Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 206

Văn bản gốc(Tây Tạng)

Trang 2 / 20 (50.000 ký tự/trang)
པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་ཀུན་ནས་ཉོན་
མོངས་པའི་རྒྱུན་རྗེས་སུ་འཛིན་པ་གཞིག་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཀུན་ནས་ཉོན་མོངས་པའི་རྒྱུན་རྗེས་སུ་འཛིན་པ་གཞིག་པ་ལ་མཁས་པ་ཞེས་བྱ་བ་ནི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཇི་སྐད་བསྟན་པ་དེ་དག་གིས་རབ་ཏུ་ཕྱེ་བའི་རྟོགས་པ་ཡོངས་
སུ་རྫོགས་པའི་ས་རབ་ཏུ་དབྱེ་བ་ཇི་སྐད་བསྟན་པ་དེ་དག་ལ་ཀུན་ནས་ཉོན་མོངས་པའི་བག་ལ་ཉལ་གྱི་རྒྱུན་རྗེས་སུ་འཛིན་པ་གང་དང་གང་ཡོད་པ་དེ་དང་དེ་དག་གཞིག་པ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་དག་ལ་ཉོན་མོངས་
པའི་བག་ལ་ཉལ་རྣམ་པ་དུ་མཆིས་ལགས་ཞེས་བྱ་བ་ཞུས་སོ། །རྣམ་པ་གསུམ་སྟེ་ཞེས་བྱ་བ་ནི་གྲོགས་ཡང་དག་པར་བཅོམ་པ་དང་། བག་ལ་ཉལ་སྟོབས་ཆུང་བ་དང་། བག་ལ་ཉལ་ཕྲ་མོའོ། །དེ་ལ་གྲོགས་ཡང་དག་པར་བཅོམ་པ་ཞེས་བྱ་བ་ནི། ས་དང་པོ་ནས་ས་ལྔ་པ་མན་ཆད་ལ་

ཉོན་མོངས་པའི་བག་ལ་ཉལ་ཡོད་པ་ནི། ས་དེ་དག་ཉོན་མོངས་པ་ལྷན་ཅིག་སྐྱེས་པ་ཀུན་ཏུ་འབྱུང་བ་ཡོད་པ་དེའི་གྲོགས་ལྷན་ཅིག་སྐྱེས་པ་མ་ཡིན་པའི་ཉོན་མོངས་པ་དེ་ཡང་དག་པར་བཅོམ་པས་ཉོན་མོངས་པ་ལྷན་ཅིག་སྐྱེས་པ་ཀུན་ཏུ་འབྱུང་བའི་གྲོགས་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཡང་དག་
པར་བཅོམ་པའི་ཕྱིར་བག་ལ་ཉལ་དེ་ལྷན་ཅིག་སྐྱེས་པ་མ་ཡིན་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་ནི་མི་ལྡན་ལ། ལྷན་ཅིག་སྐྱེས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་གྲོགས་ཡང་དག་པར་བཅོམ་པ་དང་ནི་ལྡན་པས་ན་གྲོགས་ཡང་དག་པར་བཅོམ་པ་ཞེས་བྱ་སྟེ། དངོས་སུ་ན་གྲོགས་ཡང་དག་
པར་བཅོམ་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བར་མི་བྱའི། དེ་དང་ལྡན་པའི་ཉོན་མོངས་པའི་བག་ལ་ཉལ་ལ་བྱའོ། །དེའི་ཕྱིར་འདི་ལྟ་སྟེ། ས་ལྔ་པོ་དག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་ལྔ་པོ་དག་ན་ཞེས་བྱ་བ་ནི། ས་དང་པོ་ནས་ས་ལྔ་པའི་བར་དག་ནའོ། །ཉོན་མོངས་པ་ལྷན་ཅིག་
སྐྱེས་པ་ཀུན་ཏུ་འབྱུང་བ་ཞེས་བྱ་བ་ནི། ས་དེ་ལྔ་ལ་ཉོན་མོངས་པ་ཀུན་ཏུ་འབྱུང་བ་ཆེན་པོ་དང་འབྲིང་ཐམས་ཅད་ནི་སྤངས་སོ། །ཀུན་དུ་འབྱུང་བ་ཆུང་ངུ་མ་སྤངས་པ་དེ་ནི་གློ་བུར་གྱི་ཀུན་ནས་བརྟགས་པ་མ་ཡིན་གྱི་རང་བཞིན་དུ་ལྷན་ཅིག་སྐྱེས་པ་ཡིན་པས། ཉོན་མོངས་པ་ལྷན་ཅིག་སྐྱེས་པ་ཀུན་ཏུ་འབྱུང་བ་ཞེས་
བྱའོ། །གྲོགས་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་ཀུན་ཏུ་འབྱུང་བ་དེའི་གྲོགས་སོ། །ཉོན་མོངས་པ་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཀུན་ཏུ་འབྱུང་བ་ཞེས་བྱ་བ་ནི། དཔེར་ན་མོས་པས་སྤྱོད་པའི་ས་མན་ཆད་ལ་ཉོན་མོངས་པ་ལྷན་ཅིག་སྐྱེས་པ་ཀུན་ཏུ་འབྱུང་བ་དེའི་གྲོགས་ལ་ཉོན་མོངས་པ་ལྷན་ཅིག་སྐྱེས་
པ་མ་ཡིན་པས་གློ་བུར་གྱི་ཡུལ་གྱི་རྐྱེན་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་ལ་སོགས་པ་ཀུན་ཏུ་འབྱུང་བ་ལྟ་བུ་ལ་བྱའོ། །དེ་དེའི་ཚེ་དེ་ལ་མེད་པས་ཞེས་བྱ་བ་ནི། ཉོན་མོངས་པ་ལྷན་ཅིག་སྐྱེས་པ་ཀུན་ཏུ་འབྱུང་བའི་གྲོགས་ཉོན་མོངས་པ་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཀུན་ཏུ་འབྱུང་བ་དེ་ས་
དང་པོ་ནས་ས་ལྔ་པའི་བར་དག་ཐོབ་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་ལ་མེད་པས་སོ། །དེའི་ཕྱིར་གྲོགས་ཡང་དག་པར་བཅོམ་པ་ཞེས་བྱའོ་ཞེས་བྱ་བ་ནི་ས་དང་པོ་ནས་ས་ལྔ་པའི་བར་དག་ལ་ཉོན་མོངས་པའི་བག་ལ་ཉལ་ཡོད་པ་དེ་ནི་ཉོན་མོངས་པའི་ལྷན་ཅིག་སྐྱེས་པ་ཀུན་ཏུ་འབྱུང་བ་གྲོགས་

ཡང་དག་པར་བཅོམ་པ་དེ་དང་ལྡན་པས་ན། བག་ལ་ཉལ་དེ་ཡང་གྲོགས་ཡང་དག་པར་བཅོམ་པ་ཞེས་བྱ་སྟེ། ས་དང་པོ་ནས་ས་ལྔ་པའི་བར་དག་ལ་ཉོན་མོངས་པའི་བག་ལ་ཉལ་དེ་ལྟ་བུ་མ་སྤངས་པ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བག་ལ་ཉལ་སྟོབས་ཆུང་བ་
ཞེས་བྱ་བ་ནི། ས་དྲུག་པ་དང་བདུན་པ་གཉིས་ལ་བསྒོམས་པའི་སྟོབས་ཀྱིས་སྦྱོར་བ་ཅན་གྱི་སྤྱོད་པ་ཡོངས་སུ་རྫོགས་པ་དང་། མཐར་ཐུག་པས་ཉོན་མོངས་པའི་བག་ལ་ཉལ་ལྔ་པ་མན་ཆད་ཀྱི་ལྟ་བུ་སྟོབས་དང་ལྡན་པ་ནི་མེད་ཀྱི། མི་སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པར་དག་པ་ལ་གེགས་བྱེད་པའི་
ཉོན་མོངས་པ་ཆ་ཕྲ་མོ་ཀུན་ཏུ་འབྱུང་བ་དེ་ཡང་བསྒོམ་པའི་ཐབས་ཀྱིས་མནན་པས་ཉམས་དམས་ཤིང་ཀུན་ཏུ་འབྱུང་བ་དེ་དང་ལྡན་པའི་ཉོན་མོངས་པའི་བག་ལ་བྱའོ། །དེའི་ཕྱིར་འདི་ལྟ་སྟེ། ས་དྲུག་པ་དང་བདུན་པ་ལ་ཞེས་བྱ་བ་གསུངས་སོ། །ཆ་ཕྲ་མོ་ཀུན་ཏུ་འབྱུང་བ་ཉིད་ཅེས་བྱ་བ་འདི་ནི་མི་སྐྱེ་བའི་
ཆོས་ལ་བཟོད་པ་རྣམ་པར་དག་པ་ལ་གེགས་བྱེད་པའི་ཉོན་མོངས་པ་ཆ་ཕྲ་མོ་ཀུན་དུ་འབྱུང་བའོ། །བསྒོམས་པས་མནན་པས་ཀུན་ཏུ་འབྱུང་བ་ཉིད་ཅེས་བྱ་བ་ནི་ཆ་ཕྲ་མོ་ཀུན་ཏུ་འབྱུང་བ་དེ་ཡང་བསྒོམས་པའི་སྟོབས་ཀྱིས་མནན་པས་ཉམས་དམས་ཤིང་ཀུན་ཏུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་ཀུན་དུ་
འབྱུང་བ་ཆ་ཕྲ་མོ་དེ་ཡོད་པའི་ཕྱིར་དེ་ཀུན་ནས་སློང་བའི་བག་ལ་ཉལ་ནི་བག་ལ་ཉལ་སྟོབས་ཆུང་བ་ཞེས་བྱ་སྟེ། ས་དྲུག་པ་དང་བདུན་པ་ལ་བག་ལ་ཉལ་དེ་ལྟ་བུ་མ་སྤངས་པ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བག་ལ་ཉལ་ཕྲ་མོ་ཞེས་བྱ་བ་ནི་ས་བརྒྱད་པ་ཡན་ཆད་ས་བཅུ་པ་མན་ཆད་ལ་ཉོན་མོངས་པ་
ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བ་ཆ་ཕྲ་མོ་བག་ལ་ཉལ་ཆ་ཕྲ་མོ་ཙམ་ཞིག་ཡོད་པའོ། །དེའི་ཕྱིར་འདི་ལྟ་སྟེ། ས་བརྒྱད་པ་དང་། དེའི་གོང་མ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉོན་མོངས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་དུ་མི་འབྱུང་བ་དང་། ཤེས་བྱའི་སྒྲིབ་པ་ཙམ་ལ་
གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དེ་ཡན་ཆད་ལ་ཉོན་མོངས་པ་ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བ་ནི་མེད་ཀྱི་ཤེས་བྱའི་སྒྲིབ་པ་སྙིང་པོ་ལ་ཡོད་པ་ལྟ་བུ་མ་སྤངས་པས་དེའི་གཞིར་གྱུར་པའི་བག་ལ་ཉལ་ཕྲ་མོ་ཡོད་པ་ནི་ཉོན་མོངས་པའི་བག་ལ་ཉལ་ཕྲ་མོ་ཞེས་བྱའོ། །བཅོམ་ལྡན་འདས་བག་ལ་ཉལ་

དེ་དག་གནས་ངན་ལེན་སྤངས་པ་རྣམ་པ་དུས་རབ་ཏུ་ཕྱེ་བ་ལགས་ཞེས་བྱ་བ་ལ་སོགས་པས་ཀྱང་ཀུན་ནས་ཉོན་མོངས་པའི་རྒྱུན་རྗེས་སུ་འཛིན་པ་ལ་མཁས་པ་སྟོན་ཏོ། །དེ་ལ་བག་ལ་ཉལ་དེ་དག་ཅེས་བྱ་བ་ནི་གྲོགས་ཡང་དག་པར་བཅོམ་པ་དང་བག་ལ་ཉལ་སྟོབས་ཆུང་བ་དང་། བག་ལ་ཉལ་
ཕྲ་མོ་ཞེས་བྱའོ། །བསྟན་པ་གསུམ་པོ་དེ་དག་གོ། །གནས་ངན་ལེན་སྤངས་པ་རྣམ་པ་དུས་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྤངས་པ་རྣམ་པ་དུས་ཞེས་བྱ་བར་སྦྱར་རོ། །རབ་ཏུ་ཕྱེ་བ་ལགས་ཞེས་བྱ་བ་ནི། མ་སྤངས་པར་ཡོད་པའི་དོན་ཏོ། །ཉོན་མོངས་
པའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་གསུམ་པོ་དེ་དག་ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་རྣམ་པ་དུ་སྤངས་པས་ཀྱང་ད་དུང་མ་སྤངས་པར་ཡོད་པར་རིག་པར་བྱ་ཞེས་ཞུས་པ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ས་བཅུ་གཅིག་པོ་ཐམས་ཅད་ལ་ཉོན་མོངས་
པའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་གསུམ་དང་ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་རྣམ་པ་གསུམ་པོ་སྤོང་བར་བྱེད་དེ། ཉོན་མོངས་པའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་རྣམ་པ་གསུམ་ནི་ངན་སོང་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་
པའི་གནས་ངན་ལེན་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པར་དག་པ་ལ་གེགས་བྱེད་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་། ཉོན་མོངས་པའི་བག་ལ་ཉལ་ཕྲ་མོའོ། །དེ་ལ་ས་དང་པོ་ལ་ངན་སོང་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པ་གནས་ངན་ལེན་ཐམས་ཅད་
ཀྱི་ཐམས་ཅད་དུ་སྤོང་ངོ་། །ཀུན་ཏུ་འབྱུང་བ་ལས་ནི་ཉོན་མོངས་པའི་ཕྱོགས་དང་མཐུན་པ་ཆེན་པོ་དང་འབྲིང་ཐམས་ཅད་ཀྱང་སྤོང་ངོ་། །ས་བརྒྱད་པ་ལ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པར་དག་པ་ལ་གེགས་བྱེད་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་
ངོ་། །ཀུན་ཏུ་འབྱུང་བ་ལས་ནི་ཉོན་མོངས་པ་ཐམས་ཅད་སྤོང་ངོ་། །ས་བཅུ་པ་ལ་ནི་ཉོན་མོངས་པའི་བག་ལ་ཉལ་ཕྲ་མོ་ཐམས་ཅད་སྤོང་སྟེ། དེ་ཡང་དེ་བཞིན་གཤེགས་པའི་གནས་པ་ལ་འཇུག་པའི་ཚེ་ནའོ། །དེ་ལྟར་ན་ངན་སོང་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནི་ས་དང་པོ་ལ་

སྤངས་ཟིན་པས་ས་ཐམས་ཅད་ལ་མེད་དོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པར་དག་པ་ལ་གེགས་བྱེད་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནི་ས་བརྒྱད་པ་ལ་སྤོང་པས་ས་དང་པོ་ཡན་ཆད་བདུན་པ་མན་ཆད་ལ་ད་དུང་མ་སྤངས་པར་ཡོད་དེ་དེ་ནི་གྲོགས་
ཡང་དག་པར་བཅོམ་པ་དང་བག་ལ་ཉལ་སྟོབས་ཆུང་བ་ཞེས་སྔར་བསྟན་པ་གཉིས་ཡིན་ནོ། །ཉོན་མོངས་པའི་བག་ལ་ཉལ་ཕྲ་མོ་ནི་ས་བཅུ་པ་ལ་དེ་བཞིན་གཤེགས་པའི་གནས་པ་ལ་འཇུག་པའི་ཚེ་ན་སྤངས་པས་ས་བཅུ་པ་མན་ཆད་ལ་ཡང་ཡོད་དེ། དེ་ནི་བག་ལ་ཉལ་ཕྲ་མོའི་ཞེས་སྔར་བསྟན་
པ་ཡིན་ནོ། །ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་རྣམ་པ་གསུམ་ནི། པགས་ཤུན་ལ་ཡོད་པ་ལྟ་བུ་དང་། སྤྲི་ལ་ཡོད་པ་ལྟ་བུ་དང་། སྙིང་པོ་ལ་ཡོད་པ་ལྟ་བུའོ། །དེ་ལ་པགས་ཤུན་ལ་ཡོད་པ་ལྟ་བུ་ནི་ས་དང་པོ་ལ་སྤོང་བའོ། །སྤྲི་ལ་ཡོད་པ་ལྟ་བུ་ནི་ས་བརྒྱད་པ་ལ་
སྤོང་བའོ། །སྙིང་པོ་ལ་ཡོད་པ་ལྟ་བུ་ནི་དེ་བཞིན་གཤེགས་པའི་གནས་པ་ལ་སྤོང་བ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཡེ་ཤེས་ཀྱང་དེ་ཡིན་ནོ། །དེ་ལྟར་ན་ས་དང་པོ་ལ་ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་པགས་ཤུན་ལ་ཡོད་པ་ལྟ་བུ་སྤངས་ཀྱང་ཉོན་མོངས་པའི་སྒྲིབ་
པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་གྲོགས་ཡང་དག་པར་བཅོམ་པ་དང་། བག་ལ་ཉལ་སྟོབས་ཆུང་བ་གཉིས་ད་དུང་མ་སྤངས་པར་ཡོད་ལ། ས་བརྒྱད་པ་ལ་ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྤྲི་ལ་ཡོད་པ་ལྟ་བུ་སྤངས་ཀྱང་ཉོན་མོངས་པའི་ཕྱོགས་དང་མཐུན་
པའི་གནས་ངན་ལེན་བག་ལ་ཉལ་ད་དུང་མ་སྤངས་པར་ཡོད་པས་ན། ཉོན་མོངས་པའི་བག་ལ་ཉལ་གསུམ་ཞེས་བྱ་བའི་སྒྲིབ་པའི་གནས་ངན་ལེན་རྣམ་པ་དེ་གསུམ་ལས་རྣམ་པ་དུ་སྤངས་པས་ཀྱང་ད་དུང་མ་སྤངས་པར་ཡོད་ཅེས་དྲི་བའི་ཕྱིར་བག་ལ་ཉལ་དེ་དག་གནས་ངན་ལེན་སྤངས་པ་རྣམ་པ་དུས་རབ་
ཏུ་ཕྱེ་ལགས་ཞེས་ཞུས་པར་སྦྱར་རོ། །རྣམ་པ་གཉིས་ཀྱིས་ཏེ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ལ་ཉལ་གྲོགས་ཡང་དག་པར་བཅོམ་པ་བག་ལ་ཉལ་སྟོབས་ཆུང་བ་དང་། བག་ལ་ཉལ་ཕྲ་མོ་དེ་དག་ནི་ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་རྣམ་པ་གསུམ་པོ་པགས་ཤུན་ལ་ཡོད་

པ་ལྟ་བུ་དང་། སྤྲི་ལ་ཡོད་པ་ལྟ་བུ་དང་། སྙིང་པོ་ལ་ཡོད་པ་ལྟ་བུ་དག་ལས་པགས་ཤུན་ལ་ཡོད་པ་ལྟ་བུ་དང་། སྤྲི་ལ་ཡོད་པ་ལྟ་བུ་གཉིས་སྤངས་པས་ཀྱང་ད་དུང་མ་སྤངས་པར་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་གནས་ངན་ལེན་པགས་ཤུན་ལ་ཡོད་པ་ལྟ་བུ་སྤངས་པ་ནི་དང་པོ་དང་
གཉིས་པས་རབ་ཏུ་དབྱེ་བ་ཡིན་ནོ། །སྤྲི་ལ་ཡོད་པ་ལྟ་བུ་སྤངས་པ་ནི་གསུམ་པའོ་ཞེས་བྱ་བ་གསུངས་ཏེ། གནས་ངན་ལེན་པགས་ཤུན་ལ་ཡོད་པ་ལྟ་བུ་སྤངས་པས་ས་དང་པོ་ལ་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་རགས་པས་པགས་ཤུན་ལ་ཡོད་པ་ལྟ་བུ་སྤངས་པའོ། །དེ་སྤངས་པས་ན་ངན་
སོང་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པར་དག་པའི་གེགས་བྱེད་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་པ་མ་སྤངས་པས་ན། དང་པོ་དང་གཉིས་པས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་
གསུངས་ཏེ། དང་པོ་ནི་གྲོགས་ཡང་དག་པར་བཅོམ་པའོ། །གཉིས་པ་ནི་བག་ལ་ཉལ་སྟོབས་ཆུང་བ་སྟེ། དེ་གཉིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པར་དག་པ་ལ་གེགས་བྱེད་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཡིན་པས་ས་བརྒྱད་པ་ལ་སྤོང་བའི་ཕྱིར་ས་དང་པོ་
ལ་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་པགས་ཤུན་ལ་ཡོད་པ་ལྟ་བུ་སྤངས་ཀྱང་ད་དུང་མ་སྤངས་པར་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྤྲི་ལ་ཡོད་པ་ལྟ་བུ་སྤངས་པས་ཞེས་བྱ་བ་ནི་ས་བརྒྱད་པ་ལ་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་འབྲིང་སྤྲི་ལ་ཡོད་པ་ལྟ་བུ་སྤངས་པའོ། །དེ་སྤངས་པ་ན་མི་
སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པར་དག་པས་གེགས་བྱེད་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་ཀྱང་ཉོན་མོངས་པའི་བག་ལ་ཉལ་ཕྲ་མོ་མ་སྤངས་པས་ན་གསུམ་པོ་ཞེས་གསུངས་ཏེ། གསུམ་པ་ནི་བག་ལ་ཉལ་ཕྲ་མོ་སྟེ། དེ་ནི་ས་བརྒྱད་
པ་ཡན་ཆད་ཀྱི་བག་ལ་ཉལ་ཕྲ་མོ་ཡིན་པས། ས་བཅུ་པ་ནས་དེ་བཞིན་གཤེགས་པའི་གནས་པ་ལ་འཇུག་པའི་ཚེ་ན་གཟོད་སྤོང་བའི་ཕྱིར་ས་བརྒྱད་པ་ལ་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ཕྲ་མོ་སྤྲི་ལ་ཡོད་པ་ལྟ་བུ་སྤངས་པས་ཀྱང་ད་དུང་མ་སྤངས་པར་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཤེས་བྱའི་

སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྙིང་པོ་ལ་ཡོད་པ་ལྟ་བུ་སྤངས་ལ། ཉོན་མོངས་པའི་ཕྱོགས་དང་མཐུན་པའི་བག་ལ་ཉལ་ཡོད་དམ་མེད་སྙམ་པ་ལ་མེད་པར་བསྟན་པའི་ཕྱིར་གནས་ངན་ལེན་སྙིང་པོ་ལ་ཡོད་པ་ལྟ་བུ་སྤངས་པ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་
ཐམས་ཅད་དུ་བག་ལ་ཉལ་མེད་པའི་གནས་སྐབས་ཡིན་ཏེ། སངས་རྒྱས་ཀྱི་ས་ཡིན་པར་ངས་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་གསུངས་ཏེ། གནས་ངན་ལེན་སྙིང་པོ་ལ་ཡོད་པ་ལྟ་བུ་སྤངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གནས་པ་ལ་ཤེས་བྱའི་སྒྲིབ་པ་ཕྲ་མོ་རྐང་ལ་ཡོད་པ་ལྟ་བུ་སྟེ། སྒྲིབ་
པ་ཐམས་ཅད་རྣམ་པར་དག་པའི་ཡེ་ཤེས་ཀྱང་དེ་ཡིན་ནོ། །ཐམས་ཅད་ཀྱི་ཐམས་ཅད་དུ་བག་ལ་ཉལ་བ་མེད་པའི་གནས་སྐབས་ཡིན་ཏེ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་བག་ལ་ཉལ་མེད་པ་ཞེས་བྱ་བ་ནི་མེད་པའི་གནས་སྐབས་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་ས་ཡིན་པར་ཡོངས་སུ་བསྟན་ཏོ་ཞེས་
བྱ་བ་གསུངས་སོ། །བཅོམ་ལྡན་འདས་གནས་ངན་ལེན་དེ་དག་བསྐལ་པ་གྲངས་མ་མཆིས་པ་དུ་དག་གིས་སྤོང་བར་འགྱུར་ལགས་ཞེས་བྱ་བ་ལ་སོགས་པས་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་རྗེས་སུ་འཛིན་པ་དེ་བཞིན་པ་ལ་མཁས་པར་སྟོན་ཏོ། །དེ་ལ་གནས་ངན་ལེན་དེ་དག་ཅེས་བྱ་བ་ནི་ཉོན་མོངས་
པའི་སྒྲིབ་པ་དང་མཐུན་པའི་གནས་ངན་ལེན་དང་། ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྔར་བསྟན་པ་དེ་དག་གོ། །བསྐལ་པ་གྲངས་མ་མཆིས་པ་ཞེས་བྱ་བ་ལ་བསྐལ་པ་གྲངས་མེད་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཉུང་ངུ་དང་། མང་པོའོ། །དེ་དག་ལ་བསྐལ་པ་གྲངས་
མེད་པ་ཉུང་ངུ་ཞེས་བྱ་བ་ནི་བསྐལ་པ་ཆེན་པོ་གཅིག་ལ་བྱ་སྟེ། དེ་ལ་ཡང་ཉིན་མཚན་དང་ཟླ་བ་དང་ཟླ་བ་ཕྱེད་དུ་བགྲང་བའི་ཚུལ་གྱིས་དུས་དཔག་ཏུ་མེད་པའི་ཕྱིར་བསྐལ་པ་གྲངས་མེད་པ་ཞེས་བྱའོ། །བསྐལ་པ་གྲངས་མེད་པ་མང་པོ་ཞེས་བྱ་བ་ནི་བསྐལ་པ་ཆེན་པོ་ཉིད་བགྲང་བའི་ཚུལ་གྱིས་གྲངས་ཀྱི་
འགྲེས་དྲུག་ཅུ་ལ་ཐུག་པ་སྟེ། འཇིག་རྟེན་ན་གྲངས་ཀྱི་རིམ་པ་དེ་ལས་གོང་ན་མེད་པའི་ཕྱིར་བསྐལ་པ་གྲངས་མེད་པ་ཞེས་བྱའོ། །དུ་དག་གིས་སྤོང་བར་འགྱུར་ལགས་ཞེས་བྱ་བ་ནི་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་གནས་པ་མཆོག་ཐོབ་ཅིང་དེ་བཞིན་གཤེགས་པའི་གནས་ལ་འཇུག་པའི་

བར་དུ་བྱང་ཆུབ་སེམས་དཔའི་གནས་པ་ཐམས་ཅད་ལ་གནས་ངན་ལེན་དེ་བསྐལ་པ་གྲངས་མེད་པ་ཉུང་ངུ་དང་མང་པོ་གཉིས་ལས་དུས་སྤོང་ཞེས་གསུངས་པ་ཡིན་ནོ། །གྲངས་མེད་པ་གསུམ་གྱིས་སམ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་གནས་པ་
བཅུ་གཉིས་སོ། །རིགས་ལ་གནས་པ་དང་། མོས་པས་སྤྱོད་པ་ལ་གནས་པ་དང་། རབ་ཏུ་དགའ་བ་ལ་གནས་པ་དང་། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དང་། ལྷག་པའི་སེམས་ལ་གནས་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང་། བདེན་
པའི་ལྷག་པའི་ཤེས་རབ་ལ་གནས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང་། མཚན་མ་མེད་པ་ལ་གནས་པ་ལ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ་དང་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱ་བ་མེད་ཅིང་
ལྷུན་གྱིས་གྲུབ་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་གནས་པ་དང་། གནས་པ་མཆོག་ཅེས་སྔར་བསྟན་པ་དེ་དག་ལས་རིགས་ལ་གནས་པའི་དུས་ན་ནི་ད་དུང་སེམས་མ་སྐྱེས་པས་ན་གནས་ངན་ལེན་སྤོང་བར་མི་བྱེད་དོ། །རིགས་ལ་གནས་པའི་འོག་ཏུ་དང་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་
སེམས་བསྐྱེད་པ་ཚུན་ཆད་མོས་པས་སྤྱོད་པ་ལ་གནས་པའི་དང་པོ་ཡིན་པས་དེ་ཚུན་ཆད་གནས་ངན་ལེན་སྤོང་བར་བྱེད་དེ། དང་པོ་སེམས་བསྐྱེད་པའི་དུས་དེ་ནས་བཟུང་སྟེ། གནས་པ་མཆོག་ལ་གནས་པར་འགྱུར་གྱི་བར་དུ་བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཅིག་པོ་དེ་དག་ཐམས་ཅད་ནི་
བསྐལ་པ་གྲངས་མེད་པ་མང་པོ་ཤོས་གསུམ་གྱིས་ཡང་དག་པར་འགྲུབ་སྟེ། གྲངས་མེད་པ་མང་པོས་ནི་མོས་པས་སྤྱོད་པ་ལ་གནས་པ་ལས་ཡང་དག་པར་འདས་ནས་རབ་ཏུ་དགའ་བ་ལ་གནས་པ་ཐོབ་སྟེ། དེ་ཡང་རྟག་ཏུ་འབད་པས་ཐོབ་ཀྱི། མི་འབད་པས་ནི་མ་ཡིན་ནོ། །གྲངས་མེད་
པ་གཉིས་པས་ནི་རབ་ཏུ་དགའ་བ་ལ་གནས་པ་ན་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པའི་བར་ལས་ཡང་དག་པར་འདས་ཏེ་མཚན་མ་མེད་པ་ལ་གནས་པས་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པ་ཐོབ་སྟེ། དེ་ནི་བསམ་པ་དག་པའི་སར་

ཆུད་པ་ཡན་ཆད་ལ་རྟག་ཏུ་མི་འབད་པ་མེད་པས་ངེས་པ་ཁོ་ན་ཡིན་ནོ། །གྲངས་མེད་པ་གསུམ་པས་ནི་མཚན་མ་མེད་པ་ལ་གནས་པས་མངོན་པར་འདུ་བྱ་བ་མེད་ཅིང་ལྷུན་གྱིས་གྲུབ་པ་དང་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་ལས་ཡང་དག་པར་འདས་ནས་གནས་པ་
མཆོག་ཐོབ་སྟེ། དེ་ཡང་ངེས་པ་ཁོ་ན་ཡིན་ནོ། །དེ་ཡང་བསྐལ་པ་གྲངས་མེད་པ་མང་པོ་ཤོས་གསུམ་གྱིས་གནས་པ་བཅུ་གཅིག་ཐོབ་པ་དེ་ལ་ཡང་བརྩོན་འགྲུས་ཆེན་པོའི་ཡང་ཆེན་པོས་སྦྱོར་བར་བྱེད་པ་དེའི་ནང་ནས་ལ་ལས་ནི་བསྐལ་པ་བར་མ་མང་པོ་ཞིག་འདུམས་པར་བྱེད་དོ། །ལ་ལ་ནི་
བསྐལ་པ་གྲངས་མེད་པ་ཉུང་ངུ་ཤོས་ཞེས་བྱ་བ་བསྐལ་པ་ཆེན་པོ་གཅིག་གམ་གཉིས་སམ་མང་པོ་དག་གི་བར་དུ་འདུམས་པར་བྱེད་མོད་ཀྱང་གྲངས་མེད་པ་མང་པོ་ཤོས་འདུམས་པར་བྱེད་པ་ནི་འགའ་ཡང་མེད་པར་རིག་པར་བྱའོ། །དེ་ལྟར་གནས་པ་འཐོབ་པའི་ཚུལ་བསྟན་པ་དེ་གནས་ངན་ལེན་
སྤོང་བའི་ཚུལ་ཡིན་པར་རིག་པར་བྱའོ། །དུས་ཚིགས་དང་ཟླ་བ་དང་ཟླ་བ་བྱེད་དང་ཞག་དང་ཉི་མ་དང་ཐུན་དང་ཐུན་ཕྱེད་དང་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་བསྐལ་པ་གྲངས་མེད་པ་དག་གིས་སྤོང་ངོ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་ཉུང་ངུ་ཤོས་དང་སྦྱར་ཏེ་གདུལ་བྱ་བསམ་པ་ཐ་དད་པ་
དག་ལ་གོ་བར་བྱ་བའི་ཕྱིར་སྒྲ་ཐ་དད་པས་བསྟན་ཏོ། །དེ་ཡང་སྔར་བསྐལ་པ་གྲངས་མེད་པ་མང་པོ་ཤོས་ནི་གསུམ་ཁོ་ནས་སྤོང་བར་བསྟན་ཏོ། །འདིར་བསྐལ་པ་གྲངས་མེད་པ་ཉུང་ངུ་ཤོས་ནི་དཔག་ཏུ་མེད་པ་དག་གིས་སྤོང་བར་སྟོན་ཏོ། །འདིར་བསྐལ་པ་ཞེས་བྱ་བའི་སྒྲ་ནི་དུས་ཀྱི་མིང་ཡིན་པས་དུས་ཚིགས་
ཞེས་བྱ་བ་ནས། ཡུད་ཙམ་དང་བསྐལ་པ་ཞེས་བྱ་བའི་བར་ཐམས་ཅད་ལ་སྐབས་ཞེས་བྱའོ། །བསྐལ་པ་དེ་ལྟ་བུ་དུ་དག་གིས་དང་པོ་སེམས་བསྐྱེད་པ་ནས་གནས་པ་མཆོག་ཐོབ་པར་གྱུར་པའི་བར་གྱིས་གནས་པ་བཅུ་གཅིག་ཐོབ་ཅིང་དེ་དག་གི་གནས་ངན་ལེན་སྤོང་བར་འགྱུར་ཞེ་ན། དཔག་ཏུ་
མེད་པ་དག་གིས་དེ་དུས་ཚིགས་བཙན་པར་བྱ་ན་ཡང་དུས་ཚིགས་དཔག་ཏུ་མེད་པས་སོ། །ཟླ་བ་ཕྱེད་བཙན་པར་བྱ་ན་ཡང་ཟླ་བ་ཕྱེད་དཔག་ཏུ་མེད་པས་སོ། །ཞག་བཙན་པར་བྱ་ན་ཡང་ཞག་དཔག་ཏུ་མེད་པས་སོ། །ཉི་མ་བཙན་པར་བྱ་ན་ཡང་ཉི་མ་དཔག་ཏུ་མེད་པས་སོ། །ཐུན་བཙན་པར་བྱ་ན་ཡང་

ཐུན་དཔག་ཏུ་མེད་པས་སོ། །ཐུན་ཕྱེད་བཙན་པར་བྱ་ན་ཡང་ཐུན་ཕྱེད་དཔག་ཏུ་མེད་པས་སོ། །སྐད་ཅིག་བཙན་པར་བྱ་ན་ཡང་སྐད་ཅིག་དཔག་ཏུ་མེད་པས་སོ། །ཐང་ཅིག་བཙན་པར་བྱ་ན་ཡང་ཐང་ཅིག་དཔག་ཏུ་མེད་པས་སོ། །ཡུད་ཙམ་བཙན་པར་བྱ་ན་ཡང་ཡུད་ཙམ་དཔག་ཏུ་མེད་པས་སོ། །
བསྐལ་པ་བཙན་པར་བྱ་ན་ཡང་བསྐལ་པ་དཔག་ཏུ་མེད་པ་དག་གིས་སོ་ཞེས་དེ་དག་རེ་རེ་ལ་ཡང་དཔག་ཏུ་མེད་པའི་སྒྲ་རེ་རེ་དང་སྦྱར་རོ། །དེ་དག་གི་དཔག་ཏུ་མེད་པ་ཞེས་བྱ་བའི་ཡུན་ཡང་དུས་ཇི་ཙམ་ཞིག་ལ་རྟག་ཅེ་ན། དུས་ཚིགས་ལ་སོགས་པ་དེ་དག་གང་ཡང་རུང་སྟེ། དཔག་ཏུ་མེད་པ་ཞེས་བྱ་བ་ནི་
ཡུན་ནི་སྔར་བསྐལ་པ་གྲངས་མེད་པ་མང་པོ་ཤོས་གསུམ་པ་དེའི་ཡུན་དང་མཉམ་སྟེ། དུས་ཚིགས་ལ་སོགས་པ་གང་ཡང་རུང་སྟེ། ནམ་ཞིག་ན་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་ཐལ་བར་གྱུར་པ་དེ་ན་དུས་ཚིགས་ལ་སོགས་པ་དཔག་ཏུ་མེད་པ་ཞེས་བྱ་བ་ཡང་མཐར་ཐུག་པར་རིག་པར་བྱ་
སྟེ། མདོར་བསྡུས་ན་བསྐལ་པ་གྲངས་མེད་པ་མང་པོ་ཤོས་གསུམ་དང་བསྐལ་པ་གྲངས་མེད་པ་ཉུང་ངུ་ཤོས་དཔག་ཏུ་མེད་པ་ཞེས་བྱ་བར་ལུང་བསྟན་པར་རིག་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་གནས་པ་ཐམས་ཅད་ཐོབ་ཅིང་གནས་ངན་ལེན་ཐམས་ཅད་སྤོང་བ་ནི་བསྐལ་པ་ཆེན་པོ་
གྲངས་མེད་པ་གསུམ་དུ་བསྟན་ཏེ། དེ་ལྟ་ཡིན་པ་ལས་འདིར་བསྐལ་པ་གྲངས་མེད་པ་གསུམ་གྱིས་སམ་དུས་ཚིགས་དང་ཟླ་བ་དང་ཟླ་བ་ཕྱེད་དང་། ཞག་དང་ཉི་མ་དང་ཐུན་དང་ཐུན་ཕྱེད་དང་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་བསྐལ་པ་དཔག་ཏུ་མེད་པ་དག་གིས་སྤོང་ངོ་ཞེས་བྱ་བས་བསྐལ་པ་གྲངས་
མེད་པ་མང་པོ་ཤོས་གསུམ་དང་ཉུང་ངུ་ཤོས་དཔག་ཏུ་མེད་པ་དག་གིས་སོ་ཞེས་བསྟན་པ་ནི་གདུལ་བའི་སྐྱེ་བོའི་བསམ་པ་དང་། དབང་པོ་ཐ་དད་པ་དག་ལ་གོ་བར་བྱ་བའི་གྲངས་སུ་བསྟན་པ་ཡིན་ནོ། །འོ་ན་བྱང་ཆུབ་སེམས་དཔའི་གནས་པ་དེ་དག་རེ་རེ་ལ་ཡུན་ཇི་ཙམ་གྱིས་འཐོབ་ཅིང་གནས་ངན་ལེན་
སྤོང་བར་འགྱུར་ཞེ་ན། གནས་པ་རེ་རེ་ལ་ཡང་བསྐལ་པ་བྱེ་བ་འབུམ་ཕྲག་དུ་མ་འམ་ཡང་ན་དེ་བས་ཀྱང་ཆེས་མང་བས་འཐོབ་ཅིང་གནས་ངན་ལེན་སྤོང་བར་འགྱུར་རོ་ཞེས་བླ་མའི་ཁྱད་པར་བདག་ཉིད་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ངེས་པར་བསྟན་པའི་གཞུང་དག་སྣང་ངོ་། །དེ་བས་ན་དུས་ཚིགས་

གཅིག་གམ་ཟླ་བ་ཕྱེད་དམ་ཞག་གཅིག་གམ་ཉི་མ་གཅིག་གམ། ཐུན་གཅིག་གམ་ཐུན་ཕྱེད་དམ་སྐད་ཅིག་གཅིག་གམ། ཐང་ཅིག་གཅིག་གམ། ཡུད་ཙམ་གཅིག་གམ་བསྐལ་པ་གཅིག་གིས་གནས་པ་ཐོབ་ཅིང་གནས་ངན་ལེན་སྤོང་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་
དཔའ་རྣམས་ཀྱི་གནས་པའི་ཁྱད་པར་རེ་རེའི་ཡོན་ཏན་ཡང་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བརྗོད་ཀྱང་མཐར་ཕྱིན་པར་སླ་བ་མ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་སྐྱེ་བའི་མཚན་ཉིད་ནི་གང་ལགས། སྐྱོན་ནི་གང་ལགས་
ཡོན་ཏན་ནི་གང་ལགས་པར་བགྱི་ཞེས་བྱ་བ་ལ་སོགས་པས་ནི་ལྷག་པའི་བསམ་པ་དག་པའི་སར་ཆུད་པ་ཡན་ཆད་ཀྱིས་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཇི་སྐད་བསྟན་པ་དེ་དག་ནི་སོ་སོ་སྐྱེ་བོ་སྲེད་པའི་རྗེས་སུ་འབྲང་བ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་སྲེད་པ་
འགོག་པ་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ཟིལ་གྱིས་གནོན་པར་འགྱུར་བ་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་པར་སྟོན་ཏོ། །ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྲེད་པའི་རྗེས་སུ་མི་འབྲང་བས་ཀུན་ནས་ཉོན་མོངས་པའི་དབང་དུ་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ས་
དང་པོ་ལ་སོ་སོར་ངེས་པ་ཁོ་ནར་ཆོས་ཀྱི་དབྱིངས་ཐམས་ཅད་རབ་ཏུ་རྟོགས་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་རྒྱུད་ལ་སྡུག་བསྔལ་སྐྱེད་པར་མི་ནུས་པ་ཉིད་ཀྱི་ཕྱིར་སྐྱོན་མེད་པ་ཡིན་ནོ་ཞེས་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །
སེམས་ཅན་གྱི་ཁམས་སྡུག་བསྔལ་རྣམ་པར་བཟློག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཡོན་ཏན་དཔག་ཏུ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་ལ་ཞེས་བྱ་བ་ནི་འོག་ནས་བྱང་ཆུབ་ཅེས་འབྱུང་བ་དང་སྦྱར་རོ། །སེམས་ཅན་དང་། ཉན་ཐོས་དང་།
རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་དེ་ཙམ་དུ་ཟིལ་གྱིས་གནོན་པར་བགྱིད་ན་ཞེས་བྱ་བ་ནི་སྲེད་པའི་རྗེས་སུ་མི་འབྲང་བ་དང་སྲེད་པ་འགོག་པར་མི་བྱེད་པའི་ཕྱིར་རོ། །བྱང་ཆུབ་ཇི་ཙམ་དུ་དོན་ཆེ་བ་ནི་ངོ་མཚར་ལགས་སོ་ཞེས་བྱ་བ་ནི་ཚོགས་དཔག་ཏུ་མེད་པས་བྱང་ཆུབ་པའི་སྒོ་ནས་ཡོན་

ཏན་དེ་ལྟ་བུ་ཐོབ་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་རྒྱུན་རྗེས་སུ་འཛིན་པ་གཞིག་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་ངེས་པར་འབྱིན་པའི་བྱེ་བྲག་གི་རབ་ཏུ་དབྱེ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ངེས་པར་འབྱིན་
པའི་བྱེ་བྲག་གི་རབ་ཏུ་དབྱེ་བ་ལ་མཁས་པ་ཞེས་བྱ་བ་ནི་ཐེག་པའི་ཁྱད་པར་ལ་མཁས་པའི་དོན་འདིར་བསྟན་པའོ། །དེའི་ཕྱིར་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོའོ་ཞེས་བཀའ་སྩལ་
ཏོ། །དེ་ལ་དགོངས་པ་གང་ལགས་ཞེས་བྱ་བ་ཞུས་སོ། །ངས་ཉན་ཐོས་ཀྱི་ཐེག་པར་ཆོས་སྣ་ཚོགས་ཀྱི་ངོ་བོ་ཉིད། ངས་ཐེག་པ་ཆེན་པོར་ཆོས་ཀྱི་དབྱིངས་ཚུལ་གཅིག་པར་བསྟན་པ་བཤད་དེ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པར་ནི་ཆོས་ཀྱི་དབང་དུ་བྱས་ཏེ་བསྟན་ལ། ཐེག་པ་ཆེན་པོར་ནི་ཆོས་ཉིད་ཀྱི་
དབང་དུ་བྱས་ཏེ། བསྟན་པ་ཆོས་དང་ཆོས་ཉིད་ཐ་མི་དད་པའི་ཕྱིར་ང་ནི་ཐེག་པ་ཐ་དད་པར་མི་སྨྲའོ་ཞེས་གསུངས་སོ། །དེ་ལ་གང་དག་དོན་ལ་སྒྲ་ཇི་བཞིན་ཁོ་ནར་རྣམ་པར་རྟོག་པ་ཁ་ཅིག་ནི་སྒྲོ་འདོགས་པར་བྱེད་ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས་ཡོད་པར་རྟོགས་པ་གང་དག་
ཐེག་པ་གསུམ་གཏན་པར་ཐ་དད་པར་སྨྲ་བ་དག་གོ། །ཁ་ཅིག་ནི་སྐུར་པ་འདེབས་པར་བྱེད་ཅིང་ཞེས་བྱ་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་སྨྲ་བ་དེ་མཚན་ཉིད་ཐམས་ཅད་ལ་སྐུར་པ་འདེབས་པ་གང་དག་ཐེག་པ་གཅིག་ཏུ་ཡང་གཏན་མེད་པར་སྨྲ་བ་དག་གོ། །དེ་གཉིས་མི་མཐུན་པར་སེམས་
ཤིང་ཕན་ཚུན་རྩོད་པར་ཟད་དེ་ཞེས་བྱ་བ་ནི་གཅིག་དང་དུ་མར་ཐ་དད་པ་དེ་གཉིས་སོ། །ངེས་པར་འབྱིན་པའི་བྱེ་བྲག་གི་རབ་ཏུ་དབྱེ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་
ལ་སོགས་པས་ནི་སྔ་མ་རྣམས་ཀྱིས་དངོས་པོ་བསྡུ་བ་སྟོན་ཏོ། །དེ་ལ་ཚིགས་སུ་བཅད་པ་དང་པོ་དང་གཉིས་པས་ནི་ངེས་པར་འབྱིན་པའི་བྱེ་བྲག་གི་རབ་ཏུ་དབྱེ་བ་ལ་མཁས་པ་དེ་ཉིད་ཀྱིས་དངོས་པོ་བསྡུ་བ་བསྟན་ཏེ་ཚིག་གི་དོན་ནི་གོ་སླའོ། །ཚིགས་སུ་བཅད་པ་གསུམ་པས་ནི་ལེའུ་དགུ་པ་འདི་ཉིད་ཀྱི་

མགོ་མཇུག་གི་དོན་ཇི་སྐད་བསྟན་པ་ཐམས་ཅད་ཀྱིས་དངོས་པོ་བསྡུ་བ་བསྟན་ཏེ། །དེ་ལས་རྣམས་ཞེས་བྱ་བས་ནི་སྔར་འབྲས་བུ་ལ་མཁས་པ་ཞེས་སྨོས་པ་བསྟན་ཏོ། །བསྡུས་དང་ཞེས་བྱ་བས་ནི་སྔར་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་མཁས་པ་ཞེས་སྨོས་པ་བསྟན་
ཏོ། །མིང་དང་ཞེས་བྱ་བས་ནི་སྔར་མིང་ལ་མཁས་པ་ཞེས་སྨོས་པ་བསྟན་ཏོ། །མི་མཐུན་པའི་ཕྱོགས་ཞེས་བྱ་བས་ནི་སྔར་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ལ་མཁས་པ་ཞེས་སྨོས་པ་བསྟན་ཏོ། །ཁྱད་པར་ཞེས་བྱ་བས་ནི་སྔར་གཉེན་པོའི་རབ་ཏུ་དབྱེ་བ་ལ་མཁས་པ་ཞེས་སྨོས་པ་བསྟན་ཏོ། །སྐྱེ་
དང་ཞེས་བྱ་བས་ནི་སྔར་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ལ་མཁས་པ་ཞེས་སྨོས་པ་བསྟན་ཏོ། །སྨོན་དང་ཞེས་བྱ་བས་ནི་སྔར་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ཞེས་བྱ་བས་བསྟན་ཏོ། །བསླབ་པ་རྣམས་ཞེས་བྱ་བས་ནི་སྔར་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་
དབྱེ་བ་རྣམ་པ་ཉི་ཤུ་སྨོས་པ་རྣམས་སྤྱིར་བསྟན་ཏོ། །དེ་ནི་སངས་རྒྱས་རྣམས་ཀྱིས་ཐེག་ཆེན་བསྟན། །ཞེས་བྱ་བས་ནི། དེ་ལྟར་རབ་ཏུ་དབྱེ་བ་རྣམ་པ་བདུན་དང་། ཕ་རོལ་ཏུ་ཕྱིན་པའི་རབ་ཏུ་དབྱེ་བ་རྣམ་པ་ཉི་ཤུས་བསྟན་པ་དེ་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་ཡིན་པར་བསྟན་ཏོ། །
འདི་ལ་གང་བརྩོན་དེ་དག་སངས་རྒྱས་འགྱུར། །ཞེས་བྱ་བས་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་གྱི་འབྲས་བུ་བསྟན་ཏེ། དེ་དག་འདིས་སྤྱིར་ན་སྔར་ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཐེག་པའི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་བསྟན་པ་ཞེས་སྨོས་པའི་དངོས་པོ་བསྡུ་བ་
བསྟན་ཏོ། །བཅོམ་ལྡན་འདས་དགོངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་དེའི་མིང་ཅི་ལགས་ཞེས་བྱ་བ་ལ་སོགས་པས་ནི་མདོའི་ལེའུ་དགུ་པ་འདིའི་ངེས་པའི་ཚིག་བསྟན་ཏོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་
པ་ཆེན་པོ་སྣང་བ་ཐོབ་པར་གྱུར་ཏོ་ཞེས་བྱ་བས་ནི་བསྟན་པའི་འབྲས་བུ་རྒྱ་ཆེ་བ་བསྟན་ཏོ། །ལེའུ་དགུ་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཐེག་པའི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་བསྟན་པས་ཀུན་རྫོབ་ཀྱི་བདེན་པའི་

མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས། ད་ནི་ཐེག་པ་རྣམ་པར་གཞག་པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་རབ་ཏུ་དབྱེ་བས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་
དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཞུ་བ་ཞུས་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་འཇམ་དཔལ་གྱི་ལེའུ་བཅུ་པ་འདི་གསུངས་སོ། །དེ་ལ་ལེའུ་བཅུ་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཐེག་པ་རྣམ་པར་གཞག་
པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་རབ་ཏུ་དབྱེ་བ་བསྟན་པ་ཡིན་ནོ། །དེ་ཡང་ད་རྣམ་པར་དབྱེ་ན་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པའི་རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། མཛད་པ་ཕུན་སུམ་ཚོགས་པའོ། །དེ་ལ་དེ་
བཞིན་གཤེགས་པའི་རྒྱུ་ཕུན་སུམ་ཚོགས་པ་ནི་ཐེག་པ་རྣམ་པར་གཞག་པ་ཁོ་ན་ལས་བརྩམས་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམ་པའི་ངེས་པར་འབྱུང་བས་ཞེས་བྱ་བས་བསྟན་ཏོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པ་སྟེ། གནས་གྱུར་པ་ཡང་དག་པར་གྲུབ་པ་
ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མཛད་པ་ཕུན་སུམ་ཚོགས་པ་ནི་བྱ་བ་སྒྲུབ་པའི་རབ་ཏུ་དབྱེ་བ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས་སྐྱེ་བ་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པ་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ།
དེ་ལ་དང་པོར་འཕགས་པ་འཇམ་དཔལ་གྱིས་གདུལ་བ་དེ་བཞིན་གཤེགས་པའི་སྐུ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་རྣམ་པར་གཞག་པ་བསྟན་པའི་སྒོ་ནས་དེ་བཞིན་གཤེགས་པའི་རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། མཛད་པ་ཕུན་སུམ་ཚོགས་པ་བསྟན་པའི་དབང་
དུ་མཛད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་བགྱི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བ་ཞུས་སོ། །དེ་བཞིན་གཤེགས་པའི་སྐུ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་རྣམ་པར་གཞག་པ་ནི་

རྣམ་པ་གཉིས་ཏེ། མི་རྟག་པར་རྟོག་པའི་གཉེན་པོར་ཆོས་ཀྱི་སྐུ་བསྟན་པ་དང་། ནོར་བར་རྟོག་པའི་གཉེན་པོར་སྐྱེ་བ་འབྱུང་བར་བསྟན་པའོ། །དེ་ལ་ཞུས་པ་སྔ་མའི་སྐབས་འདིར་ནི་མི་རྟག་པར་རྟོག་པའི་གཉེན་པོར་ཆོས་ཀྱི་སྐུ་བསྟན་པར་ཞུས་པ་ཡིན་ཏེ། དེ་བསྟན་པའི་
སྒོ་ནས་དེ་བཞིན་གཤེགས་པའི་རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། མཛད་པ་ཕུན་སུམ་ཚོགས་པ་སྟོན་ཏོ། །ནོར་བར་རྟོག་པའི་གཉེན་པོར་སྐྱེ་བ་འབྱུང་བ་བསྟན་པ་ནི་འོག་ནས་མཛད་པ་ཕུན་སུམ་ཚོགས་པའི་སྐབས་སུ་བསྟན་ཏོ། །དེ་ལ་དེ་བཞིན་གཤེགས་པ་
རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་བགྱི་ཞེས་བྱ་བ་ནི་འཕགས་པ་སུམ་བརྒྱ་པའི་མདོ་ལས། འདྲེན་པ་ནི་ཆོས་ཀྱི་སྐུ་ཞེས་གསུངས་པ་ལྟ་བུ་ལ་སོགས་པ་མདོ་སྡེ་དང་དེ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་བསྟན་པ་དེའི་དབང་དུ་མཛད་ནས་ཞུས་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་
ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བས་ནི་མི་རྟག་པར་རྟོག་པའི་གཉེན་པོར་ཆོས་ཀྱི་སྐུ་བསྟན་པ་རྣམ་པར་གཞག་པ་ཉིད་ཞུས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ལ་ཤིན་ཏུ་རྨོངས་པ་མི་རྟག་པར་རྟོག་པའི་གཉེན་པོར་ཆོས་ཀྱི་སྐུ་བསྟན་པ་རྣམ་པར་གཞག་པ་དེ་ཉིད་བསྟན་
པའི་སྒོ་ནས་དེ་བཞིན་གཤེགས་པའི་རྒྱུ་ཕུན་སུམ་ཚོགས་པ་དང་། མཛད་པ་ཕུན་སུམ་ཚོགས་པས་བསྟན་པའི་སྐབས་སུ་མཛད་ནས། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ནི་ཞེས་བྱ་བ་གསུངས་སོ། །དེ་ནི་དེ་བཞིན་གཤེགས་པའི་རྒྱུ་ཕུན་སུམ་ཚོགས་པ་བསྟན་
པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པའི་རྒྱུ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཐེག་པ་རྣམ་པར་གཞག་པ་ཁོ་ན་ལས་བརྩམས་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། ས་དང་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམ་པའི་ངེས་པར་འབྱུང་བས་ཞེས་བྱ་བ་གསུངས་ཏེ།
ས་ནི་རྟོག་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་ནི་དཔྱོད་པ་ཡིན་པས་རྟོག་པ་དང་དཔྱོད་པ་ནི་བྱང་ཆུབ་སེམས་དཔའི་ལམ་ཡིན་པའི་ཕྱིར། ས་དང་ཕ་རོལ་ཏུ་ཕྱིན་པ་དག་ཤིན་ཏུ་བསྒོམ་པའི་ངེས་པར་འབྱུང་བ་ལས་ཞེས་བྱ་བ་ནི་གནས་གྱུར་པ་ཡང་དག་པར་འགྲུབ་པའི་ཐབས་ཀྱི་རྒྱུ་ཡིན་པས་ན་དེ་ནི་དེ་

བཞིན་གཤེགས་པའི་རྒྱུ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ས་དང་ཕ་རོལ་ཏུ་ཕྱིན་པའི་རབ་ཏུ་དབྱེ་བ་ནི་སྔར་འཕགས་པ་སྤྱན་རས་གཟིགས་ཀྱི་ལེའུར་ཐེག་པ་རྣམ་པར་གཞག་པ་བསྟན་པའི་སྐབས་སུ་རྒྱ་ཆེར་བསྟན་ཟིན་ཏོ། །དེའི་ཕྱིར་སྐབས་འདིར་ཐེག་པ་རྣམ་པར་གཞག་པ་ཁོ་ན་ལས་
བརྩམས་ནས་ཞེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པའི་རྒྱུ་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་འབྲས་བུ་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། འབྲས་བུ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དེ་བཞིན་
གཤེགས་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། གནས་གྱུར་པ་ཡང་དག་པར་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་གྱུར་པ་ཡང་དག་པར་གྲུབ་པ་ནི་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པ་དང་འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ཆོས་
ཀྱི་སྐུའི་མཚན་ཉིད་ཡིན་པའི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དངོས་པོ་བསྟན་ཏོ། །བྱང་ཆུབ་ཀྱི་དངོས་པོ་དེ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། ངོ་བོ་ཉིད་དང་། མཐུ་དང་། ཐབས་དང་། འཇུག་པ་དང་། ལྡོག་པས་སོ། །དེ་ལ་
ངོ་བོ་ཉིད་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་འཕགས་པའི་གནས་གྱུར་པ་གང་ཡིན་པའོ། །དེ་ཡང་རྣམ་པ་བཞིས་རིག་པར་བྱ་སྟེ། འཇུག་པའི་གནས་དང་། མི་འཇུག་པའི་གནས་དང་། ཤེས་བྱ་ལེགས་པར་ཡོངས་སུ་བརྟགས་པའི་འབྲས་བུ་དང་། ཆོས་ཀྱི་
དབྱིངས་རྣམ་པར་དག་པའི་མཚན་ཉིད་ཀྱིས་སོ། །དེ་ལ་འཇུག་པའི་གནས་ནི་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་འཇིག་རྟེན་ལས་འདས་པའི་ལམ་གྱི་གནས་ཡིན་པའི་ཕྱིར་རོ། །མི་འཇུག་པའི་གནས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་མི་འཇུག་པའི་གནས་ཡིན་པའི་ཕྱིར་རོ། །
ཤེས་བྱ་ལེགས་པར་ཡོངས་སུ་བརྟགས་པའི་འབྲས་བུ་ནི་གནས་གྱུར་པ་དེ་ཤེས་བྱའི་དེ་ཁོ་ན་ལེགས་པར་ཡོངས་སུ་བརྟགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ནི་གནས་གྱུར་པ་དེ་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་ཆོས་ཀྱི་དབྱིངས་

ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །མཐུ་གང་ཞེ་ན། མདོར་བསྡུ་ན་སྟོབས་བཅུ་དང་། མངོན་པར་ཤེས་པ་དྲུག་དང་། དབང་བཅུ་ལ་མཐུ་ཞེས་བྱའོ། །ཐབས་གང་ཞེ་ན། མདོར་བསྡུ་ན་སྤྲུལ་པ་རྣམ་པ་བཞི་ནི་ཐབས་ཞེས་
བྱ་སྟེ། སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྲུལ་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་
ཅིག་ཅར་དུ་དེ་བཞིན་གཤེགས་པའི་སྐུར་སྤྲུལ་པའི་ཐབས་ཡོངས་སུ་འཛིན་པ་དང་། ཉན་ཐོས་ཀྱིས་འདུལ་བ་རྣམས་ལ་དེ་སྤྲུལ་པ་དང་རང་སངས་རྒྱས་ཀྱིས་འདུལ་བ་རྣམས་ལ་དེ་སྤྲུལ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་ཕྱོགས་བཅུར་སྤྲུལ་པ་རྣམ་པ་བཞི་པོ་དེ་དག་ལ་ཐོགས་པ་མེད་པའི་
མཐུ་དང་ལྡན་པ་ཡིན་པར་བལྟ་བར་བྱའོ། །འཇུག་པ་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། དེའི་མོད་ལ་འཇུག་པ་དང་། དེ་གཏན་འཇུག་པའོ། །དེ་ལ་དེའི་མོད་ལ་འཇུག་པ་ནི་ཇི་སྲིད་དུ་སེམས་ཅན་རྣམས་ཡོངས་སུ་མ་སྨིན་ཅིང་རྣམ་པར་མ་གྲོལ་བ་དེ་སྲིད་དུ་སངས་རྒྱས་རྣམས་
ཀྱི་སྤྲུལ་པ་འཇུག་པའོ། །དེ་གཏན་འཇུག་པ་ནི་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་མི་ཟད་ཅིང་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་ཇི་སྲིད་ཡོད་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་བྱ་བ་སྒྲུབ་པ་ལ་རྗེས་སུ་འཇུག་པའི་ཕྱིར་འཇུག་པར་མཛད་པའོ། །ལྡོག་པ་གང་ཞེ་ན། དེ་ཡང་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། དེའི་མོད་
ལ་ལྡོག་པ་དང་། དེ་གཏན་ལྡོག་པའོ། །དེ་ལ་དེའི་མོད་ལ་ལྡོག་པ་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་ཅིང་རྣམ་པར་གྲོལ་བར་གྱུར་པ་ན་དེའི་མོད་ལ་སངས་རྒྱས་རྣམས་ཡོངས་སུ་མྱ་ངན་ལས་འདས་པས་ལྡོག་པར་མཛད་པའོ། །དེ་གཏན་ལྡོག་པ་ནི་བག་ཆགས་དང་བྲལ་བའི་ཉོན་མོངས་པ་
རྣམས་དང་། སྡུག་བསྔལ་གནས་དང་བཅས་པ་གཏན་ཟད་པ་ལས་རིག་པར་བྱའོ། །བྱང་ཆུབ་ཀྱི་དངོས་པོ་བསྟན་པ་དེས་ནི་མི་རྟག་པར་རྟོག་པའི་གཉེན་པོར་ཆོས་ཀྱི་སྐུ་བསྟན་པ་བཤད་དེ། མི་རྟག་པར་རྟོག་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ཀུན་གཞིའི་རྣམ་པར་ཤེས་པས་རབ་ཏུ་ཕྱེ་བ་ཡིན་པར་རྟོག་

པའོ། །དེའི་གཉེན་པོར་གནས་གྱུར་པས་རབ་ཏུ་ཕྱེ་བ་ཡིན་པར་བསྟན་ཏེ། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ནི་མི་རྟག་པ་དང་ལེན་པ་དང་བཅས་པ་ཡིན་ལ་གནས་གྱུར་པ་ནི་རྟག་པ་དང་ལེན་པ་མེད་པ་ཡིན་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་ནི་གནས་ངན་ལེན་དང་ལྡན་པ་ཡིན་ལ།
གནས་གྱུར་པ་ནི་གནས་ངན་ལེན་དང་ལྡན་པ་མ་ཡིན་ལ། གནས་གྱུར་པ་ནི་གནས་ངན་ལེན་ཐམས་ཅད་དང་བྲལ་བ་ཡིན་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཉོན་མོངས་པ་རྣམས་འཇུག་པའི་རྒྱུ་ཡིན་ཞིང་ལམ་གྱི་འཇུག་པའི་རྒྱུ་མ་ཡིན་ལ། གནས་གྱུར་པ་ནི་ཉོན་མོངས་པ་རྣམས་ཀྱི་
འཇུག་པའི་རྒྱུ་མ་ཡིན་ཞིང་ལམ་གྱི་འཇུག་པའི་རྒྱུ་ཡིན་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་ནི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་དབང་མི་བྱེད་ལ། གནས་གྱུར་པ་ནི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་དབང་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱུ་གཉིས་ཀྱིས་བསམ་
གྱིས་མི་ཁྱབ་པའི་མཚན་ཉིད་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ནི་གནས་གྱུར་པས་རབ་ཏུ་ཕྱེ་བའི་ཆོས་ཀྱི་སྐུ་དེ་ཡང་རྒྱུ་གཉིས་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དུ་བསྟན་ཏེ། བརྗོད་དུ་མེད་པའི་དོན་གྱིས་ཚིག་གི་སྤྱོད་ཡུལ་ལས་འདས་པས་དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་དང་། འཇིག་རྟེན་ལས་
འདས་པ་ཉིད་ཀྱིས་འཇིག་རྟེན་དེའི་དཔེ་མེད་པས་དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་རྒྱུ་འོག་མ་གཉིས་ཀྱིས་གོ་རིམས་བཞིན་དུ་བསྟན་ཏོ། །དེ་ལ་དེ་ནི་སྤྲོས་པ་མེད་ཅིང་མངོན་པར་འདུ་བྱ་བ་མེད་པ་ཉིད་ཀྱི་ཕྱིར་དང་ཞེས་བྱ་བས་ནི་བརྗོད་དུ་མེད་པའི་དོན་གྱི་ཚིག་གི་སྤྱོད་ཡུལ་ལས་འདས་པས་དེའི་
ཕྱིར་བསམ་གྱིས་མི་ཁྱབ་པར་སྟོན་ཏོ། །དེ་ཡང་སྤྲོས་པ་མེད་པའི་ཕྱིར་མངོན་པར་འདུ་བྱ་བ་མེད་པ་ཡིན་ཏེ། དེ་ལ་སྤྲོས་པ་མེད་པ་ཞེས་བྱ་བ་ནི་འགག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། རྟག་པ་མེད་པ་དང་། ཆད་པ་མེད་པ་དང་། དོན་ཐ་དད་པ་མ་ཡིན་པ་དང་། དོན་གཅིག་པ་མ་ཡིན་པ་དང་།
འོང་བ་མེད་པ་དང་། འགྲོ་བ་མེད་པའོ། །དེའི་ཕྱིར་དེ་དག་ལས་བཟློག་པའི་ཚུལ་དུ་མངོན་པར་འདུ་བྱ་བ་མེད་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་ཀྱི་སྐུ་ལ་བསྟོད་པ་ལས། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པའི་གཞིར་གྱུར་ལ། །དངོས་མེད་

དངོས་པོ་མེད་པ་མ་ཡིན་མཁའ་ལྟར་རོ་གཅིག་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་ཞི་འགྱུར་ཞི་ལ་མི་མཉམ་མཉམ་པ་ཁྱད་པར་ཅན་ཏེ་སྤྲོས་མེད་པ། །སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་དེ་ལ་བདག་ཕྱག་འཚལ། །
ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །སེམས་ཅན་རྣམས་ནི་སྤྲོས་པ་དང་མངོན་པར་འདུ་བྱ་བ་ལ་མངོན་པར་ཞེན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བས་ནི་འཇིག་རྟེན་ལས་འདས་པ་ཉིད་ཀྱིས་འཇིག་རྟེན་ན་དེའི་དཔེ་མེད་པས་དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིན་པར་བསྟན་ཏེ། ཚིག་གི་དོན་ནི་སྔ་མ་
ལས་བཟློག་པ་ཡིན་ནོ། །རྒྱུ་དེ་གཉིས་ཀྱིས་བསམ་གྱིས་མི་ཁྱབ་པ་དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། ངོ་བོ་ཉིད་དང་། ཡུལ་དང་། གཅིག་པ་ཉིད་དང་། ཐ་དད་པ་ཉིད་དང་། བྱ་བ་སྒྲུབ་པས་སོ། །དེ་ལ་ཇི་ལྟར་ངོ་བོ་ཉིད་ལ་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་དམ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལས་གཞན་ཞེས་བྱ་བ་དང་། དངོས་པོ་འམ་དངོས་པོ་མེད་པ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཇི་ལྟར་ཡུལ་ལ་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། ཁམས་དང་། འགྲོ་བ་དང་། ཕྱོགས་དང་།
ཕྱོགས་མཚམས་རྣམས་ཁམས་དང་། འགྲོ་བ་དང་། ཕྱོགས་དང་། ཕྱོགས་མཚམས་རྣམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཇི་ལྟར་གནས་པ་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། བདེ་བར་གནས་པ་དང་། ཞི་བར་གནས་པ་དང་། སེམས་དང་
བཅས་པའི་གནས་པ་དང་། སེམས་མེད་པའི་གནས་པ་དང་། ལྷ་དང་ཚངས་པ་དང་འཕགས་པའི་གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཇི་ལྟར་གཅིག་པ་ཉིད་དང་། ཐ་དད་པ་ཉིད་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། ཟག་པ་
མེད་པའི་དབྱིངས་གཅིག་ལ་གནས་པའི་སངས་རྒྱས་རྣམས་གཅིག་པ་ཉིད་ཡིན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཇི་ལྟར་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཁམས་མཉམ་པ་དང་། ཡེ་ཤེས་དང་། མགྱོགས་པ་དང་། སྟོབས་དང་།

ཕ་རོལ་ལ་གནོན་པ་མཉམ་པ་ཟག་པ་མེད་པའི་དབྱིངས་ལ་གནས་པ་རྣམས་གནས་གྱུར་པ་དེ་ཉིད་ལ་བརྟེན་ནས་འདི་ལྟར་སེམས་ཅན་གྱི་དོན་དང་སེམས་ཅན་གྱི་བྱ་བ་མཛད་དོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །བཅོམ་ལྡན་འདས་ཅི་ལགས་ཉན་ཐོས་དང་རང་སངས་རྒྱས་
རྣམས་ཀྱི་གནས་གྱུར་པ་གང་ལགས་པ་དེ་ཡང་ཆོས་ཀྱི་སྐུ་ལགས་པར་བརྗོད་པར་བགྱི་འམ་ཞེས་བྱ་བ་ལ་སོགས་པས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་སྒོ་ནས་གནས་གྱུར་པ་ཞེས་བྱ་བའི་ཐ་སྙད་རྣམ་པར་གཞག་པ་ཡོད་མོད་ཀྱི།
དེ་ནི་ཤེས་བྱའི་སྒྲིབ་པའི་བག་ཆགས་དང་བཅས་པ་ཡིན་པས་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་མ་ཡིན་པའི་ཕྱིར་རྣམ་པར་གྲོལ་བའི་ལུས་ཙམ་དུ་ཟད་ཀྱི། ཆོས་ཀྱི་སྐུ་ཞེས་ནི་མི་བྱའོ་ཞེས་སྟོན་ཏོ། །རྣམ་པར་གྲོལ་བའི་ལུས་ཡིན་ཏེ་ཞེས་བྱ་བ་ནི་
ཉོན་མོངས་པའི་སྒྲིབ་པ་ཀུན་ཏུ་འབྱུང་བ་ལས་རྣམ་པར་གྲོལ་བའི་ལུས་ཡིན་པའོ། །རྣམ་པར་གྲོལ་བའི་ལུས་ཀྱིས་ནི་དེ་བཞིན་གཤེགས་པ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་མཚུངས་ཤིང་མཉམ་མོ་ཞེས་བྱ་བས་ནི་ལུང་ལས་གཞན་ལས་རྣམ་པར་གྲོལ་བ་དང་།
རྣམ་པར་གྲོལ་བ་ལ་བྱེ་བྲག་མེད་དོ་ཞེས་གསུངས་པ་ཉིད་ཀྱི་དོན་བསྟན་པ་ཡིན་ནོ། །ཆོས་ཀྱི་སྐུས་ནི་ཁྱད་པར་དུ་འཕགས་ཏེ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པ་རྣམས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པར་སྤངས་པས་གནས་གྱུར་པའི་ཆོས་ཀྱི་སྐུ་ཡང་དག་པར་གྲུབ་པ་
ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ཁྱད་པར་དུ་འཕགས་ན་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཏེ་ཞེས་བྱ་བ་ནི་སྐུ་གསུམ་དང་ཡེ་ཤེས་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ལ་
སོགས་པ་དག་གིས་སོ། །དེ་དག་ལ་ནི་དཔེར་བྱ་བར་ཡང་སླ་བ་མ་ཡིན་ནོ་ཞེས་བྱ་བ་ནི་བསྐྲུན་པའི་ཟླ་མ་ཡིན་པའི་ཕྱིར་རོ། །འབྲས་བུ་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་མཛད་པ་ཕུན་སུམ་ཚོགས་པའི་ཚིག་གི་དོན་ལ་སོགས་པ་བཤད་

པར་བྱ་སྟེ། མཛད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བྱ་བ་སྒྲུབ་པའི་རབ་ཏུ་དབྱེ་བའོ། །དེ་ནི་རྣམ་པ་བཅུ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་དང་། སྐུ་སྟོན་པ་བསྟན་པ་དང་། གསུང་བརྗོད་པ་བསྟན་པ་དང་། སེམས་འབྱུང་བ་བསྟན་
པ་དང་། སྤྱོད་ཡུལ་བསྟན་པ་དང་། ཡུལ་བསྟན་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་བསྟན་པ་དང་། དེ་བཞིན་གཤེགས་པ་ལ་བལྟ་བ་དང་ཉན་པ་དང་བསྙེན་བཀུར་བྱེད་པ་ལས་
དགེ་བའི་རྩ་བ་བསྐྱེད་པ་བསྟན་པའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །སྐུ་སྟོན་པ་བསྟན་པ་ནི་བཅོམ་ལྡན་འདས་
སྤྲུལ་པའི་སྐུར་སྟོན་པའི་ཐབས་ལ་མཁས་པ་གང་ལགས་པར་བལྟ་བར་བགྱི་བ་ལགས་ཞེས་བྱ་བ་ལ་སོགས་པའོ། །གསུང་བརྗོད་པ་བསྟན་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སྐུ་གསུང་གང་དག་བརྗོད་པས་ཞེས་བྱ་བ་ལ་སོགས་པའོ། །སེམས་འབྱུང་བ་བསྟན་
པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སེམས་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །སྤྱོད་ཡུལ་བསྟན་པ་དང་། ཡུལ་བསྟན་པ་གཉིས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གང་ལགས། དེ་བཞིན་གཤེགས་པའི་
ཡུལ་གང་ལགས་པ་དེ་གཉིས་ལ་ཐ་དད་དུ་བགྱི་བ་ཅི་མཆིས་ལགས་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་བསྟན་པ་གསུམ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་
པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ལགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ལགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གང་ལགས་པ་དེ་དག་གི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ལ་བལྟ་

བ་དང་། ཉན་པ་དང་། བསྙེན་བཀུར་བྱེད་པ་ལས་དགེ་བའི་རྩ་བ་བསྐྱེད་པ་བསྟན་པ་ནི། བཅོམ་ལྡན་འདས་སྤྲུལ་པའི་སྐུ་ལ་བལྟ་བ་དང་། ཉན་པ་དང་། བསྙེན་བཀུར་བགྱིད་པ་དག་གིས་སེམས་ཅན་རྣམས་བསོད་ནམས་བསྐྱེད་པ་དེ་ཅིའི་སླད་དུ་དེ་བཞིན་གཤེགས་པ་ལས་འབྱུང་བར་རིག་པར་
བགྱི་ལགས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བྱ་བ་སྒྲུབ་པའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་པོ་དེ་དག་ནི། འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་དང་། སྐུ་སྟོན་པ་བསྟན་པ་དང་།
གསུང་བརྗོད་པ་དང་། སེམས་འབྱུང་བ་དང་། སྤྱོད་ཡུལ་བསྟན་པ་དང་། ཡུལ་གྱི་གནས་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་མངོན་པར་སྒྲུབ་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་དང་། དེ་བཞིན་གཤེགས་པ་ལ་བལྟ་བ་
དང་། ཉན་པ་དང་། བསྙེན་བཀུར་བྱེད་པ་ལས་དགེ་བའི་རྩ་བ་བསྐྱེད་པ་དེ་ལེགས་པར་བཤད་དུ་གསོལ་ཞེས་འབྱུང་བ་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་དང་པོར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བར་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་བཞིན་གཤེགས་
པ་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་རྣམ་པ་གཉིས་འཇིག་རྟེན་དུ་སྐྱེ་བ་འབྱུང་བའི་མཚན་ཉིད་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བའི་མཚན་ཉིད་
ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་ཞུས་ཏེ། དེས་ནི་དེ་བཞིན་གཤེགས་པའི་སྐུ་ལ་ཤིན་ཏུ་རྨོངས་པ་ནོར་པར་རྟོག་པའི་གཉེན་པོར་སྐྱེ་བ་འབྱུང་བར་སྟོན་ཏོ། །སྤྲུལ་པའི་སྐུའི་མཚན་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བའི་མཚན་ཉིད་ནི་དེ་བཞིན་གཤེགས་པ་རྣམས་སྤྲུལ་
པའི་སྐུས་འབྱུང་བའི་མཚན་ཉིད་དང་ལྡན་པ་སྟེ། དེ་ནི་ལོངས་སྤྱོད་རྫོགས་པའི་སྐུས་འབྱུང་བའི་མཚན་ཉིད་དང་ལྡན་པ་ཡིན་མོད་ཀྱི། སྤྲུལ་པའི་སྐུ་དེ་ནི་འཇིག་རྟེན་ཐམས་ཅད་དུ་གྲགས་པ་ཡིན་གྱི། ལོངས་སྤྱོད་རྫོགས་པའི་སྐུ་ནི་དེ་ལྟ་མ་ཡིན་པས་སྤྲུལ་པའི་སྐུ་དེ་གཟུང་ངོ་། །དེ་བཞིན་གཤེགས་

པའི་སྐུ་ལ་ཤིན་ཏུ་རྨོངས་པ་ནི་ནོར་བར་རྟོག་པའི་གཉེན་པོར་སྐྱེ་བ་འབྱུང་བར་བསྟན་པ་དེ་ནི་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་དེ་སྐད་ཅེས་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བྱང་ཆུབ་
སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་དམིགས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པའི་
གནས་དེ་ནི་ཆོས་ཚད་མེད་པ་དག་གིས་བྱུང་བ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བ་མ་ཡིན། བྱེད་རྒྱུ་གཅིག་གིས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་རྣམས་ནི་ཆོས་བཅུ་ལ་སོགས་པ་ཆོས་ཐམས་ཅད་ཐ་
དད་པ་བརྒྱ་སྟོང་ཚད་མེད་པ་གྲངས་མེད་པ་ཡོངས་སུ་རྫོགས་པའི་ཚུལ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དག་གིས་འབྱུང་བའི་ཕྱིར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྔོན་བྱང་ཆུབ་ཀྱི་སེམས་ཚད་མེད་པ་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སེམས་བསྐྱེད་པ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དང་།
སྔོན་བསམ་པ་དང་ལྷག་པའི་བསམ་པ་ཚད་མེད་པ་ཤིན་ཏུ་སྦྱངས་པ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ཚད་མེད་པས་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དང་། སྤྱོད་པ་དང་སྨོན་ལམ་ཚད་མེད་པ་རྒྱུན་མི་འཆད་པ་ཡང་དག་
པར་འགྲུབ་པའི་བྱེད་རྒྱུ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པས་ངོམས་མི་ཤེས་པ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དང་། སངས་རྒྱས་ལ་མཆོད་པ་དང་རིམ་གྲོ་བྱ་བ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་བཀོད་པ་ཚད་མེད་པས་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དང་། ཐབས་
དང་ཤེས་རབ་ཀྱི་ལམ་ཚད་མེད་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དང་། ཡོན་ཏན་གྱི་བཀོད་པ་རྣམ་པར་དག་པ་རྣམ་པ་ཚད་མེད་པ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དང་། ལམ་གྱི་ཡན་ལག་རྣམ་པར་གཞག་པ་ཚད་མེད་པའི་ཤེས་པ་ཡང་དག་པར་འགྲུབ་པའི་

བྱེད་རྒྱུ་དང་། དོན་དང་ཆོས་ཚད་མེད་པ་ཁོང་དུ་ཆུད་པར་བྱ་བ་ལ་ངེས་པར་རྟོགས་པའི་ཤེས་པ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་རྣམས་ནི་ཆོས་བཅུ་པོ་དེ་དག་ལ་སོགས་པ་ཆོས་ཐ་དད་པ་བརྒྱ་སྟོང་ཚད་མེད་གྲངས་མེད་པ་ཡོངས་སུ་རྫོགས་པའི་
ཚུལ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དག་གིས་འབྱུང་ངོ་ཞེས་གསུངས་པ་བཞིན་དུ་བལྟ་བར་བྱའོ། །འཇིག་རྟེན་གྱི་ཁམས་འབྱུང་བ་དང་འདྲའོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་དེ་འཇུག་པའི་སྒོ་རྣམ་པ་བཅུས་འཇིག་རྟེན་གྱི་ཁམས་འབྱུང་བ་དང་འདྲ་
བར་བསྟན་པ་སྟེ། དེ་ཡང་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འབྱུང་བ་ནི་རྒྱུ་གཅིག་གིས་འབྱུང་བ་མ་ཡིན། བྱེད་རྒྱུ་གཅིག་གིས་མ་ཡིན་གྱི། རྒྱུ་ཚད་མེད་པ་དག་དང་།
བྱེད་རྒྱུ་ཚད་མེད་པ་དག་དང་། ཡང་དག་པར་འགྲུབ་པ་ཚད་མེད་པ་དག་གིས་འབྱུང་སྟེ། འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་ལས་བྱས་ཤིང་བསགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བའི་རྩ་
བའི་སྟོབས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་དང་ཆོས་ཉིད་ཀྱིས་ཐོབ་པས་འདི་ལྟ་སྟེ། སྤྲིན་ཆེན་པོ་རྣམས་ཀྱིས་ཆར་གྱི་དུས་ལས་མི་འདའ་བར་ཆར་ལེགས་པར་རབ་ཏུ་འབེབས་པ་ལས་ཀྱང་བརྟེན། རླུང་གི་དཀྱིལ་འཁོར་ཆེན་པོ་བཞི་རྒྱུན་མི་འཆད་པར་ལྡང་
བ་ལས་ཀྱང་བརྟེན་ནས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། རླུང་གི་དཀྱིལ་འཁོར་ཡོངས་སུ་འཛིན་པ་ཞེས་བྱ་བ་དེ་ཆུའི་ཕུང་པོ་ཕྱི་རོལ་དུ་མི་འཕྲོ་བར་བྱ་བའི་ཕྱིར་ལྡང་བ་དང་། རླུང་གི་དཀྱིལ་འཁོར་ཡོངས་སུ་སྐེམས་པ་ཞེས་བྱ་བ་དེ་ནང་གི་ཆུའི་ཕུང་པོ་ཡོངས་སུ་བསྐམ་པའི་ཕྱིར་ལྡང་བ་དང་།
རླུང་གི་དཀྱིལ་འཁོར་ཡོངས་སུ་འགྱོད་པ་ཞེས་བྱ་བ་དེ་གཞལ་མེད་ཁང་ཐམས་ཅད་ཡོངས་སུ་འགྱོད་པའི་ཕྱིར་ལྡང་བ་དང་། རླུང་གི་དཀྱིལ་འཁོར་འབྱེས་པ་ཞེས་བྱ་བ་དེ་བཀོད་པ་ཐམས་ཅད་ཤིན་ཏུ་རྣམ་པར་འབྱེས་ཤིང་རྣམ་པར་དབྱེ་བའི་ཕྱིར་ལྡང་བའོ། །དེ་དག་ལ་སོགས་པ་རྒྱུ་ཚད་མེད་

པ་དག་དང་བྱེད་རྒྱུ་ཚད་མེད་པ་དག་དང་ཡང་དག་པར་འགྲུབ་པ་ཚད་མེད་པ་དག་གིས་འབྱུང་བ་ཡང་དེ་ལས་འབྱུང་བར་བྱེད་པ་འགའ་ཡང་མེད་མོད་ཀྱི་འབྱུང་བར་འགྱུར་བ་ཡང་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བ་ཡང་
རྒྱུ་གཅིག་གིས་འབྱུང་བ་མ་ཡིན། བྱེད་རྒྱུ་གཅིག་གིས་མ་ཡིན་གྱི། རྒྱུ་ཚད་མེད་པ་དག་དང་བྱེད་རྒྱུ་ཚད་མེད་པ་དག་གིས་འབྱུང་སྟེ། འདི་ལྟ་སྟེ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལས་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་ཡང་དག་པར་རབ་ཏུ་འབབ་པས་ངོ་མི་ཤེས་པའི་བསམ་པ་ལ་ཡང་དག་
པར་དགའ་བ་ཡང་བརྟེན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་བཞི་རྒྱུན་མི་འཆད་པར་ལྡང་བ་ལས་ཀྱང་བརྟེན་ནས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་དྲན་པས་ཡང་དག་པར་འཛིན་ཅིང་
བསྲུང་བས་ཆུད་མི་ཟ་བ་རྣམ་པར་གཡེང་བ་མེད་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲིན་ཆེན་པོའི་ཆར་ཡང་དག་པར་གཟུང་བའི་ཕྱིར་ལྡང་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་ཞི་གནས་དང་། ལྷག་མཐོང་མངོན་པར་གྲུབ་པ་ཞེས་བྱ་བ་
དེ་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བསྐམ་པའི་ཕྱིར་ལྡང་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་བསྔོ་བ་ལ་མཁས་པ་ཞེས་བྱ་བ་དེ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བའི་ཕྱིར་ལྡང་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་
དཀྱིལ་འཁོར་ཆེན་པོ་སྤྲུལ་པ་མངོན་པར་བསྒྲུབ་པའི་བཀོད་པ་ཤིན་ཏུ་རྣམ་པར་འབྱེས་ཤིང་རྣམ་པར་འབྱེད་པ་ཞེས་བྱ་བ་དེ་སྔོན་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ་དང་། དེ་བཞིན་གཤེགས་པའི་ཟག་པ་མེད་པའི་དགེ་
བའི་རྩ་བའི་སྟོབས་བསྐྱེད་པའི་ཕྱིར་ལྡང་བའོ། །དེ་དག་ལ་སོགས་པ་རྒྱུ་ཚད་མེད་པ་དག་དང་། བྱེད་རྒྱུ་ཚད་མེད་པ་དག་དང་། ཆོས་ཉིད་ཀྱིས་ཐོབ་པས་འབྱུང་ཡང་དེ་ལ་འབྱུང་བར་བྱེད་པ་འགའ་ཡང་མེད་མོད་ཀྱི་འབྱུང་བར་འགྱུར་བ་ཡང་ཡོད་དེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས་འཇུག་པའི་སྒོ་དང་པོ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འཇུག་པའི་སྒོ་རྣམ་པ་བཅུ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །སྤྲུལ་པའི་སྐུ་དེ་འབྱོར་པ་
ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། དེའི་ཕྱིར་སྤྲུལ་པའི་སྐུའི་མཚན་ཉིད་འབྱུང་བ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་བཀོད་པའི་འབྱུང་བའི་རྒྱན་གྱི་རྣམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་དུ་བལྟ་བར་བྱའོ་ཞེས་བྱ་བ་གསུངས་པ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བཀོད་པ་
རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་ནི་འདི་ལྟར་ཁོང་དུ་ཆུད་པར་བྱ་སྟེ། སྤྱོད་པ་ཚད་མེད་པ་ཡང་དག་པར་བསྒྲུབ་པའི་ཕྱིར་ཚད་མེད་པའི་རྗེས་སུ་སོང་བར་ཁོང་དུ་ཆུད་པར་བྱའོ། །ཕྱོགས་ཐམས་ཅད་དུ་ཁྱབ་པའི་ཕྱིར་རྒྱ་ཆེ་བར་ཁོང་དུ་ཆུད་པར་བྱའོ། །སྐྱེ་བ་དང་། འཇིག་པ་དང་། གནས་པ་
དང་བྲལ་བའི་ཕྱིར་བླང་བ་མེད་པ་དང་དོར་བ་མེད་པར་ཁོང་དུ་ཆུད་པར་བྱའོ། །སེམས་དང་། ཡིད་དང་རྣམ་པར་ཤེས་པར་སྒྲོ་བཏགས་པ་མེད་པའི་ཕྱིར་སྤྲོས་པ་མེད་པ་དང་སྤྲོས་པ་དང་བྲལ་བར་ཁོང་དུ་ཆུད་པར་བྱའོ། །ནམ་མཁའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལུས་མེད་པར་ཁོང་དུ་ཆུད་པར་བྱའོ། །
སེམས་ཅན་ཐམས་ཅད་བདག་མེད་པའི་ཕྱིར་མཉམ་པར་ཁོང་དུ་ཆུད་པར་བྱའོ། །ཞིང་ཐམས་ཅད་མི་ཟད་པའི་ཞིང་ཡིན་པའི་ཕྱིར་མི་ཟད་པར་ཁོང་དུ་ཆུད་པར་བྱའོ། །ཕྱི་མའི་མཐའི་མུར་རྒྱུན་མི་འཆད་པའི་ཕྱིར་མི་ཟློག་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ལ་གཉེན་པོ་
མེད་པའི་ཕྱིར་མི་འཕྲོགས་པར་ཁོང་དུ་ཆུད་པར་བྱའོ། །འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་མཉམ་པར་རྟོགས་པའི་ཕྱིར་གཉིས་སུ་མེད་པའི་ཁོང་དུ་ཆུད་པར་བྱའོ། །སྔོན་ལེགས་པར་ཡོངས་སུ་སྨིན་པར་བྱ་བའི་སེམས་ཅན་གྱི་བསམ་པའི་ཁྱད་པར་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར་འགྲོ་

བ་ཐམས་ཅད་ཉེ་བར་འཚོ་བར་ཁོང་དུ་ཆུད་པར་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་ནི། དེ་དག་ལ་སོགས་པ་རྣམ་པར་
བྱང་བའི་བྱེ་བྲག་བསྟན་པ་ཚད་མེད་པ་དག་གིས་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་པ་བཞིན་དུ་བལྟ་བར་བྱའོ། །ཆོས་ཀྱི་སྐུ་ལ་ནི་སྐྱེ་བ་འབྱུང་བ་མེད་དོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་རྟག་པའི་ཕྱིར་ཏེ། དེས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་བསྟན་པ་ཞེས་བྱ་བས་ནི། དེ་བཞིན་
གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་རྣམ་པ་གཉིས་འཇིག་རྟེན་དུ་སྐྱེ་བ་འབྱུང་བའི་མཚན་ཉིད་ཡིན་པར་བསྟན་ཏོ། །དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུ་ལ་ཤིན་ཏུ་རྨོངས་པ་ནོར་བར་རྟོག་པའི་གཉེན་པོར་སྐྱེ་བ་འབྱུང་བར་བསྟན་པ་བཤད་དེ། ནོར་བར་རྟོག་པ་ཞེས་བྱ་བས་ནི། དེ་བཞིན་
གཤེགས་པ་རྣམས་སྐྱེ་བ་འབྱུང་བ་བསྟན་པ་ཆོས་བཅུ་ལ་སོགས་པ་ཆོས་ཐ་དད་པ་བརྒྱ་སྟོང་ཚད་མེད་གྲངས་མེད་པ་ཡོངས་སུ་རྫོགས་པའི་ཚུལ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དག་གིས་འབྱུང་བ་དང་འཇུག་པའི་སྒོ་རྣམ་པ་བཅུས་འཇིག་རྟེན་གྱི་ཁམས་འབྱུང་བ་དང་འདྲ་བ་དང་། དེ་བཞིན་གཤེགས་
པའི་ཡོན་ཏན་བཀོད་པའི་རྒྱན་གྱི་རྣམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་དུ་མི་ཤེས་པ་སྟེ། དེའི་གཉེན་པོར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པའི་མཚན་ཉིད་ཇི་སྐད་སྨོས་པ་དེ་དག་མ་ནོར་བར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བར་
བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྟོན་པ་མཛད་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྐུ་སྟོན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པའོ། །དེའི་ཕྱིར་དེ་བསྟན་
པའི་དབང་དུ་མཛད་ནས་བཅོམ་ལྡན་འདས་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་གང་ལགས་པར་བལྟ་བར་བགྱི་ལགས་ཞེས་བྱ་བ་ཞུས་སོ། །སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་ནི་ཞེས་བྱ་བས་ནི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་

བ་ཐམས་ཅད་ཀྱི་དང་པོ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་དང་། འཕོ་བ་དང་། གཤེགས་པ་དང་། ལྷུམས་ན་བཞུགས་པ་དང་། བལྟམས་པ་དང་། གཞོན་ནུའི་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་
གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པར་མཛད་པ་ཕུན་སུམ་ཚོགས་པ་སྟོན་པའི་ཐབས་ལ་མཁས་པ་གང་ཡིན་པ་སྟོན་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་
རྒྱས་ཀྱི་ཞིང་ཐམས་ཅད་དུ་ཞེས་པས་ནི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་མཛད་པ་སྟོན་ཏོ། །བདག་པོར་གྲགས་པ་ཞེས་བྱ་བ་ནི་རྒྱལ་པོའོ། །སྦྱིན་གནས་སུ་གྲགས་པ་ཞེས་བྱ་བ་ནི་རྒྱལ་པོའི་མདུན་ན་འདོན་ཏོ། །མངལ་དུ་འཇུག་པ་ཞེས་བྱ་
བས་ནི་དང་པོར་དགའ་ལྡན་ན་བཞུགས་པ་དང་། འཕོ་བ་དང་། གཤེགས་པ་བསྟན་ཏེ། གཤེགས་པ་ཉིད་མངལ་དུ་འཇུག་པ་ཡིན་པར་སྦྱར་རོ། །བཙས་པ་ཞེས་བྱ་བས་ནི་ལྷུམས་ན་བཞུགས་པ་དང་། བལྟམས་པ་གཉིས་བསྟན་ཏོ། །སྐྱེ་བ་ཞེས་བྱ་བས་ནི་གཞོན་ནུའི་རོལ་པ་བསྟན་ཏོ། །འདོད་པ་ལ་ལོངས་
སྤྱོད་པ་ཞེས་བྱ་བས་ནི་བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་བསྟན་ཏོ། །མངོན་པར་འབྱུང་བ་ཞེས་བྱ་བས་ནི་མངོན་པར་འབྱུང་བ་བསྟན་ཏེ་ཁབ་ནས་རབ་ཏུ་བྱུང་བའོ། །དཀའ་བ་སྤྱོད་པ་ཞེས་བྱ་བས་ནི་དཀའ་བ་སྤྱོད་པ་བསྟན་ཏེ་ལོ་དྲུག་ཏུ་དཀའ་ཐུབ་མཛད་པའོ། །དེ་བཏང་བ་ཞེས་བྱ་བས་ནི་བྱང་ཆུབ་ཀྱི་སྙིང་པོར་
གཤེགས་པ་བསྟན་ཏེ། དཀའ་བ་སྤྱོད་པ་དེ་བཏང་སྟེ། དང་པོ་བྱང་ཆུབ་པའི་གནས་ནས་རྡོ་རྗེའི་གདན་ལ་གཤེགས་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ཞེས་བྱ་བས་ནི། །བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་
ལས་འདས་པ་ཆེན་པོར་སྟོན་པ་བསྟན་ཏོ། །ཀུན་དུ་སྟོན་པ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བས་ནི་མཛད་པ་དེ་དག་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་དགའ་ལྡན་གྱི་གནས་བྱེ་བ་ཕྲག་བརྒྱ་ན་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་དུས་གཅིག་ཏུ་རིམ་གྱིས་མཛད་པ་སྟོན་པ་དང་། གདུལ་བའི་

སྐལ་བ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་ཡང་དེ་བཞིན་དུ་སྟོན་པ་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྟོན་པའི་ཐབས་ལ་མཁས་པ་དེ་ནི་མཛད་པ་རེ་རེ་ལ་ཡང་འཇུག་པའི་སྒོ་རྣམ་པ་བཅུས་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡང་
འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་
བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྟོན་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྟོན་པ་ནི་ཚད་མེད་པའི་རྗེས་སུ་སོང་
བར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྟོན་པ་ནི་ཆོས་གཅིག་ལས་སམ། སྐུ་གཅིག་ལས་སམ། བྱམས་པ་གཅིག་ལས་སམ། ཞིང་གཅིག་ལས་སམ། སེམས་གཅིག་ལས་སམ། བྱེད་རྒྱུ་གཅིག་ལས་ཁོང་
དུ་ཆུད་པར་བྱ་བ་མ་ཡིན་གྱི། ཐམས་ཅད་ཀྱི་རྗེས་སུ་སོང་བ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དངོས་པོ་ཐམས་ཅད་ཀྱི་རྗེས་སུ་སོང་ཡང་གང་དུ་ཡང་སོང་
བ་མེད་ལ་གང་ནས་ཀྱང་འོང་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ལུས་མེད་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཡང་ཐམས་ཅད་དུ་སོང་བ་སྟེ། སེམས་ཅན་ཐམས་ཅད་དང་ཆོས་ཐམས་ཅད་དང་ཞིང་ཐམས་ཅད་ཀྱི་རྗེས་སུ་སོང་ཡང་གང་དུ་ཡང་སོང་

བ་མེད་ལ་གང་ནས་ཀྱང་འོང་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་ལུས་མེད་པའི་ཕྱིར་རོ། །འོན་ཀྱང་སེམས་ཅན་གྱི་རྣམ་པར་རིག་པ་ལ་བརྟེན་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་སྣང་བར་ཡང་འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་འཇུག་པའི་སྒོ་དང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྟོན་པ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འཇུག་པའི་སྒོ་རྣམ་པ་བཅུ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་
སྟོན་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་བརྗོད་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། གསུང་བརྗོད་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་བྱིན་གྱི་རླབས་ལས་བྱུང་བ་གཟུགས་ཀྱི་སྐུ་རྣམ་པ་གཉིས་ལས་
གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སྡེ་སྣོད་གསུམ་བསྟན་པའི་གསུང་འབྱུང་བའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་སྐུས་གསུང་གང་དག་བརྗོད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་མན་ཆད་ནི་
འདུལ་བ་སྡེ་སྣོད་གདགས་པ་ལ་ཤིན་ཏུ་རྨོངས་པ་རྣམས་ཀྱི་གཉེན་པོ་དེ་མ་ནོར་བར་བསྟན་པ་སྟོན་ཏོ། །དེ་ལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སྐུས་ཞེས་བྱ་བས་ནི་ཆོས་ཀྱི་སྐུས་བྱིན་གྱིས་བརླབས་པས་བྱུང་བ་གཟུགས་བརྙན་གྱི་སྐུ་རྣམ་པ་གཉིས་སོ། །གདུལ་བའི་ཁམས་ཞེས་བྱ་བ་
ནི་རང་བཞིན་གྱིས་གནས་པའི་རིགས་དང་ལྡན་པའི་སེམས་ཅན་གྱི་ཁམས་རྣམ་པར་དག་པ་ཐག་རིང་བ་ལས་བྱེ་བྲག་ཏུ་འབྱུང་བ་སྟེ། ཡང་དག་པར་བསྒྲུབ་པའི་རིགས་དང་ལྡན་པའི་གདུལ་བའི་ཁམས་རྣམ་པར་དག་པ་ཐག་ཉེ་བ་ལ་བྱའོ། །ཡོངས་སུ་མ་སྨིན་པ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་
དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པ་ཤས་ཆེ་བས་ད་དུང་ཡོངས་སུ་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གང་ལ་ཡང་མི་གནས་པའོ། །ཡོངས་སུ་སྨིན་པར་མཛད་ལ་ཞེས་བྱ་བ་ནི་མི་སྡུག་པ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཁམས་རབ་ཏུ་དབྱེ་བ་ལ་སོགས་

པའི་དམིགས་པས་ཡོངས་སུ་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལ་གནས་པར་མཛད་པའོ། །ཡོངས་སུ་སྨིན་པ་ཞེས་བྱ་བས་ནི་ཡོངས་སུ་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལ་གནས་པ་དེའི་མཇུག་ཐོགས་སུ་རྣམ་པར་གྲོལ་བར་བྱར་རུང་བའོ་དམིགས་
པ་དེ་ཉིད་ཀྱིས་ཞེས་བྱ་བ་ནི་མི་སྡུག་པ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཁམས་རབ་ཏུ་དབྱེ་བའི་དམིགས་པ་ལ་སོགས་པ་གང་གིས་སུ་སྨིན་པར་གྱུར་པ་དེ་ཉིད་ཀྱིས་སོ། །རྣམ་པར་གྲོལ་བར་མཛད་པ་ཞེས་བྱ་བ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱི་ལམ་གྱིས་
རྣམ་པར་གྲོལ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཐོབ་པར་མཛད་པ་སྟེ། དཔེར་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པའི་ཤས་ཆེ་བའི་གདུལ་བྱ་མཛེས་དགའ་དང་། སོར་ཕྲེང་དང་། ལྟེང་རྒྱས་འོད་སྲུངས་དང་། རྒྱལ་པོ་ཆེན་པོ་ཀ་པི་ན་ལ་
སོགས་པ་མི་སྡུག་པ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཁམས་རབ་ཏུ་དབྱེ་བའི་དམིགས་པ་ལ་སོགས་པས་ཡོངས་སུ་སྨིན་པར་མཛད་ནས་དམིགས་པ་དེ་ཉིད་ཀྱིས་རྣམ་པར་གྲོལ་བར་མཛད་པ་ལ་སོགས་པ་ལྟ་བུའོ། །གསུང་བརྗོད་པ་དུ་ཞིག་བརྗོད་པར་མཛད་
ལགས་ཞེས་བྱ་བ་ནི་གསུང་གི་ཡན་ལག་མཐའ་ཡས་མོད་ཀྱི་སྡེ་སྣོད་བསྡུ་བའི་ཚུལ་ཁྲིམས་གསུང་བརྗོད་པ་དུ་ཞིག་བརྗོད་པར་མཛད་ལགས་ཞེས་ཞུས་པ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པའི་གསུང་བརྗོད་པ་ནི་གསུམ་པོ་འདི་དག་ཡིན་ཏེ། མདོ་སྡེ་བརྗོད་པ་དང་། འདུལ་བ་བརྗོད་པ་
དང་། མ་མོ་བརྗོད་པའོ་ཞེས་བྱ་བ་ཡང་སྡེ་སྣོད་བསྡུ་བའི་ཚུལ་ཁྲིམས་རྣམ་པ་གསུམ་དུ་བསྟན་པ་ཡིན་ནོ། །མདོ་སྡེ་དང་། འདུལ་བ་དང་། མ་མོའི་རྣམ་གྲངས་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་མཐའ་ཡས་པ་དག་ལས་གང་བརྗོད་ཀྱང་རུང་སྟེ། རེ་རེ་ཞིང་ཡང་འཇུག་པའི་སྒོ་རྣམ་པ་བཅུ་
བཅུས་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡང་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་བརྗོད་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱ