བྱའོ། །དབང་པོ་དང་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་གང་ཡང་རུང་བ་དེ་དག་ནི་བསམ་པའི་དངོས་པོ་ཞེས་བྱ། དེ་ལ་མངོན་སུམ་དུ་བྱ་བའི་ཕྱིར་དོན་དུ་གཉེར་ཞིང་བསྒྲུབ་པ་ནི་འདོད་པ་ཞེས་བྱ་སྟེ། དེར་ འདུན་པའི་ཕྱིར་རོ། །མོས་པ་ནི་ངེས་པའི་དངོས་པོ་དེ་བཞིན་དུ་ངེས་པར་འཛིན་པའོ་ཞེས་བྱ་བ་ལ་ངེས་པ་ནི་མོས་པའི་ཡུལ་ཉི་ཚེ་ལ་བྱ་སྟེ། མ་མོས་པའི་ཡུལ་གཞན་ལ་མི་བྱའོ། །དེ་ཡང་མངོན་སུམ་དང་རྗེས་སུ་དཔག་པའི་སྒོ་ནས་དཔྱད་དེ། མདོ་སྡེ་དང་བསྟན་བཅོས་ཀྱི་ལུང་ལ་ཡིད་ཆེས་ ཤིང་ཐེ་ཚོམ་མེད་པ་ནི་ངེས་པ་ཞེས་བྱའོ། །ཡང་ན་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྟག་པ་དང་བདེ་བ་མ་ཡིན་གྱི། མི་རྟག་པ་ལ་སོགས་པར་འཛིན་པ་ལ་ངེས་པ་ཞེས་བྱའོ། །དྲན་པ་ནི་འདྲིས་པའི་དངོས་པོ་ཉིད་མ་བརྗེད་པ་སྟེ་སེམས་ཀྱིས་མངོན་པར་བརྗོད་པ་ཉིད་དོ་ཞེས་བྱ་བ་ལ་ སྔོན་འཕྲད་ཅིང་ཉམས་སུ་མྱོང་སྟེ་འགྲོགས་འགྲོགས་པ་ན། འདྲིས་པ་ཞེས་བྱ་སྟེ། འདྲིས་པ་དེ་ལྟ་བུའི་དངོས་པོ་མ་བརྗེད་པ་སྟེ། དཔེར་ན་ཚིག་ཏུ་སྨྲ་བ་ན་ང་འདྲ་བར་གསལ་བར་དྲན་པ་ནི་སེམས་ཀྱིས་མངོན་པར་བརྗོད་པ་ཞེས་བྱའོ། །ཏིང་ངེ་འཛིན་ནི་བརྟག་པའི་དངོས་པོ་ལ་སེམས་ རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་ལ་བརྟག་པའི་དངོས་པོ་ནི་མ་བྱུང་མ་སྐྱེས་པའི་དོན་ཉིད་དམ་བདེན་པ་བཞི་ལ་གཅིག་ཅིང་ཡང་བཞི་བཞི་ལྟར་ཤེས་པར་བྱའོ། །སེམས་རྩེ་གཅིག་པ་ནི་དཔེར་ན་སྐུད་པའི་སྣ་བསྒྲིམས་ཏེ་ཁབ་ཀྱི་མིག་ཏུ་གཞུག་པ་དང་འདྲ་བར་བསྒོམ་པའི་ཡུལ་ལ་སེམས་ གཞན་དུ་མི་གཡེང་བར་གཏོད་པ་ནི་ཏིང་ངེ་འཛིན་རྩེ་གཅིག་པ་ཞེས་བྱའོ། །ཤེས་རབ་ནི་དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པ་དང་རིགས་པ་མ་ཡིན་པས་བསྐྱེད་པ་དང་གཞན་པའོ་ཞེས་བྱ་བ་ལ། ཤེས་རབ་ནི་རྣམ་པ་གསུམ་སྟེ། མཉན་པ་དང་བསམས་པ་ དང་བསྒོམས་པའི་ཤེས་རབ་སྟེ། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ནི་རིགས་པས་བསྐྱེད་པའོ། །མུ་སྟེགས་ཀྱི་བསྟན་པ་ལ་ཞུགས་པ་ནི་རིགས་པ་མ་ཡིན་པས་བསྐྱེད་པ་ཞེས་བྱའོ། །དེ་གཉིས་ཀས་མ་བསྟན་ཀྱང་རང་བཞིན་གྱིས་ཤེས་ཉེན་ཆེ་བ་ནི་གཞན་པ་ ཞེས་བྱའོ། །དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བ་ནི་གོང་དུ་སྨོས་པའི་ཏིང་ངེ་འཛིན་གྱི་ཡུལ་ཉིད་ལ་སྟེ། རིགས་པའི་ཤེས་པས་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཅེས་དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུན་རྫོབ་ཏུ་ས་སྲ་བ་དང་ཆུ་གཤེར་བ་ལ་སོགས་ པའི་མཚན་ཉིད་མ་ནོར་བར་གཏན་ལ་འབེབས་སོ། །རིགས་པ་མ་ཡིན་པའི་ཤེས་པས་ནི་བདག་མེད་པ་བདག་ཡོད་པར་བརྟགས་ཤིང་བསྒོམས་ཏེ་རྭ་སྐྱེས་པར་མཐོང་བ་ལ་སོགས་པ་ལྟ་བུའོ། །གཞན་པའི་ཤེས་རབ་ནི་སུས་ཀྱང་མ་བསླབས་པར་རང་བཞིན་གྱིས་བློ་རྣོ་ཞིང་ལས་སུ་བྱ་བ་ དང་། ཚིག་ཏུ་སྨྲ་བ་ལ་སོགས་པ་བྱ་བ་ཐམས་ཅད་ལ་མཁས་པའི་ཕྱིར་རོ། །བཅུ་གཅིག་དགེ་བ་གང་ཞེ་ན། དད་པ་ནི་ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། སེམས་དང་བའོ་ཞེས་སྨོས་ཏེ། ལས་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། །འབྲས་བུ་ནི་ལས་དེས་བསྐྱེད་པ་སྟེ། བདེ་བ་དང་། སྡུག་བསྔལ་གཉི་ག་མ་ཡིན་པའོ། །བདེན་པ་ནི་བཞི་སྟེ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་བདེན་པ་སྟེ། དེ་དག་ཡོད་པར་ཡིད་ཆེས་པའོ། །དཀོན་མཆོག་ནི་ གསུམ་སྟེ། སངས་རྒྱས་ནི་མཁྱེན་པ་དང་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཆོས་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པའི་ལམ་ཡིན་ནོ། །དགེ་འདུན་ནི་ཉོན་མོངས་པ་སྤོང་བ་ལ་ཞུགས་པ་བསོད་ནམས་ཀྱི་ཞིང་ཡིན་ནོ་ཞེས་དེ་དག་གི་ཡོན་ཏན་རིག་ནས་སེམས་ད