Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 206

Văn bản gốc(Tây Tạng)

Trang 11 / 20 (50.000 ký tự/trang)
་པས་བརྟགས་པ་ཡོངས་སུ་དག་པ་ཡིན་ནོ། །དེ་ལྟར་ཡོངས་སུ་དག་པའི་ཕྱིར་འཐད་པས་སྒྲུབ་པ་ལ་དེའི་རྒྱུ་དང་རྐྱེན་དུ་གཏོགས་པའི་མཚན་
ཉིད་ཡོངས་སུ་དག་པ་དང་ལྡན་པའི་ཚད་མས་འཇལ་བ་ནི་དོན་ལ་མི་འཁྲུལ་བར་རྟོགས་ཏེ། བདག་ཀྱང་ཡང་དག་པའི་ལྟ་བ་ལ་གནས་ཤིང་གཞན་ཡང་ཡང་དག་པའི་ལྟ་བ་ལ་འཇོག་པས་སྡིག་པའི་གྲོགས་པོའི་དབང་དུ་མི་ལྟུང་བས་ཤེས་བཞིན་ཚོར་བཞིན་དུ་སྤྱོད་པར་འགྱུར་བས་དེ་ནི་བསྟེན་པར་

བྱའོ། །དེ་ལྟར་སྨྲས་པའི་དོན་ཡིད་ཆེས་པའི་ལུང་གི་ཚད་མ་ཡུལ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་དེ་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྒྱུ་དང་རྐྱེན་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པར་དེས་བསྟན་པའི་ལུང་
ལ་ཚིག་འགལ་བ་མེད་པའོ་ཞེས་སྨོས་པ་ལ། ད་འདིར་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་མཚན་ཉིད་རྣམ་པ་དུས་རྟོགས་པར་བགྱི་ལགས་ཞེས་བྱ་བ་ཞུས་སོ། །འཇམ་དཔལ་ལྔ་སྟེ་ཞེས་བྱ་བ་ལ་གང་སུ་ཡང་རུང་བ་ཞིག་བྱུང་ན་འཇིག་
རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲ་རྣམ་པར་གྲགས་པ་ཞེས་བྱ་བ་ལ། གང་སུ་ཡང་རུང་བ་ཞིག་བྱུང་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་
སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ཡུལ་དང་དུས་དང་ཡབ་ཡུམ་དང་རིགས་ལ་དགོངས་ཏེ་འཇིག་རྟེན་དུ་འབྱུང་བའོ། །འཇིག་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་རྣམ་པར་གྲགས་པ་ཞེས་བྱ་བ་ནི་ལུང་ལས། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་
གྲགས། །ཞེས་གསུངས་པས། བཅོམ་ལྡན་འདས་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཡིན་པར་གྲགས་པ་དང་འཇིག་རྟེན་པའི་རིག་བྱེད་ལས་སུ་གང་བདག་ཉིད་གླང་པོ་ཆེ་དཀར་པོ་མཆེ་བ་དྲུག་པར་རྨི་ལམ་དུ་བསྟན་ཏེ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱ་མཚོ་
དང་ལྡན་པ་དེ་ནི་འཇིག་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲ་རྣམ་པར་གྲགས་ཤིང་སྙིང་རྗེ་ཆེན་པོས་མི་འཆི་བར་གོམས་པར་རྣམ་པར་དག་པ་བརྙེས་ཏེ་འཇིག་རྟེན་ཀུན་གྱི་ཕར་འགྱུར་རོ་ཞེས་འབྱུང་བས་མུ་སྟེགས་ཅན་དག་ལ་ཐམས་ཅད་མཁྱེན་པར་གྲགས་པ་ལ་སོགས་པ་འཇིག་རྟེན་གསུམ་པོ་ཀུན་དུ་སྙན་
པས་ཁྱབ་པ་ལ་བྱའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞེས་བྱ་བ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་དང་། སོར་མོ་རིང་བ་དང་ཞབས་ཀྱི་རྟིང་པ་ཡངས་པ་དང་།

ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་པ་དང་། ཞབས་འབར་འབུར་མེད་པ་དང་། བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་དང་། སྐུ་མ་བཏུད་པ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། སྐུའི་སྤུ་གྱེན་དུ་
ཕྱོགས་པ་དང་། སྤུ་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་པ་དང་། སྐུ་མདོག་གསེར་འདྲ་ཞིང་འོད་འདོམ་གང་དང་ལྡན་པ་དང་། པགས་པ་སྲབ་པ་དང་། བདུན་མཐོ་བ་དང་། རོ་སྟོད་སེང་གེའི་འདྲ་བ་དང་། དཔུང་མགོ་ལེགས་པར་གྲུབ་པ་དང་། ཐལ་གོང་རྒྱས་པ་དང་། སྐུ་ཆེ་ཞིང་རིང་བ་དང་།
ཚེམས་བཞི་བཅུ་མངའ་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ལྗགས་རིང་ཞིང་སྲབ་པ་དང་། རོ་བྲོ་བར་མཁྱེན་པ་དང་། ཚངས་པའི་དབྱངས་དང་། སྤྱན་མཐོན་མཐིང་དང་། རྫི་མ་བའི་ལྟ་བུ་དང་། དབུ་
གཙུག་ཏོར་དང་ལྡན་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དུང་གི་མདོག་འདྲ་བ་ལ་གཡས་སུ་འཁྱིལ་པ་དང་ལྡན་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གི་རང་རང་གི་མཚན་ཉིད་དང་རྒྱུ་དང་འབྲས་བུ་སྟོན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བཤད་པ་བཞིན་ནོ། །སྐྱེས་
བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རྟེན་གྱི་ཚུལ་གྱིས་འཛིན་ཞིང་གཟུགས་བཟང་པོ་མཛེས་པར་བྱེད་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཞར་ལ་རིག་པར་བྱ་སྟེ། དེ་ལ་དཔེ་བྱད་བཟང་པོ་དྲུག་ཅུ་ནི་མགུར་ཡན་ཆད་མ་གཏོགས་པ་སྐུ་མན་ཆད་དུ་གཏོགས་པ་ཡིན་ལ། ཉི་ཤུ་ནི་མགུར་ཡན་
ཆད་དུ་གཏོགས་པ་ཡིན་ནོ། །དེ་ལ་ཕྱག་དང་ཞབས་ཀྱི་སོར་མོ་ཉི་ཤུ་ཚིགས་དང་སོར་མོ་དང་བཅས་པ་དཔེ་བྱད་བཟང་པོ་ཉི་ཤུ་དང་། ཕྱག་དང་ཞབས་གཉིས་དང་ལག་ངར་གཉིས་དང་དཔུང་པ་གཉིས་དང་མཐིལ་རྒྱབ་བརྒྱད་དེ་ཕྱག་གཉིས་ལ་བཞི་དང་ཞབས་གཉིས་ལ་བཞི་སྟེ་དཔེ་བྱད་བཟང་
པོ་བརྒྱད་དང་། ལོང་བུ་གཉིས་དང་པུས་མོ་གཉིས་དང་བརླ་གཉིས་ཏེ་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ་དྲུག་དང་ཕྱག་གི་མཁྲིག་མ་གཉིས་དང་ལག་ངར་གཉིས་དང་དཔུང་པ་གཉིས་ཏེ་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ་དྲུག་དང་། སྟ་ཟུར་དཔེ་བྱད་བཟང་པོ་གཅིག་དང་། རྐེད་པ་དཔེ་

བྱད་བཟང་པོ་གཅིག་དང་། འབྲས་བུ་གཉིས་དཔེ་བྱད་བཟང་པོ་གཉིས་དང་། མདོམས་དཔེ་བྱད་བཟང་པོ་གཅིག་དང་། རྐུབ་ཚོས་གཉིས་དཔེ་བྱད་བཟང་པོ་གཉིས་དང་། ཕྱལ་དཔེ་བྱད་བཟང་པོ་གཅིག་དང་། ལྟེ་བ་དཔེ་བྱད་བཟང་པོ་གཅིག་དང་། རྩིབ་ལོགས་
གཉིས་དང་། མཆན་ཁུང་གཉིས་དང་ནུ་མ་གཉིས་བསྡུས་པ་དཔེ་བྱད་བཟང་པོ་དྲུག་དང་། བྲང་དཔེ་བྱད་བཟང་པོ་གཅིག་དང་། ཐུགས་ཀ་དཔེ་བྱད་བཟང་པོ་གཅིག་དང་། མགུར་དཔེ་བྱད་བཟང་པོ་གཅིག་དང་། རྒྱབ་དཔེ་བྱད་བཟང་པོ་གཅིག་སྟེ། དཔེ་བྱད་བཟང་པོ་དྲུག་ཅུ་པོ་དེ་རྣམས་ནི་
མགུར་ཡན་ཆད་མ་གཏོགས་པ་སྐུ་མན་ཆད་དུ་གཏོགས་པ་ཡིན་ནོ། །ཚེམས་ཕྲེང་བ་གཉིས་དཔེ་བྱད་བཟང་པོ་གཉིས་དང་། རྐན་འཐོན་ཀོར་དང་བཅས་པ་དཔེ་བྱད་བཟང་པོ་གཅིག་དང་། སྒྲོས་གཉིས་དཔེ་བྱད་བཟང་པོ་གཉིས་དང་། མགུར་ཤིན་ཏུ་རྒྱས་པ་དཔེ་བྱད་བཟང་པོ་གཅིག་དང་། འགྲམ་
པ་རྒྱས་ཤིང་དབྱིབས་ལེགས་པ་དཔེ་བྱད་བཟང་པོ་གཉིས་དང་། སྤྱན་གཉིས་འཐོན་ཀོར་དང་བཅས་པ་དཔེ་བྱད་བཟང་པོ་གཉིས་དང་། སྨིན་མ་གཉིས་དཔེ་བྱད་བཟང་པོ་གཉིས་དང་། ཤངས་ཀྱི་སྦུབས་གཉིས་དཔེ་བྱད་བཟང་པོ་གཉིས་ཏེ། དཔྲལ་བ་དཔེ་བྱད་བཟང་པོ་གཅིག་དང་། སྤྱན་
གྱི་གྲྭ་གཉིས་དཔེ་བྱད་བཟང་པོ་བཞི་དང་། དབུ་སྐྲ་དང་བཅས་པ་དཔེ་བྱད་བཟང་པོ་གཅིག་སྟེ། དཔེ་བྱད་བཟང་པོ་ཉི་ཤུ་པོ་དེ་དག་ཉིད་ནི་མགུར་ཡན་ཆད་དུ་གཏོགས་པ་ཡིན་ནོ། །སྟོབས་བཅུས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་ཞེས་བྱ་བ་ལ་སྟོབས་བཅུ་གང་ཞེ་ན།
གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་
པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །

མི་འཇིགས་པ་བཞིས་ཆོས་སྟོན་པས་དེའི་ཚིག་ལ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བརྒལ་དུ་མེད་ཅིང་བརྩད་དུ་མེད་པ་གང་ཡིན་པ་ཞེས་བྱ་བ་ལ་མི་འཇིགས་པ་བཞི་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཐམས་ཅད་
ཟད་པར་མཁྱེན་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པ་དང་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པའོ། །
སུའི་ཆོས་འདུལ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྣང་ཞིང་དགེ་སྦྱོང་བཞི་སྣང་བ་ཡིན་ཏེ་ཞེས་བྱ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་
འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དགེ་སྦྱོང་བཞི་གང་ཞེ་ན། ལམ་རྒྱལ་བ་དང་། ལམ་སྟོན་པ་དང་། ལམ་གྱིས་འཚོ་བ་དང་། ལམ་སུན་པར་བྱེད་པའོ། །དེ་ལ་ལམ་རྒྱལ་བ་ནི་བདེ་བར་གཤེགས་པ་གང་ཡིན་པའོ། །
ལམ་སྟོན་པ་ནི་ཆོས་སྨྲ་བ་གང་ཡིན་པའོ། །ལམ་གྱིས་འཚོ་བ་ནི་ལེགས་པར་ཞུགས་པ་གང་ཡིན་པའོ། །ལམ་སུན་པར་བྱེད་པ་གང་ཡིན་པ་ནི་ལོག་པར་ཞུགས་པ་གང་ཡིན་པའོ། །དེ་ལ་བདེ་བར་གཤེགས་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མ་ལུས་པར་ཟད་པ་
རྗེས་སུ་བརྙེས་པ་གང་ཡིན་པའོ། །ཆོས་སྨྲ་བ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འདུལ་བའི་ཕྱིར་ཆོས་སྟོན་པ་གང་ཡིན་པའོ། །ལེགས་པར་ཞུགས་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བཏུལ་བའི་ཕྱིར་ཞུགས་པ་གང་ཡིན་པའོ། །ལོག་པར་ཞུགས་
པ་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་དང་སྡིག་པའི་ཆོས་གང་ཡིན་པའོ། །གཞན་ཡང་སློབ་པ་དང་མི་སློབ་པ་དག་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དག་ལས་རྣམ་པར་རྒྱལ་བའི་ཕྱིར་ལམ་རྒྱལ་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་

ཕྱིས་བྱང་ཆུབ་ཀྱི་ཕྱིར་འཇུག་པ་དང་ཉན་ཐོས་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་དང་གང་དག་བརྡར་བཏགས་པའི་ཆོས་འདུལ་བ་འཛིན་ཞིང་ཆོས་ཀྱི་ཚུལ་ལ་འཇུག་པ་དེ་དག་ནི་ལམ་སྟོན་པ་ཞེས་བྱའོ། །སོ་སོའི་སྐྱེ་བོ་དགེ་བ་དག་ལ་ཕན་པའི་
ཕྱིར་ཞུགས་པ་ངོ་ཚ་བ་དང་ལྡན་པ་འགྱོད་པ་དང་ལྡན་པ་བསླབ་པ་འདོད་པ་མ་ཐོབ་པ་ཐོབ་པར་བྱ་བ་དང་མ་རྟོགས་པ་རྟོགས་པར་བྱ་བ་དང་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་རབ་ཏུ་བརྩོན་པ་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་བར་གྱི་མཐུ་གང་དག་ཡིན་པ་དེ་དག་ནི་ལམ་གྱིས་
འཚོ་བ་ཞེས་བྱ་སྟེ། དེ་དག་ལ་དྲོད་ཡོད་པའི་ཕྱིར་དེ་དག་འཕགས་པའི་ཤེས་རབ་ཀྱི་དབང་པོ་བསྐྱེད་པའི་ཕྱིར་མ་ཤི་ཞིང་གསོན་པ་ཡིན་པས་དེའི་ཕྱིར་ལམ་གྱིས་འཚོ་བ་ཞེས་བྱའོ། །གང་ཟག་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་ནང་རུལ་བ་ཕྱིར་ཟགས་པར་གྱུར་པ་དགེ་སྦྱོང་མ་ཡིན་པར་
དགེ་སྦྱོང་དུ་ཁས་འཆེ་བ་ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་གང་ཡིན་པ་དེ་ནི་ལམ་སུན་པར་བྱེད་པ་ཞེས་བྱ་སྟེ། དེས་ནི་ལམ་གཞི་དང་པོ་ནས་སུན་པར་བྱ་བའི་ཕྱིར་དེས་ན་དེ་ལམ་བསྐྱེད་པར་བྱ་བ་དང་ལམ་བསྟན་པ་ཡོད་ཅིང་མེད་པ་མ་ཡིན། ལམ་རྟོགས་པར་བྱ་བ་
ཡོད་ཅིང་མེད་པར་བྱ་བ་མ་ཡིན་པ་ན་ཡང་སྐལ་བ་དང་མཐུ་མེད་ལ་སྣོད་དུ་གྱུར་པ་མ་ཡིན་པས་ན་དེའི་ཕྱིར་ལམ་སུན་པར་བྱེད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལས་དགོངས་ནས་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པ་དེ་ལ་ནི་དག་སྦྱོང་གི་དངོས་པོ་ཡང་ཡོད་ལ་དགེ་
སྦྱོང་གི་བཞི་པའི་བར་ཡང་ཡོད་ཀྱི་ཕས་ཀྱི་རྒོལ་བ་དག་ལ་ནི་དགེ་སྦྱོང་དང་བྲམ་ཟེ་དག་གིས་སྟོང་ངོ་། །དེ་བས་ན་ཆོས་འདུལ་བ་འདི་ལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཡོད་ལ་དགེ་སྦྱོང་བཞི་ཡང་ཡོད་དོ་ཞེས་གསུངས་སོ། །དེ་ལྟར་ན་འབྱུང་བ་དང་། མཚན་དང་། ཐེ་ཚོམ་གཅོད་
པ་དང་། བརྒལ་དུ་མེད་པའི་བརྩད་དུ་མེད་པ་དང་། དགེ་སྦྱོང་དམིགས་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔར་རིག་པར་བྱའོ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔར་ཇི་སྐད་བསྟན་པ་དེ་དག་གི་མཇུག་བསྡུ་བ་སྟེ། གོ་རིམས་བཞིན་དུ་སྦྱར་རོ། །དེས་བསྟན་པའི་ལུང་ལ་ཚིག་

འགལ་བ་མེད་པ་ནི་སྔར་བསྟན་པ་བཞིན་ཏེ། དེ་ལྟར་ན་སྨྲས་པའི་དོན་ཡིད་ཆེས་པའི་ལུང་གི་ཚད་མའི་ཡུལ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་དེ་བསྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་དང་། དེས་
བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པ་ཡིན་ནོ། །དེ་ལྟ་བས་ན་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་སྟོན་པ་ཡང་ཐམས་ཅད་མཁྱེན་པ་ཡིན་ལ་ཐམས་ཅད་མཁྱེན་པའི་མཚན་ཉིད་དེ་ལྟ་བུ་ཡིན་པར་ལུང་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ལས་བྱུང་བ་
ཐམས་ཅད་མཁྱེན་པའི་མཚན་ཉིད་དང་ལུང་གི་མཚན་ཉིད་ནི་གཅིག་ལ་གཅིག་ལྟོས་ནས་དེ་གཉི་ག་ཁོང་དུ་ཆུད་པར་འགྱུར་ཏེ་དེ་ཉིད་ཡིད་ཆེས་པའི་ལུང་གི་ཚད་མས་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ། །དེ་ལྟར་ན་འཐད་པས་སྒྲུབ་པའི་རིགས་པ་དེ་ནི་མངོན་སུམ་གྱི་ཚད་མ་དང་རྗེས་སུ་
དཔག་པའི་ཚད་མ་དང་ཡིད་ཆེས་པའི་ལུང་གི་ཚད་མས་མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ན་ཞེས་བྱ་བ་ནི་སྔར་སོ་སོའི་ཤེས་པ་དང་བཤད་པ་དང་སྨྲས་པའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའོ། །རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་
རིགས་པ་སྟེ། དེ་ཡང་མཚན་ཉིད་ལྔས་ཡོངས་སུ་དག་པར་བསྟན་པ་དེའི་མཇུག་བསྡུ་བ་སྟོན་ཏོ། །དེ་ལ་དེ་ལྟར་ན་ཞེས་བྱ་བ་ནི་སྔར་འཐད་པས་སྒྲུབ་པའི་རིགས་པ་མཚན་ཉིད་ལྔས་ཡོངས་སུ་དག་པར་བསྟན་པ་དེ་ལྟར་ནའོ། །འཐད་པས་སྒྲུབ་པའི་རིགས་པ་དེ་ནི་ཞེས་བྱ་བ་ནི་སྔར་སོ་སོའི་ཤེས་པ་
དང་བཤད་པ་དང་། སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ་ཞེས་སྨོས་པ་དེའོ། །མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་དང་ཡིད་ཆེས་པའི་ལུང་གི་ཚད་མས་མཚན་ཉིད་
ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བ་ལ་མངོན་སུམ་གྱི་ཚད་མ་ཞེས་བྱ་བ་ནི་སྔར་སོ་སོའི་ཤེས་པ་ཞེས་སྨོས་པ་ཚད་མ་བཞི་པོ་དབང་པོའི་ཤེས་པ་དང་། ཡིད་ཀྱི་ཤེས་པ་དང་། རང་རིག་པའི་ཤེས་པ་དང་། རྣལ་འབྱོར་པའི་ཤེས་པ་སོ་སོའི་ཤེས་པའོ། །རྗེས་སུ་དཔག་པའི་ཚད་མ་ཞེས་བྱ་བ་ནི་

སྔར་བཤད་པ་ཞེས་སྨོས་པ་སྟེ། རྗེས་སུ་དཔག་པའི་ཚད་མ་གཉིས་པོ་རང་གི་དོན་དུ་རྗེས་སུ་དཔག་པ་དང་གཞན་གྱི་དོན་དུ་རྗེས་སུ་དཔག་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པའམ་སྨྲ་བ་པོ་གཞན་དག་གིས་བཤད་པའོ། །ཡིད་ཆེས་པའི་ལུང་གི་ཚད་མ་
ཞེས་བྱ་བ་ནི་སྔར་སྨྲས་པ་ཞེས་སྨོས་པ་སྟེ། ཡིད་ཆེས་པའི་ལུང་གི་ཚད་མ་གཉིས་པོ་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་དང་། དེས་བསྟན་པའི་ལུང་གི་ཚིག་འགལ་བ་མེད་པ་གཏན་ལ་ཕབ་པས་སྟོན་པ་ཐམས་ཅད་མཁྱེན་པས་གསུངས་པའོ། །འཐད་པས་སྒྲུབ་པའི་རིགས་པ་དེ་ནི་ཚད་མ་དེ་གསུམ་
གྱིས་ཡོངས་སུ་དག་པ་ཡིན། ཚད་མ་དེ་གསུམ་ནི་མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བ་སྦྱར་ཏེ། མངོན་སུམ་གྱི་ཚད་མ་སོ་སོའི་ཤེས་པའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་གྱི་མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་
ཤེས་པར་བྱ་སྟེ། དེ་ཉིད་མངོན་སུམ་གྱི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་ཡིན་ནོ། །དེ་མཚན་ཉིད་ལྔ་པོ་དག་ལས་གང་གིས་ཡོངས་སུ་དག་པ་ཡིན་ཞེ་ན། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ལྟར་མངོན་སུམ་གྱི་ཚད་མའི་འཐད་པས་
སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་དེ་ནི་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ལ། དེ་གཉིས་ཀྱང་མཚན་གཞི་དང་མཚན་ཉིད་ཀྱི་ཚུལ་གྱིས་ངོ་བོ་གཅིག་པར་རིག་པར་བྱའོ། །རྗེས་སུ་དཔག་པའི་ཚད་མ་བཤད་པའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་
བའི་རྒྱུ་དང་རྐྱེན་ནི་རྗེས་སུ་དཔག་པ་ལ་ལོག་པར་ཞུགས་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པ་སྟེ། དེ་ཉིད་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་ཡིན་ནོ། །དེ་མཚན་ཉིད་ལྔ་པོ་དག་ལས་གང་གིས་ཡོངས་སུ་དག་པ་ཡིན་ཞེ་ན། དེ་ལ་གནས་པ་མངོན་
སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ལྟར་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་དེ་ནི་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་རང་གི་རིགས་ཀྱི་དཔེ་ཉེ་བར་

སྦྱར་བའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ལ། དེ་དང་དེ་གཉིས་ཀྱང་མཚན་གཞི་དང་། མཚན་ཉིད་ཀྱི་ཚུལ་གྱིས་ངོ་བོ་ཉིད་གཅིག་པར་རིག་པར་བྱའོ། །ཡོངས་སུ་དག་པའི་མཚན་ཉིད་ཀྱིས་ནི་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་
དག་པ་དེ་གཉི་ག་ཡོངས་སུ་དག་པ་ཡིན་ཏེ། དེ་ཡང་གཉིས་དང་མཚན་གཞི་དང་མཚན་ཉིད་ཀྱི་ཚུལ་གྱིས་ངོ་བོ་ཉིད་གཅིག་པར་རིག་པར་བྱའོ། །ཡིད་ཆེས་པའི་ལུང་གི་ཚད་མའི་སྨྲས་པའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྒྱུ་དང་རྐྱེན་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་
དང་། དེས་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པས་མ་ནོར་བར་ཤེས་པ་སྟེ། དེ་ཉིད་ཡིད་ཆེས་པའི་ལུང་གི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་ཡིན་ནོ། །དེ་མཚན་ཉིད་ལྔ་པོ་དག་ལས་གང་གིས་ཡོངས་སུ་དག་པ་ཡིན་ཞེ་ན། ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་
པར་བསྟན་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་སྟེ། དེ་ལྟར་ཡིད་ཆེས་པའི་ལུང་གི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་དེ་ནི་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་སྟོན་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ལ་དེ་གཉིས་དང་མཚན་གཞི་དང་མཚན་ཉིད་ཀྱི་
ཚུལ་གྱིས་ངོ་བོ་ཉིད་གཅིག་པར་རིག་པར་བྱའོ། །དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ལྔ་པོ་དེ་དག་གི་མཚན་གཞི་ཡོངས་སུ་དག་པ་གང་ཞེ་ན། ཚད་མ་གསུམ་པོ་དག་སྟེ། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱི་མཚན་གཞི་ནི་མངོན་སུམ་གྱི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་
ཡོངས་སུ་དག་པ་ཡིན། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཀྱི་མཚན་གཞི་ནི་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་ཡིན། ཡོངས་སུ་དག་པའི་མཚན་ཉིད་ཀྱི་མཚན་གཞི་ནི་
མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པར་ཅི་རིགས་པར་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་ཀྱི་མཚན་གཞི་ནི་ཡིད་ཆེས་པའི་ལུང་གི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་

པ་ཡིན་ཏེ། དེ་ལྟར་མཚན་ཉིད་དང་མཚན་གཞི་དང་མངོན་སུམ་གྱི་ཚད་མ་ཡོངས་སུ་དག་པ་གསུམ་པོ་དེ་དག་གིས་རང་རང་གི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱེད་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཞེས་བྱའོ། །དེ་ལ་ཚད་མ་ནི་ཅིའི་ཕྱིར་གསུངས། ཚད་མའི་
ཚིག་གི་དོན་ནི་ཅི་ཡིན། ཚད་མ་གསུམ་ནི་ཅིའི་ཕྱིར་གསུངས་ཤེ་ན། འཇིག་རྟེན་ན་དུས་གསུམ་གྱི་སེམས་ཅན་དག་ཚད་མ་ཡིན་པ་ཚད་མར་སྟོན་ཅིང་ཚད་མར་མི་རུང་བ་ལ་ཚད་མར་འཛིན་པ་བྱུང་བ་དང་འབྱུང་བར་འགྱུར་བ་མཁྱེན་ནས། དེ་དག་གི་ལོག་པར་ལྟ་བའི་དྲ་བ་བསལ་བའི་ཕྱིར་ཚད་མ་
འདི་དག་གསུངས་སོ། །ཚད་མ་ཞེས་བྱ་བ་ནི་ཅི་རིང་ཐུང་སོར་ལ་སོགས་པས་གཞལ་བ་དང་། མང་ཉུང་བྲེ་ལ་སོགས་པས་གཞལ་བ་དང་། ལྕི་ཡང་སྲང་ལ་སོགས་པས་གཞལ་བ་ལྟ་བུ་ཡིན་ནོ། །ཚད་མ་གསུམ་དུ་གསུངས་པ་ནི་གཞལ་བྱ་རྣམ་པ་གསུམ་ཡོད་པའི་ཕྱིར་ཏེ། གཞལ་བྱ་རྣམ་པ་
གསུམ་ནི་གཞལ་བྱ་མངོན་སུམ་གྱི་དོན་དང་ལྐོག་ཏུ་གྱུར་པའི་དོན་དང་། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ཏོ། སོ་སོའི་ཤེས་པའི་དོན་དང་བཤད་པའི་དོན་དང་གསུངས་པའི་དོན་ཅེས་བྱ་བ་དང་གོ་རིམས་བཞིན་ནོ། །དེ་ལ་མངོན་སུམ་གྱི་དོན་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་དང་། སྐད་ཅིག་མ་གཅིག་དང་། རང་
གི་མཚན་ཉིད་ཀྱིས་བསྡུས་པ་ཡུལ་དང་དུས་དང་། རང་བཞིན་གྱིས་མ་བསྐལ་བའི་ཡུལ་ལོ། །ལྐོག་ཏུ་གྱུར་པའི་དོན་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པའི་དུས་དང་། སྐད་ཅིག་མ་སྔ་ཕྱིའི་རྒྱུན་དང་། སྤྱིའི་མཚན་ཉིད་ཀྱི་ཡུལ་དང་། དུས་དང་རང་བཞིན་གྱིས་བསྐལ་པའི་ཡུལ་ལོ། །
ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ཞེས་བྱ་བ་ནི་དུས་གསུམ་དང་། སྐད་ཅིག་མའི་རྒྱུད་ཀྱི་རྒྱུན་དང་། རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་ཡུལ་དང་། དུས་དང་རང་བཞིན་གྱིས་བསྐལ་བ་དང་། མ་བསྐལ་བ་གཉི་གའི་ཡུལ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའོ། །གཞལ་བྱ་གསུམ་འཇལ་བའི་ཚད་མ་ནི་
མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་དང་གོ་རིམས་བཞིན་ནོ། །ཡོངས་སུ་མ་དག་པའི་མཚན་ཉིད་རྣམ་པ་བདུན་གང་ཞེ་ན། དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དང་། དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་

མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་ཡོངས་སུ་མ་འདྲེས་པའི་མཚན་ཉིད་དང་། ལུང་ཤིན་ཏུ་རྣམ་པར་མ་དག་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་སྔར་སོ་སོའི་ཤེས་པ་དང་། བཤད་པ་དང་
སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ་ཞེས་གསུངས་པས་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གི་ཚད་མ་གསུམ་གྱིས་ཡུལ་མངོན་སུམ་གྱི་དོན་དང་ཤིན་ཏུ་ལྐོག་ཏུ་གྱུར་
པའི་དོན་རྣམ་པ་གསུམ་པོ་དག་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པ་དང་། རྗེས་སུ་དཔག་པས་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པ་དང་། དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་
དང་། དེས་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པས་མ་ནོར་བ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་པར་བསྟན་པའི་ཚད་མ་གསུམ་པོ་དེ་དག་ནི་མཚན་ཉིད་ལྔ་སྔར་བསྟན་པ་དག་གིས་ནི་ཡོངས་སུ་དག་སྟེ། ཚད་མར་རུང་གི་མཚན་ཉིད་བདུན་པོ་འདི་དག་གིས་ཡོངས་སུ་མ་དག་སྟེ་ཚད་མར་མི་
རུང་བར་སྟོན་ཏེ། དེ་ལ་མངོན་སུམ་གྱི་ཚད་མ་ནི་སྔར་མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པ་ཇི་སྐད་བསྟན་པ་དེ་ཉིད་ཀྱིས་ཡོངས་སུ་དག་ལ། དེ་ལས་བཟློག་པ་ཡོངས་སུ་མ་དག་པ་ཡིན་པས་འདིར་དེའི་མ་དག་པ་མཚན་ཉིད་བདུན་དང་དམིགས་ཀྱིས་སྦྱར་བ་ནི་
མེད་དོ། །འོན་ཀྱང་འདིར་ཡོངས་སུ་མ་དག་པའི་མཚན་ཉིད་རྣམ་པ་བདུན་ལས་དང་པོ་བཞིའི་ནང་ནས་ཆོས་ཅན་དང་མ་རྟོགས་པ་ལོག་པར་དམིགས་པ་བྱུང་ངོ་ཅོག་ནི་མངོན་སུམ་ཡོངས་སུ་མ་དག་པ་ཡིན་པ་ཡང་ཅི་རིགས་པར་རིག་པར་བྱའོ། །རྗེས་སུ་དཔག་པའི་ཚད་མ་ནི་ཚུལ་གསུམ་པ་ཉིད་ཀྱི་རྟགས་ལས་
རང་དང་གཞན་གྱི་དོན་དུ་རྗེས་སུ་དཔག་པ་ཡིན་པས་དེ་ལ་གཏན་ཚིགས་དང་དཔེའི་སྐྱོན་རྣམ་པ་དུ་མ་ཡོད་པས་དེ་དག་མ་བསལ་ན་རྗེས་སུ་དཔག་པའི་མཚན་ཉིད་ཡོངས་སུ་མ་དག་པར་བསྟན་པའི་ཕྱིར་འདིར་གཙོ་ཆེར་སྟོན་ཏེ། རྗེས་སུ་དཔག་པའི་མཚན་ཉིད་མ་དག་པ་བཞིའི་སྐྱོན་ནི་འདིར་ཡོངས་སུ་མ་

དག་པའི་མཚན་ཉིད་དང་པོ་དྲུག་གིས་སྟོན་ཏོ། །ཡིད་ཆེས་པའི་ལུང་གི་ཚད་མའི་མཚན་ཉིད་དང་། མི་མཐུན་པའི་སྐྱོན་ནི་འདིར་ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་ཀྱིས་སྟོན་ཏོ། །དེ་ལ་རྗེས་སུ་དཔག་པའི་ཚད་མ་ཚུལ་གསུམ་པ་ཉིད་ཀྱི་རྟགས་ལས་རང་དང་གཞན་
གྱི་དོན་དུ་རྗེས་སུ་དཔག་པ་ལ་གཏན་ཚིགས་ཀྱི་སྐྱོན་གསུམ་པོ་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་ཞེས་སྔར་སྨོས་པ་ལ་མ་གྲུབ་པའི་སྐྱོན་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ཁས་མི་ལེན་ཅིང་ཕྱོགས་ཀྱི་ཆོས་མ་གྲུབ་པ་རྣམས་ལ་གཞི་མ་གྲུབ་པ་དང་། རང་ལ་མ་གྲུབ་པ་དང་གཞན་ལ་མ་
གྲུབ་པ་ལ་སོགས་པའི་སྐྱོན་ཡོད་ཀྱི། འདིར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ཁས་ལེན་ཅིང་ཕྱོགས་ཀྱི་ཆོས་གྲུབ་པ་རྣམས་ལ་མེད་ལ། འགལ་བའི་སྐྱོན་ཡང་སྒྲུབ་པར་བྱེད་པ་ལས་བསྒྲུབ་པ་ལོག་པར་བསྒྲུབ་པ་དཔེར་ན་སྒྲ་ནི་རྟག་པ་སྟེ། བྱས་པའི་ཕྱིར་རོ་ཞེས་ཟེར་བ་དང་། སྒྲ་ནི་མི་རྟག་པ་སྟེ་
རྩོལ་བ་ལས་མི་འབྱུང་བའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུ་དག་ལ་ཡོད་ཀྱི། འདིར་བསྒྲུབ་པར་བྱ་བ་ལས་ལོག་པར་སྒྲུབ་པར་མི་བྱེད་པ་དག་ལ་མེད་པས་དེའི་ཕྱིར་འདིར་བཅོམ་ལྡན་འདས་ཀྱིས་མ་གྲུབ་པ་དང་འགལ་བའི་སྐྱོན་ནི་བཀའ་མ་སྩལ་ཏེ། ཤེས་པར་འདོད་ན་ནི་ལུང་དང་ཚད་མ་གཞན་དག་ལས་རིག་པར་
བྱའོ། །འདིར་ནི་མ་ངེས་པའི་སྐྱོན་གྱིས་གཏན་ཚིགས་ལྟར་སྣང་བ་དང་དཔེའི་སྐྱོན་གྱིས་དཔེ་ལྟར་སྣང་བ་གཙོ་ཆེར་བཀའ་སྩལ་ཏེ། དེ་གཉིས་ཀྱི་བསྒྲུབ་པ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་རྗེས་སུ་དཔག་པ་ཡོངས་སུ་མ་དག་པ་ཡིན་པར་སྟོན་ཏོ། །དེ་ལ་མ་ངེས་པའི་སྐྱོན་གྱིས་གཏན་ཚིགས་ལྟར་སྣང་བ་
ནི་རྣམ་པ་བཞི་སྟེ། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དང་། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དང་། ཐུན་མོང་གི་མ་ངེས་པ་དང་། ཐུན་མོང་མ་ཡིན་པའི་མ་ངེས་པ་སྟེ་ཡོངས་སུ་དག་པའི་མཚན་ཉིད་བཞི་དང་གོ་རིམས་བཞིན་ནོ། །དེ་ལ་
མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཇི་ལྟ་བུ་ཞེ་ན། དཔེར་ན་སྒྲ་རྩོལ་བ་ལས་འབྱུང་བར་སྒྲུབ་པ་དག་གིས་སྦྱོར་བའི་ཚིག་ལས་འདི་སྐད་ཅེས་ཡང་སྒྲ་འདི་རྩོལ་བ་ལས་འབྱུང་སྟེ་མི་རྟག་པའི་ཕྱིར་རོ། །གང་དང་གང་ན་མི་རྟག་པ་དེ་ནི་རྩོལ་བ་ལས་འབྱུང་སྟེ། ཆོས་མཐུན་

པའི་དཔེ་ནི་བུམ་པ་ལ་སོགས་པ་བཞིན་ནོ། །གང་དང་གང་རྟག་པ་དེ་ནི་རྩོལ་བ་ལས་མི་འབྱུང་སྟེ། ཆོས་མི་མཐུན་པའི་དཔེ་ནི་ནམ་མཁའ་དང་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལྟ་བུའོ་ཞེས་ཟེར་རོ། །དེ་ལྟར་རྗེས་སུ་དཔག་གོ་ཅོག་ནི་ཚུལ་གསུམ་པ་ཉིད་ཀྱི་རྟགས་ལས་རང་དང་གཞན་གྱི་དོན་
རྗེས་སུ་དཔག་པ་ཡིན་པས་འདིར་ཡང་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་དང་སྦྱར་དགོས་ཏེ། འདིར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཅེས་བྱ་བ་ལ་རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་
རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་འབྱུང་བ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་ཡོད་པ་ཉིད་དེ། དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །དེ་ལྟར་ཆོས་ཅན་དེ་ལ་སྒྲུབ་པར་
བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་དེ་ཡོད་པ་ཉིད་ཡིན་པས་རྗེས་སུ་དཔག་པར་བྱ་བ་ཡོད་པ་ཉིད་ཀྱི་ཚུལ་ཡང་རུང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཅེས་བྱ་བ་ལ་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི་བརྩལ་བ་ལས་འབྱུང་བ་དེའི་ཕྱིར་མཐུན་པའི་དཔེ་བུམ་པ་ལ་སོགས་པ་ལའོ། །
ཡོད་པ་ཉིད་ཅེས་བྱ་བ་ནི་བརྩལ་བ་ལས་བྱུང་བ་དེའི་ཆོས་མཐུན་པའི་དཔེ་བུམ་པ་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་འབྱུང་བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་ཡོད་པ་ཉིད་དེ། དེའི་ཕྱིར་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལྟར་མཐུན་པའི་
ཕྱོགས་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་འབྱུང་བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་ཡོད་པས་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་ཡང་རུང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ལ་མི་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི་བརྩལ་
བ་ལས་བྱུང་བ་དེའི་ཆོས་མི་མཐུན་པའི་དཔེ་ནམ་མཁའ་དང་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལའོ། །མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ནི་བརྩལ་བ་ལས་འབྱུང་བ་དེའི་ཆོས་མཐུན་པའི་དཔེ་ནམ་མཁའ་དང་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་འབྱུང་

བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་མེད་པ་ཉིད་དུ་ངེས་ན་ནི་དེའི་ཚེ་མི་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་ངེས་པ་མི་མཐུན་པའི་ཕྱོགས་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བའི་ཚུལ་ཡང་
རུང་བས་གཏན་ཚིགས་མ་ངེས་པ་མེད་པའི་ཕྱིར་ཡོངས་སུ་དག་པར་འགྱུར་བ་ཞིག་ན་མི་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་མ་ངེས་ཏེ། འདི་ལྟར་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་ལ་ནི་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་
མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་ངེས་པས་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་མེད་པ་ཡིན་ཡང་མི་མཐུན་པའི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་དུ་ངེས་པས་མི་མཐུན་པའི་ཕྱོགས་ཀྱི་
ཆོས་གཅིག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་དེ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཞེས་བྱ་སྟེ། དེ་ནི་དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བས་སྟོན་ཏོ། །དེ་ལ་དེ་ལས་ཞེས་བྱ་བ་ནི་མཐུན་པའི་
ཕྱོགས་ཅིག་ཤོས་དེ་ལས་ཏེ། དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དང་ནམ་མཁའ་ལྟ་བུ་དེ་ལས་སོ། །གཞན་དང་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལས་གཞན་དང་མི་མཐུན་པའི་ཕྱོགས་
ཅིག་ཤོས་དང་སྟེ། དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་དེ་ལས་གཞན་པ་བརྩལ་བ་ལས་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལྟ་བུ་
དང་ངོ་། །མཐུན་པར་དམིགས་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལས་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་དེ་ཡོད་པའི་ཕྱོགས། དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་བྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་

ཏོག་ལ་སོགས་པ་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ལྟ་བུའོ། །དེ་ལྟར་ན་དེ་ལས་གཞན་དང་མཐུན་པར་དམིགས་པ་ཞེས་བྱ་བ་དེ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཡིན་པར་རིག་པར་བྱའོ། །མཚན་ཉིད་ཅེས་བྱ་བ་ནི་རྗེས་སུ་
དཔག་པ་ཡོངས་སུ་དག་པའི་མཚན་ཉིད་ཡིན་ཏེ། དེས་ན་དེ་ནི་ཚད་མར་མི་རུང་བར་རིག་པར་བྱའོ། །དེ་ལ་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཇི་ལྟ་བུ་ཞེ་ན། དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་གཏན་ཚིགས་ལྟ་བུ་སྟེ། དེ་ཡང་སྒྲ་ནི་བརྩལ་བ་ལས་མི་
འབྱུང་སྟེ་རྟག་པའི་ཕྱིར་རོ། །ཆོས་མཐུན་པའི་དཔེ་ནི་ནམ་མཁའ་དང་། གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པའོ། །ཆོས་མི་མཐུན་པའི་དཔེ་ནི་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་ཟེར་རོ། །དེ་ལ་ཡང་རྗེས་སུ་དཔག་གོ་ཅོག་ནི་ཚུལ་གསུམ་པ་ཉིད་ཀྱི་རྟགས་རང་དང་གཞན་གྱི་དོན་དུ་རྗེས་སུ་དཔག་
པ་ཡིན་པས། འདིར་ཡང་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་དང་སྦྱར་དགོས་ཏེ། འདིར་རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་
པར་བྱ་བའི་ཆོས་ཅན་སྒྲ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་མི་འབྱུང་བ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་གཅིག་ལ་གྲུབ་པ་དེའི་ཕྱིར་ཆོས་ཅན་ཞེས་བྱ་སྟེ། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་རུང་བས་ཀྱང་རྗེས་སུ་དཔག་པར་བྱ་བའི་
ཆོས་ཅན་སྒྲ་དེ་ལ་བསྒྲུབ་པར་བྱ་བའི་བརྩལ་བ་ལས་མི་འབྱུང་བ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པར་གཅིག་ལ་མ་གྲུབ་པས་འདིར་རྗེས་སུ་དཔག་པར་བྱ་བ་ལས་ཡོད་པ་ཉིད་ཀྱི་ཚུལ་ཡང་མི་རུང་ངོ་། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་
ལ་མི་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི། བརྩལ་བ་ལས་མི་འབྱུང་བ་དེའི་ཆོས་མི་མཐུན་པའི་དཔེ་བུམ་པ་ལ་སོགས་པ་ལའོ། །མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ནི་བརྩལ་བ་ལས་མི་འབྱུང་བ་དེའི་ཆོས་མི་མཐུན་པའི་དཔེ་བུམ་པ་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་

མི་འབྱུང་བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་ངེས་པ་སྟེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལྟར་མི་མཐུན་པའི་ཕྱོགས་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་མི་འབྱུང་བའི་སྤྱི་དང་སྒྲུབ་པར་བྱེད་པའི་
ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་ངེས་པར་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པར་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་ནི་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི་བརྩལ་བ་ལས་མི་འབྱུང་བ་ལས་མི་འབྱུང་བ་དེའི་ཆོས་མཐུན་པའི་དཔེ་ནམ་མཁའ་དང་གློག་
དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་བརྩལ་བ་ལས་མི་འབྱུང་བ་དེའི་ཆོས་མཐུན་པའི་དཔེ་ནམ་མཁའ་དང་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་མི་འབྱུང་བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་
ཡོད་པ་ཉིད་ཡིན་ན་ནི་དེའི་ཚེ་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་ཡིན་པས་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཅེས་བྱ་བའི་ཚུལ་རུང་བ་ཞིག་ན་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་མ་
ཡིན་ཏེ། འདི་ལྟར་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་མ་ཡིན་པས་མཐུན་པའི་ཕྱོགས་གཅིག་ལ་མེད་པ་ཉིད་ཡིན་ལ། མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་ལ་
སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་ཙམ་དུ་ཟད་པས་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་དེ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཞེས་བྱ་སྟེ། དེ་ནི་དེ་ལས་གཞན་དང་མི་
མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་སྟོན་ཏོ། །དེ་ལ་དེ་ལས་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཅིག་ཤོས་དེ་ལས་ཏེ། དཔེར་ན་སྒྲུབ་པ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་ལྟ་བུ་དེ་ལས་སོ། །གཞན་དང་

ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལས་གཞན་པ་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དང་སྟེ། དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་དེ་ལས་གཞན་པ་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་
ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལྟ་བུ་དང་ངོ་། །མི་མཐུན་པའི་དམིགས་པ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་དེ་ཡོད་པའི་དོན་ཏོ། །དཔེར་ན་སྒྲ་ལ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་མི་འབྱུང་བ་
དེའི་ཚེ་མཐུན་པའི་ཕྱོགས་ཀྱི་ཆོས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལས་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟོགས་པའི་ཕྱིར་བྱ་བ་དེ་མེད་པ་ལྟ་བུའོ། །ཕྱོགས་ཀྱི་ཕྱོགས་གཅིག་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་དེ་མེད་པར་གྲུབ་ན་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་
ཞར་ལ་འགྲུབ་པས། དེའི་ཕྱིར་དེ་ལ་གཞན་དང་མི་མཐུན་པར་དམིགས་པ་ཞེས་བྱ་བ་དེ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཡིན་པར་རིག་པར་བྱའོ། །མཚན་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་ཏེ། དེས་ན་དེ་ཡང་ཚད་མར་མི་རུང་
བར་རིག་པར་བྱའོ། །ཡང་རྣམ་པ་གཞན་དུ་ན་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ནི་དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བས་བསྟན་ལ། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ནི་དེ་ལས་གཞན་དང་མི་མཐུན་པར་དམིགས་
པའི་མཚན་ཉིད་ཅེས་བྱ་བས་བསྟན་པར་ཡང་སྦྱར་དུ་རུང་སྟེ། དེ་ལ་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དང་སྦྱར་ན། དེ་ལས་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལས་ཏེ། དཔེར་ན་སྒྲ་
བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལྟ་བུ་དེ་ལའོ། །གཞན་དང་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ལས་གཞན་པ་མཐུན་པའི་ཕྱོགས་ཀྱི་ཕྱོགས་

ཅིག་ཤོས་དང་སྟེ། དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལས་གཞན་པ་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་
ཅིག་ཤོས་ནམ་མཁའ་དང་ངོ་། །མཐུན་པའི་དམིགས་པ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཅིག་ཤོས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་དེ་ཡོད་པའི་དོན་ཏེ། དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་
མཁའ་དེ་ལས་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ལྟ་བུའོ། །དེ་ལྟར་ན་དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་དེ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པར་ཡོད་པར་སྦྱར་དུ་རུང་བར་རིག་པར་བྱའོ། །མི་མཐུན་པའི་
ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དང་སྦྱར་ན། དེ་ལས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལས་ཏེ། དཔེར་ན་སྒྲ་བརྩལ་བ་ལས་བསྒྲུབ་པ་དག་གི་བརྩལ་བ་ལས་མི་འབྱུང་བ་དེའི་མི་མཐུན་པའི་
ཕྱོགས་ཀྱི་ཆོས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལྟ་བུ་དེ་ལས་སོ། །གཞན་དང་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལས་གཞན་པ་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དང་སྟེ། དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་བརྩལ་
བ་ལས་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་གཞན་བརྩལ་བ་ལས་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་ལྟ་བུ་དང་ངོ་། །མི་མཐུན་པའི་དམིགས་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་
ཅིག་ཤོས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་དེ་མེད་པའི་དོན་དེ་དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་རྩོལ་བ་ལས་འབྱུང་བ་དེ་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ལྟ་བུའོ། །དེ་ལྟར་

མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མེད་པར་གྲུབ་ན་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་ཞར་ལ་འགྲུབ་པས། དེའི་ཕྱིར་དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་དེ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་
ཡོད་པའི་མ་ངེས་པ་ཡིན་པས་སྦྱར་དུ་ཡང་རུང་བར་རིག་པར་བྱའོ། །དེ་ལས་ཐུན་མོང་གི་མ་ངེས་པ་ཇི་ལྟ་བུ་ཞེ་ན། དཔེར་ན་སྒྲ་རྟག་པར་བསྒྲུབ་པ་དག་གི་གཏན་ཚིགས་ལྟ་བུ་སྟེ། དེ་ཡང་སྒྲ་མི་རྟག་པ་སྟེ་གཞལ་བྱ་ཡིན་པའི་ཕྱིར་རོ། །ཆོས་མཐུན་པའི་དཔེ་ནི་ནམ་མཁའ་ལ་སོགས་པའོ། །ཆོས་མི་
མཐུན་པའི་དཔེ་ནི་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་ཟེར་རོ། །དེ་ལས་ཡང་རྗེས་སུ་དཔག་གོ་ཅོག་ནི་ཚུལ་གསུམ་པ་ཉིད་ཀྱི་རྟགས་ལས་རང་དང་གཞན་གྱི་དོན་དུ་རྗེས་སུ་དཔག་པ་ཡིན་པས། འདིར་ཡང་རྗེས་སུ་དཔག་པར་བྱ་བ་ཡོད་པ་ཉིད་དང་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་མི་མཐུན་པའི་ཕྱོགས་
ལ་མེད་པ་ཉིད་དུ་ངེས་པའི་ཚུལ་དང་སྦྱར་དགོས་ཏེ། འདིར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཅེས་བྱ་བ་ལ་རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཆོས་ཅན་སྒྲ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་དེ་ལས་བསྒྲུབ་པར་བྱ་བའི་ཆོས་རྟག་པ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་
ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ཡོད་པ་ཉིད་དེ་དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །དེ་ལྟར་ཆོས་ཅན་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་ཡིན་པས་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ནི་རུང་། མི་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་
ཅེས་བྱ་བ་ལ་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི་རྟག་པ་དེའི་ཆོས་མཐུན་པའི་དཔེ་ནམ་མཁའ་ལ་སོགས་པའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་རྟག་པའི་ཆོས་མཐུན་པའི་དཔེ་ནམ་མཁའ་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་རྟག་པ་ཞེས་བྱ་བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གཞལ་བྱ་
ཡིན་པའི་ཕྱིར་ཞེས་བྱ་བ་ཡོད་པ་ཉིད་དེ། དེའི་ཕྱིར་ཆོས་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལྟར་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཆོས་རྟག་པའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ཡོད་པ་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་ཡང་མི་

མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ལ་མི་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི་རྟག་པ་དེའི་ཆོས་མི་མཐུན་པའི་དཔེ་བུམ་པ་ལ་སོགས་པ་ལའོ། །མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ནི་རྟག་པ་དེའི་ཆོས་མི་མཐུན་པའི་དཔེ་བུམ་པ་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་རྟག་
པའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་མེད་པ་ཉིད་དུ་ངེས་ན་ནི་དེའི་ཚེ་མི་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་ངེས་པས་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བའི་ཚུལ་ཡང་རུང་བས་
གཏན་ཚིགས་མ་ངེས་པ་མེད་པའི་ཕྱིར་ཡོངས་སུ་དག་པར་འགྱུར་བ་ཞིག་ན་མི་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་མ་ངེས་ཏེ། འདི་ལྟར་མི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་ཡང་གཞལ་བྱ་ཉིད་ཡིན་པས། དེའི་ཕྱིར་སྒྲུབ་པར་
བྱེད་པའི་ཕྱོགས་ཀྱི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དུ་ངེས་ཏེ། དེ་ལྟར་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་དང་། མི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་གཉི་ག་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་དེ་ནི་
ཐུན་མོང་གི་མ་ངེས་པ་ཞེས་བྱ་སྟེ། དེ་ནི་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བས་སྟོན་ཏོ། །དེ་ལ་ཐམས་ཅད་ཅེས་བྱ་བས་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་དེ། དཔེར་ན་སྒྲ་རྟག་པར་བསྒྲུབ་པ་དག་གི་རྗེས་སུ་དཔག་
པར་བྱ་བའི་ཆོས་ཅན་སྒྲ་དང་རྟག་པ་དེའི་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་དང་། རྟག་པ་དེའི་མི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་ལྟ་བུ་ཐམས་ཅད་དོ། །མཐུན་པར་དམིགས་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་
ཐམས་ཅད་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་དེ་ཡོད་པའི་དོན་ཏེ།  དཔེར་ན་སྒྲ་རྟག་པར་སྒྲུབ་པ་དག་གི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་དང་རྟག་པ་དེའི་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་དང་། རྟག་པ་དེའི་མི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་ཐམས་ཅད་ལ་སྒྲུབ་པར་བྱེད་

པའི་ཕྱོགས་ཀྱི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཡིན་པ་ལྟ་བུའོ། །དེ་ལྟར་ཐམས་ཅད་མཐུན་པར་དམིགས་པ་ཞེས་བྱ་བ་དེ་ནི་ཐུན་མོང་གི་མ་ངེས་པ་ཡིན་པར་རིག་པར་བྱའོ། །མཚན་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་ཏེ། དེས་ན་དེ་ཡང་ཚད་མར་མི་
རུང་བར་བྱའོ། །དེ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ཇི་ལྟ་བུ་ཞེ་ན། དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པ་དག་གཏན་ཚིགས་ལྟ་བུ་སྟེ། དེ་ཡང་སྒྲ་ནི་མི་རྟག་པ་སྟེ་གྲགས་པའི་ཕྱིར་རོ། །འདི་ནི་ཆོས་མཐུན་པའི་དཔེ་བུམ་པ་ལ་སོགས་པ་ལ་ཡང་མེད་དོ། །ཆོས་མི་མཐུན་པའི་ནམ་མཁའ་ལ་སོགས་པ་
ཡང་མེད་དོ་ཞེས་ཟེར་རོ། །དེ་ལ་ཡང་རྗེས་སུ་དཔག་གོ་ཅོག་ནི་ཚུལ་གསུམ་པ་ཉིད་ཀྱི་རྟགས་ལས་རང་དང་གཞན་གྱི་དོན་དུ་རྗེས་སུ་དཔག་པ་ཡིན་པས། འདིར་ཡང་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ཤེས་པའི་ཚུལ་
དང་སྦྱར་དགོས་ཏེ། འདིར་རྗེས་སུ་དཔག་པར་བྱ་བ་ཡོད་པ་ཉིད་ཅེས་བྱ་བ་ལ་རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་སྒྲུབ་པར་བྱེད་པའི་ཕྱོགས་
ཀྱི་ཆོས་གྲགས་པའི་ཕྱིར་ཞེས་བྱ་བ་ལ་ཡོད་པ་ཉིད་དེ། དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །དེ་ལྟར་ཆོས་ཅན་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གྲགས་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་ཡིན་པས་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ནི་རུང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཅེས་བྱ་
བ་ལ་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི་མི་རྟག་པ་དེའི་ཆོས་མཐུན་པའི་དཔེ་བུམ་པ་ལ་སོགས་པ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་མི་རྟག་པ་དེའི་ཆོས་མཐུན་པའི་དཔེ་བུམ་པ་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཞེས་བྱ་བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་
གྲགས་པའི་ཕྱིར་ཞེས་བྱ་བ་ཡོད་པ་ཉིད་ཡིན་ན་ནི་དེའི་ཚེ་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གྲགས་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་ཡིན་པའི་ཕྱིར་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཅེས་བྱ་བའི་ཚུལ་ཡང་རུང་བ་ཞིག་ན། མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་

ཀྱི་ཆོས་གྲགས་པའི་ཕྱིར་ཞེས་བྱ་བ་ཡོད་པ་ཉིད་མ་ཡིན་ཏེ། འདི་ལྟར་གྲགས་པའི་ཕྱིར་ཞེས་བྱ་བ་ནི་སྒྲ་འབའ་ཞིག་ལ་མ་འདྲེས་པར་ཡོད་ཀྱི། བུམ་པ་ལ་སོགས་པ་མེད་པས་ཕྱོགས་ཀྱི་ཆོས་དེ་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་མ་ཡིན་ནོ། །མི་མཐུན་པའི་
ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ལ་མི་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི་མི་རྟག་པ་དེའི་ཆོས་མི་མཐུན་པའི་དཔེ་ནམ་མཁའ་ལ་སོགས་པ་ལའོ། །མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ནི་མི་རྟག་པ་དེའི་ཆོས་མི་མཐུན་པའི་དཔེ་ནམ་མཁའ་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མི་རྟག་
པའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གྲགས་པའི་ཕྱིར་ཞེས་བྱ་བ་མེད་པ་ཉིད་དུ་ངེས་པ་སྟེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལྟར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གྲགས་པའི་ཕྱིར་ཞེས་བྱ་བ་དེ་མཐུན་པའི་ཕྱོགས་ལ་ཡང་མེད་པ་ཉིད་ཡིན་ལ་མི་མཐུན་པའི་ཕྱོགས་ལ་ཡང་མེད་པ་
ཉིད་དུ་ངེས་པ་དེ་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཞེས་བྱ་སྟེ། དེ་ནི་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བས་སྟོན་ཏོ། །དེ་ལ་ཐམས་ཅད་ཅེས་བྱ་བ་ནི་འདིར་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་མ་གཏོགས་པ་མཐུན་པའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་དེ་དཔེར་
ན་སྒྲ་མི་རྟག་པར་སྒྲུབ་པ་དག་གི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་མ་གཏོགས་པ་མི་རྟག་པ་དེའི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་དང་། མི་རྟག་པ་དེའི་མི་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་ལྟ་བུ་ཐམས་ཅད་དོ། །མི་མཐུན་པར་དམིགས་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་
ཆོས་ཅན་མ་གཏོགས་པ་མཐུན་པའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཕྱོགས་ཀྱི་ཆོས་དེ་མེད་པའི་དོན་ཏེ། དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པ་དག་གི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་མ་གཏོགས་པ་མི་རྟག་པ་དེའི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་དང་། མི་རྟག་པ་དེའི་མི་
མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གྲགས་པའི་ཕྱིར་ཏེ་ཞེས་བྱ་བ་དེ་མེད་པ་ལྟ་བུའོ། །དེ་ལྟར་ན་ཐམས་ཅད་མི་མཐུན་པར་དམིགས་པ་ཞེས་བྱ་བ་དེ་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན་པར་རིག་པར་བྱའོ། །མཚན་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པའི་

ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་ཏེ། དེས་ན་དེ་ཡང་མཚན་མར་མི་རུང་བར་རིག་པར་བྱའོ། །དེ་ལྟར་མ་ངེས་པ་རྣམ་པ་བཞི་པོ་དེ་དག་ནི་དེའི་མ་ངེས་པའི་སྐྱོན་གྱིས་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དེ་ལ་དཔེའི་སྐྱོན་གྱིས་དཔེ་ལྟར་སྣང་བ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མེད་པའམ། སྒྲུབ་
པར་བྱེད་པ་མེད་པའམ། གཉི་ག་མེད་པའི་དཔེ་སྟེ། དེ་ནི་གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཅེས་བྱ་བས་སྟོན་ཏོ། །དེ་ལ་གཞན་གྱི་རིགས་ཀྱི་དཔེ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་གྱིས་རྗེས་སུ་དཔག་པར་བྱ་བའི་ཆོས་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་
ཡོད་པ་ཉིད་བསྟན་པ་ལ་གཞན་པའི་དཔེ་སྟེ། བསྒྲུབ་པར་བྱ་བ་མེད་པའམ་སྒྲུབ་པར་བྱེད་པ་མེད་པའམ་གཉི་ག་མེད་པའི་དཔེའོ། །ཉེ་བར་སྦྱར་བ་ཞེས་བྱ་བ་ནི་དཔེ་དེ་ལྟ་བུས་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་གྱིས་རྗེས་སུ་འགྲོ་བར་སྦྱོར་བའོ། །མཚན་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་
དཔེས་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་ནོ། །དེ་ལྟར་གཏན་ཚིགས་མ་ངེས་པའི་སྐྱོན་གྱིས་གཏན་ཚིགས་ལྟར་སྣང་བ་དང་། དཔེའི་སྐྱོན་གྱིས་དཔེ་ལྟར་སྣང་བ་དེས་གཉིས་ཀྱིས་བསྒྲུབ་པ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་རྗེས་སུ་དཔག་པ་ཡོངས་སུ་མ་གྲུབ་པ་ནི་ཡོངས་སུ་མ་དག་པའི་མཚན་
ཉིད་ཅེས་བྱ་སྟེ། དེ་ནི་ཡོངས་སུ་མ་དག་པའི་མཚན་ཉིད་ཅེས་བྱ་བས་སྟོན་ཏོ། །དེ་ལ་ཡོངས་སུ་མ་དག་པ་ནི་རྣམ་པ་གཉིས་ཏེ། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དང་། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་གཞན་གྱི་རིགས་ཀྱི་དཔེ་ཉེ་བར་
སྦྱར་བའི་མཚན་ཉིད་དང་བཅས་པ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡོད་པས་ཡོངས་སུ་མ་དག་པ་དང་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དང་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་གཞན་གྱི་རིགས་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་བཅས་
པ་ལ་ཐུན་མོང་གི་མ་ངེས་པ་ཡོད་པས་ཡོངས་སུ་མ་དག་པ་སྟེ། དེ་དག་ནི་འོག་ནས་ཡོངས་སུ་མ་དག་པའི་མཚན་ཉིད་བཤད་པའི་སྐབས་སུ་སྟོན་ཏོ། །ཡིད་ཆེས་པའི་ལུང་གི་ཚད་མའི་མཚན་ཉིད་དང་མི་མཐུན་པའི་སྐྱོན་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་དང་། དེས་བསྟན་པའི་ལུང་ལ་ཚིག་

འགལ་བ་ཡོད་པ་སྟེ། དེ་ནི་ཤིན་ཏུ་ལུང་རྣམ་པར་དག་པར་བསྟན་པའི་མཚན་ཉིད་ཅེས་བྱ་བས་སྟོན་ཏོ། །དེ་ཡང་འོག་ནས་རང་གནས་སྐབས་སུ་སྟོན་ཏོ། །དེ་ལྟར་ཇི་སྐད་དུ་བསྟན་པ་དེ་དག་ནི་ཡོངས་སུ་མ་དག་པའི་མཚན་ཉིད་བདུན་བསྟན་པའི་ཚིག་གི་དོན་གྱིས་དམིགས་
དངོས་སུ་བསྟན་པ་ཡིན་ནོ། །ད་ནི་ཡོངས་སུ་མ་དག་པའི་མཚན་ཉིད་བདུན་བཤད་པའི་ཚིག་གིས་དེ་དག་གི་མཚན་ཉིད་སྡེབ་པར་བཤད་པར་བྱ་སྟེ། དེ་ལ་མཚན་ཉིད་དང་པོ་གཉིས་དང་གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ནི་ཡོངས་སུ་མ་དག་པའི་མཚན་ཉིད་བཤད་པའི་
སྐབས་སུ་འོག་ནས་རིགས་པས་གྲགས་པས་མཚན་ཉིད་བསྡེབས་ཏེ་སྦྱར་ན་བདེ་བས་སྐབས་འདིར་བདེ་བར་གཤེགས་པས་ཀྱང་བཀའ་མ་སྩལ་ཏོ། །མཚན་ཉིད་གསུམ་པ་དང་བཞི་པ་ནི་སྐབས་འདིར་ཡང་འཇིག་རྟེན་གྱི་གྲགས་པ་དང་རིགས་པས་བཤད་ལ། ཡོངས་སུ་མ་དག་པའི་མཚན་
ཉིད་བཤད་པའི་སྐབས་སུ་འོག་ནས་ཀྱང་རིགས་པས་གྲགས་པས་མཚན་ཉིད་བསྡེབས་ཏེ་སྦྱར་ན་དེ་ཁོ་ན་ཉིད་ཀྱི་ཚུལ་དང་མི་མཐུན་པས་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པར་རྟོགས་པར་འགྱུར་བས་འཇིག་རྟེན་མཁྱེན་པས་ཀྱང་དོན་གྱི་དབང་དེ་གཟིགས་ནས་བཤད་པའི་སྐབས་འདིར་ཡང་
འཇིག་རྟེན་གྱི་གྲགས་པ་དང་རིགས་པས་གྲགས་པའི་དབང་དུ་མཛད་དེ་བཀའ་སྩལ་ལ། ཡོངས་སུ་མ་དག་པའི་མཚན་ཉིད་བཤད་པའི་སྐབས་སུ་འོག་ནས་དང་རིགས་པས་གྲགས་པའི་མཚན་ཉིད་བསྡེབས་ཏེ་སྦྱར་བའི་དབང་དུ་མཛད་དེ་སྟོན་ཏོ། །དེ་ལ་དང་པོར་མཚན་ཉིད་གསུམ་པ་འཇིག་རྟེན་གྱི་
གྲགས་པ་དང་རིགས་པས་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་ཚུལ་དང་མི་མཐུན་པས་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པར་བསྟན་པའི་ཕྱིར་དེ་ལ་ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་
ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་ལ་མཚན་ཉིད་གསུམ་པ་ནི་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དེ། དེ་ཇི་ལྟར་ན་འཇིག་རྟེན་ན་གྲགས་པའི་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་མི་མཐུན་པས་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པར་རིག་པར་བྱ་

ཞེ་ན། ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཉིད་དོ་ཞེས་མཚན་ཉིད་ཀྱི་མི་མཐུན་པའི་ཆོས་རྣམས་འདྲ་བར་དམིགས་པ་ནི་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་སྟེ། དེ་ནི་འཇིག་རྟེན་གྱི་གྲགས་པས་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་ཚུལ་དང་
མི་མཐུན་པས་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འདི་ལྟར་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་ལྔ་པོ་དག་ལ་དབང་པོ་གཟུགས་ཅན་གྱི་རྣམ་པར་ཤེས་པས་མ་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཀྱང་དབང་པོ་གཟུགས་ཅན་གྱི་རྣམ་པར་ཤེས་
པས་དྲངས་པས་འདྲ་བར་དམིགས་པར་འཛིན་པ་དང་། གཞན་གྱིས་བསྒྲིབས་པའི་དངོས་པོ་ལྐོག་ན་འདུག་པ་དག་ལ་ཡང་ཡིད་ཀྱིས་མངོན་སུམ་དུ་དམིགས་པ་སྙམ་དུ་འཛིན་པ་དང་། འདས་པའི་དུས་ན་ཆེ་གེ་མོ་ཞིག་བྱུང་ངོ་ཞེའམ། མ་འོངས་པའི་དུས་ན་ཆེ་གེ་མོ་ཞིག་འབྱུང་བར་འགྱུར་རོ་ཞེས་ཐོས་པ་འམ་
རྗེས་སུ་དཔོག་པའམ་བདག་ཉིད་ཀྱིས་དོན་མངོན་སུམ་དུ་དམིགས་པའི་བག་ཆགས་དྲན་པས་གཟུང་བའི་དངོས་པོ་སྤྱིའི་མཚན་ཉིད་ལ་ཡང་ད་ལྟར་བྱུང་བའི་གཟུང་བའི་དངོས་པོའི་རང་གི་མཚན་ཉིད་ལ་དམིགས་པ་དང་འདྲ་བར་ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་གསུམ་གྱིས་དམིགས་པ་ཙམ་དུ་འཛིན་
པ་དང་། གཞན་ལ་དེ་ལྟ་བུ་དང་མཐུན་པའི་མཚན་ཉིད་ཀྱིས་མི་མཐུན་པའི་ཆོས་རྣམས་འདྲ་བར་དམིགས་པ་ནི་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་དེ་ནི་འཇིག་རྟེན་གྱི་གྲགས་པས་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་མི་མཐུན་པས་ཡོངས་སུ་མ་དག་པའི་
མཚན་ཉིད་ཡིན་པར་རིག་པར་བྱའོ། །དེ་ཇི་ལྟར་ན་རིགས་པས་དྲངས་པས་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་མི་མཐུན་པས་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པར་རིག་པར་བྱ་ཞེ་ན། ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཉིད་ཡིན་པས་ཡིད་
ཀྱི་རྣམ་པར་ཤེས་པའི་གཞལ་བྱ་ཡིན་ནོ་ཞེས་ཐུན་མོང་གི་མ་ངེས་པའི་སྐྱོན་སྔར་བསྟན་པ་ལྟ་བུར་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་དང་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་དང་། མི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་ཐམས་ཅད་ལ་བསྒྲུབ་པར་བྱ་བའི་ཆོས་རྟག་པ་སྒྲུབ་པར་བྱེད་པའི་

ཕྱོགས་ཀྱི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ཡོད་པའི་གཏན་ཚིགས་ཀྱི་སྒྲ་རྟག་པར་སྒྲུབ་པ་ལྟ་བུ་ནི་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་སྟེ། དེ་ནི་རིགས་པས་གྲགས་པས་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་མི་མཐུན་པས་ཡོངས་
སུ་མ་དག་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །དེའི་འོག་ཏུ་མཚན་ཉིད་བཞི་པ་འཇིག་རྟེན་གྱི་གྲགས་པ་དང་རིགས་པས་གྲགས་པས་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་མི་མཐུན་པའི་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པས་བསྟན་པའི་ཕྱིར་རྟགས་དང་ངོ་བོ་ཉིད་དང་།
ལས་དང་། ཆོས་དང་། རྒྱུ་དང་། འབྲས་བུ་དང་། མཚན་ཉིད་མི་མཐུན་པ་གང་ཡང་རུང་བས་ཕན་ཚུན་མཚན་ཉིད་མི་མཐུན་པར་ངེས་པ་ཉིད་ཡིན་པ་དེ་ནི་ཐམས་ཅད་མི་མཐུན་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་ལ་མཚན་ཉིད་བཞི་པ་ནི་ཐམས་ཅད་མི་མཐུན་པར་དམིགས་
པའི་མཚན་ཉིད་དེ། དེ་ཇི་ལྟར་ན་འཇིག་རྟེན་གྱི་གྲགས་པས་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་མི་མཐུན་པས་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པར་རིག་པར་བྱ་ཞེ་ན། ཆོས་རྣམས་ཀྱི་རབ་ཏུ་དབྱེ་བའི་ཚུལ་ནི་མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། རྟགས་དང་། ངོ་བོ་
ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་འབྲས་བུའོ། །དེ་ལ་རྟགས་ནི་ལུས་དང་རྒྱུ་བ་དང་། གནས་པ་ལས་རིག་པར་བྱའོ། །ངོ་བོ་ཉིད་ནི་རང་གི་རིགས་ཀྱི་མཚན་ཉིད་དང་བྱེ་བྲག་གི་མཚན་ཉིད་ལས་རིག་པར་བྱའོ། །ལས་ནི་རང་གི་བྱ་བ་བྱེད་པ་དང་ཡང་དག་པ་དང་ལོག་པར་སྒྲུབ་པ་ལས་རིག་པར་
བྱའོ། །ཆོས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་རིག་པར་བྱའོ། །རྒྱུ་དང་འབྲས་བུ་ནི་ཐག་ཉེ་བ་དང་རིང་བ་དང་འདོད་པ་དང་མི་འདོད་པ་ལས་རིག་པར་བྱའོ། །དེ་ལྟར་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བའི་ཚུལ་ཐ་དད་པ་དེ་དག་ལས་རྣམ་པ་ཁ་ཅིག་གིས་
མི་མཐུན། ཡང་རྣམ་པ་ཁ་ཅིག་གིས་མཐུན་པ་ཡོད་པ་ལ་ཚུལ་ཉིད་མི་མཐུན་པ་གང་ཡང་རུང་བ་འགའ་ཙམ་གྱིས་མི་མཐུན་པར་དམིགས་པའི་སྒོ་ནས་ཐམས་ཅད་ཕན་ཚུན་མཚན་ཉིད་མི་མཐུན་པར་ངེས་པ་ཉིད་དུ་དམིགས་པ་གང་ཡིན་པ་དེ་ནི་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་

ཉིད་ཅེས་བྱ་སྟེ། དེ་ནི་འཇིག་རྟེན་གྱི་གྲགས་པས་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་མི་མཐུན་པས་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །དེ་ཇི་ལྟར་ན་རིགས་པས་གྲགས་པས་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་མི་མཐུན་པས་ཡོངས་
སུ་མ་དག་པའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། མཚན་ཉིད་མི་མཐུན་པ་རྣམས་ཀྱི་མཚན་ཉིད་མི་མཐུན་པ་གང་ཡང་རུང་བ་འགའ་ཙམ་གྱིས་མི་མཐུན་པར་དམིགས་པའི་སྒོ་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་ཕན་ཚུན་མཚན་ཉིད་མི་མཐུན་པར་ངེས་པ་ཉིད་དུ་དམིགས་ནས། ཐུན་མོང་མ་ཡིན་
པའི་ངེས་པའི་སྐྱོན་སྔར་བསྟན་པ་ལྟ་བུར་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་མ་གཏོགས་པ་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་དང་། མི་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་ཐམས་ཅད་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གྲགས་
པའི་ཕྱིར་ཞེས་བྱ་བ་བྱེད་པའི་གཏན་ཚིགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་སྟེ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་སྟེ། དེ་ནི་རིགས་པས་གྲགས་པས་བཤད་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་མི་མཐུན་པས་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པར་
རིག་པར་བྱའོ། །དེ་ལ་ད་ནི་ཡོངས་སུ་མ་དག་པའི་མཚན་ཉིད་བཤད་པའི་སྐབས་འདིར་མཚན་ཉིད་དང་པོ་གཉིས་དང་མཚན་ཉིད་གསུམ་པ་དང་བཞི་པ་དང་གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་རྣམ་པར་རིགས་པས་གྲགས་པས་མཚན་ཉིད་བསྡེབས་ཏེ་སྦྱར་བའི་སྒོ་ནས་
དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་མི་མཐུན་པས་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པར་སྟོན་ཏེ། དེ་ཡང་མཚན་ཉིད་དང་པོས་ནི་གཏན་ཚིགས་མ་ངེས་པའི་སྐྱོན་གྱིས་གཏན་ཚིགས་ལྟར་སྣང་བ་དང་། གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཀྱིས་དཔེའི་སྐྱོན་གྱིས་དཔེ་
ལྟར་སྣང་བ་དེ་ཉིད་ཀྱིས་བསྒྲུབས་ལ། གཅིག་ཏུ་མ་ངེས་པའི་རྗེས་སུ་དཔག་པའི་ཡོངས་སུ་མ་གྲུབ་པ་ནི་ཡོངས་སུ་མ་དག་པའི་མཚན་ཉིད་ཅེས་བྱའོ་ཞེས་སྟོན་ཏོ། །དེ་ལ་དེ་དག་གི་མཚན་ཉིད་བསྡེབས་པ་ནི་རྣམ་པ་གཉིས་ཏེ། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་

ཡོད་པའི་མ་ངེས་པ་དང་། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་བཅས་པ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡོད་པ་ཡོངས་སུ་མ་དག་པ་དང་། མཐུན་པའི་ཕྱོགས་ཀྱི་ཆོས་གཅིག་ལ་
ཡོད་པའི་མ་ངེས་པ་དང་། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་བཅས་པ་ལ་ཐུན་མོང་གི་མ་ངེས་པ་ཡོད་པས་ཡོངས་སུ་མ་དག་པའོ། །དེ་ལ་དང་པོར་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དང་།
མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་བཅས་པ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པར་ཡོད་པ་ཡོངས་སུ་མ་དག་པ་ལ་བསྟན་པའི་ཕྱིར། འཇམ་དཔལ་དེ་ལ་དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དཔེ་དང་བཅས་
པ་ལ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་དེས་ན་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་དེ་ནི་ཡོངས་སུ་མ་དག་པའི་མཚན་ཉིད་ཅེས་བྱའོ་ཞེས་གསུངས་སོ། །དེ་ལ་དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་
གཅིག་ལ་ཡོད་པའི་མ་ངེས་པ་ཡིན། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཡང་ཡིན་ཏེ། དེ་གཉི་ག་ཡིན་པར་ཇི་ལྟར་སྦྱར་བའི་ཚིག་གི་དོན་ནི་གོང་དུ་བསྟན་པ་བཞིན་དུ་སྦྱར་རོ། །དཔེ་དང་བཅས་པ་ལ་ཞེས་བྱ་བ་ནི་མ་ངེས་པ་དེ་གཉི་ག་གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་
མཚན་ཉིད་དང་བཅས་པ་ལ་སྟེ། དེ་ལ་མ་ངེས་པ་སྔ་མའི་དཔེ་ནི་དཔེར་ན་སྒྲ་བརྩལ་བ་ལས་བྱུང་བར་བསྒྲུབ་པ་ངག་གི་བརྩལ་བ་ལས་བྱུང་བ་དག་གི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་དེ་ལས་གཞན་པ་བརྩལ་བ་ལས་བྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་
ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པས་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཞེས་བྱ་བ་ལྟ་བུའོ། །མ་ངེས་པའི་འོག་མའི་དཔེ་ནི་དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བ་བསྒྲུབ་

པ་དག་གི་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལས་གཞན་པ་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཅིག་ཤོས་ནམ་མཁའ་དེ་ལས་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཕྱོགས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པས་
མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཞེས་བྱ་བ་ལྟ་བུའོ། །ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་ཞེས་བྱ་བ་ནི་དེ་ལྟར་མ་ངེས་པའི་དཔེ་དང་བཅས་པ་དེ་གཉིས་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡོད་པ་སྟེ། དེ་ཡང་མ་ངེས་པ་སྔ་མ་དཔེ་དང་བཅས་
པ་ལས་ཐུན་མོང་མ་ཡིན་པའི་མ་ངེས་པ་ཇི་ལྟར་ཡོད་ཅེ་ན། དཔེར་ན་སྒྲ་བརྩལ་བ་ལས་བྱུང་བ་དག་གི་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་བྱུང་བ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་
དེས་བརྩལ་བ་ལས་བྱུང་བ་ཞེས་བྱ་བ་མི་མཐུན་པའི་རྣམ་གྲངས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པར་ཡང་མ་ཟད་ཀྱི། སྒྲ་མི་རྟག་པས་བརྩལ་བ་ལས་འབྱུང་བར་སྒྲུབ་པའི་སྐབས་དེ་ཉིད་དུ་སྒྲ་ལ་གྲག་པ་ཡང་ཡོད་པས་སྒྲ་མི་རྟག་པར་སྒྲུབ་པ་དག་གི་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་སྒྲུབ་པར་བྱེད་
པའི་ཕྱོགས་ཀྱི་ཆོས་གྲགས་པའི་ཕྱིར་ཞེས་བྱ་བ་ཐུན་མོང་མ་ཡིན་པའི་མ་ངེས་པ་དེས་མི་རྟག་པ་ཞེས་བྱ་བ་བརྩལ་བ་ལས་བྱུང་བའི་རྣམ་གྲངས་དེ་བསྒྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པ་དེ་ཡང་འབྱུང་བར་འགྱུར་ཏེ། དེས་ན་བརྩལ་བ་ལས་བྱུང་བ་ཡང་མི་འགྲུབ་ལ་མི་རྟག་པ་ཡང་མི་འགྲུབ་པས་
དེའི་ཕྱིར་མི་མཐུན་པའི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡང་ཡོད་པ་ཡིན་ནོ། །མ་ངེས་པའི་འོག་མ་དཔེ་དང་བཅས་པ་ལ་ཐུན་མོང་མ་ཡིན་པའི་ངེས་པ་ཇི་ལྟར་ཡོད་ཅེ་ན། དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བར་སྒྲུབ་པ་དག་
གིས་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་མི་འབྱུང་བ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་གཅིག་ལ་མ་གྲུབ་པའི་གཏན་ཚིགས་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་དེས་བརྩལ་བ་ལས་མི་འབྱུང་བ་ཞེས་བྱ་བ་

རྟག་པའི་རྣམ་གྲངས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པར་ཡང་མ་ཟད་ཀྱི། སྒྲ་རྟག་པས་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པའི་སྐབས་དེ་ཉིད་དུ་སྒྲ་ལ་གྲག་པ་ཡང་ཡོད། སྒྲ་མི་རྟག་པར་སྒྲུབ་པ་དག་གི་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གྲག་པའི་ཕྱིར་ཞེས་བྱ་བ་
ཐུན་མོང་མ་ཡིན་པའི་མ་ངེས་པ་དེས་མི་རྟག་པ་ཞེས་བྱ་བས་བརྩལ་བ་ལས་མི་འབྱུང་བ་དང་མི་མཐུན་པ་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པ་དེ་ཡང་འབྱུང་བར་འགྱུར་ཏེ། དེས་ན་བརྩལ་བ་ལས་མི་འབྱུང་བ་ཡང་མི་འགྲུབ་ལ་མི་རྟག་པ་ཡང་མི་འགྲུབ་པས་དེའི་ཕྱིར་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་
ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ལ་ཡང་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡོད་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་དེ་ལྟར་མ་ངེས་པ་གཉིས་པོ་དཔེ་དང་བཅས་པ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡང་ཡོད་པའི་གཏན་ཚིགས་དེས་ནའོ། །དེ་གྲུབ་པར་བྱ་བ་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་དེ་གྲུབ་པར་བྱ་བ་
ལ་སྟེ། དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བ་དང་བརྩལ་བ་ལས་མི་འབྱུང་བ་དང་མི་རྟག་པར་བསྒྲུབ་པ་དེ་བསྒྲུབ་པར་བྱ་བ་ལྟ་བུ་ལའོ། །གཅིག་ཏུ་མ་ངེས་པའི་ཕྱིར་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གཅིག་ཏུ་མ་ངེས་པའི་ཕྱིར་ཏེ། དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་སྒྲུབ་པ་དག་གི་མི་མཐུན་པའི་ཕྱོགས་
ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ནི་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པའི་ཆོས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་ལ་སྒྲ་བརྩལ་བ་ལས་མི་འབྱུང་བར་གྲུབ་པ་དག་གི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ནི་སྒྲ་བརྩལ་བ་ལས་མི་འབྱུང་བར་
བསྒྲུབ་པའི་ཆོས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པ་དང་། སྒྲ་མི་རྟག་པར་བསྒྲུབ་པ་དག་གི་མ་ངེས་པ་གཉི་ག་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡོད་པ་ནི་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་དེ་བསྒྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པ་ལྟ་བུའི་ཕྱིར་རོ། །དེ་ནི་ཡོངས་སུ་མ་དག་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་རྗེས་སུ་
དཔོག་པ་ཡོངས་སུ་མ་དག་པའི་མཚན་ཉིད་དེ་དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་སྒྲུབ་པ་དག་གི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ནི་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པའི་ཆོས་དེའི་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་སྒྲ་བརྩལ་བ་ལས་འབྱུང་བར་སྒྲུབ་པའི་

རྗེས་སུ་དཔོག་པ་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་ལ་སྒྲ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དཔེ་དང་བཅས་པ་ནི་སྒྲ་བརྩལ་བ་ལས་མི་འབྱུང་བར་སྒྲུབ་པའི་ཆོས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་སྒྲ་བརྩལ་བ་ལས་མི་འབྱུང་བར་སྒྲུབ་པའི་
རྗེས་སུ་དཔག་པ་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་པ་དང་། སྒྲ་མི་རྟག་པར་སྒྲུབ་པ་དག་གི་མ་ངེས་པ་གཉི་ག་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡོད་པ་ནི། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་དཔག་པ་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་
པ་ལྟ་བུ་སྟེ། དེས་ན་དེའི་ཚད་མར་མི་རུང་བར་རིག་པར་བྱའོ། །དེའི་འོག་ཏུ་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དང་། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་བཅས་པ་ལ་ཐུན་མོང་གི་མ་ངེས་པ་ཡོད་པས་ཡོངས་
སུ་མ་དག་པ་བསྟན་པའི་ཕྱིར། དེ་ལས་གཞན་དང་མི་མཐུན་པའི་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལ་ཡང་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་དེས་ན་དེ་འགྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་དེ་ཡང་ཡོངས་སུ་མ་དག་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་གསུངས་སོ། །
དེ་ལ་དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཡང་ཡིན། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཡང་ཡིན་ཏེ། དེ་གཉི་ག་ཡིན་པར་ཇི་ལྟར་སྦྱར་བའི་ཚིག་གི་དོན་ནི་གོང་དུ་བསྟན་པ་བཞིན་དུ་སྦྱར་རོ། །
དཔེ་དང་བཅས་པ་ལ་ཡང་ཞེས་བྱ་བ་ནི་མ་ངེས་པ་དེ་གཉི་ག་གཞན་གྱི་རིགས་ཀྱི་དཔེ་ཉེ་