Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 206
Văn bản gốc(Tây Tạng)
Trang 12 / 20 (50.000 ký tự/trang)
བར་སྦྱར་བའི་མཚན་ཉིད་དང་བཅས་པ་ལ་སྟེ། དེ་ལ་མ་ངེས་པ་སྔ་མའི་དཔེ་ནི་དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བར་སྒྲུབ་པ་དག་གི་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་དེ་ལས་ གཞན་པ་བརྩལ་བ་ལ་ཡང་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པས་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་ཞེས་བྱ་བ་ལྟ་བུའོ། །མ་ངེས་པ་འོག་མའི་དཔེ་ནི་དཔེར་ན་སྒྲ་བརྩལ་བ་ལས་ འབྱུང་བར་སྒྲུབ་པ་དག་གི་བརྩལ་བ་ལས་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལས་གཞན་པ་བརྩལ་བ་ལས་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་དེ་ལ་སྒྲུབ་པར་བྱེད་པའི་ ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པས་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཞེས་བྱ་བ་ལྟ་བུའོ། །ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་ཞེས་བྱ་བ་ནི་དེ་ལྟར་མ་ངེས་པ་དཔེ་དང་བཅས་པ་དེ་གཉི་ག་ལ་ཐུན་མོང་གི་མ་ངེས་པ་ཡོད་པ་སྟེ། དེ་ལ་མ་ངེས་པ་དཔེ་དང་ བཅས་པ་ལ་ཐུན་མོང་གི་མ་ངེས་པ་ཇི་ལྟར་ཡོད་ཅེ་ན། དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བར་སྒྲུབ་པ་དག་གི་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་མི་འབྱུང་བར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པ་ཞེས་བྱ་བ་གཅིག་ལ་མ་གྲུབ་པའི་གཏན་ཚིགས་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་ པ་དེས་བརྩལ་བ་ལས་མི་འབྱུང་བ་ཞེས་བྱ་བ་རྟག་པའི་རྣམ་གྲངས་དེས་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པར་ཡང་མ་ཟད་ཀྱི། སྒྲ་རྟག་པས་བརྩལ་བ་ལས་མི་འབྱུང་བ་སྒྲུབ་པའི་སྐབས་དེ་ཉིད་དུ་སྒྲ་ནི་གཞལ་བྱ་ཡང་ཡིན་པས་སྒྲ་རྟག་པར་བསྒྲུབ་པ་དག་གི་བསྒྲུབ་པར་བྱ་བའི་ཆོས་རྟག་པ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་ གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ཐུན་མོང་གི་མ་ངེས་པ་དེས་རྟག་པ་ཞེས་བྱ་བ་ལ་བརྩལ་བ་ལས་མི་འབྱུང་བའི་རྣམ་གྲངས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པ་དེ་ཡང་འབྱུང་བར་འགྱུར་ཏེ། དེས་ན་བརྩལ་བ་ལས་མི་འབྱུང་བ་ཡང་མི་འགྲུབ་ལ། རྟག་པར་ཡང་མི་འགྲུབ་པས་དེའི་ཕྱིར་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ལ་ཐུན་མོང་གི་མ་ངེས་པ་ཡང་ཡོད་པ་ཡིན་ནོ། །མ་ངེས་པ་འོག་མ་དཔེ་དང་བཅས་པ་ལ་ཐུན་མོང་གི་མ་ངེས་པ་ཇི་ལྟར་ཡོད་ཅེ་ན། དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་འབྱུང་བ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་ མི་རྟག་པའི་ཕྱིར་ཞེས་བྱ་བ་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་དེས་བརྩལ་བ་ལས་འབྱུང་བ་ཞེས་བྱ་བ་མི་རྟག་པའི་རྣམ་གྲངས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པར་ཡང་མ་ཟད་ཀྱི། སྒྲ་མི་རྟག་པ་ལས་བརྩལ་བ་ལས་འབྱུང་བར་བསྒྲུབ་པའི་སྐབས་དེ་ཉིད་དུ་སྒྲ་དེ་སྒྲ་ནི་ གཞལ་བྱ་ཡང་ཡིན་པས་སྒྲ་རྟག་པར་བསྒྲུབ་པ་དག་གི་བསྒྲུབ་པར་བྱ་བ་དག་ཆོས་རྟག་པ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ཐུན་མོང་གི་མ་ངེས་པ་དེས་རྟག་པ་ཞེས་བྱ་བ་བརྩལ་བ་ལས་འབྱུང་བ་དང་། མི་མཐུན་པ་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པ་དེ་ཡང་འབྱུང་བར་འགྱུར་ཏེ། དེས་ ན་བརྩལ་བ་ལས་འབྱུང་ཡང་མི་འགྲུབ་ལ་རྟག་པ་ཡང་མི་འགྲུབ་པས། དེའི་ཕྱིར་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ལ་ཡང་ཐུན་མོང་མ་ངེས་པ་ཡོད་པ་ཡིན་ནོ། །དེས་ཞེས་བྱ་བས་ནི་དེ་ལྟར་མ་ངེས་པ་གཉིས་པོ་དཔེ་དང་བཅས་པ་ལ་ཐུན་མོང་གི་མ་ངེས་པ་ཡང་ཡོད་པའི་ གཏན་ཚིགས་དེས་ནའོ། །དེ་གྲུབ་པར་བྱ་བ་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་དེ་གྲུབ་པར་བྱ་བ་ལ་སྟེ། དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བ་དང་། བརྩལ་བ་ལས་འབྱུང་བ་དང་། རྟག་པར་སྒྲུབ་པ་དེ་གྲུབ་པར་བྱ་བ་ལྟ་བུའོ། །གཅིག་ཏུ་མ་ངེས་པའི་ཕྱིར་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གཅིག་ཏུ་མ་ངེས་པའི་ ཕྱིར་ཞེས་དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བར་སྒྲུབ་པ་དག་གི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ནི་སྒྲ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པའི་ཆོས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པ་ལ་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་མི་མཐུན་པའི་ ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ནི་སྒྲ་བརྩལ་བ་ལས་འབྱུང་བར་སྒྲུབ་པའི་ཆོས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པ་དང་སྒྲ་རྟག་པར་བསྒྲུབ་པ་དག་གི་མ་ངེས་པ་གཉི་ག་ལ་ཐུན་མོང་གི་མ་ངེས་པ་ཡོད་པ་ནི་སྒྲ་རྟག་པར་བསྒྲུབ་པའི་ཆོས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པ་ལྟ་ བུའི་ཕྱིར་རོ། །དེ་ཡང་ཡོངས་སུ་མ་གྲགས་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཡོངས་སུ་མ་གྲགས་པའི་མཚན་ཉིད་དེ་དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ནི་སྒྲ་བརྩལ་བ་ལས་མི་ འབྱུང་བར་བསྒྲུབ་པའི་ཆོས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར། སྒྲ་བརྩལ་བ་ལས་མི་འབྱུང་བར་སྒྲུབ་པའི་རྗེས་སུ་དཔག་པ་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་ལ། སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་ བཅས་པ་ནི་སྒྲ་བརྩལ་བ་ལས་འབྱུང་བར་སྒྲུབ་པའི་ཆོས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར། སྒྲ་བརྩལ་བ་ལས་འབྱུང་བར་སྒྲུབ་པའི་རྗེས་སུ་དཔག་པ་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པ་དང་། སྒྲ་རྟག་པར་བསྒྲུབ་པ་དག་གི་མ་ངེས་པ་གཉི་ག་ལ་ཐུན་མོང་གི་མ་ངེས་པ་ཡོད་པ་ནི་སྒྲ་རྟག་པར་སྒྲུབ་ པའི་ཆོས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་སྒྲ་རྟག་པར་བསྒྲུབ་པའི་རྗེས་སུ་དཔག་པ་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པ་ལྟ་བུ་སྟེ། དེས་ན་དེ་ཡང་ཚད་མར་མི་རུང་བར་རིག་པར་བྱའོ། །ཡོངས་སུ་མ་དག་པའི་ཕྱིར་རིགས་པས་བརྟག་པ་ཡོངས་སུ་མ་དག་པ་ཡིན་ཏེ། ཡོངས་སུ་མ་དག་པའི་ཕྱིར་བསྟན་པར་མི་བྱའོ་ཞེས་ བྱ་བ་ནི་དེ་ལྟར་ཡོངས་སུ་མ་དག་པའི་མཚན་ཉིད་བཤད་པའི་སྐབས་དེར་མཚན་ཉིད་དང་པོ་གཉིས་དང་། མཚན་ཉིད་གསུམ་པ་དང་། བཞི་དང་། གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་རྣམས་རིགས་པས་གྲགས་པས་མཚན་ཉིད་བསྡེབས་ཏེ་སྦྱར་བའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་མི་མཐུན་པས་ ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པར་བསྟན་པ་སྟེ། དེ་དག་གི་མཇུག་བསྡུ་བ་ཡིན་ཏེ། དེ་ཡང་མ་ངེས་པ་གཉི་ག་དཔེ་དང་བཅས་པ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡོད་པས་ཡོངས་སུ་མ་དག་པ་དང་མ་ངེས་པ་གཉི་ག་དཔེ་དང་བཅས་པ་ལ་ཐུན་མོང་གི་མ་ངེས་པ་ཡོད་པས་ཡོངས་སུ་མ་དག་པའི་ཕྱིར་རྗེས་སུ་ དཔག་པའི་རིགས་པས་བརྟག་པ་ཡོངས་སུ་མ་དག་པ་ཡིན་ཏེ། དེ་ལྟར་ཡོངས་སུ་མ་དག་པའི་ཕྱིར་འཐད་པས་སྒྲུབ་པ་ལ་དེའི་རྒྱུ་དང་རྐྱེན་དུ་གཏོགས་པའི་མཚན་ཉིད་ཡོངས་སུ་མ་དག་པའི་མཚན་ཉིད་དང་ལྡན་པའི་ཚད་མ་ལས་ནི་དོན་ལ་འཁྲུལ་པར་དམིགས་ཏེ། བདག་ཀྱང་ལོག་པར་ལྟ་བ་ལ་གནས་ཤིང་གཞན་ཡང་ལོག་ པར་ལྟ་བ་ལ་འཇུག་སྟེ། སྡིག་པའི་གྲོགས་པོའི་ལག་ཏུ་སོང་ནས་རྨོངས་བཞིན་དུ་སྤྱོད་པར་འགྱུར་བས་དེ་ནི་བསྟེན་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དེའི་འོག་ཏུ་ཡིད་ཆེས་པའི་ལུང་གི་ཚད་མའི་མཚན་ཉིད་མི་མཐུན་པའི་སྐྱོན་གྱི་ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལ་ལུང་ཤིན་ཏུ་རྣམ་པར་མ་ དག་པ་བསྟན་པའི་མཚན་ཉིད་ནི་རང་བཞིན་གྱིས་ཡོངས་སུ་མ་དག་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་གསུངས་སོ། །དེ་ལ་ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་དང་། དེས་བསྟན་པའི་ལུང་ལ་ཚིག་འགལ་བ་ཡོད་པ་རང་བཞིན་གྱིས་ཡོངས་སུ་མ་དག་པ་ཡིན་པར་ རིག་པར་བྱའོ། །དེ་ལ་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ནི་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔ་དང་མི་ལྡན་པས་སྒྲིབ་པ་མ་སྤངས་པའི་ཕྱིར་ཐབས་མི་མཁས་ཤིང་འཆལ་བའི་ཤེས་རབ་ཏུ་གྱུར་པ་དང་། ཡེ་ཤེས་མ་རྫོགས་པའི་ཕྱིར་ཤེས་པ་མཐའ་དང་བཅས་པ་ཡིན་ནོ། །དེས་བསྟན་པའི་ལུང་ལ་ཚིག་འགལ་བ་ ཡོད་པ་ནི་ཕྱིན་ཅི་ལོག་ཏུ་བསྟན་པས་ཆོས་མ་ཡིན་པ་ནི་འདོད་ཆགས་ལ་སོགས་པའི་རྩ་བ་ལས་བྱུང་བ་གང་གཱའི་ནང་དུ་ཁྲུས་བྱས་པས་འབྱུང་ངོ་ཞེས་ཟེར་བ་དང་། ཆོས་ནི་རྣམ་པར་མི་འཚེ་བ་ཡིན་ལ། སྲོག་ཆགས་བསད་དེ་མཆོད་སྦྱིན་བྱས་ན་གྲོལ་ལོ་ཞེས་ཟེར་བ་ལྟ་བུ་ཡིན་ནོ། །དེ་ལྟར་ན་དེ་སྟོན་པ་ཐམས་ཅད་མཁྱེན་པ་མ་ཡིན་ པར་ཡང་དེས་བསྟན་པའི་ལུང་ལ་ཚིག་འགལ་བ་ཡོད་པ་ལས་ཤེས་ལ། དེས་བསྟན་པའི་ལུང་ལ་ཚིག་འཁྱལ་པ་ཡོད་པར་ཡང་དེ་སྟོན་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་ལས་ཤེས་པས། དེའི་ཕྱིར་དེ་ནི་རང་བཞིན་ཉིད་ཀྱིས་ཡོངས་སུ་མ་དག་པ་ཡིན་པར་རིག་པར་བྱའོ། །ཆོས་ཉིད་ཀྱི་རིགས་པའི་མཚན་ཉིད་གང་ཞེ་ན། དེ་ ལ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཉིད་དབྱིངས་གནས་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་ལ་ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་གནས་དང་གནས་མ་ཡིན་པའི་མཚན་ཉིད་སོ་སོར་ངེས་པའི་ ཆོས་ཉིད་གང་ཡིན་པ་སྟེ། དེ་ནི་ཆོས་རྣམས་ཀྱི་གྲགས་པའི་ཆོས་ཉིད་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང་། རྣམ་པའི་ཆོས་ཉིད་ཡིན་པས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཉིད་དབྱིངས་གནས་ཡིན་པས་དེ་ལ་ནི་མོས་པར་བྱ་བར་ཟད་ཀྱི་བསམ་པར་མི་བྱ། བརྟག་པར་མི་བྱ་སྟེ། དེས་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་འདྲ་བར་ཤེས་པར་བྱའོ། །དེ་ལྟར་ཆོས་རྣམས་ཀྱི་གནས་དང་གནས་མ་ཡིན་པའི་མཚན་ཉིད་སོ་སོར་ངེས་པའི་ཆོས་ཉིད་གང་ཡིན་པ་དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་རིགས་པ་ཡིན་པས་ན་དེའི་ཕྱིར་ཆོས་ཉིད་ཀྱི་རིགས་པ་ཞེས་བྱའོ། །རིགས་པ་བཞི་བཤད་ཟིན་ཏོ།། །།དེ་ལ་ བསྡུས་པ་དང་རྒྱས་པ་ནི་མདོར་བསྡུས་ཏེ་ཚིག་གཅིག་གིས་བསྟན་པའི་ཆོས་ཚིག་ཕྱི་མ་ཕྱི་མ་དག་གིས་རབ་ཏུ་ཕྱེ་སྟེ་མཐར་ཐུག་པར་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་ལ་མདོར་བསྡུས་ཏེ་ཚིག་གིས་བསྟན་པའི་ཆོས་ཞེས་བྱ་བ་ནི་བསྡུས་པ་ཡིན་ནོ། །ཚིག་ཕྱི་མ་དག་གིས་རབ་ཏུ་ཕྱེ་སྟེ་མཐར་ཐུག་པར་བྱེད་པ་ནི་རྒྱས་པ་ཡིན་ཏེ། དེ་བསྡུས་ པ་ཞེས་བྱ་བ་ནི་ཡི་གེ་གཅིག་གང་ཡིན་པའོ། །རྒྱས་པ་ཞེས་བྱ་བ་ནི་ཡི་གེ་མང་པོ་གང་ཡིན་པའོ། །ཡང་རྣམ་གྲངས་གཞན་དུ་ན་བསྡུས་པ་ཞེས་བྱ་བ་ནི་ཡོངས་སུ་མ་རྫོགས་པའི་ཚིག་སྟེ། དེ་ཚིག་འབྲུ་མ་རྫོགས་པ་དང་དོན་མ་རྫོགས་པ་ལས་བལྟ་བར་བྱའོ། །རྒྱས་པ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་ཚིག་སྟེ། ཚིག་འབྲུ་རྫོགས་པ་དང་དོན་རྫོགས་པ་གང་ཡིན་པ་སྟེ། དཔེར་ན་སྡིག་པ་ཐམས་ཅད་ཅེས་བྱ་བའི་ཚིག་འབྲུ་དང་དོན་ཡོངས་སུ་མ་རྫོགས་པ་དེ་མི་བྱ་སྟེ་ཞེས་བྱ་བའི་ཚིག་འབྲུ་དང་དོན་གྱིས་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་བུའོ། །ཡང་རྣམ་གྲངས་གཞན་དུ་ན་བསྡུས་པ་ཞེས་བྱ་བ་ནི་བསྒྲུབ་པའི་ཚིག་ཡིན་ལ། རྒྱས་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་ པའི་ཚིག་ཡིན་ཏེ། དཔེར་ན། ཀྱེ་མ་འདུ་བྱེད་མི་རྟག་སྟེ། །ཞེས་བྱ་བ་བསྒྲུབ་པའི་ཚིག་སྟེ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་བྱ་བས་སྒྲུབ་པར་བྱེད་པ་ལྟ་བུའོ། །ཡང་རྣམ་གྲངས་གཞན་དུ་ན་བསྡུས་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ལ། རྒྱས་པ་ཞེས་བྱ་བ་ནི་བཤད་པའི་ཚིག་ཡིན་ཏེ། དཔེར་ན་དམ་པ་རྣམས་ཞེས་བྱ་བ་བསྟན་པའི་ ཚིག་དེ་ཡང་དག་པར་སྤོང་བ་རྣམས་དང་སྐྱེས་བུ་དམ་པ་རྣམས་ཞེས་བྱ་བར་བཤད་པར་བྱེད་པའོ། །དེ་དག་ནི་རྣམ་པའི་མཚན་ཉིད་ཡིན་ནོ། །ངས་རྣམ་པ་དང་བཅས་པའི་དམིགས་པ་འཛིན་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་གང་དག་བསྟན་པ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་ བ་ལ། རྣམ་པ་དང་བཅས་པའི་དམིགས་པ་འཛིན་པ་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པ་ཉིད་ལ་དམིགས་པར་ཟད་ཀྱི། ཕྱི་རོལ་གྱི་ཡུལ་མེད་པའི་དོན་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམ་པ་ན་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་མི་ རྟོག་པའི་གཟུགས་བརྙན་ལ་དམིགས་པ་ཉིད་རྣམ་པ་དང་བཅས་པའི་དམིགས་པ་འཛིན་པ་ཡིན་ནོ། །དེ་དག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་བྱ་བ་ནི་མ་མོ་དེ་དག་གི་མཚན་ཉིད་དེ། མ་མོ་ནི་ཆོས་མངོན་པ་ཡིན་ལ་ཆོས་མངོན་པ་ནི་ཟག་པ་མེད་པའི་ཤེས་རབ་འཁོར་དང་བཅས་པ་ཡིན་པས་དེའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་རྣམས་ནི་མ་མོའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པར་བཅས་པའི་ཉོན་མོངས་པ་སྤངས་པས་དེའི་འབྲས་བུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མངོན་པར་སྒྲུབ་པ་གང་ཡིན་པ་དེ་ནི། དེའི་འབྲས་བུ་ཐོབ་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ལ་འཇིག་རྟེན་པ་དང་འཇིག་ རྟེན་ལས་འདས་པར་བཅས་པའི་ཉོན་མོངས་པ་སྤོང་བས་ཞེས་བྱ་བ་ནི། འཇིག་རྟེན་པའི་ལམ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་གོ་རིམས་སུའོ། །དེའི་འབྲས་བུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔ་དང་། རྣམ་པར་གྲོལ་བ་ལ་སོགས་པ་ དག་གོ། །དེའི་འབྲས་བུ་ཐོབ་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་མ་མོའི་ངོ་བོ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྐབས་དེའི་འོ། །དེ་ཉིད་རྣམ་པར་གྲོལ་བའི་ཤེས་པས་སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་གཞན་དག་ལ་ཡང་རྒྱ་ཆེར་སྒྲོགས་པ་དག་འཆད་པ་དང་ཡང་དག་པར་སྟོན་པ་དེ་ན་དེ་མྱོང་བ་རྣམ་པར་བསྙད་པའི་ མཚན་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་ཉིད་རྣམ་པར་གྲོལ་བའི་ཤེས་པས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་འབྲས་བུ་ཐོབ་པ་དེ་ཉིད་དོ། །དེ་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་སོ་སོ་ཡང་དག་པར་རིག་པ་དེ་མྱོང་བའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་དག་ཉིད་བསྒོམ་པ་ལ་བར་ ཆད་བྱེད་པའི་གནས་ལྟ་བུ་ཉོན་མོངས་པ་ཅན་གྱི་ཆོས་གང་ཡིན་པ་དེ་ནི་དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ལ། བར་ཆད་བྱེད་པའི་གནས་ལྟ་བུ་ཉོན་མོངས་པ་ཅན་གྱི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལ་སོགས་པ་དག་གོ། །དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་མ་མོའི་ ངོ་བོ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པ་དེའི་འོ། །དེ་དག་ཉིད་ལ་གཅེས་སྤྲས་བྱེད་པའི་ཆོས་གང་དག་ཡིན་པ་དེ་ནི་དེ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་དག་ཉིད་ལ་གཅེས་སྤྲས་བྱེད་པའི་ཆོས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དེ་དག་ཉིད་ལ་ཕན་འདོགས་པའི་ཆོས་ ཏེ་ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། རྣམ་པར་དག་པའི་ལམ་གྱི་གནས་སྐབས་ཐམས་ཅད་དང་ཅི་རིགས་པར་སྦྱར་རོ། །དེ་དང་རྗེས་སུ་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་མ་མོའི་ངོ་བོ་ཉིད་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང་ངོ་། །བར་དུ་གཅོད་པ་རྣམས་ཀྱི་སྐྱོན་གང་ཡིན་པ་དེ་ནི་ཉེས་དམིགས་ ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་སྒྲིབ་པ་ལྔ་ལ་སོགས་པའི་ཉེས་དམིགས་མང་པོ་དག་གོ། །རྗེས་སུ་མཐུན་པ་རྣམས་ཀྱི་ཡོན་ཏན་གང་ཡིན་པ་དེ་ནི་ཕན་ཡོན་གྱི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་དང་། རྣམ་པར་དག་པའི་ལམ་གྱི་གནས་སྐབས་ཀྱི་ཕན་ཡོན་མང་པོ་དག་གོ། །མ་མོའི་མཚན་ཉིད་བཤད་ ཟིན་ཏོ།། །།དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་བརྗོད་པ་བསྟན་པ་དེ་ཉིད་ཀྱི་སྐབས་ལས་གླེངས་ཏེ་བསྟན་པ་མཐའ་དག་གི་དོན་བསྡུས་པའི་གཟུངས་ཀྱི་དོན་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ གསུངས་སོ། །གཟུངས་ཀྱི་དོན་གང་གིས་ཞེས་བྱ་བས་ནི་བསྟན་པ་མཐའ་དག་གི་དོན་མཚན་ཉིད་གང་གིས་བསྡུས་པའི་གཟུངས་ཀྱི་དོན་གྱིས་སོ། །བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཆོས་ཟབ་མོ་རྣམས་ཀྱི་ལྡེམ་པོ་དགོངས་པར་རྗེས་སུ་འཇུག་པར་འགྱུར་བ་ཞེས་བྱ་བ་ནི་བསྟན་པ་མཐའ་ དག་གི་དོན་མཚན་ཉིད་གང་གིས་བསྡུས་པའི་གཟུངས་ཀྱི་དོན་དེས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདོ་སྡེ་དང་། འདུལ་བ་དང་། མ་མོ་དེ་དག་གི་གཟུངས་ཀྱི་དོན་མ་ལུས་པ་ཞེས་བྱ་བ་ནི་བསྟན་པ་མཐའ་དག་གི་སྡེ་སྣོད་གསུམ་དུ་འདུས་ལ། སྡེ་སྣོད་གསུམ་པོ་དེ་དག་གི་དོན་མཚན་ཉིད་གང་གིས་བསྡུས་པའི་ གཟུངས་ཀྱི་དོན་མ་ལུས་པའོ། །འདི་ལས་སླད་རོལ་པ་རྣམས་དང་ཐུན་མོང་མ་ལགས་པ་བཤད་དུ་གསོལ་ཞེས་བྱ་བ་ནི་ཆོས་འདི་པ་ལས་ཕྱི་རོལ་དུ་གྱུར་པའི་མུ་སྟེགས་ཅན་རྣམས་དང་ཐུན་མོང་མ་ཡིན་པའོ། །འཇམ་དཔལ་དེའི་ཕྱིར་ཉོན་ཅིག་དང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ངའི་ལྡེམ་པོ་ངག་ལ་འཇུག་ པར་བྱ་བའི་ཕྱིར་གཟུངས་ཀྱི་དོན་མ་ལུས་པ་ཁྱོད་ལ་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པ་མཐའ་དག་གི་དོན་བདག་མེད་པ་གཉིས་ཀྱིས་བསྡུས་པས་གཟུངས་ཀྱི་དོན་སྟོན་ཏེ། དེ་དག་གི་བསྡུས་པའི་དོན་ནི་རྣམ་པ་བཞི་སྟེ། བདག་མེད་པ་གཉིས་ཀྱིས་གཟུངས་ཀྱི་དོན་བསྟན་པ་དང་། སོ་ སོའི་སྐྱེ་བོ་རྣམས་དེ་ལ་མངོན་པར་ཞེན་པ་བསྟན་པ་དང་། གཟུངས་ཀྱི་དོན་རྟོགས་པའི་ཕན་ཡོན་བསྟན་པ་དང་། དེ་དག་གི་དངོས་པོ་བསྡུ་བ་བསྟན་པའོ། །དེ་ལ་དང་པོར་བདག་མེད་པ་གཉིས་ཀྱིས་གཟུངས་ཀྱི་དོན་བསྟན་པ་ལ། གང་ཟག་བདག་མེད་པས་གཟུངས་ཀྱི་དོན་བསྟན་པ་ནི་འཇམ་དཔལ་ ཀུན་ནས་ཉོན་མོངས་པའི་ཆོས་གང་དག་ཡིན་པ་དང་རྣམ་པར་བྱུང་བའི་ཆོས་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་གཡོ་བ་མེད་པའི་གང་ཟག་མེད་པ་ཡིན་ཏེ། དེའི་ཕྱིར་ངས་ཆོས་རྣམས་རྣམ་པ་ཐམས་ཅད་དུ་བྱེད་པ་མེད་པར་བསྟན་ཏོ་ཞེས་བྱ་བས་བསྟན་ཏོ། །ཆོས་བདག་མེད་པས་གཟུངས་ཀྱི་ དོན་བསྟན་པ་ནི། ཀུན་ནས་ཉོན་མོངས་པ་རྣམས་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ལ་ཕྱིས་རྣམ་པར་བྱང་བར་འགྱུར་བ་ཡང་མ་ཡིན། རྣམ་པར་བྱང་བའི་ཆོས་རྣམས་ཀྱང་ཕྱིས་རྣམ་པར་བྱང་ལ་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བས་བསྟན་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ སྤངས་ཏེ། རྣམ་པར་བྱང་བའི་ཕྱོགས་ཐོབ་པར་བྱ་བ་གང་ཡིན་པ་དེ་ནི་བསྟན་པའི་དོན་ཡིན་ལ། དེ་ནི་བདག་མེད་པ་གཉིས་ཀྱིས་བསྡུས་པའི་ཕྱིར་གཟུངས་ཀྱི་དོན་ཞེས་བྱ་བར་སྦྱོར་རོ། །གལ་ཏེ་གང་ཟག་ཀྱང་མེད་ལ་བྱ་བ་ཡང་མེད་ན་ཇི་ལྟར་བདག་གིས་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་སོ་སོའི་སྐྱེ་བོ་རྣམས་དེ་ལ་མངོན་པར་ཞེན་པ་བསྟན་པའི་ཕྱིར། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གནས་ངན་ལེན་གྱི་ལུས་ལ་ཆོས་དང་གང་ཟག་གི་ངོ་བོ་ཉིད་དུ་མངོན་པར་ལེན་པའི་བག་ལ་ཉལ་ལ་བརྟེན་ནས་གཞན་ནམ་བདག་གིར་འཛིན་ཞིང་དེས་ན་མཐོང་ངོ་ཐོས་སོ་བསྒོམ་མོ་མྱང་ངོ་རེག་གོ་རྣམ་ པར་ཤེས་སོ། །བཟའོ་བྱེད་དོ་ཀུན་ནས་ཉོན་མོངས་སོ། །རྣམ་པར་བྱང་ངོ་ཞེས་ལོག་པར་མངོན་པར་འདུ་བྱེད་པ་འབྱུང་ངོ་ཞེས་བྱ་བ་གསུངས་ཏེ། གནས་ངན་ལེན་གྱི་ལུས་ལ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །མངོན་པར་ཞེན་པའི་བག་ལ་ཉལ་ཞེས་བྱ་བ་ནི་དེ་དང་ལྡན་པའོ། །བདག་གམ་བདག་གིར་འཛིན་ ཞིང་ཞེས་བྱ་བ་ལ་སོགས་པས་ནི་གང་ཟག་ལ་མངོན་པར་ཞེན་པའོ། །ཀུན་ནས་ཉོན་མོངས་སོ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ལ་མངོན་པར་ཞེན་པའོ། །དེའི་འོག་ཏུ་གཟུངས་ཀྱི་དོན་རྟོགས་པའི་ཕན་ཡོན་བསྟན་པའི་ཕྱིར། གང་ལ་ལས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་གནས་ངན་ ལེན་གྱི་ལུས་རབ་ཏུ་སྤོང་ཞིང་ཉོན་མོངས་པ་ཐམས་ཅད་ཀྱི་གནས་མ་ཡིན་པ་ཤིན་ཏུ་རྣམ་པར་དག་པ་སྤྲོས་པ་མེད་པ། འདུས་མ་བྱས་པ་མངོན་པར་འདུ་བྱ་བ་མེད་པའི་ལུས་ཐོབ་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་བདག་མེད་པ་གཉིས་སུ་ ཤེས་པའོ། །གནས་ངན་ལེན་གྱི་ལུས་རབ་ཏུ་སྤོང་ཞིང་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའི་ཀུན་གཞི་རྣམ་པར་ཤེས་པ་རབ་ཏུ་སྤོང་སྟེ། དེས་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟོན་ཏོ། །ཉོན་མོངས་པ་ཐམས་ཅད་ཀྱི་གནས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་གནས་གྱུར་པའི་ཡེ་ཤེས་ཕུན་སུམ་ ཚོགས་པ་བསྟན་ཏོ། །འཇམ་དཔལ་དེ་ནི་གཟུངས་ཀྱི་དོན་མ་ལུས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གོང་དུ་ཀུན་གྱི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་བདག་མེད་པ་གཉིས་རྟོགས་པ་དང་ཀུན་ནས་ཉོན་མོངས་པ་སྤངས་ཏེ། རྣམ་པར་བྱང་བ་ཐོབ་པར་བྱ་བ་དང་། དེའི་འབྲས་བུ་སྤངས་པ་ དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཐོབ་པ་དེ་ནི་བསྟན་པ་མཐའ་དག་གི་དོན་བསྡུས་པ་ཡིན་པའི་ཕྱིར་གཟུངས་ཀྱི་དོན་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་ནི་དེ་དག་གི་དངོས་པོ་བསྡུས་ པ་བསྟན་ཏེ། ཚིག་གི་དོན་སྔ་མ་དང་ཅི་རིགས་པར་སྦྱར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་བརྗོད་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་སེམས་འབྱུང་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སེམས་འབྱུང་བ་ ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་བྱིན་གྱི་རླབས་ལས་བྱུང་བ་གཟུགས་ཀྱི་སྐུ་རྣམ་གཉིས་ཀྱི་སེམས་སྔོན་ཐབས་དང་ཤེས་རབ་བསྒོམ་པ་མངོན་པར་འདུ་བྱས་པ་ལས་སྤྲུལ་པ་ལྟ་བུར་མངོན་པར་འདུ་བྱེད་པ་མེད་པར་འབྱུང་བ་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་ འདས་དེ་བཞིན་གཤེགས་པའི་སེམས་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་བ་ལགས་ཞེས་བྱ་བ་ཞུས་ཏེ། འདི་མན་ཆད་ནི་དེ་བཞིན་གཤེགས་པའི་སེམས་འབྱུང་བ་ལ་རྨོངས་པའི་གཉེན་པོར་དེ་མ་ནོར་བར་སྟོན་ཏོ། །འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ནི་སེམས་དང་ཡིད་དང་། རྣམ་ པར་ཤེས་པས་རབ་ཏུ་ཕྱེ་བ་མ་ཡིན་མོད་ཀྱི་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ནི་གནས་གྱུར་པས་རབ་ཏུ་ཕྱེ་བ་ཡིན་པས་དེ་ལ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་མེད་ན་གང་ལས་སེམས་དེ་འབྱུང་ཞེས་བྱ་བར་དགོངས་པའོ། །འོ་ན་སེམས་གང་གིས་སྤྲུལ་པ་འབྱིན་པར་མཛད་པ་དེ་གང་ལས་འབྱུང་ཞེ་ན། དེའི་ ཕྱིར་འོན་ཀྱང་དེ་བཞིན་གཤེགས་པའི་སེམས་ནི་མངོན་པར་འདུ་བྱེད་པ་མེད་པར་འབྱུང་ཞེས་བྱ་བར་གསུངས་སོ། །སྤྲུལ་པ་ལྟ་བུར་རིག་པར་བྱའོ་ཞེས་བྱ་བ་ནི་སྤྲུལ་པའི་སྐུ་འབྱུང་བ་ཇི་ལྟ་བ་བཞིན་དུ་སེམས་འབྱུང་བ་ཡང་དེ་དང་འདྲའོ་ཞེས་བྱའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སེམས་འབྱུང་ བ་བསྟན་པ་དེ་ཡང་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བར་བསྟན་པའི་མདོ་ལས། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སེམས་འབྱུང་བ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཀྱིས་རབ་ཏུ་ཕྱེ་བ་ཡང་མ་ཡིན། རྣམ་པར་ ཤེས་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་མོད་ཀྱི། ཀྱེ་རྒྱལ་བའི་སྲས་འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སེམས་འབྱུང་བ་ནི་ཡེ་ཤེས་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་བརྟེན་ནས་ བྱ་བ་ཐམས་ཅད་རབ་ཏུ་ཤེས་ཀྱང་ནམ་མཁའ་ནི་རྟེན་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བརྟེན་ནས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས་པ་ཐམས་ཅད་རབ་ཏུ་ཤེས་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རྟེན་པ་མེད་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇུག་པའི་སྒོ་དང་པོ་དེས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སེམས་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འཇུག་པའི་སྒོ་རྣམ་པ་བཅུ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །བཅོམ་ལྡན་འདས་གལ་ ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་མངོན་པར་འདུ་བགྱི་བ་ཐམས་ཅད་དང་བྲལ་བ་ལགས་ན། འོ་ན་ཇི་ལྟར་མངོན་པར་འདུ་བགྱི་བ་མ་མཆིས་པར་སེམས་འབྱུང་བར་འགྱུར་ལགས་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ནི་གནས་གྱུར་པས་རབ་ཏུ་ཕྱེ་བ་མངོན་པར་འདུ་བྱེད་པ་ཐམས་ཅད་དང་བྲལ་བ་ཡིན་ན། དེ་ ལས་སྤྲུལ་པའི་སྐུའི་རང་བཞིན་གྱི་སེམས་ཇི་ལྟར་འབྱུང་ཞེས་ཞུས་པ་ཡིན་ནོ། །སྔོན་ཐབས་དང་ཤེས་རབ་བསྒོམས་པ་མངོན་པར་འདུ་བྱས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་བསྒོམ་པ་གང་ཡིན་པ་དེ་བསྒོམས་པས་ཤུགས་དང་མངོན་པར་འདུ་བྱེད་པ་ཞེས་བྱ་བ་རྣམ་ གྲངས་ཀྱི་ཤུགས་དེ་ལ་བརྟེན་ནས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་དཔེར་ན་གཉིད་ལོག་པ་སེམས་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་དཔེའི་དོན་ནི་མདོ་ལས་བྱུང་བ་བཞིན་དུ་རིག་པར་བྱའོ། །ཅི་ལགས་དེ་གཞིགས་པས་སྤྲུལ་པ་ལ་སེམས་མཆིས་སམ་མ་མཆིས་ཞེས་བགྱི་ཞེས་བྱ་བ་ནི་དེ་བཞིན་ གཤེགས་པའི་སྤྲུལ་པའི་སྐུ་ཆོས་ཀྱི་སྐུའི་བྱིན་གྱི་རླབས་ལས་བྱུང་བ་ཡིན་ན་སྤྲུལ་པའི་སྐུ་ལ་སེམས་ཡོད་ཅེས་བྱ་འམ་སེམས་མེད་ཅེས་བྱ་ཞེས་ཞུས་པ་ཡིན་ནོ། །སེམས་ཡོད་པ་ཡང་མ་ཡིན་སེམས་མེད་པའང་མ་ཡིན་ཏེ། སེམས་རང་དབང་མེད་པ་ཉིད་དང་སེམས་གཞན་གྱི་དབང་ཉིད་ཡིན་ པའི་ཕྱིར་རོ་ཞེས་བྱ་བ་ལ་སེམས་རང་དབང་མེད་ཅེས་བྱ་བ་ནི་དེའི་སེམས་ཅན་གཞན་དག་ལྟར་སེམས་ལ་རང་དབང་མེད་པ་སྟེ། དེའི་ཕྱིར་སེམས་ཡོད་པ་ཡང་མ་ཡིན་ནོ། །སེམས་གཞན་གྱི་དབང་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སེམས་ཀྱི་དབང་ཉིད་ཡིན་པའི་ཕྱིར་ཏེ། དེས་ ན་སེམས་མེད་པ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སེམས་འབྱུང་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་བསྟན་པ་དང་། ཡུལ་བསྟན་པ་གཉིས་ཀྱི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ་དེ་ལ་སྤྱོད་ཡུལ་ཞེས་བྱ་ བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ཐུན་མོང་བ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞེས་བྱ་བ་ཡིན་ནོ། །ཡུལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པ་ཁམས་ལྔ་པོ་དག་གོ། །དེའི་ཕྱིར་དེ་གཉིས་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ དེ་བཞིན་གཤེགས་པའི་སྤྱོད་ཡུལ་གང་ལགས་པ་དང་དེ་བཞིན་གཤེགས་པའི་ཡུལ་གང་ལགས་པ་དེ་གཉིས་ལ་ཐ་དད་དུ་བགྱི་བ་ཅི་མཆིས་ལགས་ཞེས་བྱ་བ་ཞུས་ཏེ་འདི་མན་ཆད་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང་ཡུལ་ལ་ཤིན་དུ་རྨོངས་པའི་གཉེན་པོར་དེ་མ་ནོར་བ་བསྟན་པ་སྟོན་ཏོ། །དེ་བཞིན་གཤེགས་ པའི་སྤྱོད་ཡུལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་བ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ཚད་མེད་པའི་རྒྱན་བཀོད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གང་ཡིན་པའོ་ཞེས་བྱ་བ་ལ་ཐུན་མོང་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་ཞིང་སོ་སོར་རྣམ་པར་སྦྱོང་བར་མི་བྱེད་ཀྱི། མངོན་པར་རྫོགས་པར་སངས་ རྒྱས་ནས་ནི་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ན་བཞུགས་ཏེ། ཞིང་མཉམ་པའི་ཕྱིར་ཐུན་མོང་བ་ཞེས་བྱའི་གཅིག་པ་ཉིད་ནི་མ་ཡིན་ཏེ། འདི་ལྟར་སངས་རྒྱས་སོ་སོའི་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ནི་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པའི་མཚན་ཉིད་ཡིན་པས་ཐ་དད་དོ། །ཆོས་ཀྱི་སྐུ་རྣམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ གནས་གྱུར་པ་ཡིན་ནོ། །སྤྲུལ་པའི་སྐུ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པས་དེ་ནི་ཅི་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་དབང་གིས་སེམས་ཅན་རྣམས་ལ་རྣམ་པར་རིག་པར་སྣང་བ་དག་ཏུ་འབྱུང་ངོ་། །ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ཚད་མེད་པའི་རྒྱན་བཀོད་པའི་སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པ་གང་ཡིན་པའོ་ཞེས་བྱ་བ་ནི་སྔར་གནས་ཕུན་སུམ་ཚོགས་པ་བསྟན་པ་ལྟ་བུ་སྟེ། དེས་ན་སྤྱོད་ལམ་བཞིས་བཞུགས་པས་སྤྱོད་ཡུལ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་བསྟན་པ་དེ་ཡང་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་དེ་སྐད་ཅེས་སྨྲས་པ་ དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་ཆགས་པ་མེད་པའི་སྤྱོད་ཡུལ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་དེ་བཞིན་ཉིད་ནི་སྔོན་གྱི་ མཐར་མ་བྱུང་ཕྱི་མའི་མཐར་མི་འཕོ་ད་ལྟར་བྱུང་བ་མངོན་པར་མ་གྲུབ་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡང་མ་བྱུང་བ་ དང་མི་འཕོ་བ་དང་མངོན་པར་མ་གྲུབ་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་གཤེགས་པའི་ཡུལ་ནི་ཁམས་ལྔ་པོ་སེམས་ཅན་གྱི་ཁམས་དང་འཇིག་རྟེན་གྱི་ཁམས་དང་། ཆོས་ཀྱི་ཁམས་དང་། གདུལ་བྱའི་ཁམས་དང་གདུལ་བྱའི་ ཐབས་ཀྱི་ཁམས་རྣམ་པ་ཐམས་ཅད་དེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་ཡུལ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ན་བཞུགས་བཞིན་དུ་དེ་ལས་གཞན་པའི་ཁམས་ལྔ་པོ་གཞན་གང་དག་ཏུ་ཕྲིན་ལས་མཛད་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་བསྟན་པ་དེ་ཡང་འཕགས་པ་ དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུལ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆགས་པ་མེད་པ་དང་འཇུག་པ་མེད་པའི་ཤེས་རབ་དང་ཡེ་ཤེས་ཀྱི་འཇུག་པས་འགྲོ་བ་ཐམས་ཅད་ཀྱི་ཡུལ་དང་། ས་ཐམས་ཅད་ཀྱི་ཡུལ་དང་། འཇིག་རྟེན་ ཐམས་ཅད་ཀྱི་ཡུལ་དང་། ཞིང་ཐམས་ཅད་ཀྱི་ཡུལ་དང་། ཆོས་ཐམས་ཅད་ཀྱི་ཡུལ་དང་། སེམས་ཅན་ཐམས་ཅད་ཀྱི་ཡུལ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་དང་། དེ་བཞིན་ཉིད་དབྱེར་མེད་པའི་ཡུལ་དང་། ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པའི་ཡུལ་དང་། ཡང་དག་པའི་མཐའ་མེད་པའི་ཡུལ་དང་། ནམ་མཁའི་ཁམས་ཚད་མེད་པའི་ ཡུལ་དང་། མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཡུལ་དང་ཡུལ་མེད་པར་ཡུལ་དང་བྲལ་བ་ལས་དེ་བཞིན་གཤེགས་པའི་ཡུལ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་བསྟན་པ་གཉིས་ཀྱི་ཚིག་གི་དོན་ལ་སོགས་ པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་གསུམ་གྱི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་ ཡོངས་སུ་སྦྱང་བར་བྱ་བའི་དོན་དུ་དང་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་ཏོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི་རྣམ་པར་དག་པས་བདེན་པ་བཞི་ལ་ལན་གསུམ་བཟླས་ནས་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི་ སངས་རྒྱས་ཀྱི་མཛད་པ་མཛད་ནས་རེ་ཞིག་ལྐོག་པའི་ཚུལ་གྱིས་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའོ། །དེའི་ཕྱིར་དེ་གསུམ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ལགས་པ་དང་། ཆོས་ཀྱི་འཁོར་ ལོ་བསྐོར་བ་གང་ལགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གང་ལགས་པ་དེ་དག་གི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་ཞུས་ཏེ། འདི་མན་ཆད་ནི་དེ་གསུམ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་དེ་གསུམ་མ་ནོར་བར་སྟོན་ཏོ། །གཉིས་སུ་མེད་པའི་མཚན་ཉིད་ཡིན་ཏེ་ཞེས་བྱ་བ་ ལ། ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མ་ཡིན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མ་ཡིན་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་མ་ཡིན་པར་སྟོན་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཡོངས་སུ་སྦྱང་བར་བྱ་བའི་ དོན་དུ་ཡིན་པས་སྤྲོས་པ་ཡིན་ལ་རྣམ་པར་དག་ནས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྤྲོས་པར་འགྱུར་བའི་ཕྱིར་རོ། །སྤྲུལ་པའི་སྐུ་ཀུན་དུ་སྟོན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མ་ཡིན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མ་ པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བས་སྟོན་ཏེ། དེ་དག་ཉིད་བྱ་བ་སྒྲུབ་པའི་མཛད་པ་ཡིན་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པ་དེ་ཡང་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་ འབྱུང་བ་བསྟན་པའི་མདོ་ལས་དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་གྱི་དོན་ལ་རྣམ་པར་སྤྱོད་པ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ནེམ་ནུར་མེད་པས་གཉིས་སུ་མེད་པ་རྟོགས་པ་ལས། དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཁོང་དུ་ཆུད་པར་བྱའོ། །མཚན་ཉིད་མེད་པ་རྟོགས་པ་དང་། རྒྱུ་མེད་པ་རྟོགས་པ་དང་། གནས་མེད་པ་རྟོགས་པ་དང་། མཐའ་དང་དབུས་མེད་པ་རྟོགས་པ་དང་། སངས་རྒྱས་མཐའ་ཡས་པ་རྟོགས་པ་དང་། མཐའ་དང་མཐའ་མེད་པ་ཡོངས་སུ་ སྤངས་པ་དབུས་ན་གནས་པ་རྟོགས་པ་དང་། ཡི་གེ་དང་སྒྲ་དང་བརྗོད་པ་འབྱུང་བ་ཐམས་ཅད་རྟོགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་འགྲུབ་པ་མཉམ་པ་ཉིད་དུ་རྟོགས་པ་དང་། བསམ་པ་དང་དབང་པོ་དང་ཉོན་མོངས་པ་དང་བག་ཆགས་དང་བག་ལ་ཉལ་དང་རང་བཞིན་སོ་སོར་ རྟོག་པ་རྟོགས་པ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡོངས་སུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟོན་པ་དེ་ཡང་། འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་ འབྱུང་བ་བསྟན་པའི་མདོ་ལས། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་མངོན་པར་སྒྲུབ་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཏན་ཀུན་ནས་སློང་བར་བྱེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སེམས་ལ་ཞུགས་ཤིང་། མངོན་པར་ གྲུབ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཁོང་དུ་ཆུད་པར་བྱའོ། །མཐའ་དང་ལྟ་བ་ཐམས་ཅད་དང་བྲལ་བའི་ཕྱིར་འཁོར་གསུམ་ཡོངས་སུ་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཁོང་དུ་ཆུད་པར་བྱའོ། །ནམ་མཁའི་མཐའི་རྗེས་སུ་འགྲོ་བས་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ ཁོང་དུ་ཆུད་པར་བྱའོ། །བརྗོད་དུ་མེད་པའི་ཚུལ་གྱིས་རྗེས་སུ་འགྲོ་བ་མེད་པར་རབ་ཏུ་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཁོང་དུ་ཆུད་པར་བྱའོ། །མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་གཏན་ཉེ་བར་ཞི་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པའི་ གསུང་ཐམས་ཅད་དུ་འགྲོ་བའི་ཕྱིར་ཡི་གེ་དང་སྒྲ་དང་ཚིག་གི་ལས་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་ཚུལ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་གྲག་པའི་སྒྲ་བསྒྲགས་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཁོང་དུ་ཆུད་པར་བྱའོ། །སྔོན་གྱི་སྨོན་ལམ་ཤིན་ཏུ་ ཡོངས་སུ་སྦྱངས་པའི་ཕྱིར་གསུང་གཅིག་བརྗོད་པ་ལས་སྒྲ་ཐམས་ཅད་འབྱུང་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཁོང་དུ་ཆུད་པར་བྱའོ། །ནང་དང་ཕྱི་རོལ་སྦྱོང་བར་བྱེད་པའི་ཚུལ་གྱིས་ཡི་གེ་མི་ཟད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཁོང་དུ་ཆུད་པར་བྱའོ། །ཆོས་ཉིད་ཀྱི་རྗེས་སུ་འགྲོ་བས་གཏན་ མི་སྐྱེ་མི་འགག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་དེ་ཡང་། འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་ པའི་མདོ་ལས། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་ པར་འདོད་པས་རང་བཞིན་གྱི་ངོ་བོ་ཉིད་ཁོང་དུ་ཆུད་པར་བློ་དང་ལྡན་པར་བྱ་སྟེ། དེས་དེ་བཞིན་ཉིད་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །ཡང་དག་པའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་ལྟར་དེ་ བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །ནམ་མཁའི་ཁམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་ལྟར་ དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །འདོད་ཆགས་དང་བྲལ་བའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་ དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །མཚན་ཉིད་མེད་པའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །བདག་གི་ངོ་བོ་ཉིད་ཀྱི་མཐའི་ཡོངས་སུ་མྱ་ངན་ལས་འདས་ པ་ཇི་ལྟ་བ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟ་བ་བཞིན་གྱི་མཐའི་ཡོངས་སུ་མྱ་ ངན་ལས་འདས་པ་ཇི་ལྟ་བ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་གདོད་མ་ཉིད་ནས་གཏན་མ་བྱུང་བ་མ་སྐྱེས་པ་ཡིན་པས། གདོད་མ་ཉིད་ནས་གཏན་མ་བྱུང་མ་སྐྱེས་པའི་ཆོས་གང་ཡིན་པ་དེ་ལ་ནི་ འབྲལ་བ་འགའ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་སྟོན་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་གསུམ་གྱི་ ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་བཞིན་གཤེགས་པ་ལ་བལྟ་བ་དང་ཉན་པ་དང་། བསྙེན་བཀུར་བྱེད་པ་ལས་དགེ་བའི་རྩ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ལ་བལྟ་བ་དང་། ཉན་པ་དང་བསྙེན་བཀུར་ བྱེད་པ་ལས་བསོད་ནམས་ཀྱི་ཚོགས་སྐྱེ་བར་འགྱུར་བའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་སྤྲུལ་པའི་སྐུ་ལ་བལྟ་བ་དང་། ཉན་པ་དང་། བསྙེན་བཀུར་བགྱི་བ་དག་གིས་སེམས་ཅན་རྣམས་བསོད་ནམས་བསྐྱེད་པ་དེ་ཅིའི་སླད་དུ་དེ་བཞིན་གཤེགས་པ་ལས་ འབྱུང་བར་རིག་པར་བགྱི་ལགས་ཞེས་བྱ་བ་ཞུས་ཏེ། དེས་ན་དེ་བཞིན་གཤེགས་པ་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཡིན་པ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་དེ་མ་ནོར་བར་སྟོན་ཏོ། །དེ་བཞིན་གཤེགས་པ་ལ་ལྷག་པར་དམིགས་པའི་བྱ་བ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་རྣམས་སྤྲུལ་པའི་ སྐུ་ལ་བལྟ་བ་དང་ཉན་པ་དང་། བསྙེན་བཀུར་བྱེད་པ་ན། དེ་བཞིན་གཤེགས་པ་ཉིད་ལ་ལྷག་པར་དམིགས་པའི་བསམ་པ་དང་སྦྱོར་བར་བྱེད་པའི་ཕྱིར། དེ་ལ་བསོད་ནམས་སྐྱེས་པ་དེ་ཡང་དེ་བཞིན་གཤེགས་པ་ཉིད་ལས་འབྱུང་བ་ཞེས་བྱ་བར་སྟོན་ཏོ། །སྤྲུལ་པའི་སྐུ་ཡང་དེ་ བཞིན་གཤེགས་པའི་བྱིན་གྱི་རླབས་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱུང་བའི་ཕྱིར་ཏེ། དེ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ལ་བལྟ་བ་དང་ཉན་པ་དང་བསྙེན་བཀུར་བྱེད་པ་ ལས་དགེ་བའི་རྩ་བ་བསྐྱེད་པར་བསྟན་པ་དེ་ཡང་། འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་འབྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བལྟ་བ་དང་། ཉན་པ་དང་བསྙེན་བཀུར་བྱེད་པ་ལས་དགེ་བའི་རྩ་བ་ཇི་ལྟར་ཁོང་ དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཁོམ་པ་མངོན་པར་སྒྲུབ་པའི་བློ་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བལྟ་བ་དང་ཉན་པ་དང་བསྙེན་བཀུར་བྱེད་པ་ལས་དགེ་བའི་རྩ་བ་བསྐྱེད་པ་ནི་དོན་ཡོད་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་ལ་བལྟ་བ་དང་ཉན་པ་དང་། བསྙེན་བཀུར་བྱེད་པ་ལས་དགེ་བའི་རྩ་བ་སྐྱེ་བ་ནི་བར་ཆད་མེད་པའི་གནས་དང་། གཅིག་ཏུ་མཐར་ཐུག་པར་འགྲོ་བ་དང་། སླུ་བ་མེད་པ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། འདུས་བྱས་ཀྱི་སྤྱོད་པ་ཐམས་ཅད་ མི་ཟད་པ་དང་། འདུས་མ་བྱས་རྗེས་སུ་རྟོགས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་དང་། ཕྱི་མའི་མཐའི་མུར་ཐུག་པ་མེད་པར་གནས་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང་འབྱུང་གིས་ཐོབ་པ་ལས་ཀྱང་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ པ་བཞིན་དུ་བལྟ་བར་བྱའོ། །བཅོམ་ལྡན་འདས་མངོན་པར་འདུ་བགྱི་བ་མ་མཆིས་པ་འདྲ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཁོ་ན་ལས་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འབྱུང་ཞིང་སྤྲུལ་པའི་གཟུགས་བརྙན་དཔག་ཏུ་མ་མཆིས་པ་དག་ཀྱང་འབྱུང་ལ། ཉན་ ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ལུས་ལས་ནི་མི་འབྱུང་ལགས་ཞེས་བྱ་བ་ནི་སྔར་དེ་བཞིན་གཤེགས་པ་ལ་བལྟ་བ་དང་ཉན་པ་དང་། བསྙེན་བཀུར་བྱེད་པ་ལས་དགེ་བའི་རྩ་བ་སྐྱེ་བ་བསྟན་པའི་སྐབས་སུ་སྤྲུལ་པའི་སྐུ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཉིད་ཡིན་པའི་ཕྱིར་རོ་ ཞེས་གསུངས་པ་དེ་ཉིད་ལས་གླེངས་ཏེ་གསུངས་པ་ཡིན་པར་སྦྱར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ལ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ནི་དེ་དག་ཉིད་ན་གནས་པའི་སེམས་ཅན་མཐུ་ཆེན་པོ་དང་། གླིང་བཞི་པའི་སེམས་ཅན་གཉིས་ཀྱི་ལས་ཀྱིས་ཡོངས་སུ་ སྦྱང་བ་བྱས་པའི་ཕྱིར་དེ་དེ་དག་ལ་སྣང་བ་ཆེན་པོ་འབྱུང་བར་བྱེད་དོ། །ལྷག་མ་ནི་མདོ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱི་མཐུས། འདོད་པའི་ཁམས་ཀྱི་མིའི་ལུས་ཕུན་སུམ་ཚོགས་པ་རྒྱལ་རིགས་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་གཤེགས་པ་ལ་བལྟ་བ་དང་ཉན་པ་དང་། བསྙེན་བཀུར་བྱེད་པ་ལས་དགེ་བའི་རྩ་བ་སྐྱེ་བ་བསྟན་པ་དེ་ཉིད་ཀྱི་ཞར་ལས་གླེངས་ཏེ་ཞུས་པ་ཡིན་ནོ། །ཚིག་གི་དོན་གཞན་ནི་གོ་སླ་བས་མ་བཤད་དོ། །ལུས་ངན་པར་ སྐྱེ་བ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་མཐུ་ལས་འབྱུང་བར་རིག་པར་བྱའོ་ཞེས་བྱ་བ་ནི་གང་དག་ལམ་དེ་དང་སྒྲུབ་པ་དེ་ནི་ཕྱིར་སྤང་ཞིང་མི་སྙན་པར་བརྗོད་ལ། དེ་བཞིན་གཤེགས་པ་ལ་ཡང་ཀུན་ནས་མནར་སེམས་ཀྱི་སེམས་དང་། ཁོང་ཁྲོའི་སེམས་དང་ལྡན་ཞིང་འཆི་བའི་དུས་བྱེད་པ་དེ་ དག་དེ་བཞིན་གཤེགས་པ་ལ་དམིགས་པའི་མི་དགེ་བ་གང་ཡིན་པ་དེའི་མཐུ་ལས་ལུས་ངན་པ་ཐོབ་པར་འགྱུར་བས་ན། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ལས་འབྱུང་ཞེས་བྱའོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ཡོངས་སུ་མ་དག་པ་དག་ན་གང་ན་གང་ནི་དཀོན་པ་ལགས། ཡོངས་སུ་དག་པ་དག་ན་གང་ནི་མོད་པ་ལགས། གང་ནི་དཀོན་པ་ལགས་ཞེས་བྱ་བ་ནི་སྔར་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་བསྟན་པའི་སྐབས་ལས་གླེངས་ཏེ་ཞུས་པ་ཡིན་ནོ། །འོན་ཀྱང་འཇིག་རྟེན་གྱི་ཁམས་དག་པ་དང་མ་དག་པ་ན་མོད་པ་དང་དཀོན་པ་དེ་གཉི་ག་ཡང་དེ་བཞིན་གཤེགས་པའི་ བྱིན་གྱི་རླབས་ལས་བྱུང་བ་ཡིན་པས། འདིར་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཉན་པ་དང་། བསྙེན་བཀུར་བྱེད་པ་ལས་དགེ་བའི་རྩ་བ་སྐྱེ་བ་བསྟན་པའི་སྐབས་སུ་བསྡུའོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་ཡོངས་སུ་མ་དག་པ་དག་ན་དངོས་པོ་བརྒྱད་ནི་མོད་ལ་གཉིས་ནི་དཀོན་ཏེ་ ཞེས་བྱ་བ་ལ་སོགས་པས། འཇིག་རྟེན་གྱི་ཁམས་ཡོངས་སུ་མ་དག་པ་ན་གཉིས་དཀོན་པ་ནི་སྒྲུབ་པར་བྱེད་པ་ལ་སྙེགས་སོ། །འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་དག་ན་བརྒྱད་དཀོན་པ་ནི་དངོས་པོ་མེད་པའི་དོན་ཏེ། དེ་བཞིན་གཤེགས་པ་ལ་བལྟ་བ་དང་ཉན་པ་དང་། བསྙེན་བཀུར་བྱེད་པ་ལས་དགེ་ བའི་རྩ་བ་བསྐྱེད་པའི་གཏན་ཚིགས་ཀྱི་དོན་ལ་སོགས་པ་བཤད་ཟིན་ཏོ། །མཛད་པ་ཕུན་སུམ་ཚོགས་པ་བཤད་ཟིན་ཏོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔལ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི་མདོ་སྡེ་ལེའུ་བཅུ་པ་འདིའི་མིང་སྟོན་ཏོ། །དགོངས་ པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདི་ཞེས་བྱ་བ་ནི་མདོ་སྡེ་འདིའི་ལུས་སྤྱིར་སྙེགས་སོ། །བསྟན་པ་ཞེས་བྱ་བ་ནི་ལེའུ་བཅུ་པ་འདི་ཉི་ཚེ་དང་སྦྱར་རོ། །འདིའི་མིང་ཅི་ལགས་ཞེས་བྱ་བས་ནི་མིང་ཞུས་པ་བསྟན་ཏོ། །འདི་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བས་ནི་མིང་ཞུས་པའི་དགོས་པ་བསྟན་ཏེ། ཐ་ སྙད་གདགས་པའི་སྒོ་ནས་འདི་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་འདིའི་མིང་ཅི་ལགས་ཞེས་བྱ་བ་ནི་བདག་གི་དོན་དུ་ཞུ་བའོ། །འདི་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བ་ནི་གཞན་གྱི་དོན་དུ་ཞུ་བ་སྟེ། ཆོས་ཀྱི་རྣམ་གྲངས་འདི་གཞན་དག་ཇི་ལྟར་འཛིན་དུ་གཞུག་པར་ བགྱི་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཚིག་གཉིས་མ་སྨོས་པ་ནི་ཆོས་ཀྱི་རྣམ་གྲངས་འདི་དོན་ཆེ་བའི་ཕྱིར། དང་བས་འདུན་པར་བྱ་བའི་སེམས་ཀྱིས་ཡང་དང་ཡང་དུ་ཞུ་བར་བྱེད་པ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་ཡིན་ཏེ་ཞེས་བྱ་ བས་ནི་མིང་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། མཛད་པ་ཕུན་སུམ་ཚོགས་པ་གཏན་ལ་དབབ་པར་བསྟན་པ་ནི། དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པར་ངེས་པའི་དོན་བསྟན་པ་ཡིན་ཏེ། དེའི་ ཕྱིར་འདི་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་ཡིན་ཞེས་བྱ་བར་ཟུང་ཤིག་ཅེས་བྱ་བ་གསུངས་ཏེ། ཞུས་པའི་ཚིག་གཉིས་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན། བྱང་ཆུབ་ སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བས་ནི་བསྟན་པའི་འབྲས་བུ་རྒྱ་ཆེ་བ་བསྟན་པ་སྟེ། དེ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་རྟོགས་པའི་ཆོས་ཀྱི་སྐུ་དང་། བཤད་པའི་ཆོས་ཀྱི་ཚོགས་ སོ། །དེ་ནི་ས་གསུམ་པ་ལ་ནི་ཐོབ་པ་ཡིན། ས་བཅུ་པ་ལ་ནི་ཡོངས་སུ་རྫོགས་པ་ཡིན། དེ་བཞིན་གཤེགས་པའི་ས་ལ་ནི་ཡོངས་སུ་འགྲུབ་པ་ཡིན་པས། འདིར་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བས་ནི། ས་བཅུ་ པ་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །།ལེའུ་བཅུ་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །བཅོམ་ལྡན་འདས་ཀྱི་མགུར་ནས་བཀའ་སྩལ་པའི། །བདུད་རྩིའི་མཆོག་དེ་གསལ་བར་རྣམ་ཕྱེ་འདི། བྲིས་ཤིང་གཞན་ལ་སྣང་བར་བསྟན་པས་ནི། གུ་ཎ་ཤྲཱི་དང་སེམས་ཅན་ཐམས་ཅད་ཀུན། མ་རིག་མུན་པའི་སྒྲིབ་པ་རྣམ་དག་སྟེ། ཤེས་རབ་སྒྲོན་མ་མཆོག་ནི་ཐོབ་པར་ཤོག །འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་རྫོགས་སོ།། །། ༄༅། །བཟང་སྤྱོད་ཀྱི་འགྲེལ་པ་བཞིའི་དོན་བསྡུས་ནས་བརྗེད་བྱང་དུ་བྱས་པ་བཞུགས། ༄༅༅། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཨཱ་ཙཱརྱ་དི་ཀ་ན་གས་མཛད་པ་དང་། ཤཱཀྱ་མི་ཏྲ་ དང་། བུདྡྷ་ཀཱི་རྟི་དང་། བྷ་དྲ་བ་ཧི་ཏི་ཀཱས་མཛད་པ་རྣམ་པ་བཞིའི་དོན་དང་། འཕྲལ་དུ་མཁན་པོ་དག་ལས་ཐོས་པ་དང་། མདོ་སྡེ་ལས་འབྱུང་བ་དང་སྦྱར་ཏེ་བཤད་པ་བརྡ་ཕྲད་སླ་བ་བརྗེད་བྱང་དུ་བྱས་པ། ཀུན་དུ་བཟང་པོའི་སྨོན་ལམ་མམ། བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱ་བ་ནི་མིང་དོན་དང་མཐུན་ པ་ཡིན་ཏེ། ཀུན་དུ་བཟང་པོ་ནི་དེ་བཞིན་གཤེགས་པ་ལ་བྱ་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པས་ཀུན་ནས་མཛེས་པས་སོ། །དེའི་སྤྱོད་པའི་སྨོན་ལམ་མོ། །ཡང་སྤྱོད་པ་ཉིད་ནི་ཀུན་དུ་བཟང་པོ་སྟེ། ཁ་ན་མ་ཐོ་བ་མེད་ཅིང་སྐྱོན་ཐམས་ཅད་དང་བྲལ་བས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ཡིན་པའི་ཕྱིར་རོ། །ཐོག་མར་ཐོས་པའི་དུས་ན་དགེ། བར་དུ་སེམས་ཞིང་བསྒོམ་པའི་དུས་ན་དགེ། ཐ་མར་འབྲས་བུ་སངས་རྒྱས་པའི་དུས་ན་དགེ་སྟེ། བཟང་བའི་ཕྱིར་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའ་ཀུན་དུ་ བཟང་པོ་ཞེས་བྱ་བ་རབ་ཀྱི་དབང་པོ་ཅིག་སྤྱོད་པ་སྟེ། དེའི་སྤྱོད་པའི་སྨོན་ལམ་འདི་ལྟ་བུས་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྤྱོད་པས་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱའོ། །ཡང་ན་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་མི་སྦྱར་གྱི། སྤྱོད་པ་བཟང་ པོའི་སྨོན་ལམ་ཞེས་བྱ་བར་སྦྱར་ཏེ། སྤྱོད་པ་བཟང་པོ་རབ་མཆོག་གོང་དུ་སྨོན་པ་དེ་ཐོབ་པར་རམ། དེར་སྨོན་པར་བྱ་བ་ཡིན་པས་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱའོ། །དེ་ལ་ཕྱག་བྱ་བ་ལ་སོགས་པ་ཁ་ཅིག་སྨོན་ལམ་མ་ཡིན་པ་ཡང་ཡོད་མོད་ཀྱི། ཕལ་ཆེར་སྨོན་ལམ་ཡིན་པས་སྨོན་ལམ་ མོ། །ཡང་ན་ཕྱག་བྱ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། སེམས་ཅན་གྱི་དོན་མཛོད་ཅིག་ཅེས་བཞུགས་པར་གསོལ་བ་དང་། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡོངས་ སུ་བསྔོ་བའི་བྱང་ཆུབ་ཀྱི་སྤྱོད་པ་དེ་ལྟ་བུ་ཉིད་བཟང་པོ་སྟེ། སྨོན་པར་བྱ་བ་ཡིན་པ་དང་། མཇུག་ནས་ཕན་ཡོན་འབྱུང་བ་དང་། འབྲས་བུ་བཟང་པོ་དེ་ལྟ་བུ་འདོད་ཅིང་སྨོན་པར་བྱ་བ་ཡིན་པས་སྨོན་ལམ་མོ། །དེ་ལྟར་སྨོན་ལམ་འདི་མིང་དོན་དང་ལྡན་པ་ཡིན་ནོ། །འཕགས་པ་བཟང་པོ་སྤྱོད་ པའི་སྨོན་ལམ་ལ་དོན་བཅུས་སྟོན་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང་། དེ་ལ་མཆོད་པ་བྱ་བ་དང་། ཉེས་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་དང་། དགེ་ བའི་རྩ་བ་ཡོངས་སུ་བསྔོ་བ་དང་། སྨོན་ལམ་གྱི་རབ་ཏུ་དབྱེ་བ་དང་། སྨོན་ལམ་གྱི་མཐའ་དང་། སྨོན་ལམ་གྱི་ཕན་ཡོན་ནོ། །སྤྱིར་ནི་སངས་རྒྱས་སུ་གྲུབ་པ་མན་ཆད་ངན་སོང་གསུམ་དུ་སྐྱེས་པ་ཡན་ཆད་གནས་མཐོན་དམན་གང་དུ་སྐྱེ་བའི་དབང་ནི་བདག་ལ་ཡོད་དོ། །དེ་ཡང་རང་གི་ སེམས་བཅོས་ལེགས་མ་ལེགས་ལས་འགྱུར་ཏེ། སེམས་བཅོས་ལེགས་ནས་དགེ་བ་ལ་ཞུགས་ན་ནི་སངས་རྒྱས་མན་ཆད་དུ་ཡང་འགྲུབ། སེམས་བཅོས་མ་ལེགས་ཏེ་མི་དགེ་བ་ལ་ཞུགས་ན་ནི་ངན་སོང་གསུམ་དུ་སྐྱེ་ཞིང་ལྟུང་བས། བདག་བདེ་ལེགས་སུ་འདོད་ཅིང་། གཞན་ ལ་ཡང་ཕན་པ་དང་བདེ་བར་བྱ་བར་འདོད་པས་ནི་རང་གི་སེམས་ལེགས་པར་བཅོས་ཤིང་སྦྱར་དགོས་སོ། །དེ་ལྟ་བས་ན་ངན་སོང་གསུམ་དུ་མི་ལྟུང་ཞིང་རྟག་ཏུ་བདེ་སྐྱིད་ལ་སངས་རྒྱས་སུ་གྲུབ་པ་དང་། གཞན་ལ་ཡང་ཕན་གདགས་པར་འདོད་པས་ཐོག་མར་ཇི་ལྟར་བྱ་ཞེ་ན། དང་པོར་ ཕྱག་བྱ་བའི་འོས་མཆོད་པའི་གནས་རྣམས་ལ། ཕྱག་བྱ་བ་དང་མཆོད་པའི་བསམ་པས་སེམས་སྦྱངས་ཏེ། སྡིག་པ་བཤགས་ལ་དགེ་བ་གཞན་གྱི་སྣོད་དུ་རུང་བར་བྱའོ། །དེ་ལྟར་སེམས་སྦྱང་བར་བྱ་བའི་ཕྱིར་ཕྱག་བྱ་བའི་གནས་སངས་རྒྱས་མངོན་སུམ་དུ་བཞུགས་པ་དང་། སེམས་ཀྱིས་ལྷག་པར་མང་དུ་དམིགས་ཏེ། ཕྱག་བྱ་བར་ཐོག་མར་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་ནི་རྣམ་པ་བཞི་སྟེ། ལུས་དང་ངག་དང་ཡིད་གསུམ་ཆར་གྱིས་ཕྱག་བྱ་བ་དང་། ལུས་ཀྱིས་ཕྱག་བྱ་བ་དང་། ངག་གིས་ཕྱག་བྱ་བ་དང་། ཡིད་ཀྱིས་ཕྱག་བྱ་ བའོ། །དེ་ལ་དང་པོ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་བྱ་བ་ཡིན་ཏེ། ཇི་སྙེད་དམ་གང་དག་སུ་དག་པ་ ཕྱོགས་འགའ་ན་བཞུགས་པ་དང་། འཇིག་རྟེན་གྱི་ཁམས་འགའ་ན་བཞུགས་པའི་དེ་བཞིན་གཤེགས་པ་འགའ་ལ་ཕྱག་བྱ་བ་ཡིན་གྱི། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པ་ལ་ཕྱག་བྱའོ། །འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་འགའ་ཞིག་ན་བཞུགས་པ་ ལ་ཕྱག་བྱ་བ་མ་ཡིན་གྱི། དུས་གསུམ་དུ་གཤེགས་པ་ལས་ཏེ། འདས་པའི་དུས་ན་སངས་རྒྱས་པར་གཤེགས་པར་གྱུར་པ་དང་། ད་ལྟར་གྱི་དུས་སུ་སངས་རྒྱས་ཏེ་གཤེགས་པ་དང་། མ་འོངས་པའི་དུས་ན་སངས་རྒྱས་ཏེ་གཤེགས་པར་འགྱུར་བའི་སངས་རྒྱས་མིའི་སེང་གེ་གང་དག་ཇི་ སྙེད་པ་དེ་དག་མ་ལུས་པ་ཐམས་ཅད་ལ་བདག་ལུས་བཏུད་ཅིང་ཚིག་གིས་བསྟོད་ཡིད་ཀྱིས་དམིགས་ནས་གུས་པས་ཕྱག་བྱ་བའོ། །མིའི་སེང་གེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་དགའ་ལྡན་གྱི་གནས་ནས་སེམས་ཅན་གྱི་དོན་དུ་མིའི་ལུས་སུ་བསྟན་པ་དཔེར་ན་སེང་གེས་གཅན་གཟན་དང་ རི་དགས་ཐམས་ཅད་ཟིལ་གྱིས་མནན་ཏེ་བག་ཚ་བ་མེད་པ་ལྟར། དེ་བཞིན་གཤེགས་པས་ཀྱང་བདུད་དང་མུ་སྟེགས་ཅན་ཕྱིར་རྒོལ་བ་ལྷ་དང་མི་ཐམས་ཅད་ཟིལ་གྱིས་མནན་ཏེ་སུ་ལ་ཡང་བག་ཚ་བ་འམ། བསྙེངས་པ་མི་མངའ་སྟེ། མཁྱེན་པའི་མཐུའི་ཡོན་ཏན་ཐམས་ཅད་ཀྱིས་འཕགས་པ་ལ་ བྱའོ། །ལུས་དང་ངག་ཡིད་དང་བས་ཞེས་པ་ནི་གཞན་གྱི་ཡམས་ལ་བྱ་བ་མ་ཡིན་གྱི། བདག་ཉིད་དང་བས་སངས་རྒྱས་ཀྱི་སྐུ་ལ་ཡིད་ཀྱིས་སེམས་ཤིང་ངག་གིས་བསྟོད་དེ་ལུས་བཏུད་ནས་གུས་པས་ཕྱག་འཚལ་ལོ། །གལ་ཏེ་ཅིའི་ཕྱིར་མིའི་སེང་གེ་མང་པོ་དེ་སྙེད་ལ་ཕྱག་བྱ་ཞེ་ན། ཡོན་ཏན་ཕུན་ སུམ་ཚོགས་པ་མངའ་བ་དང་ཕྱག་བྱ་བའི་གནས་སུ་གྱུར་པས་གཅིག་ལ་ཕྱག་བྱས་ན་ཡང་བསོད་ནམས་ཆེན་པོ་ཐོབ་ན་མང་པོ་ལ་ཕྱག་བྱས་ན་བསོད་ནམས་ཆེས་མང་དུ་ཐོབ་པས་དེའི་ཕྱིར་དེ་དག་ཐམས་ཅད་ལ་ཕྱག་བྱའོ། །གཉིས་པ་ལུས་ཀྱིས་ཕྱག་བྱ་བ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་ གིས། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལུས་ཀྱིས་ཕྱག་བྱ་བའི་ཡུལ་ཡང་ཇི་ལྟ་བུ་ཞེ་ན། བཟང་པོ་སྤྱོད་པའི་སྨོན་ལམ་ནི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་གསུངས་པའི་སྨོན་ལམ་མོ། །སྟོབས་ནི་མན་ངག་སྟེ། སྨོན་ལམ་འདི་ལས་འབྱུང་བའི་མན་ངག་གོ། །ཡང་ན་བཟང་པོ་སྤྱོད་པ་ལ་ སྨོན་པའི་སྟོབས་ཀྱིས་ཕྱག་བྱའོ་ཞེས་བྱ་བར་བཤད་དེ། བཟང་པོ་སྤྱོད་པ་ནི་གོང་དུ་བཤད་ཟིན་ཏོ། །དེར་སྨོན་པ་ནི་དེར་སེམས་འདུན་པའོ། །སྨོན་པའི་སྟོབས་ཀྱིས་ནི་མི་མཐུན་པའི་ཕྱོགས་རྣམ་པར་གཡེང་བ་སྤངས་ནས་སེམས་རྩེ་གཅིག་ཏུ་བྱ་བ་ལ་ཞུགས་པར་རོ། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་ མངོན་སུམ་དུ། །ཞེས་པ་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བའི་སངས་རྒྱས་ཏེ། ཡིད་དམ་སེམས་ཀྱིས་ཕྱོགས་བཅུ་དང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་མཐོང་བ་དང་འདྲ་བར་དམིགས་སོ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡི། །ཞེས་བྱ་བ་ནི་རྒྱལ་བ་ དེ་དག་གི་ཞིང་ཐམས་ཅད་ཇི་སྙེད་ཡོད་པ་དེ་སྙེད་དུ་བདག་གི་ལུས་མང་པོར་གྱུར་པར་བསམ་པའོ། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ཡིད་ཀྱིས་མངོན་སུམ་དང་འདྲ་བར་དམིགས་པའི་དེ་དག་ཐམས་ཅད་ལ་བདག་གི་ལུས་དེ་སྙེད་དུ་རབ་ཏུ་བཏུད་དེ་ཕྱག་བཙལ་བར་བསམ་མོ། ། རྒྱལ་བ་ཞེས་པ་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བའི་ཕྱིར་དང་། བདུད་ལས་རྒྱལ་བའི་ཕྱིར་དང་། སྡིག་པ་མི་དགེ་བ་ཐམས་ཅད་ལས་རྒྱལ་བ་སྟེ། བྲམ་ཟེ་ཉེར་འགྲོ་ཞེས་པས་ཁྱོད་སུ་ཞིག་ཅེས་ཞུས་པ་དང་། ལན་དུ་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པ་མི་དགེའི་ ཆོས་ལས་ང་རྒྱལ་ཏེ། །དེའི་ཕྱིར་ཉེར་འགྲོ་ང་ནི་རྒྱལ་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །འོ་ན་ལུས་མང་པོས་ཕྱག་བྱས་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། ལུས་མང་པོས་ཕྱག་བྱ་བར་བསམ་ཞིང་མོས་པ་ན་ལུས་གཅིག་གིས་ཕྱག་བྱ་བར་མོས་ན་ཡང་བསོད་ནམས་ཆེ་ན། ཡང་ལུས་མང་པོས་ ཕྱག་བྱ་བར་མོས་པས་ལྟ་བསོད་ནམས་ཆེ་བས་དེ་ལྟར་མོས་པར་བྱའོ། །གསུམ་པ་ཡིད་ཀྱིས་ཕྱག་བྱ་བ་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག། ཅེས་བྱ་བ་ནི་རྡུལ་ཕྲ་རབ་གཅིག་གི་ངོས་འབའ་ཞིག་ན་སངས་རྒྱས་ཀྱི་ཞིང་མ་ ལུས་པའི་རྡུལ་སྙེད་ཀྱིས་སངས་རྒྱས་ཀྱི་སྐུ་ཐ་མལ་པའི་ཚད་མ་ཤ་སྟག་བཞུགས་པར་བསམ་པར་བྱ་སྟེ། དེ་ཡང་སངས་རྒྱས་ཉག་གཅིག་བཞུགས་པར་བསམ་པར་བྱ་བ་མ་ཡིན་གྱི། སངས་རྒྱས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་ཏེ་ཆོས་སྟོན་ ཅིང་བཞུགས་པར་བསམས་ཏེ་མོས་པར་བྱའོ། །སངས་རྒྱས་ཞེས་བྱ་བ་ནི་གཏི་མུག་གི་གཉིད་སངས་པས་ན་མི་གཉིད་སངས་པ་བཞིན་ཞེས་པ་སྟེ། ཐམས་ཅད་གསལ་བས་ཐུགས་སུ་ཆུད་པ་ལ་བྱའོ། །ཡང་ན་བློའི་པདྨ་ཁ་བྱེ་ཞིང་རྒྱས་པ་བཞིན་ཞེས་བྱ་སྟེ། པདྨ་རྒྱས་པ་ནི་ཁ་དེ་ལས་རྒྱས་ པ་མེད་པ་བཞིན་དུ་མཁྱེན་པས་སངས་རྒྱས་ཏེ་མི་མཁྱེན་པ་རྡུལ་ཙམ་ཡང་མི་མངའ་བས་ན། སངས་པ་དང་རྒྱས་པ་དུས་གཅིག་བསྡུས་ཏེ་སངས་རྒྱས་ཞེས་བྱའོ། །སྲས་ནི་མོས་པ་སྤྱོད་པའི་སར་ཆུད་པ་ཡན་ཆད་དེ་བཞིན་གཤེགས་པའི་གདུང་རྒྱུན་མི་འཆད་པར་བྱེད་པ་དེ་དག་ལ་བྱ། ཡང་ན་ ས་དང་པོ་བརྙེས་པ་ཡན་ཆད་ལ་བྱ་སྟེ། འཕགས་པ་ས་བཅུ་པའི་མདོ་ལས། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། མདོར་ན་སངས་རྒྱས་ཀྱི་གསུང་མན་ངག་ལས་སྐྱེས་པའི་སྲས་ཞེས་བྱའོ། ། གལ་ཏེ་རྡུལ་གཅིག་གི་སྟེང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་སྙེད་ཤོང་བར་ཇི་ལྟར་རུང་ཞེ་ན། དེ་ནི་སེམས་ཀྱིས་དེ་ལྟར་བསམས་ཤིང་དེ་ལྟར་མོས་པར་བྱ་བའི་ཆོས་ཡིན་ཏེ། རྣལ་འབྱོར་བའི་སེམས་དེ་ལྟར་སྣང་བ་ཡིན་གྱི་ཕྱི་རོལ་གྱི་རྡུལ་ཉིད་ནི་མ་ཡིན་ཏེ། དཔེར་ན་རྣལ་འབྱོར་ པས་ཟད་པར་ས་དང་། ཟད་པར་ཆུ་དང་། མེ་དང་། རླུང་དང་། ཟད་པར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་དང་། ཟད་པར་རྣམ་པར་ཤེས་པར་མོས་ན་ཡང་དེ་བཞིན་མཐོང་བ་དང་འདྲ་སྟེ། ཆོས་ཐམས་ཅད་ཡོངས་སུ་གྲུབ་པའི་རང་བཞིན་མ་ཡིན་པས། ཇི་ལྟར་བརྟགས་པ་དེ་ལྟར་སྣང་ངོ་། །རྣལ་འབྱོར་བའི་སེམས་དེ་ལྟར་སྣང་བས་ཡང་མཉམ་པར་མ་བཞག་པའི་སེམས་དེ་མ་གོམས་པའི་སེམས་ལས་ནི་དེ་ལྟར་སྣང་དུ་ཡང་མི་རུང་གི། མཉམ་པར་བཞག་པ་ལ་གོམས་པ་ལ་ནི་དེ་ལྟ་བུ་མི་རུང་བ་མེད་དེ། བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་ པ་བཞི་བཀའ་སྩལ་པ་ལས། རྣལ་འབྱོར་པའི་མཐུ་བསམ་གྱིས་མི་ཁྱབ་ཅེས་གསུངས་པ་ལྟ་བུའོ། །དེ་ལ་དཔེ་ཅི་ཡོད་ཅེ་ན། དཔེར་ན་སྣོད་ཆུང་ངུའི་ནང་དུ་ཆུ་བླུགས་ན། དེའི་ནང་དུ་ཉི་ཟླ་དང་གཟའ་སྐར་ལ་སོགས་པའི་གཟུགས་ཆེན་པོ་མང་པོ་སྣང་དུ་རུང་བ་དང་། ཡང་སྒྱུ་མ་མཁན་གྱིས་རྒྱུ་རྐྱེན་ཆུང་ངུ་ ལས་མི་རྟ་ལ་སོགས་པའི་གཟུགས་ཆེན་པོ་མང་པོར་སྤྲུལ་ཏེ་སྟོན་པ་དང་། རྨི་ལམ་ན་གནས་ཆུང་ངུ་དོག་པའི་ནང་གཟུགས་ཆེན་པོ་སྣང་བ་འབྱུང་བ་དང་འདྲ་སྟེ་མི་རུང་བ་མེད་དོ། །དེ་ལྟར་མོས་པས་ཅི་ཞིག་བྱ་ཞེ་ན། དེ་བཞིན་གཤེགས་པའི་མཐུ་ཕུན་སུམ་ཚོགས་པ་མང་པོ་ལ་དམིགས་ན། དམིགས་པའི་སྒོ་ནས་བསོད་ནམས་མང་དུ་འཕེལ་བས་དེ་ལྟར་དགོས་སོ། །རྡུལ་གཅིག་གི་སྟེང་ན་ཇི་ལྟ་བ་བཞིན་དུ་རྡུལ་ཐམས་ཅད་ཀྱི་སྟེང་དུ་ཡང་དེ་དང་འདྲ་བར་བསམ་པའི་ཕྱིར། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་རྡུལ་གཅིག་ལ་ཇི་ལྟ་བ་དེ་ལྟར་རོ། །ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་ཉིད་དོ། །དབྱིངས་ཞེས་པ་ནི་འབྱུང་གནས་ཏེ། དེ་བཞིན་ཉིད་ལ་དམིགས་ནས་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་འབྱུང་བས་ཆོས་ཉིད་ཀྱི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་ མཁའི་ཁམས་ཀྱི་མཐས་གཏུགས་པ་མ་ལུས་པའི་རྡུལ་ཕྲ་རབ་རེ་རེའི་སྟེང་ན། རྒྱལ་བ་འཁོར་དང་བཅས་པ་དེ་སྙེད་བཞུགས་པར་བསམ་ཞིང་མོས་པས་སེམས་སྦྱང་བར་བྱའོ། །བཞི་པ་ངག་གིས་ཕྱག་བྱ་བ་ནི། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །ཞེས་པ་ནི་རྒྱལ་བ་དེ་དག་གི་ བསྔགས་པ་ནི། དུས་གསུམ་ཀུན་དུ་གཤེགས་པ་ཉིད་དང་མོས་པ་བསམས་ནས་རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་བཞུགས་པ་ལ། རྡུལ་རེ་རེའི་སྟེང་ན་ཡང་དེ་སྙེད་བཞུགས་པར་མོས་པའི་རྒྱལ་བ་དེ་དག་ཐམས་ཅད་ཀྱི་བསྔགས་པ་ནི་སྙན་པར་བསྟོད་པའོ། །མི་ཟད་རྒྱ་མཚོ་ཞེས་པ་ནི་ བསྔགས་པ་ཟད་མི་ཤེས་པ་སྟེ། རྒྱ་མཚོ་མང་བ་ལྟར་བསྔགས་པ་མང་པོ་ཟད་མི་ཤེས་པའོ། །དབྱངས་ཀྱི་ཡན་ལག་ཅེས་པ་ནི། དབྱངས་སམ་ཚིག་འབྱུང་བའི་རྒྱུ་ནི་ལྕེ་ཡིན་ཏེ། དེ་ཡང་ཁུངས་ནི་ཕུང་པོ་གསུམ་པའི་མདོ་ལས། དེ་བཞིན་གཤེགས་པ་རེ་རེ་ལ་ལུས་ཐོབ་པའི་འགྲོ་བ་ཐམས་ ཅད་ཀྱི་སེམས་ཇི་སྙེད་ཀྱིས་ཞབས་ཀྱི་འོག་ཏུ་གཏུགས་ཏེ་ཕྱག་བྱ། ལུས་ཐོབ་པ་རེ་རེ་ལ་ཡང་ལྕེའི་རྩེ་མོ་ཕྲ་རབ་མགོ་གང་གི་ལམ་ངེས་པའི་ཚིག་དེ་སྙེད་དུ་ལྷག་པར་མོས་སོ། །མགོ་རེ་རེ་ལ་ཡང་ཁའི་སྒོ་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་དབྱེ་བ་ཙམ་དུ་ལྷག་པར་མོས་སོ། །ཁའི་ སྒོ་རེ་རེ་ལ་ཡང་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྙེད་དུ་ལྷག་པར་མོས་སོ་ཞེས་འབྱུང་བ་ཡིན་ཏེ། ལྕེ་དེ་སྙེད་དུ་མོས་པ་ཡིན་ནོ། །རྒྱ་མཚོ་ཞེས་པ་ནི་མང་བའི་གྲངས་མཚོ་མཐའ་ཡས་པ་ལ་བྱ་སྟེ། གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །དེ་གཅིག་ཏུ་བརྩིས་ ལ་བྱེ་བ་ཕྲག་བརྒྱ་ལ་འཇིག་རྟེན་གྱི་ཁམས་རབ་འབྱམས་གཅིག་གོ། །དེ་བྱེ་བ་ཕྲག་བརྒྱ་ལ་མཚོ་ཡས་གཅིག་གོ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་ཀྱི་གོ་རིམས་ལས་ཀྱང་། གཅིག།། བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར། ཐེར་འབུམ། ཤུ་རྔོག། མཆོག་ཉལ། རྐྱང་འཕྱེས། བྱེ་མ། ནབ་ནུབ། མཚོ་ཡས་ཞེས་བྱ་བ་ལ་སོགས་པ་འབྱུང་བས་གྲངས་ཀྱི་མིང་ལ་བྱ་སྟེ་སྒྲ་སྐད་འབྱུང་བའི་ལྕེ་མང་པོ་མཚོ་ཡས་སྙེད་དོ། །ཡང་ན་རྒྱ་མཚོ་ནི་གྲངས་དང་མི་སྦྱར་གྱི་མཚོ་ཉིད་ལ་ཡང་སྦྱར་རུང་སྟེ། དཔེར་ན་རྒྱ་མཚོ་རྒྱ་ཆེ་གཏིང་ཟབ་པ་ལྟར་སྒྲ་སྐད་འབྱུང་བའི་ལྕེ་ཡང་མང་བ་ལ་བྱའོ། །འོག་ནས་ རྒྱ་མཚོ་འབྱུང་བ་རྣམས་ཀྱང་འདི་དང་འདྲ་བར་བཤད་པར་བྱའོ། །སྒྲ་སྐད་ཀྱི་ཞེས་པ་གོང་མ་ལྟ་བུའི་ལྕེ་མང་པོ་དེ་དག་ལས་འབྱུང་བའི་སྒྲ་སྐད་ཐམས་ཅད་ཀྱིས་སོ། །རྒྱལ་བ་ཀུན་གྱི་ཞེས་པ་ནི་དུས་གསུམ་གཤེགས་པའི་རྒྱལ་བ་ཉིད་དང་མོས་པར་བསམས་ནས་རྡུལ་སྙེད་བཞུགས་པ་དེ་ལྟ་བུའི་རྡུལ་རེ་རེ་ལ་ ཡང་དེ་སྙེད་བཞུགས་པར་མོས་པའི་རྒྱལ་བ་དེ་དག་ཐམས་ཅད་ཀྱི་བསྔགས་པ་ནི་སྙན་པར་བསྟོད་པའོ། །ཡོན་ཏན་ནི་ཡང་དང་ཡང་དུ་བཟླས་པར་བྱ། ཉམས་སུ་བླང་བར་བྱ་བ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་མི་ཟད་པའི་ཡོན་ཏན་དང་སངས་རྒྱས་སུ་གྲུབ་པ་ལ་ མངའ་བའི་ཡོན་ཏན་དང་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོར་ཡང་དག་པར་རིག་པ་བཞི་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་བྱ་བ་ནི་མཛེས་པར་གཤེགས་པས་ནའང་ལེགས་པར་གཤེགས་པ་སྟེ་དཔེར་ན། གཟུགས་བཟང་བ་ལ་གཟུགས་ལེགས་ཞེས་བྱ་བ་ལྟ་བུའོ། །ཡང་ན་ལས་དང་ཉོན་མོངས་པའི་ དབང་གིས་འཁོར་བར་སླར་མི་ལྡོག་པར་གཤེགས་པ་སྟེ། དཔེར་ན་རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །ཡང་ན་བགྲོད་པར་བྱ་བ་མཐར་ཕྱིན་པར་གཤེགས་པ་སྟེ། དཔེར་ན་སྣོད་ལེགས་པར་གང་བ་བཞིན་ནོ། །ཡང་ན་བཅོམ་ལྡན་འདས་བདེ་བར་གྱུར་ཅིང་མཐོ་རིས་ཀྱི་བདེ་བ་དང་ལྡན་པ་གནོད་ པ་མི་མངའ་ཞིང་གནོད་པ་མེད་པའི་ཆོས་དང་ལྡན་པས་ན་བདེ་བར་གཤེགས་པའམ། བདེ་བར་བརྙེས་པ་ཞེས་བྱ་སྟེ། བདེ་བར་གཤེགས་པ་དེ་ལ་བསྟོད་པར་བགྱིའོ།། །།ད་ནི་སྤྱི་དོན་གཉིས་པ་མཆོད་པ་སྟོན་ཏེ། དེ་ལ་ཡང་གཉིས་ཏེ་བླ་ན་ཡོད་པ་དང་། བླ་ན་མེད་པའོ། །དེ་ལ་བླ་ན་ཡོད་པ་ ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏེ། མེ་ཏོག་དམ་པ་ནི་ལྷའི་ཡུལ་མན་ཆད་ཀྱི་འཇིག་རྟེན་ན་མེ་ཏོག་དངོས་སུ་ཡོད་པ་ཇི་སྙེད་པ་དང་། ཀུན་གྱི་མཆོག་གོ། །མཆོད་པ་འོག་མ་རྣམས་ཀྱི་དམ་པ་ཡང་འདི་ལས་ཤེས་པར་བྱའོ།