Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 206
Văn bản gốc(Tây Tạng)
Trang 13 / 20 (50.000 ký tự/trang)
། ཕྲེང་བ་དམ་པ་ནི་མེ་ཏོག་སྣ་ཚོགས་བརྒྱུས་པའམ་སྣ་ཚོགས་སྤེལ་ཏེ་བརྒྱུས་པའི་མཆོག་གོ། །ཡང་ན་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་བརྒྱུས་པའི་དམ་པའོ། །མེ་ཏོག་དང་ཕྲེང་བ་ཡང་མེ་ཏོག་ཐ་མལ་བ་འབའ་ཞིག་ལ་བྱ་བར་མ་ཟད་ཀྱི། བརྡུངས་པ་དང་། བླུགས་པ་དང་། རི་མོར་བྲིས་པ་ དང་། དྲས་པ་ལ་སོགས་པའི་བཅོས་མ་རྣམས་ལ་ཡང་བྱའོ་ཞེས་འཆད་དོ། །སིལ་སྙན་ནི་རོལ་མོ་ལ་བྱ་སྟེ། རྒྱུད་ཅན་དང་། བུད་པ་དང་། བརྡུང་ཞིང་དཀྲོལ་བ་ཐམས་ཅད་དེ། དེ་དག་ཀྱང་སྙན་པའི་ཕུལ་དུ་ཕྱིན་པ་ཤ་སྟག་གོ། །བྱུག་པ་ནི་སྤོས་དྲི་ཞིམ་པའི་ལྡེ་གུས་ལུས་ལ་བྱུག་པ་སྟེ། དེ་ཡང་མཆོག་ཏུ་ཕྱིན་པའོ། །གདུགས་མཆོག་ནི་གདུགས་ཀྱི་རྣམ་པ་ཇི་སྙེད་ཡོད་པའི་མཆོག་གོ། །མར་མེ་མཆོག་ནི་སྤོས་མར་ལ་སོགས་པ་དྲི་ཞིམ་འོད་གསལ་བའི་ནོར་བུ་འོད་ཆེ་ཞིང་རིན་པོ་ཆེ་ལྟ་བུའོ། །བདུག་སྤོས་དམ་པ་ནི་བདུག་སྤོས་སྦྱར་མའམ། སྣ་གཅིག་ཏུ་ཡང་རུང་སྟེ་མཆོག་ཕྱིན་ པའོ། །ནམ་བཟའ་དམ་པ་ནི་གོས་ཐམས་ཅད་ཀྱི་མཆོག་ཀ་ཙ་ལིན་དི་ཀ་ལ་སོགས་པ་རིན་ཐང་དཔག་ཏུ་མེད་པ་ལ་སོགས་པའོ། །དྲི་མཆོག་ནི་སྤོས་ཆུ་ཡོན་ཆབ་ཏུ་གསོལ་བའམ། སྤོས་ཆུས་ཆག་ཆག་ཏུ་བཏབ་པའི་དམ་པ་ཨ་ག་རུ་དང་། དུ་རུ་སྐ་དང་། ན་ལན་དང་། སཽ་གནྡྷ་ལ་སོགས་པའོ། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །ཞེས་པ་ནི་རྣམ་པ་གཉིས་སུ་བཤད་དེ། གཅིག་ཏུ་ན་སྤོས་དྲི་ཞིམ་པ་སྣ་ཚོགས་ཀྱི་ཕྱེ་མ་གཏོར་ཞིང་གདབ་ཏུ་རུང་བ་ཐུམ་པོར་བྱས་ཏེ་གཞག་པའི་རིམ་པ་རྒྱ་ཆེར་ཁེངས་པ་དང་། བརྩིགས་པའི་འཕངས་མཐོ་བ་རི་རབ་ཀྱི་གཏོས་དང་ མཉམ་པ་ཙམ་ཡོད་པའོ། །ཡང་ན་དཀྱིལ་འཁོར་བྲིས་པའི་ཚོན་ཕྱེ་སྤེལ་བའི་རིམ་པ་བརྒྱ་དང་། རྔམས་རི་རབ་ཀྱི་གཏོས་དང་འཕངས་ཙམ་ཡོད་པ་ལ་བྱའོ། །དེ་རྣམས་ལ་ཕྱེ་མའི་མཆོག་ནི། ཚོན་བཟང་བ་དང་། དྲི་ཞིམ་པ་དང་རི་རབ་དང་མཉམ་པའོ། །བཀོད་པའི་ཁྱད་པར་འཕགས་པའི་མཆོག་ ཀུན་གྱིས། །ཞེས་པ་ནི་རྣམ་པ་མང་དུ་འདྲེན་ཏེ། ཕལ་ཆེ་བ་ལ་ཡང་བྱ། བརྒྱན་པ་ལ་ཡང་བྱ། སྣ་ཚོགས་པ་ལ་ཡང་བྱའོ། །འདི་ནི་གསུམ་ཆར་ལ་ཡང་སྦྱར་ཞིང་གོང་དུ་སྨོས་པ་རྣམས་ལ་བསྙག་ཏུ་ཡང་རུང་སྟེ་མེ་ཏོག་དང་། ཕྲེང་བ་དང་། རོལ་མོའི་སྒྲ་དང་། བྱུག་པ་དང་། བདུག་སྤོས་ལ་སོགས་ པ་ཕལ་ཆེ་བ་དང་། དེ་དག་གིས་ལེགས་པར་བརྒྱན་པ་དང་། རྣམ་གྲངས་མང་བའོ། །ཡང་ན་སྣ་ཚོགས་ཞེས་བྱ་བ་འབའ་ཞིག་དང་སྦྱར་དུ་རུང་སྟེ། འདིར་མཆོད་པའི་ཡོ་བྱད་མིང་གིས་སྨོས་པ་དང་། མིང་གིས་མ་སྨོས་པ་རྣམས་སྤྱིར་སྙེགས་པས། མིང་གིས་མ་སྨོས་པའི་ཞལ་ཟས་སྣ་ཚོགས་དང་། གཟིམས་ཆ་དང་། སྟན་དང་། ཕོ་བྲང་དང་། ཁང་པ་སྣ་ཚོགས་དང་། བཀྲམ་པ་དང་སྦྱར་བ་དང་། བཟང་པོ་སྣ་ཚོགས་ལྷ་དང་མི་དང་ཀླུ་དང་། དྲི་ཟ་དང་མིའམ་ཅི་ལ་སོགས་པའི་ཡུལ་ན་ཡོད་པའི་མཆོག་དམ་པ་རྣམས་ལ་བྱའོ། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། ཞེས་པ་ནི་གོང་དུ་སྨོས་པའི་ མཆོད་པ་ཐམས་ཅད་ཀྱིས། ཕྱོགས་བཅུ་དག་ན་དུས་གསུམ་གཤེགས་པའམ་བཞུགས་པའི་ཁྱད་པར་རྣམས་དང་། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པའི་ཁྱོན་ནི་རྡུལ་ཕྲ་རབ་རེ་རེའི་སྟེང་ན་ཡང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྒྱལ་བ་དང་བྱང་ཆུབ་སེམས་ དཔའ་བཞུགས་པར་བསམས་པ་དེ་དག་ཐམས་ཅད་ལ་མཆོད་པར་མོས་པ་བྱ་བ་ཡིན་ཏེ། མཆོད་པ་བླ་ན་ཡོད་པ་འདི་ནི་འཇིག་རྟེན་པ་ཡིན་ནོ། །གཉིས་པ་མཆོད་པ་བླ་ན་མེད་པ་ནི། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །ཞེས་བྱ་བ་ཡིན་ཏེ། བླ་ན་མེད་པ་ལྷ་ཡུལ་མན་ཆད་ཀྱི་དེ་དག་ལས་ཁྱད་པར་ དུ་འཕགས་པ་དཔེ་ཟླ་མེད་པ་སྟེ། བྱང་ཆུབ་སེམས་དཔའ་མཐུ་ཅན་རྣམས་ཀྱིས་མཆོད་པ་བཟང་དགུར་སྤྲུལ་པའོ། །རྒྱ་ཆེ་བ་ནི་འཇིག་རྟེན་གྱི་ཁམས་མང་པོར་ཁྱབ་ཅིང་རྒྱས་པའོ། །མདོ་སྡེ་ལས་མཆོད་པ་སྣ་ཚོགས་བླ་ན་མེད་ཅིང་མཆོད་པ་རྒྱ་ཆེ་བ་དག་པ་ཐོས་ཤིང་མཐོང་བ་ལྟ་བུ་དག་དང་། བདག་ཉིད་ཀྱི་སེམས་ཀྱིས་ཅི་ནུས་ཀྱི་མཆོད་པའི་ཡོ་བྱད་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་མང་པོར་རྒྱས་པར་བཀང་སྟེ་མཆོད་པ་བྱ་བར་བསམ་མོ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །ཞེས་པ་ནི་མཆོད་པ་བླ་ན་མེད་པའི་དཔེ་དང་ལྷག་པ་མེད་པ་དེ་དག་གིས་གོང་དུ་སྨོས་པའི་རྒྱལ་བ་ ཐམས་ཅད་ལ་ཡང་དད་པ་དང་། ཤེས་རབ་དང་ལྡན་པའི་སེམས་ཀྱིས་མཆོད་པར་བསམ་པ་ལ་བྱའོ། །ཡང་ན་མཆོད་པ་བླ་ན་མེད་པའི་ཡོ་བྱད་འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་མདོ་ལས་འབྱུང་བ་འདི་ལྟ་བུ་ལ་ཡང་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་གཙུག་ འཕེན་ལ་བཀའ་སྩལ་པ། ཚངས་པ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་བླ་ན་མེད་པའོ། །མཆོད་པའི་ལས་བླ་ན་མེད་པའི་བསོད་ནམས་ཚད་མེད་པ་འབྱུང་བའོ། །གསུམ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་དུ་སྒྲུབ་པ་སྟེ། ཚངས་པ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་དང་། བླ་ན་མེད་པའི་མཆོད་པ་བྱེད་འདོད་པས་མཆོད་པའི་དངོས་པོ་འདི་དག་གིས་མཆོད་པར་བྱ་བ་ ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །བཟང་པོར་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །ཞེས་པ་ནི་སྟེང་འོག་གཉིས་ཀར་སྦྱར་ཏེ། བཟང་པོ་སྤྱོད་པ་ལ་དད་པའི་སྟོབས་ཀྱིས་མཆོད་པ་བླ་ན་མེད་པ་རྒྱ་ཆེན་པོས་རྒྱལ་བ་རྣམས་ལ་མཆོད་པར་བྱའོ་ཞེས་བྱ་བར་ཡང་སྦྱར་རོ། །འོག་མ། རྒྱལ་ བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་པ་དང་ཡང་སྦྱར་ཏེ། བཟང་པོ་སྤྱོད་པ་ལ་དད་ཅིང་མོས་པའི་སྟོབས་ཀྱིས་བཟང་པོ་སྤྱོད་པའི་མན་ངག་བཞིན་དུ་གོང་དུ་སྨོས་པའི་ཕྱག་བྱ་བ་རྣམ་པ་བཞི་དང་། མཆོད་པ་རྣམ་པ་གཉིས་ཀྱིས་རྒྱལ་བ་ཐམས་ཅད་ལ་ཕྱག་འཚལ་ལོ། ། མཆོད་དོ་ཞེས་ཚིག་གོང་མ་རྣམས་ཀྱི་མཇུག་སྡུད་པ་ཡིན་ནོ།། །།སྤྱི་དོན་གསུམ་པ་ཉེས་དམིགས་བཤགས་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ཞེས་པ་ལ་སོགས་པ་ལ་ཤློ་ཀ་གཅིག་གིས་སྟོན་ཏེ་དེ་ཡང་བཞི། ཉེས་པའི་རྒྱུ་དང་། གཞི་དང་། རང་བཞིན་དང་། སྤྱི་དང་རྣམ་ པ་བཞིའི་སྒོ་ནས་བཤགས་པ་བྱའོ། །དེ་ལ་ཉེས་པའི་རྒྱུ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གོ། །ཉེས་པའི་གཞི་ནི། ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་སོ། །ཉེས་པའི་རང་བཞིན་ནི། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །ཞེས་པ་སྟེ། ཚེ་འདི་དང་ཚེ་རབས་གཞན་རྣམས་སུ་ བདག་གིས་སྡིག་པ་མི་དགེ་བའི་ལས་བྱས་པ་རྣམས་སོ། །ཉེས་པའི་སྤྱི་ནི་ཅི་མཆིས་པ་ཞེས་པ་སྟེ། བདག་ཉིད་ཀྱིས་བྱས་པ་དང་གཞན་ལ་བྱེད་དུ་བཅུག་པ་དང་། གཞན་དག་སྡིག་པ་བྱེད་པ་མཐོང་ན་དགའ་བ་དང་རྗེས་སུ་ཡི་རང་བ་ལ་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ལུས་དང་ ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་བདག་གིས་བྱས་པ་དང་། བྱེད་དུ་བཅུག་པ་ལ་རྗེས་སུ་ཡི་རང་བ་ཅི་ཡོད་པ་དེ་དག་ཐམས་ཅད་འགྱོད་པ་དང་མི་དགའ་ཞིང་གནོང་བཀུར་བའི་སེམས་ཀྱིས་བཤགས་པར་བྱ་སྟེ་གོང་དུ་བདེ་བར་གཤེགས་པ་ལ་བསྟོད་པའི་སྐབས་ནས་འབྱུང་བ་བཞིན་དུ། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་མང་པོའི་སྤྱན་སྔར་བདག་གི་ལུས་མང་པོར་འདུག་ལ། མགོ་དང་ལྕེ་མང་པོས་སྐད་ཅིག་རེ་རེ་ལ་ཡང་སྡིག་པ་བཤགས་པར་བསམ་ཞིང་མཐོལ་བ་དང་བཤགས་པར་བྱའོ། །དེ་བཞིན་དུ་ཞེས་པ་ནི་སྔོན་དུ་ཡིད་དང་མི་སྦྱར་གྱི། ཉེས་པ་ཅི་དང་ཅི་ལྟར་བྱས་པ་དེ་དག་དེ་བཞིན་དུ་ བཤགས་སོ་ཞེས་སྦྱར་རོ། །དེ་ལ་རྒོལ་ཏེ། ཉེས་པ་མ་བཤགས་ན་ཉེས་པ་ཅི་ཡོད། བཤགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་ཏེ་སྡིག་པ་ལ་མི་འཛེམ་པར་སྤྱོད་ཅིང་མི་མཐོལ་མི་བཤགས་པ་ལ་རུང་བར་འཛིན་ན་རྒྱུན་དུ་འཕེལ་ཏེ། སེམས་ཀྱི་རྒྱུད་ལ་ཞེན་པས་འཁོར་བ་ནས་འཁོར་བའི་ མཆོག་ལྷ་དང་མིར་སྐྱེ་བ་ཡང་ཤིན་ཏུ་བཀའ་ན། འཁོར་བ་ལས་ཐར་བར་ལྟ་ག་ལ་འགྱུར། སྡིག་པ་བཤགས་པ་ཡང་ཉེས་པ་ལ་ཉེས་པར་མཐོང་ན་མི་དགའ་སྟེ། འགྱོད་ཅིང་བཤགས་ན། སྔ་མའི་རྒྱུན་མི་འཕེལ་ཞིང་འབྱང་བར་འགྱུར་ལ། མི་དགའ་ཞིང་འགྱོད་ན་འཛེམ་ཞིང་ལྡོག་པར་འགྱུར་ཏེ། ཕྱིས་མི་བྱེད་པར་འགྱུར་ཞིང་མི་སོགས་པས་མི་དགེ་བ་རྒྱུན་འཆད་པར་འགྱུར་ཏེ། འཕགས་པ་བྱམས་པ་སེང་གེ་སྒྲ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ངས་ནི་སྔོན་བྱས་པའི་སྡིག་པའི་ལས་ཟད་པར་བྱ་བའི་ཕྱིར། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ཡིན་ཏེ། དེ་ལ་མི་བླུན་པོ་དག་ནི་ལྷག་པར་ལྟུང་བ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱས་ནས་ཉེས་པ་བཤགས་ཤིང་སྦྱངས་པ་ཙམ་གྱིས་དག་པར་འགྱུར་བར་སེམས་ཤིང་། ཕྱིན་ཆད་སྡོམ་པར་ནི་མི་བྱེད་དོ་ཞེས་གསུངས་སོ། །དེ་ལྟ་བས་ན་སྡིག་པའི་ལས་སྔོན་བྱས་པ་ནི་བཤགས་པས་སྦྱང་། ཕྱི་མ་ནི་སྡོམ་ ཞིང་མི་བྱེད་པས་རྒྱུན་ཆད་དོ། །སྡིག་པ་བཤགས་པ་ནི་བར་སྐབས་གང་དུ་ཡང་རུང་སྟེ། ཕུང་པོ་གསུམ་པའི་མདོ་སྡེ་དང་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ལ་སོགས་པའི་མདོ་བཀླག་གོ། །ཡང་ན་སྐུ་གསུང་ཐུགས་ཀྱི་སྤྱན་སྔར་ཉེས་པ་ཅི་བྱས་པའི་དམིགས་ཀྱིས་བཤགས་པར་བྱའོ།། །། ད་ནི་སྤྱི་དོན་བཞི་པ་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །ཞེས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྒྱལ་བ་སངས་རྒྱས་སྲས་རྣམ་པ་གསུམ་དང་བཅས་པ་གོང་དུ་ཕྱག་བྱ་བའི་སྐབས་སུ་བཤད་པ་དང་འདྲའོ། །རང་རྒྱལ་རྣམས་དང་ ཞེས་པ་ནི་རང་སངས་རྒྱས་ཏེ། བདག་ཉིད་ཞི་བར་བྱ་བ་དང་། བདག་ཉིད་དུལ་བར་བྱ་བའི་ཕྱིར་ཉོན་མོངས་པ་ལས་འབྱུང་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རྒྱལ་བའོ། །སློབ་པ་འཕགས་པ་རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་བདུན་ཏེ། ད་རུང་བསླབ་པའི་མཐར་ཕྱིན་པར་བྱ་བ་ཡོད་ པའོ། །མི་སློབ་པ་ནི་འཕགས་པ་དགྲ་བཅོམ་པའི་འབྲས་བུ་སྟེ། རང་གི་བྱ་བ་མཐར་ཕྱིན་ཅིང་དགྲ་བཅོམ་པ་ཟག་པ་ཟད་པ་བྱ་བ་བྱས་པ་འདི་ལས་སྲིད་པ་གཞན་མེད་དོ་ཞེས་ཟེར་བ་ལྟ་བུ། འགྲོ་བ་རྣམས་ཀྱི་བསོད་ནམས་གང་ལ་ཡང་། །ཞེས་པ་ནི་འགྲོ་བ་ཞེས་བྱ་བའི་སྒྲ་ནི་མ་ལུས་པ་ ལ་སྙེགས་ཏེ། རིགས་ལྔ་ལ་བྱའོ། །རྣམས་དང་ཀུན་འདྲ་སྟེ་ཐམས་ཅད་ལ་བྱ་སྟེ། དུས་གསུམ་གྱི་སེམས་ཅན་ཀུན་དང་། དུས་གསུམ་གྱི་སློབ་པ་དང་། མི་སློབ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་ བར་བྱ་སྟེ། གཞན་གྱིས་དགེ་བ་བྱས་པ་ལ་བདག་གིས་དགའ་བར་བསམས་པས་བདག་གིས་ཐོབ་ཅེས་བྱ་བར་བསྟན་ཏོ། །དེ་ལྟར་བྱས་ན་དགེ་བ་བྱེད་པ་ཡང་སྙིང་ཐག་པ་ནས་བྱས་ན་བསོད་ནམས་ཆེའོ། །བསམ་པ་འབྲིང་ན་བསོད་ནམས་འབྲིང་ངོ་། །བསམ་པ་ཆུང་ན་བསོད་ནམས་ཆུང་ ངོ་། །རྗེས་སུ་ཡི་རང་བར་བྱེད་པ་ཡང་དེ་དང་འདྲ་སྟེ་བདག་གིས་བྱར་སྙིང་ནས་མི་ནུས་མི་འབྱོར་ན། གཞན་བྱེད་པ་ལ་བསམ་པ་ཐག་པས་རྗེས་སུ་ཡི་རང་བ་ནས་བྱས་ན་བསོད་ནམས་ཆེ་བར་འགྱུར་བ་ཡང་ཡོད་དོ། །དེ་བཞིན་དུ་བསམ་པ་འབྲིང་དང་ཆུང་ངུས་ཡི་རང་བས་བསོད་ནམས་མཉམ་པ་དང་། ཆུང་ ངུར་འགྱུར་བ་ཡང་ཡོད་དོ། །དེ་ལྟར་གཞན་གྱིས་དགེ་བ་བྱས་པ་ལ་བྲི་བ་ཡང་མེད་ལ། བདག་གིས་ཆེར་ཐོབ་ཏུ་རུང་བས། རྟག་ཏུ་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། སྐད་ཅིག་རེ་རེ་ལ་ཡང་འབྱང་ཞིང་དགེ་བའི་ཚོགས་སུ་བསྡུའོ།། །།ད་ནི་སྤྱི་དོན་ལྔ་པ་དེ་བཞིན་གཤེགས་པ་ལ་ཆོས་ ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་བསམ་པས་སེམས་སྦྱང་བ་ནི། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །ཅེས་པ་ལ་སྤྱི་དོན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སྒྲོན་མ་བླ་ན་མེད་པའི་བྱང་ཆུབ་ཁྱད་པར་ཅན་མངོན་པར་ཐུགས་སུ་ཆུད་ནས་ཆགས་ཤིང་ཐོགས་པ་མི་མངའ་ བའི་ཡེ་ཤེས་བརྙེས་ཏེ་སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་མཛད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་བདག་གིས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ་ཏེ། ཆོས་བཤད་པར་གསོལ་བ་གདབ་པོ། །དེར་རྒོལ་ཏེ། དུས་གསུམ་གྱི་སངས་རྒྱས་གང་ལ་གསོལ་བ་གདབ་ཅེ་ན། འདས་པ་དང་ད་ལྟར་གྱི་ཁ་ཅིག་ལ་ནི་གཞན་གྱིས་གསོལ་བ་གདབ་ཟིན་པས། དེ་དག་ལ་གདབ་པར་མི་བྱའོ། །འོ་ན་གང་ལ་གདབ་ཅེ་ན། གང་དག་གདོད་སངས་རྒྱས་ཤིང་མི་གསུང་བའི་ས་ལ་བཞུགས་པ་རྣམས་ལ་གསོལ་བ་གདབ་དགོས་པ་དང་སྦྱར་རོ། །ཚིག་འབྲུ་བཤད་ནས། གང་རྣམས་ ཞེས་པ་ནི་ད་ལྟར་གྱི་དུས་ན་སངས་རྒྱས་མ་ཐག་པ་དང་། མ་འོངས་པའི་དུས་ཀྱི་སངས་རྒྱས་རྣམས་ཀྱི་སྤྱིར་སྙེགས་སོ། །འཇིག་རྟེན་སྒྲོན་མ་ཞེས་པ་ནི་སྐུ་ལས་འོད་ཟེར་འགྱེད་ཅིང་མུན་པ་སེལ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོགས་པའི་ཆོས་བསྟན་པའི་གསུང་གི་འོད་ཟེར་ གྱིས་སེམས་ཅན་གྱི་མི་ཤེས་པའི་མུན་ནག་སེལ་བ་སྟེ། སྣོད་ཀྱི་འཇིག་རྟེན་གྱི་དང་། སེམས་ཅན་གྱི་འཇིག་རྟེན་གཉིས་ཀ་ལ་སྣང་བར་མཛད་པས། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ལ་སོགས་པ་རྣམས་ནི་འཇིག་རྟེན་གྱི་སྒྲོན་མ་ཞེས་བྱའོ། །ཡང་ན་འཇིག་རྟེན་ན་གང་ ཟག་དང་ཆོས་ལ་བདག་ཏུ་ལྟ་བ་སེལ་བར་མཛད་པས་ན་ཡང་དེ་སྐད་དོ། །བྱང་ཆུབ་ཅེས་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལ་སྤངས་པ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་ཀྱང་ རྣམ་པ་གཉིས་ཏེ། ཐམས་ཅད་མཁྱེན་པ་དང་། ཐོགས་པ་མེད་པའོ། །མདོར་ན་ཡེ་ཤེས་བླ་ན་མེད་པ་ལ་བྱའོ། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །ཞེས་པ་ལ་ནི་བླ་ན་མེད་པའི་བྱང་ཆུབ་རིམ་པར་ས་བཅུ་དག་ལས་རྣམ་པར་སངས་རྒྱས་པ་ནི་དང་པོ་བྱང་ཆུབ་མཆོག་ཏུ་ ཐུགས་བསྐྱེད་པ་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མྱ་ངན་ལས་མ་འདས་ཀྱི་བར་དུ་མཛད་པ་བཅུ་གཉིས་ལ་སོགས་པ་རིམ་གྱིས་མཛད་ནས། བླ་ན་མེད་པའི་བྱང་ཆུབ་ཀྱི་གཏེར་ཆེན་པོ་བརྙེས་པ་ལ་བྱའོ། །མ་ཆགས་ཞེས་པ་ནི་ད་ལྟར་གཏེར་བརྙེས་ཀྱང་དེ་ལ་སོ་སོའི་སྐྱེ་བོ་ལྟར་ཆགས་ ཤིང་ཞེན་པ་མི་མངའ་བས་མ་ཆགས་བརྙེས་ཞེས་བྱའོ། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །ཞེས་པ་ལ་མགོན་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་དཔུང་གཉེན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་སྐྱེ་བ་དང་། རྒ་བ་དང་ན་བ་དང་། འཆི་བ་ལ་ སོགས་པའི་སྡུག་བསྔལ་རྣམས་ཀྱིས་ཉེན་པ་མགོན་དང་སྐྱབས་མེད་པ་རྣམས་ལ་འཕྲལ་དང་ཡུན་དུ་ཕན་པ་དང་། བདེ་བར་འགྱུར་བའི་མགོན་མཛད་པའོ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །ཞེས་པ་ལ་འཁོར་ལོ་ནི་དཔེར་ན་ཤིང་རྟའི་འཕང་ལོ་འདྲིལ་ཞིང་འགྲོ་བ་ལ་ཡང་ འཁོར་ལོ་འགྲོ་བ་དང་འདྲ་བར་ཆོས་སྟོན་པ་དང་། ཕ་རོལ་ཉན་པ་དག་གི་རྒྱུད་ལ་ཡང་དག་པའི་དོན་གོ་བར་བྱེད་པའོ། །བླ་ན་མེད་པ་ཞེས་པ་ནི་འདྲ་བའམ་གོང་ན་མེད་པའོ། །བསྐོར་བ་ཞེས་པ་ནི་ཆོས་བཤད་པ་སྟེ། གཞན་གྱི་སེམས་ལ་གོ་བར་བྱེད་པའོ། །བསྐུལ་བ་ནི་ ཆོས་བཤད་དུ་བསྐུལ་དགོས་པས། སངས་རྒྱས་མངོན་སུམ་དང་འདྲ་བར་དམིགས་ཏེ། བདག་ཉིད་ཀྱང་ཐོས་པ་དང་། གཞན་ལ་ཡང་ཕན་གདགས་པའི་ཕྱིར། ངག་དང་ཡིད་ཀྱིས་གུས་པས་ཆོས་བཤད་དུ་གསོལ་བ་གདབ་བོ། །རྒྱལ་བ་སངས་རྒྱས་ལ་ནི་མི་མཁྱེན་པའམ། མི་གཟིགས་ པའམ། །ཟང་ཟིང་ལ་ཆགས་པ་དང་ཐུགས་རྗེ་མི་མངའ་བ་མ་ཡིན་པས་བསྐུལ་ཅི་དགོས་ཤེ་ན། ཆོས་བཙུན་པ་དང་ཆོས་ལ་གུས་ཤིང་རག་ལུས་པར་བྱ་བའི་ཕྱིར་བསྐུལ་བ་ལ་བཞེས་སོ། །དེའི་ཕྱིར་བསྐུལ་དགོས་སོ།། །།ད་ནི་སྤྱི་དོན་དྲུག་པ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་ བ་ནི། །མྱ་ངན་འདས་སྟོན་གང་བཞེད་དེ་དག་ལས། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཞེས་པ་སྟེ། ཡང་དག་པར་ན་སངས་རྒྱས་ཡོངས་སུ་མྱ་ངན་ལས་མི་འདའ་མོད་ཀྱི། མྱ་ངན་ལས་འདའ་བར་ བསྟན་པས་འདུལ་བ་རྣམས་ལ་དེ་ལྟ་བུར་སྟོན་པར་བཞེད་པས། དེ་དག་ལ་བཞུགས་པར་གསོལ་བ་གདབ་བོ། །སུའི་དོན་དུ་གསོལ་བ་གདབ་ཅེ་ན། འགྲོ་བ་ཀུན་ལ་སྨན་པ་དང་བདེ་བའི་སླད་དུ་ཞེས་བྱ་སྟེ། སེམས་ཅན་མ་ལུས་པའི་དོན་མཛད་ཅིང་བཞུགས་པར་གསོལ་ལོ། །དོན་ཅི་འདྲ་བར་ཞེ་ན། འཕྲལ་དུ་ཕན་པ་དང་། ཡུན་དུ་བདེ་བ་སྟེ། དངོས་སུ་ན་མྱ་ངན་ལས་འདས་པའོ། །བདེ་བ་ནི་མངོན་པར་མཐོ་བ་སྟེ་མཐོ་རིས་དང་དབང་ཕྱུག་ལ་སོགས་པ་ནི་འཕྲལ་དུ་བདེ་བའོ། །དོན་དེ་གཉིས་གང་གི་ཡོན་ཏན་ལས་ཤེ་ན། དེ་བཞིན་གཤེགས་པ་བཞུགས་པར་མཐོང་ཞིང་དེས་གསུངས་པའི་ཆོས་ཐོས་པ་ལས་ གྲུབ་པས་དེའི་ཕྱིར་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ་བོ། །དེ་ལྟར་བཞུགས་པ་དེ་དུས་ཇི་སྲིད་དུ་གསོལ་བ་གདབ་ཅེ་ན། དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྐལ་བར་བཞུགས་སུ་གསོལ་བར་བསམ་མོ། །དེ་ལྟ་བུ་ ཐམས་ཅད་དེ་ཇི་ལྟ་བུར་གསོལ་བ་གདབ་ཅེ་ན། སངས་རྒྱས་དེ་དག་གི་སྤྱན་སྔར་གདབ་ཕུས་མོ་བཙུགས་ལ་ཐལ་མོ་སྦྱར་ཏེ། གུས་པར་གསོལ་བ་འདེབས་པར་བསམ་མོ།། །།སྤྱི་དོན་བདུན་པ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་ བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་བྱ་སྟེ། གོང་དུ་སྨོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་མང་པོ་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱས་པ་དང་། དེ་དག་ལ་མཆོད་པའི་ ཡོ་བྱད་སྣ་ཚོགས་ཀྱིས་མཆོད་པ་དང་། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་། འཕགས་པ་དང་འཕགས་པ་མ་ཡིན་པ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བསམ་པ་དང་། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་ གདབ་པའི་བསམ་པའི་སྒོ་ནས་བདག་གིས་དགེ་བ་ཅི་བསགས་པ་དེ་དག་ཐམས་ཅད་བདག་དང་སེམས་ཅན་ཐམས་ཅད་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དགེ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་འགྲུབ་ པར་ཤོག་ཤིག་ཅེས་སྨོན་ལམ་གདབ་བོ། །གལ་ཏེ་མ་བསྔོས་ན་དེ་ཐོབ་ནས་ཟད་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་སུ་བསྔོས་ན་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཟད་པར་འགྱུར་རོ། །འོ་ན་ཇི་ལྟར་བསྔོ་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་སྟེ། ནམ་སངས་རྒྱས་སུ་མ་གྱུར་གྱི་བར་དུ་ཡང་ལྷ་དང་མིའི་བདེ་སྐྱིད་ཞར་ལ་ཐོབ་ཅིང་། སངས་རྒྱས་ནས་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་ཏེ། མཐར་ཐུག་པ་མེད་པར་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་མཛད་པས། བསོད་ནམས་ཀྱི་འབྲས་བུ་ནམས་ཀྱང་ཟད་པར་མི་ འགྱུར་རོ།། །།སྤྱི་དོན་བརྒྱད་པ་སྨོན་ལམ་གྱི་རབ་ཏུ་དབྱེ་བ་ལ་དོན་བཅུ་དྲུག་སྟེ། བསམ་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བ་དང་། མི་ཆགས་པར་སྦྱོར་བ་དང་། སེམས་ཅན་ལ་ཕན་གདགས་པ་དང་། གོ་ཆ་བགོ་བ་དང་། བྱང་ཆུབ་སེམས་དཔའི་སྐལ་བ་མཐུན་པ་དང་ འགྲོགས་པར་བྱ་བ་དང་། དགེ་བའི་བཤེས་གཉེན་མགུ་བར་བྱ་བ་དང་། དེ་བཞིན་གཤེགས་པ་མངོན་སུམ་དུ་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། མི་ཟད་པའི་མཛོད་བརྙེས་པ་དང་། འཇུག་པ་དང་། སྟོབས་དང་། གཉེན་པོ་དང་། ལས་དང་། རྗེས་ སུ་སློབ་པར་ཡོངས་སུ་བསྔོ་བ་དང་། མཇུག་བསྡུ་བའོ། །དེ་ལ་དང་པོ་བསམ་པ་ལ་བཞི་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པར་བསམ་པ་དང་། དགོངས་པ་ཡོངས་སུ་བསྐང་བར་བསམ་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསམ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་དང་བདེ་ བར་བསམ་པའོ། །དེ་བཞིན་གཤེགས་པ་ལ་མཆོད་པར་བསམ་པ་དང་། དགོངས་པ་ཡོངས་སུ་བསྐང་བར་བསམ་པ་ནི། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་ རིམ་པར་སངས་རྒྱས་སྤྱོན། །ཞེས་པས་སྟོན་ཏེ། ཚིག་རྐང་གོང་མ་གཉིས་ཀྱིས་ནི་འདས་པའི་དུས་ན་སྔར་སངས་རྒྱས་ཏེ་ཡོངས་སུ་མྱ་ངན་ལས་འདས་པ་དང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་དག་ན་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་ཅིང་བཞུགས་པ་རྣམས་ལ་མཆོད་ པ་བླ་ན་མེད་པ་རྣམ་པ་གཉིས་གོང་དུ་སྨོས་པ་ལྟ་བུས་མཆོད་པར་བྱ་བའི་བསམ་པ་བསྟན་ཏོ། །ཚིག་རྐང་འོག་མ་གཉིས་ཀྱིས་ནི་གང་དག་མ་བྱོན་པ་རྣམས་ཀྱི་སོ་སོའི་དགོངས་པ་རྣམས་ཡོངས་སུ་རྫོགས་ནས་རྐྱེན་དུ་གྲུབ་སྟེ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་སྨོན་པ་སྟེ། དེ་ལྟར་དེ་ བཞིན་གཤེགས་པའི་དགོངས་པ་ཡོངས་སུ་བསྐང་བར་བསམ་པས། བསམ་པ་སྦྱང་བ་བསྟན་ཏོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ནི། ཕྱོགས་བཅུ་གང་གཱའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་ རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཅེས་པ་སྟེ་ཕྱོགས་བཅུ་དག་ན་སངས་རྒྱས་ཀྱི་ཞིང་ཐ་དད་པ་ཇི་སྙེད་ཡོད་པ་ཐམས་ཅད་ཡོངས་སུ་དག་པར་གྱུར་ཅིག་སྙམ་དུ་བསམ་པ་ལ། དེ་ཡང་ཡོངས་སུ་དག་པ་གཉིས་ཏེ། རྟེན་གྱི་སྒོ་ནས་ཡོངས་སུ་དག་པ་དང་། བརྟེན་པའི་སྒོ་ནས་ཡོངས་སུ་དག་པར་ བསམ་པའོ། །དེ་ལ་རྟེན་གྱི་སྒོ་ནས་ཡོངས་སུ་དག་པར་བསམ་པ་ནི་འཇིག་རྟེན་གྱི་ཁམས་ན་ངམ་གྲོག་དང་། གཡང་ས་དང་། ཚེར་མ་དང་། ཁྲག་ཁྲོག་དང་། མི་གཙང་བ་ལ་སོགས་པའི་མིང་ཡང་མི་གྲག་ཅིང་། ས་གཞི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ལག་མཐིལ་ལྟར་མཉམ་ཞིང་ཉམས་དགའ་བ་ལ་སོགས་པ་ དང་ལྡན་པ། སངས་རྒྱས་ཀྱི་ཞིང་དེ་ཉིད་ཀྱང་ཡངས་ལ་རྒྱ་ཆེ་ཞིང་དེ་ན་ཡོད་པའི་ཡོ་བྱད་ཀུན་ཀྱང་མང་ལ་བཟང་བ་ཡོད་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་ཀུན་དུ་བཟང་པོའི་སངས་རྒྱས་ཀྱི་ཞིང་མི་འཛུམས་པ་ཞེས་བྱ་བ་དེ་ན། ངན་སོང་གསུམ་དང་མི་ཁོམ་ པ་དང་། སྡུག་བསྔལ་གྱི་སྒྲ་ཡང་མེད། ལྟུང་བའི་འཁྲུལ་བ་དང་ཉོན་མོངས་པའི་སྒྲ་ཡང་མེད་ཅེས་བྱ་བ་ནས། ལོག་པར་བསླབ་པ་དང་བསླབ་པ་འདས་པའི་སྒྲ་ཡང་མེད། བུད་མེད་དུ་གྱུར་པའི་སྒྲ་ཡང་མེད། སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་དང་། གནོད་སེམས་དང་། ལེ་ལོ་དང་། རྣམ་པར་ གཡེང་བ་དང་། འཆལ་བའི་ཤེས་རབ་ཀྱི་སྒྲ་ཡང་མེད་ཅེས་བྱ་བ་ནས། བཀྲེས་པ་དང་། སྐོམ་པའི་སྒྲ་ཡང་མེད་ཅེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་ཞིང་བཻཌཱུརྱ་སྔོན་པོའི་ས་གཞི་ལ་རིན་པོ་ཆེ་ཐམས་ཅད་ཀྱི་པདྨས་རབ་ཏུ་སྤྲས་ཏེ། ཀ་ཙ་ལིན་ད་ལྟར་འཇམ་ཞིང་རེག་ན་ བདེ་བ། རིན་པོ་ཆེའི་མིག་མངས་རིས་སུ་བྲིས་ཤིང་། རིན་པོ་ཆེའི་ཤིང་ལྗོན་པའི་ར་བས་ལེགས་པར་བརྒྱན་པ། རྟག་ཏུ་མེ་ཏོག་རྒྱས་པས་མཛེས་པར་བྱས་པ། རྡོ་བ་དང་གསེག་མ་དང་བོང་བ་མེད་པ་རི་ནག་པོ་མེད་དེ་རི་རབ་ཀྱིས་ལེགས་པར་བརྒྱན་པ། ལྷ་དང་མིའི་ལོངས་སྤྱོད་བྱེ་བྲག་མེད་ཅིང་། སེམས་ ཅན་དེ་དག་གི་ཟས་ཀྱང་ཆོས་ཉིད་ཀྱིས་དགའ་བ་དང་བསམ་གཏན་གྱི་ཟས་ཡིན་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་དེ་ནི་ཡངས་ཤིང་རྒྱ་ཆེ་བ་སྟེ། གླིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དྲུག་ཅུ་ཡོད་དེ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་ཉི་མ་དང་ཟླ་བ་གཅིག་གི་འོད་ཀྱིས་ཀུན་དུ་སྣང་ཞེས་ བྱ་བ་དང་། མི་འཁྲུགས་པ་བཀོད་པའི་མདོ་དང་། འོད་དཔག་ཏུ་མེད་པའི་ཞིང་གི་བཀོད་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །བརྟེན་པའི་སྒོ་ནས་ཡོངས་སུ་དག་པ་ནི། ཤིང་གི་རྒྱལ་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ནས་སངས་རྒྱས་པར་གྱུར་བའི་སངས་རྒྱས་རྣམས་དང་། སྲས་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་ཞིང་དེ་རབ་ཏུ་གང་བ་སྟེ། དེ་ལྟར་གྱུར་ཅིག་པར་བསམ་མོ། །བྱང་ཆུབ་ཀྱི་ཤིང་དབང་དྲུང་ཞེས་པ་ནི་བྱང་ཆུབ་ནི་བླ་ན་མེད་པའི་ཡེ་ཤེས་ཏེ། དེ་ཤིང་གི་དྲུང་དུ་བཞུགས་ནས་བརྙེས་པའི་ཤིང་དེ་ནི་བྱང་ཆུབ་ཀྱི་ཤིང་ཡིན་ལ། དེ་ནི་ཤིང་ཐམས་ཅད་ཀྱི་མཆོག་ཡིན་པས་བྱང་ཆུབ་ཀྱི་ཤིང་ དབང་ཞེས་བྱའོ། །སེམས་ཅན་ལ་ཕན་པ་དང་བདེ་བར་བསམ་པ་ནི། ཕྱོགས་བཅུའི་སེམས་ཅན་མ་ལུས་པ་བསྡུས་པ་ནི་ཇི་སྙེད་པ་དེ་དག་ཐམས་ཅད་རྟག་ཏུ་ནད་མེད་པར་གྱུར་ཅིག་ཅེས་བྱ་བ་ནི་དེ་རྟག་ཏུ་ལུས་དང་སེམས་ལ་གནོད་པའི་ནད་དང་། སྡུག་བསྔལ་མེད་པར་གྱུར་ཅིག་པའོ། །བདེ་བར་གྱུར་ཞེས་པ་ནི་དེ་ དག་རྟག་ཏུ་ངན་སོང་གི་སྡུག་བསྔལ་ལ་སོགས་པ་ཀུན་དང་བྲལ་བ་སྟེ། བདེ་སྐྱིད་དམ་པ་དང་བྲལ་བར་མ་གྱུར་ཅིག་པའོ། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །ཞེས་པ་ནི། འགྲོ་བ་སེམས་ཅན་གྱི་དོན་གོས་དང་ཟས་དང་ནོར་ལ་སོགས་པ་གཞན་ལ་གནོད་ཅིང་ཆོས་དང་མི་མཐུན་པས་སྒྲུབ་པ་མ་ཡིན་གྱི། དགེ་བ་བཅུ་དང་མི་འགལ་བར་གྱུར་ཅིག་པའོ། །མཐུན་པར་གྱུར་ཅིག་ཞེས་པ་ནི་བདག་དང་གཞན་ལ་མི་གནོད་པར་འབྱོར་ཞིང་སྲུང་བའི་གནོད་པ་མེད་པར་གྱུར་ཅིག་པའོ། །རེ་བའང་གྲུབ་པར་ཤོག་ཅེས་པ་ནི་ཡིད་ལ་ཅི་འདོད་པ་དེ་བཞིན་དུ་གྲུབ་པར་གྱུར་ཅིག་པའོ།། །།གཉིས་པ་བྱང་ཆུབ་ཀྱི་སེམས་ མི་བརྗེད་པར་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་བསྟན་པ་དང་། མི་མཐུན་པའི་ཕྱོགས་སྤངས་པའི་སྒོ་ནས་ཚིགས་སུ་བཅད་པ་བཞིས་བསྟན་ཏེ། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །ཞེས་པ་ནས། །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ཅེས་བྱ་བའི་བར་དུའོ། །དེ་ལ་བྱང་ཆུབ་ཅེས་པ་ནི་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་གོང་དུ་བཤད་པ་དང་འདྲའོ། །སྤྱོད་པ་ཞེས་པ་ནི་བྱང་ཆུབ་དེ་འཐོབ་པར་བྱ་བའི་ཕྱིར་སྤྱོད་དེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཕ་རོལ་ཏུ་ཕྱིན་པ་དང་། བསྡུ་བའི་དངོས་པོ་དག་བདག་སྤྱོད་དེ་དེ་གྲུབ་ཅིང་། འགྲོ་བ་ཀུན་དུ་སྐྱེ་བ་དྲན་པར་འགྱུར། །ཞེས་པ་ནི་ ལྷ་དང་མི་ལ་སོགས་པའི་འགྲོ་བ་གང་དུ་སྐྱེས་ཀྱང་ཚེ་རབས་དྲན་པར་གྱུར་ཅིག་པའོ། །ཚེ་རབས་ཀུན་དུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །ཅེས་པ་ནི་སྐྱེ་བ་གཅིག་ནས་ཤི་འཕོས་ཏེ་སྐྱེ་བ་གཅིག་ཏུ་སྐྱེ་བའི་སྐྱེ་བ་ཐམས་ཅད་དུ་ཁྱིམ་གྱི་གནས་ལ་མ་ཆགས་ཤིང་། རྟག་ཏུ་རབ་ཏུ་འབྱུང་བར་གྱུར་ ཅིག་ཅེས་སྨོས་ཏེ། ཚིགས་སུ་བཅད་པ་གཅིག་པོ་དེ་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བའི་རྒྱུ་དང་པོ་ཡིན་ནོ། །དེ་བཞིན་དུ། །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །ཞེས་པ་ནི་དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས་ཇི་ལྟར་བསླབ་པ་དང་། སློབ་པ་དང་། སློབ་པར་འགྱུར་བ་དང་མཐུན་པར་ རྗེས་སུ་སློབ་པའོ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཞེས་བྱ་བ་ལ་སོགས་པ་ནི། །བཟང་པོ་སྤྱོད་པ་ནི་གོང་དུ་བཤད་པ་དང་འདྲ་སྟེ། སྤྱོད་པ་དེ་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པར་བྱ་བའོ། །དེ་ཡོངས་སུ་རྫོགས་པར་བྱེད་པས་ཅི་ཞིག་བྱ་ཞེ་ན། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་བྱ་བའི་སྤྱོད་པ་དེ་ལྟ་བུ་ལ་བྱའོ། །ཚུལ་ཁྲིམས་ནི་བདག་གཞན་གྱི་ལུས་དང་སེམས་ཀྱི་ཡོངས་སུ་གདུང་བའི་ཉོན་མོངས་པ་སེལ་བ་སྟེ། བསིལ་བར་བྱེད་པས་བསིལ་བྱེད་ཅེས་བྱའོ། །ཚུལ་ཁྲིམས་ནི་སྤྱད་པར་བྱ་བ་ཡིན་པས་ཚུལ་ཁྲིམས་སྤྱོད་པ་སྟེ། ཚུལ་ ཁྲིམས་ཀྱི་མཚན་ཉིད་ནི་སྤྱོད་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་ལས་འབྱུང་བའི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པའོ། །ཐེག་པ་དམན་པར་སེམས་བསྐྱེད་པ་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དང་ལྡན་པས་ཡོངས་སུ་དག་པའོ། །བྱང་ཆུབ་སེམས་ དཔའ་ཐམས་ཅད་བསླབ་པ་ལ་གུས་པར་བྱེད་པ་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ་མེད་པས། མི་འདྲལ་བས་མི་ཉམས་པའོ། །བཅས་པའི་ཁ་ན་མ་ཐོ་བ་མེད་པས་སྐྱོན་མེད་པའོ། །ཡང་ན་ཉམས་སུ་མྱོང་བའི་ཡུལ་ལ་དགའ་བ་དང་། མ་འོངས་པའི་ཡུལ་སྨོན་ཅིང་རེ་བ་དང་། ད་ལྟར་བྱུང་བ་ལ་ལྷག་ པར་ཆགས་པའི་མཚན་ཉིད་ཀྱི་སྲིད་པས་རྨ་མ་བྱུང་བས་ན་སྐྱོན་མེད་པའོ། །ཚུལ་ཁྲིམས་དེ་ལྟ་བུ་ནི་བྱང་ཆུབ་ཀྱི་བར་དུ་བསྲུང་དགོས་པ་ན། རྟག་ཏུ་སྤྱོད་པར་གྱུར་ཅིག་ཅེས་པ་སྟེ། ཚིགས་སུ་བཅད་པ་འདི་དག་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བ་གཉིས་པའོ། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། ། ཅེས་པ་ནས། ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་པའི་ཚིགས་སུ་བཅད་པ་ནི་ཚིག་གོང་མ་གཉིས་ཀྱི་བར་དུ་འབྱུང་བ་དང་། ཚུལ་ཁྲིམས་བསྲུངས་པས་བདག་གི་སེམས་ཀྱི་རྒྱུད་དག་པར་བྱས་ནས། །དེ་གཞན་ལ་ཕན་གདགས་པར་བསྟན་པ་སྟེ། སེམས་ཅན་ཐ་དད་པ་ཇི་སྙེད་ ཡོད་པའི་སྐད་མཐའ་དག་ཤེས་ནས་དེ་དག་སོ་སོའི་སྐད་ཀྱིས་དེ་དག་ཐམས་ཅད་ལ་རྟག་ཏུ་ཆོས་སྟོན་པར་གྱུར་ཅིག་པའོ། །འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་གསུམ་པའོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །ཞེས་པ་ནི། དེས་པ་ནི་སེམས་ཅན་ རྣམས་ལ་སེམས་མཉན་པ་སྟེ། སྙིང་རྗེ་ཞིང་འགྲོགས་ན་བདེ་བའོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུའོ། །དེ་ལ་བརྩོན་པ་ནི་ཡོངས་སུ་མི་སྐྱོ་བར་དེ་ལ་སྦྱོར་བར་གྱུར་ཅིག་པའོ། །བྱང་ཆུབ་སེམས་ནི་ནམས་ཀྱང་བརྗེད་མ་གྱུར། །ཞེས་པ་ལ་བྱང་ཆུབ་སེམས་ནི་བླ་ན་མེད་ པའི་བྱང་ཆུབ་གོང་དུ་སྨོས་པ་ལྟ་བུ་འདོད་ཅིང་། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་བྱ་བར་སྨོན་པའོ། །དེའི་རྩ་བ་ནི་སྙིང་རྗེའོ། །སེམས་དེ་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་གཉིས་ཏེ། དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་ འཁོར་བ་ལས་མ་བརྒལ་བ་རྣམས་བསྒྲལ་བ་དང་། ཉོན་མོངས་པ་ལས་མ་གྲོལ་བ་རྣམས་ལ་སྒྲོལ་བ་དང་། སྡུག་བསྔལ་གྱིས་གཟིར་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་ པ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱའོ་སྙམ་དུ་སེམས་ཤིང་། འགྲོ་བ་ལ་ཕན་པའི་ཕྱིར་བདག་སངས་རྒྱས་སུ་གྲུབ་པར་ཤོག་ཤིག་ཅེས་སྨོན་པའོ། །དོན་དམ་པའི་སེམས་ནི་ཆོས་ཐམས་ཅད་བདག་མེད་པའི་མཉམ་པ་ཉིད་ཀྱི་རང་བཞིན་སེམས་གཟོད་མ་ནས་མ་སྐྱེས་ལ། སྟོང་པ་ཉིད་ཀྱི་རང་བཞིན་དུ་སྨོས་པ་དང་། རྟོགས་ཤིང་མངོན་པར་གྱུར་ཏེ། དེས་ཤིང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པར་བྱེད་པས་བྱང་ཆུབ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་རྩ་བ་དང་བཅས་པ་རྣམ་པར་བརྗེད་པར་མ་གྱུར་ཅིག་པའོ། །ཚིག་རྐང་གཉིས་པོ་དེས་ནི་བྱང་ཆུབ་ཀྱི་ སེམས་མི་བརྗེད་པའི་རྒྱུ་བཞི་པོ་ཡིན་ཏེ། དེ་ལྟར་ཚིགས་སུ་བཅད་པ་ཕྱེད་དང་བཞིས་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བ་ནི་མི་མཐུན་པའི་ཕྱོགས་སྒྲིབ་པ་རྣམས་ཀྱི་གཉེན་པོ་བསྟན་ཏོ། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག ། ཅེས་པའི་ཚིག་རྐང་གཉིས་པོ་དེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མི་མཐུན་པའི་ཕྱོགས་སྤངས་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ལ་སྒྲིབ་ཅིང་བར་ཆད་བྱེད་པའི་སྡིག་པ་ནི་འདོད་ཆགས་ཞེ་སྡང་ལ་སོགས་པ་ཡིན་པས་དེ་དག་ཐམས་ཅད་མ་ལུས་པར་བྱང་བར་གྱུར་ཅིག་པའོ།། །།གསུམ་ པ་མི་ཆགས་པར་སྦྱོར་བ་ནི། གང་ལ་མི་ཆགས་པར་སྟོན་ཏེ་གང་ལ་མི་ཆགས་པར་སྦྱོར་ཞེ་ན། ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །ཞེས་པ་ནི། ལས་ནི་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་དང་གསུམ་ཡོད་པ་ལས་མི་དགེ་བ་ལ་བྱའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་ སོགས་པ་ལུས་དང་སེམས་ཉོན་མོངས་པར་བྱེད་པ་རྣམས་སོ། །བདུད་ནི་དགེ་བའི་སྲོག་གི་བར་ཆད་བྱེད་པ་བྱང་ཆུབ་དང་མི་མཐུན་པར་བྱེད་ཅིང་དམ་པའི་ཆོས་ལོག་པར་བྱེད་པ་སྟེ། ཆོས་ཀྱིས་འཚོ་བའི་བར་ཆོད་བྱེད་ཅིང་གསོད་པས་བདུད་དོ། །དེའི་ལམ་མམ་ལས་ནི་ཕན་ པ་དང་བདེ་བ་མེད་པར་ཞུགས་པ་དང་། ཕན་པའི་དངོས་པོ་ལ་རྒྱུས་རྣམ་པར་ཐོ་འཚམས་ཤིང་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སྤྱོད་དུ་འཇུག་པ་སྟེ། དེ་ལྟར་ན་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལས་ནི་འཁོར་བར་འཆིང་བ་ཡིན་པས། འཇིག་རྟེན་གྱི་འགྲོ་བ་དག་ལ་ གནས་པའི་ཚེ་དེ་ལས་གྲོལ་ཞིང་དེ་དག་གི་མི་ཆགས་པར་དེ་དག་དབང་དུ་མི་འགྱུར་བར་སྤྱོད་པར་གྱུར་ཅིག་པའོ། །གང་དུ་ཞེ་ན། གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཞེས་པ་ནི་འཇིག་རྟེན་གྱི་འགྲོ་བ་ལྷ་ལ་སོགས་པ་འགྲོ་བ་ལྔ་པོ་དག་ན་གནས་པའི་ཚེའོ། །ཇི་ལྟར་ མི་ཆགས་པར་སྦྱོར་ཞེ་ན། ཇི་ལྟར་པདྨ་ཆུས་མི་ཆགས་པ་བཞིན། །ཞེས་པ་ནི་སྤྱོད་པར་ཤོག་ཅིག་པར་སྦྱར་ཏེ་དཔེར་ན་པདྨ་ཆུ་ལས་སྐྱེས་ཀྱང་ཆུ་དང་འདམ་རྫབ་ཀྱིས་མི་གོས་པ་བཞིན་དུ། འཇིག་རྟེན་གྱི་འགྲོ་བ་དག་ན་གནས་ཀྱང་མི་དགེ་བའི་ལས་དང་ཉོན་མོངས་པ་དང་། བདུད་ཀྱི་ལམ་གྱིས་མི་གོས་པར་སྤྱོད་པར་གྱུར་ཅིག་པའོ། །ལས་དགེ་བ་དང་མི་གཡོ་བའི་འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ་མེད་ཅིང་ཆགས་པ་མེད་པར་འགྲོ་བ་རྣམས་ཀྱི་དོན་འབའ་ཞིག་བྱེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ཏེ། དཔེར་ན། ཉི་ཟླ་ནམ་མཁར་ ཐོགས་པ་མེད་ལྟར་སྤྱོད། །ཅེས་སྦྱར་བ་ཡིན་ཏེ། དཔེར་ན་ཉི་ཟླ་ནི་གཞན་གྱི་དོན་བྱེད་ཅིང་རྟག་ཏུ་ནམ་མཁའ་ལ་ཐོགས་པ་མེད་ཅིང་ལན་ལ་མི་རེ་བ་བཞིན་དུ་བདག་ཀྱང་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་སྤྱད་ཀྱང་ལན་ལ་མི་རེ་ཞིང་ཆགས་པ་མེད་པ་ཁོ་ནར་ སྤྱོད་པར་གྱུར་ཅིག་པའོ།། །།ད་ནི་བཞི་པ་ཚེ་འདི་དང་ཚེ་ཕྱི་མར་སེམས་ཅན་མ་ལུས་པ་ལ་ཕན་གདགས་པ་ནི། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །ཅེས་པ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཞིང་གི་ཁྱོན་ ཕྱོགས་བཅུ་ཇི་ཙམ་ཡོད་པ་དེ་དག་ཐམས་ཅད་དུ་ངན་སོང་གི་སྡུག་བསྔལ་མཐའ་དག་ཞི་བར་གྱུར་ཅིག་པའོ། །ངན་སོང་ནི་བདེ་འགྲོ་ལས་ལྟུང་སྟེ་འོག་ཏུ་སོང་བ་དེའི་སྡུག་བསྔལ་མི་བཟད་ཅིང་དྲག་པས་དེ་ཞི་བར་བྱ་བའི་ཕྱིར་སྨོས་སུ་ཟིན་ཀྱང་ཁམས་གསུམ་སྡུག་བསྔལ་ཀུན་ཞི་ པར་བྱའོ་སྙམ་པའོ། །བདེ་བ་དག་ལ་འགྲོ་བ་ཀུན་དགོད་ཅིང་། །ཞེས་བྱ་བས་ཀྱང་སྡུག་བསྔལ་ཞི་བར་བྱས་ནས། ཡང་ཚེ་འདི་ལ་འགྲོ་བ་ཐམས་ཅད་བདེ་བར་གྱུར་ཅིག་པའོ། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །ཅེས་པ་ནི་མ་འོངས་པའི་དུས་ན་ཡང་སེམས་ཅན་ཀུན་ལ་ ཕན་པར་སྤྱད་པར་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བྱ་ཞིང་། ཡོངས་སུ་མི་སྐྱོ་བར་བྱང་ཆུབ་ཐོབ་པར་གྱུར་ཅིག་པའོ།། །།ལྔ་བ་གོ་ཆ་བགོ་བ་ལ་གསུམ་སྟེ། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་འཇུག་ པར་བྱ་བ་དང་། དམ་པའི་ཆོས་རབ་ཏུ་བསྟན་པར་བྱ་བའོ། །དེ་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་ནི། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སྤྱོད་པ་ནི་སྔར་བཤད་པ་བཞིན་ནོ། །དེ་ཡོངས་སུ་རྫོགས་པར་བྱ་བ་ནི་བསྒྲུབ་ པའོ། །སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་འཇུག་པ་ནི། སེམས་ཅན་ཀུན་གྱི་སྤྱོད་དང་མཐུན་པར་འཇུག །ཅེས་པ་སྟེ། སེམས་ཅན་རྣམས་ལ་ཚེ་རབས་ཐམས་ཅད་དུ་གཡོ་སྒྱུ་མེད་པའི་རང་བཞིན་དང་། བཀའ་བློ་བདེ་བ་ཡིད་དང་མཐུན་པར་སྤྱོད་པའོ། །དམ་ པའི་ཆོས་རབ་ཏུ་བསྟན་པར་བྱ་བ་ནི། བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཞིང་། །ཞེས་པ་སྟེ། སྤྱོད་པ་བཟང་པོ་རླབས་པོ་ཆེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་སྟོན་ཅིང་སྒྲོགས་པར་བྱེད་པའོ། །མ་འོངས་བསྐལ་བ་ཀུན་དུ་སྤྱོད་པར་འགྱུར། །ཞེས་པ་ནི་གསུམ་ཆར་དང་སྦྱར་ཏེ། དུས་དེ་སྲིད་དུ་མི་སྐྱོ་བར་རྟག་ཏུ་སྤྱོད་པར་བྱའོ། །བསྐལ་བ་ཞེས་པ་ནི་བར་གྱི་བསྐལ་བ་ལ་སོགས་པ་བསྐལ་བ་མང་སྟེ། དེ་བསྐལ་པ་དང་པོ་ནི་མིའི་ཚེ་ལོ་དཔག་ཏུ་མེད་པ་ནས་བཟུང་སྟེ། རིམ་གྱིས་ཚེ་ལོ་བཅུ་པའི་བར་དུ་མར་འགྲིབ་པ་དེ་ནི་བར་གྱི་བསྐལ་བ་གཅིག་གོ། ། ཡང་དེ་ནས་ཚེ་ལོ་བརྒྱད་ཁྲིའི་བར་དུ་གྱུར་ལ། འགྲིབ་པའི་རིམ་གྱིས་ཚེ་ལོ་བཅུ་པར་གྱུར་བའི་བར་དེ་ནི་ཡར་སྐྱེ་བ་དང་མར་འགྲིབ་པ་ཞེས་བྱ་བ་བར་གྱི་བསྐལ་བ་གཉིས་པ་སྟེ། བར་གྱི་བསྐལ་བ་བརྒྱད་ཅུ་ལ་བསྐལ་བ་ཆེན་པོ་གཅིག་གོ། །དེ་ལ་སོགས་པ་བསྐལ་བ་ཆེན་པོ་ དཔག་ཏུ་མེད་པར་གྱུར་ཅིག་པའོ།། །།ད་ནི་དྲུག་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་དང་སྨོན་ལམ་དག་གིས་སྐལ་བ་མཐུན་པའི་བྱང་ཆུབ་སེམས་དཔའ་དང་འགྲོགས་པར་བྱ་བ་ནི། བདག་གི་སྤྱོད་པ་ཞེས་པ་བྱང་ཆུབ་སེམས་དཔའ་གང་དག་བདག་དང་སྤྱོད་པ་ མཚུངས་ཤིང་འདྲ་བ་དེ་དག་བདག་ཀྱང་བྱང་ཆུབ་ཀྱི་བར་དུ་རྟག་ཏུ་ལྷན་ཅིག་ཕྲད་ཅིང་འགྲོགས་པར་ཤོག་ཅིག་པའོ། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་དེ་དག་ཁོ་ན་དང་ལྷན་ཅིག་ཁོང་ཁྲོ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་མེད་པའི་གནས་པས་བྱང་ཆུབ་སེམས་དཔའི་སྤྱོད་ པ་གཅིག་པ་དང་། སྨོན་ལམ་གཅིག་ཏུ་སྤྱད་པར་བྱའོ་ཞེས་བྱ་བ་ཡིན་ནོ།། །།བདུན་པ་ཕན་པར་སེམས་དཔའི་གདམས་ངག་བཞིན་དུ་བསྒྲུབས་པ་དག་གིས་དགེ་བའི་བཤེས་གཉེན་མགུ་བར་བྱ་བ་ནི། བདག་ལ་ཕན་པར་འདོད་པའི་གྲོགས་པོ་གང་། ། ཞེས་པ་ལ་སོགས་པ་སྟེ། བདག་ལ་ཕན་པར་འདོད་པའི་གྲོགས་དགེ་བའི་བཤེས་གཉེན་བཟང་པོ་སྤྱོད་པ་སྟོན་ཅིང་འཆད་པར་བྱེད་པ་ཆོས་སྨྲ་བ་གང་དག་ཡིན་པ་དེ་དག་དང་རྟག་ཏུ་འགྲོགས་པ་དང་། དེ་དག་རྣམས་ཀྱང་རེས་འགའ་ཡང་ཅུང་ཟད་ཀྱང་ཡིད་མི་འབྱུང་ཞིང་ བྱང་ཆུབ་ཀྱི་བར་དུ་དུས་ཐམས་ཅད་དུ་མཐུན་པར་འཇུག་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ།། །།བརྒྱད་པ་དེ་བཞིན་གཤེགས་པ་མངོན་སུམ་དུ་བྱ་བ་ནི་འཁོར་དང་དུས་དང་མི་སྐྱོ་བ་དང་། མཆོད་པར་བྱ་བ་དག་གིས་སོ། །དེ་དང་པོ་འཁོར་ནི། སངས་རྒྱས་ སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །ཞེས་པ་སྟེ། ཕྱོགས་བཅུ་ཀུན་གྱི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བའི་མགོན་པོ་འགྲོ་བའི་གཉེན་གཅིག་པུ་ལ་རབ་རིབ་ལ་སོགས་ པ་མེད་པའི་ལྷའི་མིག་གིས་རྟག་ཏུ་མངོན་སུམ་དུ་ལྷག་གེར་བལྟ་ཞིང་། ལྟ་བ་འབའ་ཞིག་གིས་མི་ཆོག་གི། དེ་དག་རེ་རེ་ལ་ཡང་རྒྱུན་དུ་སྐད་ཅིག་གཅིག་ལ་མཆོད་པ་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ནམ་མཁའི་གཏོས་དང་མཉམ་པ། ཆོས་ཀྱི་དབྱིངས་ཀྱིས་ ཁྱབ་པས་མཆོད་པར་བྱའོ། །ཞེས་པས་མཆོད་པ་བསྟན་ཏོ། །དུས་ཇི་སྲིད་དུ་མཆོད་ཅེ་ན། མ་འོངས་བསྐལ་བ་ཀུན་དུ་སྟེ། མ་འོངས་བསྐལ་པ་ཕྱི་མིའི་མཐར་ཐུག་པར་རོ། །ཅི་ཞེ་ན། མི་སྐྱོ་བར་ཏེ། དེ་སྲིད་དུ་སྐྱོ་བ་མེད་པའི་ཡིད་ཀྱིས་མཆོད་པ་བླ་ན་མེད་པ་དག་གིས་མཆོད་ཅིང་བལྟ་བར་བྱའོ་ཞེས་བྱ་ བ་ཡིན་ནོ།། །།ད་ནི་དགུ་པ་དམ་པའི་ཆོས་ཡོངས་སུ་གཟུང་བ་ནི་འཛིན་པ་དང་། སྟོན་པ་དང་། སྦྱོར་བ་དག་གིས་ཏེ། དེ་གཟུང་བ་ནི། རྒྱལ་བ་དག་གི་དམ་པའི་ཆོས་འཛིན་ཞིང་། །ཞེས་པ་ལ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་བཤད་པའི་ཆོས་གསུང་རབ་ཡན་ལག་ བཅུ་གཉིས་པོ་གང་ཡིན་པ་དེ་དག་ཐམས་ཅད་བདག་ཉིད་མི་བརྗེད་པའི་གཟུངས་ཀྱི་སྟོབས་ཀྱིས་ཚིག་འཛིན་ཞིང་ཡང་དག་པར་དོན་འཛིན་པ་དང་། སྟོན་པ་ནི། བྱང་ཆུབ་སེམས་དཔའ་ཀུན་དུ་སྣང་བར་བྱེད། ཅེས་པ་སྟེ། བྱང་ཆུབ་ཀྱི་སྤྱོད་པ་ཆོས་བཤད་པའི་ངོ་བོ་ཉིད་ཀྱང་འགྲོ་བ་ལ་ ཀུན་དུ་སྣང་བར་བྱེད་དེ། ཡོངས་སུ་སྣང་བར་བྱེད། སྟོན་པར་བྱེད། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པའོ། །འདི་ལྟར་བྱང་ཆུབ་སྤྱོད་པ་ཞེས་བྱ་བ་ནི་དེ་ལྟར་རབ་ཏུ་སྟོན་པར་བྱེད་པའི་ཚིག་རྣམས་ལ་བྱའོ། །སྦྱོར་བ་ནི། བཟང་པོ་སྤྱོད་པ་རྣམ་པར་སྦྱང་བ་ཡང་། ཞེས་པ་སྟེ། བཟང་པོ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །དེ་ལ་རྣམ་པར་སྦྱོང་བ་ནི་སྐྱོན་མ་ལུས་པ་ཐག་བསྲིངས་པས་དྲི་མ་དང་བྲལ་བར་བྱེད་པའོ། །དེ་ཡང་ཇི་སྲིད་དུ་བཞུགས་ཤེ་ན། མ་འོངས་བསྐལ་བ་ཀུན་དུ་སྤྱོད་པར་བགྱི། །ཞེས་པ་སྟེ། མ་འོངས་པའི་བསྐལ་པ་ཐམས་ཅད་ཀྱི་ མཐའི་བར་དུ་སྤྱད་པར་བྱ་འབད་པར་བྱའོ་ཞེས་བྱ་བ་ཡིན་ནོ།། །།དེ་ནི་བཅུ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་ཡང་དག་པར་བསྒྲུབས་པས་མི་ཟད་པའི་མཛོད་འཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བསམ་པ་ནི། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཞེས་པ་ལ། སྲིད་པ་ནི་འབྱུང་བ་སྟེ་ཁམས་གསུམ་ཐམས་ཅད་དུ་སྨོན་ལམ་གྱི་དབང་དང་། ལས་ཀྱི་དབང་གིས་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉམས་སུ་མྱོང་བ་ནི་འཁོར་བའོ། །དེ་ལ་བསོད་ནམས་ནི་སྡིག་པ་སེལ་བ་ དང་། དགེ་བ་བྱེད་པ་དང་། གཙང་མར་བྱེད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཕྱོགས་སམ། བསོད་ནམས་ཀྱི་ཚོགས་སུ་གཏོགས་པ་ཐམས་ཅད་དོ། །ཡེ་ཤེས་ནི་བདག་མེད་པར་རྟོག་པ་སྟེ་སྤྲོས་པའི་རྟོག་པ་ཐམས་ཅད་དང་བྲལ་བ། རྣམ་པར་མི་རྟོག་སྟེ། སངས་རྒྱས་ཐོབ་པའི་རྒྱུ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་དེ་ལྟ་བུ་ནམ་ཡང་ཟད་པར་མི་འགྱུར་བ་དེ་ལྟ་བུ་ཐོབ་ནས། ཤེས་རབ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་མཛོད་མི་ཟད་པ་ཐོབ་པར་ཤོག་ཤིག་ཅེས་བྱ་བ་དང་སྦྱར་རོ། །ཐབས་དང་ཤེས་རབ་ཏིང་འཛིན་ རྣམ་ཐར་དང་། །ཞེས་པ་ལ། ཐབས་ནི་ཤེས་རབ་ཀྱི་བྱེ་བྲག་ཉིད་དེ། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོར་བྱེད་པ་དང་། ཚེགས་ཆུང་ངུ་ལས་གྲུབ་པའི་དོན་ཆེན་པོར་བྱེད་པའོ། །དེ་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོར་གྲུབ་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་ བའི་རྩ་བ་ཆུང་ངུས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོས་པས་ཟད་མི་ཤེས་པར་བྱེད་པས། གཞན་གྱི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཆེན་པོར་བསྔོས་པར་འཇུག་པས་ཟད་མི་ཤེས་པ་སྟེ། བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའོ། །དེ་ལ་ཚེགས་ཆུང་ངུས་གྲུབ་པ་ནི། བདག་དང་ གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་དག་སླ་བས་སྒྲུབ་པར་བྱེད་པའོ། །དེ་ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་དེ་དེ་ལ་རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པའོ། །ཏིང་ངེ་འཛིན་ནི་སེམས་མཉམ་པར་འཇོག་ཅིང་རྩེ་གཅིག་པའི་མཚན་ ཉིད་དེ། ནམ་མཁའ་མཛོད་དང་དྲི་མ་མེད་པའི་ཕྱག་རྒྱ་ལ་སོགས་པའོ། །རྣམ་པར་ཐར་པ་ནི་ཉོན་མོངས་པ་ལས་འགྲོལ་བའི་མཚན་ཉིད་དེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྙིང་རྗེ་ལ་བརྟེན་པ་དང་། སྒྱུ་མ་ལྟ་བུར་གྱུར་པ་ལ་ཞེས་པ་ལ་སོགས་པའོ།། །།བཅུ་ གཅིག་པ་འཇུག་པ་ལ་བརྒྱད་དེ། སངས་རྒྱས་དང་དེའི་ཞིང་བལྟ་བ་ལ་འཇུག་པ་གཉིས་དང་། སངས་རྒྱས་ཀྱི་གསུང་ལ་འཇུག་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དང་། བསྐལ་པ་ལ་འཇུག་པ་དང་། དེ་བཞིན་གཤེགས་པ་ལ་བལྟ་བ་དང་དེའི་སྤྱོད་ཡུལ་ལ་ འཇུག་པ་དང་། སངས་རྒྱས་ཀྱི་ཞིང་མངོན་པར་འགྲུབ་པ་ལ་འཇུག་པ་དང་། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པའོ། །སངས་རྒྱས་དང་དེའི་ཞིང་བལྟ་བ་ལ་འཇུག་པ་ལ་གཉིས་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞེས་བྱ་བ་ལ་སོགས་པ་ ཚིགས་སུ་བཅད་པ་གཉིས་སྤྱིར་བཤད་པ་བསྟན་ཏོ། །དེ་ལ་རྡུལ་ཕྲ་རབ་གཅིག་གི་སྟེང་ན་ཡང་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀྱི་ཞིང་མཐོང་བར་གྱུར་ཅེས་སྨོན་པའོ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་ བཞུགས་པ་དག །ཅེས་པ་ནི། ཞིང་རེ་རེའི་སྟེང་ན་སངས་རྒྱས་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་སེམས་དཔའི་དབུས་ན་བཞུགས་པ་དག་མཐོང་བར་གྱུར་པ་སྟེ་དེ་ལྟར་མོས་པའོ། །དུས་གང་གི་ཚེ་ན་མཐོང་བར་སྨོན་ཞེ་ན། བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །ཞེས་བྱ་སྟེ། གོང་དུ་སྨོས་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། ཞིང་དེ་སྙེད་སངས་རྒྱས་འཁོར་དང་བཅས་པ་དེ་སྙེད་མཐོང་བར་ཤོག་ཅིག་པའོ། །སྐབས་འདིར་ཁ་ཅིག་འདི་སྐད་རྒོལ་ཏེ། རྡུལ་གཅིག་གི་སྟེང་ན་སངས་རྒྱས་ཀྱི་ཞིང་གཅིག་གི་རྣམ་པར་དབྱེ་བ་དེ་དག་ཀྱང་མཐོང་བར་མི་འགྱུར་ན། སངས་ རྒྱས་ཀྱི་ཞིང་ཕྱོགས་བཅུ་དག་ཏུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་རྣམས་དང་ཞིང་རེ་རེ་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དབུས་ན་བཞུགས་པ་བསམ་གྱིས་མི་ཁྱབ་པ་དག་མ་འདྲེས་པར་སོ་སོ་ན་བཞུགས་པ་མཐོང་བར་ག་ལ་རུང་སྟེ། བྱང་ཆུབ་ སེམས་དཔའ་ནི་དོན་མེད་པར་སྨོན་པ་མ་ཡིན་ན། མི་སྲིད་པ་འདི་ལྟ་བུར་སྨོན་ཀྱང་མི་ཕན་ཟེར་ན། དེ་ནི་དེ་ལྟར་མ་ཡིན་ཏེ། དཔེར་ན་ལས་ཀྱི་སྤྲུལ་པ་འཇིག་རྟེན་གྱི་ཁམས་སྣྲེལ་གཞི་དང་སྤྱིའུ་ཚུགས་ལ་སོགས་པ་ཐ་དད་པ་ཡོད་པ་བཞིན་དུ་ཡེ་ཤེས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་ པ་འདི་ཡོད་དུ་མི་རུང་བ་ཅི་ཡོད་དེ། དེའི་ཁུངས་ཀྱང་བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །བསམ་གཏན་ལས་དང་ཀླུ་རྣམས་དང་། །སངས་རྒྱས་བདག་ཉིད་ཆེ་རྣམས་ཀྱི། །བསམ་གྱིས་མི་ཁྱབ་ བཞིར་བཤད་དོ། །ཞེས་བསམ་གཏན་དང་། ལས་དང་ཀླུ་དང་སངས་རྒྱས་ཀྱི་མཐུ་ཡང་བསམ་གྱིས་མི་ཁྱབ་ཅེས་བཀའ་སྩལ་ལ། སངས་རྒྱས་ཀྱི་གསུང་རབ་ལས་བྱུང་བའི་དོན་མངོན་སུམ་དུ་མ་གྱུར་པ་ལ་ཐེ་ཚོམ་ཟ་བ་རྣམས་ཀྱིས་ནི་ཚུལ་བཟང་པོ་ལ་རྟོག་པ་མཉན་པ་ལས་ བྱུང་བ་བསམ་པའི་ཤེས་རབ་བསྐྱེད་པར་བྱའོ་ཞེས་ཀྱང་བཤད་པའི་སྟེང་དུ་ཕལ་པ་དག་གི་མིག་ལམ་ན་ཡང་སྣོད་ཆུང་ངུའི་ནང་དུ་ཉི་ཟླ་དང་སྐར་མ་ལ་སོགས་པས་བརྒྱན་པའི་ནམ་མཁའ་ཐམས་ཅད་ཀྱི་གཟུགས་བརྙན་དུ་རུང་སྟེ། གཏན་ཚིགས་དེའི་ཕྱིར་ཏེ། ཆོས་ཐམས་ ཅད་གཟུགས་བརྙན་དང་སྤྲུལ་པ་དང་རྨི་ལམ་དང་འདྲའོ་ཞེས་བཀའ་སྩལ་ཏེ། དེ་རྨི་ལམ་དང་འདྲ་བའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །དེ་ལྟ་བས་ན་དེ་ཡང་མི་སྲིད་པ་མིན་ཏེ། དེ་ལྟར་སེམས་སྦྱངས་ནས་མོས་པ་བྱའོ། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །ཞེས་ པ་ནི། ཇི་ལྟར་རྡུལ་ཕྲ་རབ་གཅིག་གི་སྟེང་དུ་ཡང་དེ་སྙེད་མཐོང་བར་མོས་པ་དེ་བཞིན་དུ། ཕྱོགས་བཅུ་མ་ལུས་པ་ཐམས་ཅད་དུ་ཡང་རྡུལ་ཕྲ་རབ་རེ་རེའི་སྟེང་དུ་དེ་སྙེད་ཀྱི་ཞིང་དང་། དེ་སྙེད་ཀྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་ན་བཞུགས་པ་དག་མཐོང་ བར་གྱུར་ཅིག་པ་སྟེ། འདི་ནི་འཇུག་པ་སྟེ་ཕྱོགས་ལ་ཁྱབ་པ་སྟོན་ཏེ། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་མེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །ཅེས་བྱ་བ་ནི་སྤུ་ཉག་མ་གཅིག་གི་ཁྱོན་ཙམ་ན་དུས་ གསུམ་དུ་ཐུག་པ་མེད་པའི་ཚད་ཀྱི་སངས་རྒྱས་རྒྱ་མཚོའམ་མཚོ་ཡས་སྙེད་དག་བཞུགས་པ་དག་སངས་རྒྱས་རྒྱ་མཚོ་འམ་མཚོ་ཡས་སྙེད་མང་པོ་དག་ཡོད་པ་བསྐལ་པ་རྒྱ་མཚོའམ་མཚོ་ཡས་སྙེད་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་མཐོང་བར་འགྱུར་རོ། །ཡང་ན་སྐྲ་ཙམ་ཁྱོན་ཞེས་པ་ནི་ བྱིས་པའི་ལམ་ཞེས་ཀྱང་བྱ་སྟེ། བྱིས་པ་ནི་དགེ་བ་མི་ཤེས་ཏེ་བསྟན་དགོས་པའོ། །དེའི་ལམ་ནི་འཇིག་རྟེན་གྱི་ཁམས་མ་དག་པ་སྟེ། ཉིན་མཚན་དང་ལོ་ཟླ་ཡོད་པས་དུས་གསུམ་རྣམ་པར་གཞག་པ་དེ་ཁ་ཅིག་གིས་འཛམ་བུའི་གླིང་འགའ་ཞིག་བྱིས་པའི་ལམ་ཞེས་བཤད་དོ། །དེས་ནི་སངས་ རྒྱས་དང་དེའི་ཞིང་བལྟ་བ་ལ་འཇུག་པ་སྟེ་དུས་ལ་ཁྱབ་པར་འཇུག་པ་བསྟན་ཏོ། །གཉིས་པ་སངས་རྒྱས་ཀྱི་གསུང་ལ་འཇུག་པ་ནི། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །ཞེས་པ་ལ། གསུང་གི་ཆ་གཅིག་ནི་གསུང་གི་ཆ་ཤས་གཅིག་སྟེ། སེམས་ཅན་གྱི་སྐད་སྣ་ ཚོགས་ལས་སྐད་གང་ཡང་རུང་བ་གཅིག་པ་ལ་ཚིག་གཅིག་བརྗོད་བྱའི་ཐ་ཚིག་གོ། །རྒྱ་མཚོ་ཞེས་པ་ནི་རྒྱ་མཚོའམ་མཚོ་ཡས་སྙེད་ཀྱི་སྐད་ཀྱིས་གསུང་གཅིག་བརྗོད་པ་ན། གསུང་གཅིག་པོ་ལ་སེམས་ཅན་སོ་སོའི་སྐད་ཐ་དད་པ་མང་པོ་རྒྱ་མཚོ་སྙེད་ཡོད་པའོ། །རྒྱལ་བ་ཀུན་ དབྱངས་ཡན་ལག་རྣམ་དག་པ། །ཞེས་པ་ནི། དེ་ལྟར་གསུང་གཅིག་ལ་སྐད་མཐའ་དག་འབྱུང་བས་རྣམ་པར་དག་པའོ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །ཞེས་པ་ནི། སེམས་ཅན་བསམ་པ་མཐའ་དག་གིས་ཞུ་བའི་དོན་ཐ་དད་པ་མང་པོའི་སྐད་དང་། ཡི་གེ་ཐ་དད་ པ་གཅིག་གིས་དུས་གསུམ་དུ་གཅིག་པར་བཞུགས་པ་རྣམས་ཀྱི་གསུང་ལན་ཅིག་བརྗོད་པ་ལས་ཡིད་བཞིན་དུ་སོ་སོའི་སྐད་དུ་ཡང་ཐོས། དོན་ལ་གོ། །ཐེ་ཚོམ་ཡང་གཅོད། དགའ་མགུ་ཡི་རང་སྟེ། སངས་རྒྱས་ལ་བསྟོད་པ་ལས། མོས་པ་དུ་མར་ལྡན་པའི་འཁོར། །མང་པོ་འདུན་ པར་གྱུར་པ་ལ། །གསུང་གཅིག་བརྗོད་པ་མཛད་མོད་ཀྱི། །རྣམ་པ་དུ་མར་གོ་གྱུར་པ། །བདག་གི་ཆེད་དུ་སྙམ་ན་ཡང་། །སྐྱེ་བོ་ཀུན་གྱིས་ཁོང་དུ་ཆུད། །རྨད་བྱུང་དེ་ལས་ཆེ་ཅི་ཡོད། །དེ་ལས་ངོ་མཚར་ཆེ་ཅི་ཡོད། །ཅེས་འབྱུང་བ་ལྟ་བུའོ། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །ཞེས་ པ་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་རྣམ་པར་དག་པ་ནི་འགྲོ་བ་ཀུན་གྱི་བསམ་པ་དང་མཐུན་པར་འབྱུང་བ་ཐམས་ཅད་བདག་གིས་དུས་གཅིག་ཏུ་ཐོས་ཤིང་དོན་ཡང་གོ། །གཟུངས་སུ་ཡང་འཛིན་པར་གྱུར་ཅིག་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་འབྱུང་བ། ལྷའི་རྣ་བའི་ མངོན་པར་ཤེས་པའི་ཡེ་ཤེས་དེས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཐོས་ཏེ། དེ་བཞིན་གཤེགས་པ་གཅིག་གི་ཆོས་མཉན་ན། དེ་བཞིན་གཤེགས་པ་གཉིས་པའི་ཆོས་བསྟན་པ་ལ་སྒྲིབ་པར་མི་བྱེད་དེ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ལ་སྔ་ཕྱི་མེད་པར་ འཛིན་ཏོ་ཞེས་གསུངས་པ་དེ་ལྟ་བུར་ཐོབ་པར་གྱུར་ཅིག་ཅེས་སྨོན་པའོ། །གསུམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་ནི། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་ནི་རབ་ཏུ་བསྐོར་བར་བགྱི། །ཞེས་བྱ་བ་སྟེ། འདས་པ་དང་། དེ་ལྟར་དང་། མ་འོངས་པའམ། ཡང་ན་སྐད་ཅིག་མ་ལ་སོགས་པའི་དུས་ལ་བྱའོ། །གཤེགས་པ་ནི་སེམས་ཅན་དང་མཐུན་པར་གཤེགས་པ་སྟེ། བྱ་དང་རི་དགས་ལ་སོགས་པ་ཡང་མི་སྐྲག་པར་གཤེགས་པའོ། །འཁོར་ལོ་ནི་ཤིང་རྟའི་འཁོར་ལོ་འདྲིལ་ཞིང་འགྲོ་བ་དང་འདྲ་བར་སེམས་ཅན་གྱི་ ཤེས་པའི་རྒྱུད་ལ་ཆོས་བསྟན་པ་ཡང་ཕ་རོལ་ཉན་པ་དག་གི་རྒྱུད་ལ་གོ་བར་བྱེད་པས་འཁོར་ལོ་ཞེས་བྱ་བའོ། །ཚུལ་ཞེས་པ་ནི་སེམས་ཅན་མོས་པ་ཐ་དད་པ་དག་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལམ། ཀུན་བརྗོད་པའི་ཆོ་འཕྲུལ་ལམ། རྗེས་སུ་བསྟན་པའི་ཆོ་འཕྲུལ་བསྟན་པས་ འདུལ་བའམ། ཚིག་དྲག་པོས་འདུལ་བའམ། འཇམ་པོས་འདུལ་བའམ། དྲག་དལ་གཉིས་ཀས་འདུལ་བ་ལ་སོགས་ཐབས་གང་དང་གང་དུ་འདོད་ཆགས་ལ་སོགས་པ་སྤྱོད་པ་ལ་མི་གཡེང་བར་བསྟན་པ་ལ་སོགས་པ་དང་། སེར་སྣ་ཅན་ལ་སྦྱིན་པའི་གཏམ་བརྗོད་པ་ལ་སོགས་ པའི་ཆོས་བསྟན་པ་དག་དང་། གང་དུ་ཡོངས་སུ་སྦྱིན་པར་བྱ་བ་དང་། རྣམ་པར་གྲོལ་བའི་དུས་ལ་བབ་པའི་དུས་གང་དང་གང་དུ་བཤད་ནས་འདུལ་བར་གྱུར་བའི་ས་གང་ནས་གང་དུ་བཅས་པར་མཛད་ནས། རིགས་པའི་ཐབས་དེ་དག་དང་། ཆོས་བསྟན་པ་དེ་དག་དང་། ཡུལ་ དེ་དག་ཏུ་འཁོར་ལོ་བསྐོར་བའོ། །བསྐོར་བར་བགྱི་ཞེས་པ་ནི་ཕྱི་རོལ་ཉན་ཐོས་པ་དག་ལ་གོ་བར་མཛད་པའོ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །ཅེས་པ་ནི་ཡེ་ཤེས་ཀྱི་སྟོབས་ཀྱིས་འཇུག་པར་གྱུར་ཅིག་པའོ། །འཇུག་པ་ནི་དུས་གཅིག་ཏུ་གོ་བར་གྱུར་ཅིག་པའི་ཐ་ཚིག་གོ། །དེ་ནི་ མདོར་ན་དུས་གསུམ་དུ་གཤེགས་པའི་ཆོས་ཀྱི་འཁོར་ལོའི་ཚུལ་བསྐོར་བར་མཛད་པ་རྣམས་ཀྱི་གསུང་དང་དབྱངས་ཟད་མི་ཤེས་པ་དེ་དག་བདག་གིས་དུས་གཅིག་ཁོ་ནས་གོ་ཞིང་བརྡ་འཛིན་ནུས་པར་གྱུར་ཅིག་པའོ། །བཞི་པ་བསྐལ་པ་ལ་འཇུག་པ་ནི། མ་འོངས་བསྐལ་པ་ཀུན་དུ་འཇུག་ པར་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་འཇུག་པར་སྤྱད། །ཅེས་བྱ་བ་ནི་མ་འོངས་པའི་བསྐལ་པ་ཐམས་ཅད་དུ་འཇུག་པར་བྱ་བ་ནི་མ་འོངས་པའི་བསྐལ་པ་ཐམས་ཅད་ནི་ཡེ་ཤེས་ ཀྱི་སྐད་ཅིག་གིས་ཤེས་པར་གྱུར་ཅིག་པའོ། །ཡེ་ཤེས་སྐད་ཅིག་གཅིག་ལ་སྣང་ཞིང་མཐོང་བར་གྱུར་ཅིག་པའོ། །མ་འོངས་པའི་དུས་ལྟ་བ་དེ་བཞིན་དུ་དུས་གསུམ་དུ་བགྲང་བའི་བསྐལ་པ་ཐམས་ཅད་ཀྱང་། ཡེ་ཤེས་ཀྱི་སྐད་ཅིག་གི་ཆ་ཤས་གཅིག་སྟེ། ཡེ་ཤེས་ཀྱི་སྐད་ཅིག་གི་ཡུལ་གཅིག་ ཏུ་ཆུད་དེ་འདུས་པར་བྱེད་པར་གྱུར་ཅིག་པའོ། །ལྔ་པ་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། དྲུག་པ་དེའི་སྤྱོད་ཡུལ་ལ་འཇུག་པ་ནི། དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་ སྟོབས་ཀྱིས་འཇུག །ཅེས་བྱ་བ་ནི། ཕྱོགས་བཅུ་དག་ན་དུས་གསུམ་དུ་གཤེགས་པའི་མིའི་སེང་གེ་གང་དག་ཇི་སྙེད་པ་དེ་དག་གི་ཡེ་ཤེས་ཀྱི་སྐད་ཅིག་མ་གཅིག་ལ་མཐོང་བར་ཤོག་ཤིག །དེ་དག་གི་སྤྱོད་ཡུལ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཡང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒྱུ་མར་གྱུར་པ་ཞེས་བྱ་བ་དེས་བདག་དུས་ཐམས་ཅད་དུ་འཇུག་པར་གྱུར་ཅིག་པའོ། །དེ་ལ་རྣམ་པར་ཐར་པ་ཞེས་པ་ནི་ཉོན་མོངས་པ་དང་སྒྲིབ་པ་ལས་རྣམ་པར་ཐར་པར་བྱེད་པའོ། །སྒྱུ་མ་ཞེས་པ་ནི་ཏིང་ངེ་འཛིན་ལ་གནས་ན་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་ བུར་མཐོང་ན་རྗེས་སུ་ཆགས་པ་མེད། །ཁོར་ཁྲོ་བ་ཡང་མེད་པ་ལྟ་བུའོ། །ཡང་ན་སྒྱུ་མ་མཁན་གྱིས་དངོས་པོ་གཅིག་ལ་རྣམ་པ་དུ་མར་སྟོན་པར་ནུས་པ་བཞིན་དུ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་རྣམ་པ་བསྒྲུབ་པ་ལ་གནས་པའི་སྟོབས་ཀྱིས་ཇི་ལྟར་མངོན་པར་མོས་པ་བཞིན་དུ་བདག་གིས་ལུས་བསྒྱུར་ ནུས་སོ། །བདུན་པ་སངས་རྒྱས་ཀྱི་ཞིང་མངོན་པར་བསྒྲུབ་པ་ལ་འཇུག་པ་ནི། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །ཅེས་བྱ་བ་ ནི། དུས་རྣམ་གསུམ་ནི་བརྡ་ཕྲད་པར་ཟད་དོ། །ཞིང་བཀོད་པ་ཞེས་པ་ནི་ཞིང་རྣམ་པ་མང་པོ་སྣ་ཚོགས་ལ་བྱའོ། །ཡང་ན་བཀོད་པ་ནི་རྣམ་པར་སྤྲས་པ་ལ་བྱ་སྟེ། དུས་གསུམ་དུ་གཏོགས་པ་ཐམས་ཅད་ཀྱི་ཞིང་མང་པོའམ་སྤྲས་པ་རྣམས་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུལ་གཅིག་ གི་སྟེང་དུ་མངོན་པར་སྒྲུབ་ནུས་པ་སྟེ། གྲུབ་པར་གྱུར་ཅིག་པ་ནི་གཞན་ལ་སྟོན་ནུས་པར་གྱུར་ཅིག་པའོ། །རྡུལ་གཅིག་གི་སྟེང་ན་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་རྡུལ་རེ་རེའི་སྟེང་དུ་ཡང་། དུས་གསུམ་གྱི་ཞིང་བཀོད་པ་རྣམས་ཡེ་ཤེས་ ཀྱི་སྐད་ཅིག་གིས་གཞན་ལ་སྟོན་ནུས་པར་གྱུར་ཅིག་ཅེས་བྱ་བར་སྦྱར་རོ། །དེར་རྒོལ་ཏེ། ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་རང་བཞིན་དང་ཚད་དང་། ཁ་དོག་དང་། དབྱིབས་དང་སོ་སོ་ཐ་དད་པ་རྣམས་ཀྱང་མ་འདྲེས་པར་རྡུལ་གཅིག་གི་སྟེང་དུ་གནས་པར་མི་རུང་ན། དུས་གསུམ་ གྱི་ཞིང་མ་ལུས་པ་རྣམས་མ་འདྲེས་པར་རྡུལ་གཅིག་ནི་སྟེང་དུ་གནས་པ་ཇི་ལྟར་རུང་ཞེ་ན། དེ་ནི་མི་རུང་བ་མེད་དེ་གོང་དུ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་རྣམས་ཞེས་པའི་སྐབས་སུ་བཤད་པ་དང་འདྲ་བའོ། །འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང་། སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ཡོད་དེ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རིའི་རྒྱལ་པོ་རི་རབ་དེ་ཙམ་དུ་མཐོ་བ། དེ་ཙམ་དུ་ཆེ་བ་འཕགས་པ་དེ་ཙམ་དུ་ཡངས་པ་ཡང་ཡུངས་འབྲུའི་ནང་དུ་འཇུག་ སྟེ། ཡུངས་འབྲུ་དེ་སྐྱེས་པ་ཡང་མེད་རི་རབ་བསྒོངས་པ་ཡང་མེད་ཅེས་བྱ་བ་ཡང་སྟོན་ཏོ། །རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བདག་ཅག་གང་དུ་བཅུག་ཀྱང་མི་ཤེས་སོ། །རྫུ་འཕྲུལ་གྱིས་འདུལ་བའི་སེམས་ཅན་གྱིས་རིའི་རྒྱལ་པོ་རི་རབ་ ཡུངས་འབྲུའི་ནང་དུ་བཅུག་པར་ཤེས་ཤིང་མཐོང་། རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་རྣམས་སྤུའི་ཁུང་བུ་གཅིག་ཏུ་ལྷགས་ཏེ། ཉ་དང་རུས་སྦལ་དང་ཆུ་སྲིན་བྱིས་པ་གསོད་དང་སྦལ་བ་དང་། ཆུ་ལས་སྐྱེས་པའི་སྲོག་ཆགས་གཞན་དག་ལ་ཡང་གནོད་པར་འགྱུར་བ་མེད། ཀླུ་དང་གནོད་སྦྱིན་དང་དྲི་ ཟ་དང་ལྷ་མ་ཡིན་རྣམས་འདི་སྙམ་དུ་བདག་ཅག་གར་བཅུག་སྙམ་ཡང་མི་སེམས་ལ། བྱ་བ་དེ་ཡང་སྣང་ཞིང་སེམས་ཅན་དེ་དག་ལ་གནོད་ཅིང་འཁྲུགས་པར་བྱ་བ་མེད་དོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟ་བུ་སྟོན་ནུས་པར་གྱུར་ཅིག་པའོ། །དེ་ལྟར་བསྟན་པ་དེ་ཡང་ཅི་དགོས་ན་དེ་ལྟ་བུའི་ངོ་མཚར་ བསྟན་པས། དམ་པའི་ཆོས་ལ་མ་དད་པ་རྣམས་དད་པ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་ཉིད་དགའ་བ་བསྐྱེད་པ་དང་། གཞན་དག་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསྟན་པས། དེར་སྐྱེ་བར་སྨོན་ལམ་འདེབས་ཤིང་དགེ་བ་སྦྱོང་བར་གྱུར་པས་དེ་ལྟར་དགོས་ཏེ། དཔེར་ན་འཕགས་ པ་དྲི་མ་མེད་པར་གྲགས་པའི་མདོ་ལས། དེ་ནས་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་ལྟ་བུའི་རྫུ་འཕྲུལ་འདུ་མཛད་པ་མངོན་པར་མཛད་དོ། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཉི་ཚེར་བཤད་ནས། ལག་པ་གཡས་པས་བླངས་ནས་འཇིག་རྟེན་གྱི་ ཁམས་མི་མཇེད་འདིར་བཅུག་གོ། །འདིར་བཅུག་ཀྱང་འཇིག་རྟེན་གྱི་ཁམས་འདི་བྲི་བའམ་གང་བར་མ་གྱུར་ཏེ། དོག་ཅིང་འཇེར་བ་ཡང་མེད་དོ། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ན་བྲི་བ་ཡང་མེད་དོ། །སྔ་མ་ཇི་ལྟ་བ་བཞིན་དུ་ཕྱི་མ་ཡང་སྣང་ངོ་། །དེ་ལྟར་འཇིག་རྟེན་གྱི་ཁམས་མངོན་ པར་དགའ་བ་བསྟན་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་བསྟན་པས་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་ལྷ་དང་མིའི་སྐྱེ་དགུ་ལས་ཁྲི་ཕྲག་བཅུ་བཞིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཀུན་གྱིས་ཀྱང་འཇིག་རྟེན་གྱི་ཁམས་ མངོན་པར་དགའ་བ་དེར་སྐྱེ་བར་སྨོན་ལམ་བཏབ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེ་བར་ལུང་བསྟན་ཏོ་ཞེས་གསུངས་པ་ལྟ་བུའོ།། །།བརྒྱད་པ་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པ་ནི། གང་ཡང་མ་བྱོན་ འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་སངས་རྒྱས་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཞེས་པ་ལ་གང་ཡང་མ་བྱོན་ཞེས་པ་ནི་ཕྱིས་འབྱུང་བ་རྣམས་ཏེ། ཕྱི་མའི་མཐར་ཐུག་པ་རྣམས་ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་མཐའ་དག་ཏུ་འབྱུང་བར་འགྱུར་བ་དག་གོ། །སྒྲོན་མ་ཞེས་བྱ་བ་ནི་གོང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་སྐབས་སུ་བཤད་པ་དང་འདྲའོ། །དེ་དག་རིམ་པར་སངས་རྒྱས་ཞེས་པ་ནི་རིམ་པ་དང་རྣམ་པ་འདྲ་སྟེ། བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱའོ། །འཁོར་ལོ་ཞེས་པ་ནི་འཕགས་པའི་བདེན་པ་བཞི་ལ་སོགས་པའི་ཆོས་སྟོན་པའོ། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །ཞེས་པ་ནི་ཐོག་མར་དགའ་ལྡན་གྱི་གནས་ནས་བབས་ཏེ། ཡུམ་གྱི་ལྷུམས་སུ་གཤེགས་པ་དང་། བལྟམས་པ་དང་། གཞོན་ ནུའི་རོལ་རྩེད་མཛད་པ་དང་། ཁབ་ནས་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་བཏུལ་བ་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐ་མ་མྱ་ངན་ལས་འདས་པ་སྟོན་པ་ཐམས་ ཅད་མྱ་ངན་ལས་འདས་པ་ལ་བསྐུལ་བར་སྟོན་པའོ། །དགའ་ལྡན་གྱི་གནས་ནས་ཇི་ལྟར་གཤེགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ལོ་རྒྱུས་ནི། འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཞིབ་ཏུ་གསུངས་པ་ཡིན་ནོ། །ཇི་ལྟར་མྱ་ངན་ལས་འདས་པ་ནི། འཕགས་པ་མྱ་ངན་ ལས་འདས་པའི་མདོ་ལས་གསུངས་པ་ཡིན་ནོ། །མགོན་པོ་ཞེས་པ་གོང་དུ་བསྟན་ཞིང་བཤད་པ་དང་འདྲའོ། །ཀུན་གྱི་དྲུང་དུ་བདག་མཆིའོ་ཞེས་པ་ནི་ཕྱིས་འབྱུང་བའི་སངས་རྒྱས་དེ་དག་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་དང་། ཆོས་ ཀྱི་འཁོར་ལོ་བསྐོར་བའི་དུས་ལ་སོགས་པ་རྣམས་སུ་བདག་ཅག་མཆོད་པ་སྣ་ཚོགས་ཐོགས་ཏེ། དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་ཅིང་བསྟོད་པ་དང་། ཆོས་ཉན་པ་དང་། རིམ་གྲོ་དང་། བསྙེན་བཀུར་བྱ་བའི་ཕྱིར། དེ་དག་ཀུན་གྱི་དྲུང་དུ་བདག་ཡིད་ ལྟར་མགྱོགས་པ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱིས་ཇི་ལྟར་འགྲོ་བར་གྱུར་ཅིག་པའོ།། །།སྤྱི་དོན་བཅུ་གཉིས་པ་སྟོབས་ལ་རྣམ་པ་བཅུ་སྟེ། རྫུ་འཕྲུལ་གྱི་སྟོབས་དང་། ཐེག་པའི་སྟོབས་དང་། ཡོན་ཏན་གྱི་སྟོབས་དང་། བྱམས་པའི་སྟོབས་དང་། བསོད་ནམས་ཀྱི་སྟོབས་དང་། ཡེ་ཤེས་ ཀྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་དང་། ཐབས་ཀྱི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། བྱང་ཆུབ་ཀྱི་སྟོབས་ཏེ་བཅུའོ། །དེ་ལ་རྫུ་འཕྲུལ་གྱི་སྟོབས་ལ་སོགས་པ་ནི། ཀུན་དུ་མྱུར་བ་ཞེས་པ་ནས། བྱང་ཆུབ་སྟོབས་རྣམས་ཡང་དག་གྲུབ་པར་བྱེད། །ཅེས་པའི་བར་དུའོ། །དང་པོ་རྫུ་འཕྲུལ་ གྱི་སྟོབས་སྟོན་ཏེ། ཀུན་དུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཞེས་པ་ལ། ཀུན་དུ་མྱུར་བ་ནི་གང་དུ་འདོད་པ་དང་། ཇི་ལྟར་འདོད་པ་བཞིན་དུ་ཐམས་ཅད་ལ་ཐོགས་པ་མེད་པའོ། །རྫུ་འཕྲུལ་གྱི་འབྱོར་པ་སྟེ། ནམ་མཁའ་ལ་འགྲོ་བ་དང་། འདུག་པ་དང་། རི་དང་རྩིག་པ་ལ་མི་ཐོགས་པར་ འགྲོ་བ་དང་། གཟུགས་བསྒྱུར་ཞིང་འཕྲུལ་པའོ། །དེའི་སྟོབས་ནི་རྫུ་འཕྲུལ་སྟེན་ཅིང་སེམས་ཅན་དག་དགའ་བར་བྱེད་ནུས་པའོ། །གཉིས་པ་ཐེག་པའི་སྟོབས་ནི། ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་། །ཞེས་པ་ལ། ཐེག་པ་ནི་ཐེག་པ་དེས་བླ་ན་མེད་པའི་བྱང་ཆུབ་འདེགས་པས་ན་ཐེག་པ་སྟེ། ས་ དང་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་། སངས་རྒྱས་ཐོབ་པར་བྱེད་པའི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་དོ། །དེའི་སྟོབས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་ཤིང་། སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པར་བྱེད་ནུས་པའོ། །ཡང་ན་ཀུན་ནས་སྒོ་ ཞེས་བྱ་བ་ནི་སྤྱོད་པ་རླབས་པོ་ཚེ་དང་ལྡན་པས་དུས་ཀུན་དུ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ཅིང་ཐབས་ལ་མཁས་པ་དང་ལྡན་པས། སྤྱོད་པ་ཐམས་ཅད་བདག་དང་གཞན་ལ་ཕན་པའི་དོན་དུ་འགྱུར་བའོ། །ཡང་ན་ཀུན་ནས་དགེ་བ་སྣ་ཚོགས་སྒྲུབ་པའི་རྒྱུར་གྱུར་པ་སྟེ། དཔེར་ན་ལམ་ནས་འགྲོ་བ་ཞིག་མཐོང་ ན་སེམས་ཅན་ཐམས་ཅད་འཕགས་པའི་ལམ་དུ་ཞུགས་པར་ཤོག་ཅིག །འདུག་པའི་ཚེ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་འདུག་པར་ཤོག་ཅིག །སྒོ་གཅོད་པའི་དུས་སུ་ངན་སོང་གསུམ་དང་མི་དགེ་བ་ཐམས་ཅད་ཀྱི་སྒོ་གཅད་པར་ཤོག་ཅིག །སྒོ་འབྱེད་པའི་ཚེ་ནི་མཐོ་རིས་དང་ ཐར་པའི་སྒོ་ཕྱེ་བར་ཤོག་ཅིག་ཅེས་པ་ལ་སོགས་པ་དང་། མཐོང་བ་དང་། ཐོས་པ་དང་། དགེ་བའི་ཕྱོགས་སུ་འགྱུར་བར་སྨོན་ཅིང་ཡོངས་སུ་བསྔོ་བ་སྟེ། འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་གསུངས་པ་ལྟ་བུའོ། །གསུམ་པ་ཡོན་ཏན་གྱི་སྟོབས་ནི། །ཀུན་དུ་ཡོན་ཏན་ སྤྱོད་པའི་སྟོབས་རྣམས་དང་། །ཞེས་པ་ལ། དེ་ལ་ཀུན་དུ་ཡོན་ཏན་ནི་ཐོག་མར་སྤྱོད་པར་གསོལ་བ་དང་། ཉམས་སུ་ལེན་ཅིང་སྤྱོད་པ་དང་། འབྲས་བུར་གྲུབ་པའི་མཐུས་དུས་ཐམས་ཅད་དུ་དགེ་བའོ། །སྤྱོད་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དང་། བསྡུ་ བའི་དངོས་པོ་དང་། ཚད་མེད་པ་བཞི་ལ་སོགས་པའོ། །དེའི་སྟོབས་ནི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་ཟིལ་གྱིས་མནན་ཞིང་། ཕར་ཟིལ་གྱིས་གནོན་པ་ལ་སོགས་པའི་ནུས་པའོ། །བཞི་པ་བྱམས་པའི་སྟོབས་ནི། ཀུན་ནས་ཁྱབ་པ་བྱམས་པ་དག་གི་ སྟོབས། །ཞེས་པ་ལ། ཀུན་ནས་ཁྱབ་པ་ནི་ཕྱོགས་བཅུར་སེམས་ཅན་རྣམས་ལ་ཁྱབ་པར་བྱེད་པའོ། །བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། བདེ་བ་སྒྲུབ་པའི་བསམ་པ་དང་། མཚན་ཉིད་ཅན་ནོ། །དེའི་སྟོབས་ནི་འཁོར་བ་ལ་སོགས་པ་སེམས་ཅན་རྣམས་ལ་འཚེ་ བ་དང་། གནོད་པའི་ལས་མི་བྱེད་པར་འདོད་ནུས་པའོ། །ལྔ་པ་བསོད་ནམས་ཀྱི་སྟོབས་ནི། ཀུན་དུ་དགེ་བའི་བསོད་ནམས་སྟོབས་རྣམས་དང་། །ཞེས་པ་ནི་ཀུན་དུ་དགེ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བའི་བསམ་པ་དང་ལྡན་པའི་ཕྱིར། ཐམས་ཅད་ཁ་ ན་མ་ཐོ་བ་མེད་པའོ། །བསོད་ནམས་ནི། བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །ཅེས་པའི་སྐབས་སུ་བཤད་པ་དང་འདྲའོ། །དྲུག་པ་ཡེ་ཤེས་ཀྱི་སྟོབས་ནི། ཆགས་པ་མེད་པ་ནི། དུས་གསུམ་པོ་ཐམས་ཅད་ལ་ཆགས་པའམ་ཐོགས་པ་མེད་པའོ། །ཡེ་ཤེས་དེའི་སྟོབས་ནི་ཤེས་བྱའི་སྒྲིབ་ པ་དང་བྲལ་བ་སྟེ། ཤེས་བྱ་ཐམས་ཅད་ཤེས་པར་ནུས་པའོ། །བདུན་པ་ཤེས་རབ་ཀྱི་སྟོབས་དང་། བརྒྱད་པ་ཐབས་ཀྱི་སྟོབས་དང་། དགུ་པ་ཏིང་ངེ་འཛིན་གྱི་སྟོབས་ནི། ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །ཞེས་པ་ལ། ཤེས་རབ་དང་ཐབས་དང་ཏིང་འཛིན་ནི་གོང་དུ། ཤེས་རབ་ཐབས་ དང་ཏིང་འཛིན་རྣམ་ཐར་དང་། །ཞེས་པའི་སྐབས་སུ་བཤད་པ་ཡིན་ནོ། །ཡང་དེ་ལ་ཤེས་རབ་ཀྱི་སྟོབས་ནི། དངོས་པོ་ཐམས་ཅད་ཀྱི་དོན་མངོན་པར་རྟོགས་པར་ནུས་པའོ། །ཐབས་ཀྱི་སྟོབས་ནི་དོན་སྒྲུབ་པ་བདེ་བླག་ཏུ་མཐུན་པར་བསྒྲུབ་པའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་མངོན་པར་ཤེས་པ་ལ་སོགས་པའི་ ཡོན་ཏན་ཁྱད་པར་ཅན་རྣམས་ཐོབ་པར་བྱེད་ནུས་པའོ། །རྫུ་འཕྲུལ་གྱི་སྟོབས་ནས་ཏིང་ངེ་འཛིན་གྱི་བར་སྟོབས་དགུས་བྱང་ཆུབ་ཀྱི་སྟོབས་རྣམས་ཡང་དག་པར་བསྒྲུབ་པར་བྱ་བ་དེ་ནི་བཅུ་པ་བྱང་ཆུབ་ཀྱི་སྟོབས་སོ། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ཅེས་བྱ་བ་ཡིན་ཏེ། དེ་ ལ་བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། གོང་དུ་བཤད་པ་དང་འདྲའོ། །དེའི་སྟོབས་ནི་སྤངས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་མ་ཡིན་པ་ལས་རྒྱལ་ཏེ། སྒྲུབ་པའི་མཐར་ཕྱིན་པར་ནུས་པའོ། །ཡང་དག་གྲུབ་པར་བྱེད་ཅེས་པ་ནི། ནན་ཏན་གྱིས་ཉམས་ སུ་ལེན་པར་བྱེད་པའོ།། །།ད་ནི་སྤྱི་དོན་བཅུ་གསུམ་པ་གཉེན་པོ་སྟོན་ཏེ། དེ་ཡང་གོང་དུ་སྨོས་པའི་སྟོབས་བཅུ་དང་། མི་མཐུན་པའི་ཕྱོགས་ལས་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་དང་གསུམ་གཞོམ་པའི་ཕྱིར་གཉེན་པོ་གསུམ་གསུངས་ཏེ། དང་པོ་ནི། ལས་ཀྱི་སྟོབས་ རྣམས་ཡོངས་སུ་དག་བྱེད་ཅིང་། །ཞེས་པ་ལ། ལས་ནི་དགེ་བ་དང་མི་དགེ་བ་དང་། མི་གཡོ་བའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། མི་དགེ་བའི་ལས་མི་མྱོང་བར་ངེས་པའོ། །དེའི་སྟོབས་ནི་མངོན་སུམ་དུ་སྐྱེ་བར་བྱེད་པའོ། །དེའི་སྟོབས་དག་པར་བྱེད་པ་ནི་སྨད་པ་དང་། བཤགས་པ་དང་། བསྡམ་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་ སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཕྱག་དར་བཞིན་དུ་བསལ་བར་བྱ་སྟེ། འཕགས་པ་ཆོས་བཞི་བའི་མདོ་ལས་ཀྱང་འབྱུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། སྡིག་པ་བྱས་ཤིང་བསགས་པ་ཡང་ཟིལ་གྱིས་མནན་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པས་ཀུན་དུ་སྤྱོད་པ་དང་། གཉེན་པོས་ཀུན་དུ་སྤྱོད་པ་དང་། སོར་ཆུད་པར་བྱེད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱོད་ན་དེ་ལ་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་དུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །དེ་ལ་སོར་ཆུད་ པར་བྱེད་པའི་སྟོབས་ནི། སྡོམ་པ་ཡང་དག་པར་བླངས་པས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ་སྟོབས་དང་ལྡན་པ་ལ་བརྟེན་པས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་ པའོ་ཞེས་གསུངས་པ་ལྟ་བུའོ་དེ་ལ་རྣམ་པར་སུན་འབྱིན་པ་དང་འགྱོད་ཅིང་འཆགས་པ་དང་སྡོམ་པ་ལེན་པར་བྱེད་པ་ནི། ལུང་ལས། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་དག །བདག་ལ་ཅུང་ཟད་སྨད་པས་བསྲབས་པར་འགྱུར། །བཤགས་པ་བྱས་དང་སྡོམ་པ་བྱས་པས་ནི། །དེ་དག་ཤིན་ཏུ་རྩད་ ནས་འབྱིན་པར་བྱེད། །ཅེས་གསུངས་སོ། །དེ་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འབྱང་བ་ནི། ཕག་མོའི་རྟོགས་པ་བརྗོད་པའི་མདོ་ལས། ལྷའི་བུ་ཞིག་འཆི་འཕོ་བའི་ཆོས་སུ་གྱུར་ཏེ། ཕག་མོའི་མངལ་དུ་སྐྱེ་བའི་ལས་མྱོང་བར་འགྱུར་བའི་ལས་མི་སྡུག་པའི་འབྲས་བུ་འབྱིན་པར་མངོན་དུ་གྱུར་ པ་ལས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཙམ་གྱིས་ལས་ཐམས་ཅད་ཤིན་ཏུ་རྩད་ནས་བཅད་དེ་བཏོན་ནས། སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་ཤི་འཕོས་ཏེ། དགའ་ལྡན་གྱི་ལྷར་སྐྱེས་སོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པས་འབྱང་བ་ནི། མེ་འདྲ་ཀན་ སང་མ་ལ་བརྙས་པས་ཀུན་ནས་བསླང་བའི་མི་དགེ་བའི་ལས། ཞིང་གི་བྱེ་བྲག་གིས་ཚེ་འདི་ལ་འབྲས་བུ་རྣམ་པར་སྨིན་པར་གྱུར་པ་ཡང་ཅུང་ཞིག་སྨིན་ནས་ལྷག་པའི་བསམ་པས་སྨོན་ལམ་བཏབ་ཅིང་སེམས་བསྐྱེད་ནས། མ་ལུས་པར་རྩད་ནས་བཏོན་ཏེ་བསམ་པར་གྱུར་པ་ལྟ་བུའོ། །སེམས་ཅན་ གྱི་དོན་དུ་སྨོན་ལམ་བཏབ་ཅིང་སེམས་ཇི་ལྟར་བསྐྱེད་ཅེ་ན། དེའི་མགོ་ལ་འཁོར་ལོས་འདྲུད་ཅིང་སྡུག་བསྔལ་ཆེན་པོ་མྱོང་བ་ན། དེ་འདི་སྙམ་དུ་གཞན་སུ་དག་མ་ལ་བརྙས་པ་འདི་ལྟ་བུ་མྱོང་བར་འགྱུར་བའི་སྡུག་བསྔལ་ཐམས་ཅད་བདག་གིས་མྱོང་ལ། དེ་དག་བདེ་བ་མཆོག་དང་ལྡན་པར་ གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་སེམས་བསྐྱེད་དོ། །ཆོས་ལ་བདག་མེད་པར་རྟོགས་པས་ནི་ཤིན་ཏུ་གཏན་ནས་འབྱིན་པར་འགྱུར་ཏེ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས། དགེ་སློང་དྲི་མ་མེད་པའི་འོད་ཅེས་བྱ་བ་ལ་མི་ཚངས་པར་སྤྱོད་པའི་ཕམ་པ་བྱུང་བ་ལས། དེ་འགྱོད་ཅིང་ མི་དགའ་བ་ལས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཐོས་ནས། དེ་རྟོགས་ཏེ་ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་སློང་དཔས་བྱིན་ཞེས་བྱ་བ་མི་ཚངས་པར་སྤྱོད་པ་དང་། མ་བསད་པའི་ཕམ་པ་གཉིས་བྱས་ནས། མི་དགའ་ཞིང་འགྱོད་པ་ལས། དེ་བཞིན་གཤེགས་པའི་ སྐུ་གཟུགས་དག་མཐོང་ཞིང་དེ་དག་གིས་ཆོས་ཟབ་མོ་བསྟན་པ་ཐོས་ནས། བྱང་ཆུབ་ཀྱི་ཚུལ་དང་ལྡན་པའི་སེམས་ཀྱིས་ཆོས་ཀྱི་རང་བཞིན་རྣམ་པར་ཕྱེད་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་བས། གཉི་ག་ཡང་སངས་རྒྱས་སུ་འགྲུབ་པར་ལུང་བསྟན་པ་ལྟ་བུའོ། །ཆོས་ཟབ་མོ་ལ་ མོས་པ་འདི་ནི་ལྟུང་བ་དང་འགྱོད་པ་ཐམས་ཅད་སེལ་བ་དང་། སྒྲིབ་པ་ཐམས་ཅད་སྦྱོང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་དད་པར་བྱ་སྟེ། ཇི་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། འོད་སྲུངས་ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེ་ནི་སྲོག་གཅོད་པའི་ནང་ན་མ་རུངས་པའོ། ། འདི་ལྟ་སྟེ་དཀོན་མཆོག་གསུམ་གྱི་ནོར་ཕྲོགས་པ་ནི་མ་བྱིན་པར་བླངས་པའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་མི་ཚངས་པར་སྤྱོད་པ་དེ་ནི་འདོད་པས་ལོག་པར་གཡེམ་པའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། དེ་བཞིན་ག