Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 201
Văn bản gốc(Tây Tạng)
Trang 4 / 22 (50.000 ký tự/trang)
ེན་པའི་བྱ་བ་ཅུང་ཟད་ཅིག་ཤེས་ པ་ལ་མཁས་པའོ། །ཡེ་ཤེས་ནི་བསྟན་བཅོས་ལ་མཁས་པར་བྱས་པ་ལ་སོགས་པ་ལས་སྐྱེས་པ་དོན་དམ་པའི་ཡེ་ཤེས་རྟོགས་པའི་བར་ཏེ། དེ་དག་ཀྱང་རྒྱ་ཆེར་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེ་ལྟར་ཡོན་ཏན་ཀུན་ལྡན་པའི། །ལུས་ནི་སྟོན་བརྒྱའི་བར་དག་ཏུ། །ཚེ་དང་དབང་ཕྱུག་འདོད་པ་ཡི། ། དངོས་པོ་ཐམས་ཅད་རབ་ཏུ་གནས། །ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་རྣམ་པ་ཡོན་ཏན་ཐམས་ཅད་དང་ལྡན་པའི་ལུས་ནི་སྟོན་བརྒྱར་གནས་ཤིང་ལོ་བརྒྱར་འཚོ་བ་དང་། དེ་བཞིན་དུ་དབང་ཕྱུག་གི་འབྱོར་བ་དང་ལྡན་པ་དང་། དེ་བཞིན་དུ་འདོད་ཅིང་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་རབ་ཏུ་ གནས་པ་དང་། ཡུན་རིང་པོར་གནས་པར་འགྱུར་རོ། །པགས་པ་ཁྲག་ཚོགས་སྙིང་སྟོབས་པར། །བརྒྱད་པོ་ཕྱི་མ་བཞིན་དུ་མཆོག །སྟོབས་དང་ཚད་དང་ཤེས་པའི་ཕྱིར། །ལུས་ཅན་རྣམས་ཀྱི་སྙིང་པོར་བཤད། །ཅེས་བྱ་བ་ལ། པགས་པ་དང་ཤ་དང་ཁྲག་དང་ཚིལ་དང་རུས་པ་དང་རྐང་དང་ཁུ་ཆུ་དང་ སྙིང་སྟོབས་ཞེས་བྱ་བའི་བར་གྱི་བརྒྱད་པོ་ནི་ཕྱི་མ་བཞིན་དུ་མཆོག་ཡིན་པར་བཤད་པ་ལ། དེ་ཡང་སྟོབས་དང་ཚད་ཇི་ཙམ་པ་ཤེས་པར་བྱ་བའི་ཕྱིར་ལུས་ཅན་རྣམས་ཀྱི་སྙིང་པོ་བརྒྱད་པོ་དེ་དག་བཤད་པ་ཡིན་ནོ། །སྙིང་པོ་ཀུན་དང་ལྡན་པ་ཡི། །མཆོག་ཏུ་བཀུར་བར་བྱ་བར་འགྱུར། །རྩོམ་པ་ཀུན་ལའང་རེ་ བཅས་དང་། །བཟོད་ལྡན་བློ་བཟང་བརྟན་པར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་གོང་དུ་སྨོས་པའི་སྙིང་པོ་བརྒྱད་པོ་ཐམས་ཅད་དང་ལྡན་པའི་སྐྱེས་བུ་ནི་མཆོག་ཏུ་བཀུར་ཞིང་བླ་མར་བྱ་བ་ཉིད་དུ་འགྱུར་བ་དང་། དེ་བཞིན་དུ་ཇི་ལྟར་མངོན་པར་འདོད་པའི་བྱ་བའི་ལས་ཀྱི་རྩོམ་པ་ཐམས་ཅད་ལ་རེ་བ་དང་བཅས་པར་ འགྱུར་བ་སྟེ། བྱ་བའི་ལས་འདི་དང་འདི་དག་བྱས་པས་ངེས་པར་འདི་དག་འབྱུང་བར་འགྱུར་རོ། །ཞེས་རེ་བ་དང་བཅས་པར་འགྱུར་བ་དང་། དེ་བཞིན་དུ་བཟོད་པ་དང་ལྡན་པ་སྟེ་ལུས་དང་སེམས་ཀྱི་སྡུག་བསྔལ་གྱིས་དེ་ཟིལ་གྱིས་གནོན་པར་འགྱུར་ཞིང་ཞུམ་པར་མི་འགྱུར་བ་དང་། དེ་བཞིན་དུ་བློ་གྲོས་བཟང་ཞིང་ ཤེས་རབ་དམ་པར་འགྱུར་བ་དང་དེ་བཞིན་དུ་བྱ་བ་རྣམས་ལ་བརྟན་ཞིང་མི་གཡོ་བར་འགྱུར་རོ། །དྲེགས་དང་ཞུམ་པ་མེད་པ་ནི། །བདེ་དང་སྡུག་བསྔལ་བསྟེན་འགྱུར་ལ། །སྙིང་སྟོབས་ཅན་ཡིན་རྡུལ་ཅན་ཁེངས། །མུན་པ་ཅན་ནི་དེ་ལྟར་མིན། །ཞེས་བྱ་བ་ལ། སྐྱེས་བུ་གང་སྙིང་ སྟོབས་དང་ལྡན་པ་ནི། སྙིང་སྟོབས་ཀྱི་ཤས་ཆེ་བ་ནི་བདེ་བ་ལ་སྤྱོད་པ་ན་ཡང་དྲེགས་ཤིང་ང་རྒྱལ་མེད་པས་བདེ་བ་ལ་བརྟེན་པ་ཡིན་ལ། སྡུག་བསྔལ་ཉམས་སུ་མྱོང་བ་ན་ཡང་ཞུམ་ཞིང་གདུང་བ་མེད་པར་དེ་ཉམས་སུ་མྱོང་ཞིང་བསྟེན་པར་བྱེད་པ་ཡིན་ནོ། །སྐྱེས་བུ་རྡུལ་ཅན་ཞེ་སྡང་གི་ཤས་ཆེ་བ་དག་ནི། བདེ་བ་མྱོང་བ་ན་ཡང་ཁེངས་ཤིང་དྲེགས་པས་བསྟེན་ལ། སྡུག་བསྔལ་ཡང་ང་རྒྱལ་གྱིས་བསྟེན་པ་ཡིན་ཏེ། བདག་ཉིད་འབའ་ཞིག་གཞན་དང་ཐུན་མོང་མ་ཡིན་པའི་བདེ་བ་ཉམས་སུ་མྱོང་བ་ཡིན་ནོ། །ཞེས་སེམས་པ་དང་རྟག་ཏུ་ང་རྒྱལ་བས་ཁེངས་པ་སེམས་ལ་གནོད་པའི་ཕྱིར་བདག་འབའ་ཞིག་གིས་ སྡུག་བསྔལ་མི་བཟད་པ་འདི་ལྟ་བུ་ཉམས་སུ་མྱོང་བ་ཡང་བཟོད་པར་ནུས་སོ་ཞེས་ཁེངས་པར་བྱེད་པ་བསྟེན་པའོ། །སྐྱེས་བུ་མུན་པའམ་གཏི་མུག་གི་ཤས་ཆེ་བ་དག་ནི། བདེ་བ་ཡང་དེ་ལྟར་བསྟེན་པར་མི་བྱེད་ལ། སྡུག་བསྔལ་ཡང་དེ་ལྟར་བསྟེན་པར་མི་བྱེད་དེ། ཤིན་ཏུ་རྨོངས་པའི་ཕྱིར། དེ་བདེ་བ་མྱོང་བ་ན་ཡང་བདེ་བ་མྱོང་བར་མི་སེམས་ལ། སྡུག་ བསྔལ་མྱོང་ན་ཡང་སྡུག་བསྔལ་མྱོང་བར་མི་སེམས་ལ། གཏི་མུག་པའི་ཕྱིར་དེའི་རྒྱུ་བསྒྲུབ་པ་ལ་ཡང་བདེ་བ་དང་སྡུག་བསྔལ་དུ་འཛིན་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མུན་པ་ཅན་ནི་དྲེགས་པ་དང་ཞུམ་པ་དང་བཅས་པས་བདེ་བ་དང་སྡུག་བསྔལ་ལ་བསྟེན་པར་བྱེད་དེ། བདེ་བ་མྱོང་ན་ཡང་དྲེགས་པའི་ཤས་ཆེ་ ལ། སྡུག་བསྔལ་མྱང་ན་ཡང་ཞུམ་པའི་ཤས་ཆེ་བ་ཡིན་ནོ། །སྦྱིན་དང་ཚུལ་ཁྲིམས་སྙིང་བརྩེ་ལྡན། །ཚངས་པར་སྤྱོད་དང་བྱས་པ་གཟོ། །བྱམས་ལྡན་བཅུད་ཀྱིས་ལེན་བསྟེན་པ། །ཚེ་དང་བསོད་ནམས་འཕེལ་བའི་སྡེ། །ཞེས་བྱ་བ་ལ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྡེ་ཚན་འདི་ནི་ཚེ་ དང་བསོད་ནམས་འཕེལ་བར་བྱེད་པ་ཡིན་ཏེ། དེ་ཡང་སྦྱིན་པ་ནི་གསེར་ལ་སོགས་པའི་དངོས་པོ་ཅི་ནུས་པར་གཏོང་བའོ། །ཚུལ་ཁྲིམས་ནི་ཉེས་པ་སྡོམ་པའི་བདག་ཉིད་དོ། །སྙིང་བརྩེ་བ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་ལྡན་པའོ། །བདེན་པ་ནི་བརྫུན་མེད་པའོ། །ཚངས་པར་སྤྱོད་པ་ནི་མྱ་ངན་ འདས་པ་ཐོབ་པའི་དོན་དུ་སྤྱོད་པའོ། །འཁྲིག་པའི་ཆོས་སྤང་བའོ། །བྱས་པ་གཟོ་བ་ནི་ཕན་དུ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའོ། །བྱམས་པ་དང་ལྡན་པ་ནི་སེམས་ཅན་ཐམས་ཅད་བདག་དང་འདྲ་བར་བདེ་བ་དང་ལྡན་པར་བྱེད་པའོ། །བཅུད་ཀྱིས་ལེན་ནི་ཚངས་པ་དང་འཕྲོག་བྱེད་དང་གནས་འཇོག་ལ་སོགས་པས་ བཤད་པའི་ཚུལ་བཅུད་ཀྱིས་ལེན་གྱི་ལེའུ་ལས་བཤད་པ་ལྟ་བུ་སྟེ། སྦྱིན་པ་ལ་སོགས་པ་འདི་དག་ལ་བརྟེན་ཅིང་གོམས་པར་བྱས་ན་ལ་ལ་ནི་བསོད་ནམས་འཕེལ་བར་བྱེད་པ་ཡིན། ལ་ལ་ནི་གཉིས་ཀ་འཕེལ་བར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་ བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལུས་ཀྱི་གནས་ཀྱི་ལེའུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ལུས་ཀྱི་གནད་ཀྱི་བྱེ་བྲག་བཤད་པར་བྱའོ། །ཞེས་བྱ་བ་ལ། ཡན་ལག་གི་བྱེ་བྲག་བསྟེན་པའི་འོག་ཏུ་གནད་ཀྱི་བྱེ་བྲག་བརྩམས་པ་ནི། གནད་རྣམས་ཀྱང་ཡན་ལག་ ལ་བརྟེན་པ་ཡིན་པའི་ཕྱིར་འདི་བརྩམས་པ་ཡིན་ནོ། །དེ་ཡང་གནད་རྣམས་ཀྱི་ཁྱད་པར་དབྱེ་བ་ནི་བྱེ་བྲག་བསྟན་པ་སྟེ་གོང་དུ་བསྟན་པ་དེ་བཤད་པར་བྱའོ་ཞེས་པའོ། །གནད་ནི་བརྒྱ་ལས་བདུན་ལྷག་པ། །ཞེས་བྱ་བ་ལ། ལུས་འདིར་གནད་ནི་བརྒྱ་རྩ་བདུན་ཡོད་པས་ན་བརྒྱ་ལས་བདུན་ལྷག་པ་ཞེས་བྱའོ། ། དེ་ལས་བཅུ་གཅིག་བརླ་དང་ནི། །དེ་བཞིན་ལག་ངར་གཉིས་སོ་སོར། །ལྟོ་བ་ལ་གསུམ་བྲང་ལ་དགུ། །རྒྱབ་ལ་བཅུ་བཞི་ནམ་ཚོང་ནི། །ཡན་ཆད་སུམ་ཅུ་རྩ་བདུན་ཡོད། །ཅེས་བྱ་བ་ལ། གནད་དེ་རྣམས་བརླ་གཉིས་དང་། དེ་བཞིན་ལག་ངར་གཉིས་ཀ་སོ་སོར་གནད་བཅུ་གཅིག་གནས་པ་ཡིན་ ནོ། །ལྟོ་བ་ལ་གནད་གསུམ་དང་། བྲང་ལ་དགུ་དང་། རྒྱབ་ལ་བཅུ་བཞི་དང་། ནམ་ཚོང་ཡན་ཆད་དུ་གནད་སུམ་ཅུ་རྩ་བདུན་ཡོད་དོ། །ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྐང་པའི་མཐིལ་ནས་གུང་མོ་ཡི། །ཐད་ཀ་ཡི་ནི་མཐིལ་འཕྲོག་པའི། །གནད་ཡོད་ཅེས་ནི་རྣམ་པར་བཤད། །དེ་ཕུག་གནད་ ཀྱིས་འཆི་བར་འགྱུར། །ཞེས་བྱ་བ་ལ། རྐང་པའི་མཐིལ་གྱི་དབུས་ན་གུང་མོའི་སོར་མོའི་ཐད་ཀ་ན། མཐིལ་འཕྲོག་པ་ཞེས་བྱ་བའི་གནད་ཡོད་དོ་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་དོ། །གནད་དེ་ཕུག་ཅིང་བརྟོལ་ན་གཟེར་བ་ལ་སོགས་པའི་ནད་དེས་འཆི་ཞིང་ལུས་དང་འབྲལ་བར་འགྱུར་བ་ ཡིན་ནོ། །མཐེབ་སོར་དབུས་ན་རྒྱ་ཚིགས་ཏེ། །དེ་ཕུག་བསྐྱོད་པའི་གནད་ཀྱིས་འཆི། །ཞེས་བྱ་བ་ལ། རྐང་པའི་མཐེ་བོང་སེན་མོའི་དབུས་ན་རྒྱ་ཚིགས་ཞེས་བྱ་བའི་གནད་ཡོད་དེ། །དེ་ཕུག་ན་བསྐྱོད་པ་ཞེས་བྱ་བའི་རླུང་གི་གནད་ཀྱིས་འཆི་བར་བྱེད་དོ། །དེ་གོང་སོར་གཉིས་ ཤེས་པར་བྱ། །རྐང་པ་འཁོར་ཞིང་འདར་བར་བྱེད། །ཅེས་བྱ་བ་ནི། རྒྱ་ཚིགས་ཀྱི་གོང་ནས་སོར་གཉིས་ཀྱིས་ཆོད་པར་པིར་ཞེས་བྱ་བའི་གནད་ཡོད་དོ། །དེ་བཅད་དམ་ཕུག་ན་རྐང་པ་འཁོར་ཞིང་གཡོ་ལ་འདར་བར་བྱེད་དོ། །ལོང་མོའི་ཚིགས་འོག་པིར་མགོ་སྟེ། །དེ་བཅད་སྐྲང་དང་ནད་སྐྱེད་ བྱེད། །ཅེས་བྱ་བ་ལ། ལོང་མོའི་ཚིགས་ཀྱི་འོག་ན་པིར་གྱི་མགོ་འདྲ་བ་དང་པོའི་འོག་ན་པིར་གྱི་མགོ་དྲངས་པ་ཞེས་བྱ་བའི་གནད་ཡོད་དོ། །དེ་ཕུག་ཅིང་བཅད་ན་སྐྲང་པ་དང་ནད་སྐྱེད་པར་བྱེད་དོ། །བྱིན་པ་རྐང་པ་གཉིས་ཀྱི་བར། །ལོང་མོའི་གནད་རེངས་བེམ་པོར་བྱེད། །ཅེས་བྱ་བ་ལ། བྱིན་པ་ དང་རྐང་པ་གཉིས་ཀྱི་བར་མཚམས་ན་ལོང་མོ་ཞེས་བྱ་བའི་གནད་ཕུག་ན་ན་ཞིང་གཟེར་བ་དང་། བརླ་ཟུག་རེངས་པ་བེམ་པོར་འགྱུར་ཞིང་ཚོར་བ་མེད་པར་འགྱུར་རོ། །བྱིན་པའི་ནང་ན་ཉྭ་ཞེས་པ། །ཁྲག་ཟད་པ་ཡིས་འཆི་བར་བྱེད། །ཅེས་བྱ་བ་ལ། བྱིན་པའི་ནང་ན་རྟིང་པ་ཡན་ཆད་སོར་བཅུ་གཞལ་ བ་ན། བྱིན་ཉྭ་ཞེས་བྱ་བའི་གནད་ཡོད་དོ། །དེ་ཕུག་ན་ཁྲག་ཟད་པའི་ནད་ཀྱིས་འཆི་བར་འགྱུར་རོ། །བྱིན་པ་བརླ་མཚམས་པུས་མོ་སྟེ། །དེ་ཕུག་གསོན་ཡང་འཐེང་པོར་འགྱུར། །ཞེས་བྱ་བ་ལ། བྱིན་པ་དང་བརླ་གཉིས་འདུས་པའི་མཚམས་ན་པུས་མོ་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ན་སྐྱེས་བུ་ གསོན་ཞིང་སྲོག་དང་མ་བྲལ་ན་ཡང་འཐེང་པོ་ཉིད་དུ་འགྱུར་རོ། །པུས་གོང་སོར་གསུམ་པར་གཉན་གོང་། །དེ་ཕུག་བརླ་རེངས་སྐྲང་བར་བྱེད། །ཅེས་བྱ་བ་ལ། པུས་མོའི་གོང་དུ་སོར་གསུམ་གཞལ་བའི་གནས་ན་གཉན་གོང་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ན་བརླ་རེངས་པ་དང་སྐྲང་བར་བྱེད་པ་ཡིན་ནོ། ། བརླ་ནང་བརླ་དབང་ཞེས་བྱ་བ། །དེ་ཕུག་ཁྲག་ཟགས་བརླ་སྐམ་འགྱུར། །ཞེས་བྱ་བ་ལ། བརླའི་ནང་ན་བརླ་དབང་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ཅིང་གཙེས་པ་ན་ཁྲག་གཟགས་ཤིང་ཟད་པས་བརླ་སྐམ་པར་བྱེད་པར་འགྱུར་རོ། །བརླ་རྩ་མིག་དམར་ཞེས་བྱ་བ། །ཁྲག་ཟད་པས་ནི་གཞོགས་ཕྱེད་ འཇོམས། །ཞེས་བྱ་བ་ལ། བརླའི་སྟེང་དང་ཆུ་སོའི་མཚམས་ན་མིག་དམར་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ན་ཁྲག་ཟད་པས་ལུས་ཀྱི་གཞོགས་ཕྱེད་འཇོམས་ཤིང་ཟད་པར་བྱེད་དོ། །བརླ་རྩ་རླིག་པའི་བར་གྱི་གནད། །ལྗོན་ཤིང་ཞེས་བྱ་མ་ནིང་བྱེད། །ཅེས་བྱ་བ་ལ། རླིག་པ་དང་བརླའི་བར་ན་ ལྗོན་ཤིང་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ན་མ་ནིང་སྟེ། བུ་ཚ་མེད་པའམ་བུད་མེད་ལ་སྤྱོད་པའི་ནུས་པ་མེད་པར་འགྱུར་རོ། །དེ་དག་བརླའིའོ། །ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་རྫོགས་པའི་ཚིག་སྟེ་བརླ་རྩ་མན་ཆད་ན་གནད་ཇི་སྙེད་ཡོད་པ་རྫོགས་པར་བྱས་ཤིང་བསྟན་ཟིན་ཏོ་ཞེས་བྱ་བའོ། །དཔུང་དེ་བཞིན། ། ཞེས་བྱ་བ་ལ། དཔུང་པ་གཉིས་ཀྱི་བར་གྱི་གནད་རྣམས་ཀྱང་གྲངས་དེ་སྙེད་ཡོད་པས་ན། དེ་བཞིན་ཞེས་བྱ་བ་ལ། དེའི་ཁྱད་པར་འདི་ཡིན་ཏེ། །མཁྲིག་མ་འདི་ནི་ལོང་མོར་མཚུངས། །གྲུ་མོ་བྱིན་འདྲ་དེ་གཉིས་ཕུག །ཅེས་བྱ་བ་ལ། རྐང་པ་དང་བྱིན་པའི་མཚམས་སུ་ནི་ལོང་མོ་ཞེས་བྱ་བའི་གནད་ ཡོད་པར་བཤད་ལ། དེ་ལག་པའི་སྐབས་སུ་ལག་པ་ལག་དར་གྱི་མཚམས་ཀྱི་གནད་ནི་མཁྲིག་མ་ཞེས་པའོ། །དེ་བཞིན་དུ་གྲུ་མོ་དང་ལག་ངར་གྱི་མཚམས་ཀྱི་དཔུང་པའི་དབུས་ཀྱི་ཕྱོགས་ཀྱི་གནས་ནི་གྲུ་མོ་ཞེས་བྱའོ། །དེ་ལྟར་མཁྲིག་མ་དང་གྲུ་མོའི་གནད་གཉིས་ཕུག་ན་སྒུར་ཞིང་ཞ་བོ་ཉིད་དུ་འགྱུར་རོ། ། ཞ་བོ་ལྗོན་ཤིང་འདྲ་བ་ནི། །མཆན་ཁུང་ནང་ན་མཆན་ཁུང་འཛིན། །དེ་ཕུག་ཞ་བོ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། སྔར་གྱི་ཇི་ལྟར་ལྗོན་ཤིང་ཞེས་བྱ་བའི་གནད་ལ། རླིག་པ་དང་བརླ་རྩའི་བར་ན་འདུག་པ་དང་འདྲ་བར་མཆན་ཁུང་གི་དབུས་ནས་དཔུང་མགོའི་བར་ན་མཆན་ཁུང་འཛིན་པ་ཞེས་ བྱ་བའི་གནད་ཡོད་དེ། གནད་དེ་ཕུག་ན་ལག་ངར་ཞ་ཞིང་སྒུར་བ་ཉིད་དུ་འགྱུར་རོ། །དེ་ལྟར་ན་དེ་དག་གིས་ཡན་ལག་གི་གནད་རྣམས་སྨྲས་པ་ཡིན་ནོ། །ལོང་ཁའི་གནད་ནི་གཞང་ཞེས་བྱ། །དེ་ཕུག་གཞང་རླུང་གིས་འཕྲལ་གསོད། །ཅེས་བྱ་བ་ལ། ལོང་ཁ་རྒྱུ་མ་སྦོམ་པོ་ཞེས་བྱ་བ་དང་ འབྲེལ་པ་ནི་གཞང་ཁ་ཞེས་བྱ་སྟེ། དེ་ཕུག་ན་བཤང་བ་དང་རླུང་ངམ་འཕྱེན་འབྱུང་ཞིང་ཟགས་པས་འཕྲལ་དུ་དེའི་མོད་ལ་འཆི་བར་འགྱུར་རོ། །ལྒང་པ་གཞུ་ལྟར་ཡོ་བ་ཡི། །ཆུ་སོའི་གནད་ནི་ཤ་ཁྲག་ཉུང་། །དབུས་ན་ཁ་ཅིག་ཐུར་དུ་ལྟ། །རྐེད་པའི་དབུས་ན་སྲོག་འཕྲལ་འཇོམས། །རྡེའུ་ འབྱིན་རྨ་ཕུག་གནས་མ་གཏོགས། །དེ་ཡང་ངོས་གཉིས་ཕུག་སྟེ་འདྲ། །གཅིན་འཛག་གནས་དང་གཅིག་ཏུ་ཕུག །རྨ་ནི་འཚོ་བར་ཤིན་ཏུ་དཀའ། །ཞེས་བྱ་བ་ལ། ལྒང་བའི་གཅིན་གྱི་གནས་ཏེ། དེ་ན་གཞུའི་དབྱིབས་ལྟར་ཡོ་བའི་གནད་ཆུ་སོ་ཞེས་བྱ་བ་ལ། ཤ་དང་ ཁྲག་ཉུང་ཞིང་ཤས་ཆུང་བར་གནས་པ། དབུས་ན་ཁ་གཅིག་ཡོད་པ་ཁ་ཐུར་དུ་བལྟས་པ་རྐེད་པའི་དབུས་ན་ཡོད་དེ། དེ་ཕུག་ན་སྲོག་འཕྲལ་དུ་དེའི་མོད་ལ་འཇིག་ཅིང་འཇིག་པར་བྱེད་དེ་གཅིན་ནད་རྡེའུས་འགགས་པ་འབྱིན་པའི་རྨ་གང་ཞིག་བྱེད་པ་དེ་མ་གཏོགས་ཏེ། རྡེའུ་འབྱིན་པའི་རྨའི་སྐབས་དེར་ཡང་ ངོས་གཉིས་སུ་ཕུག་ཅིང་བརྟོལ་ན་སྔ་མ་དང་འདྲ་བར་འཕྲལ་དུ་འཆི་བར་འགྱུར་རོ། །ཆུ་སོའི་ཕྱོགས་གཅིག་ཏུ་ཕུག་ན་གཅིན་འཛག་པའི་རྨར་འགྱུར་ཏེ། དེ་ཡང་འཚོབ་ཅིང་འབྱོར་པ་ནི་ཤིན་ཏུ་དཀའ་བ་ཡིན་ནོ། །ལུས་ནི་ཞུ་དང་མ་ཞུའི་གནས། །དབུས་ལ་ལྟེ་བ་རྩ་ཀུན་གྱི། །རྟེན་ཡིན་དེ་ཡང་འཕྲལ་ གསོད་བྱེད། །ཅེས་བྱ་བ་ལ། ལུས་ཀྱི་དབུས་སུ་ཞུ་བ་དང་མ་ཞུ་བའི་གནས་ན་ལྟེ་བ་ཞེས་བྱ་བའི་བར་གྱི་གནད་ཡོད་དེ། དེ་ཡང་རྩ་ཐམས་ཅད་ཀྱི་རྟེན་དང་གནས་ཡིན་ལ། དེ་ཕུག་པར་གྱུར་ན་ཡང་འཕྲལ་དུ་གསོད་ཅིང་སྲོག་དང་འབྲལ་བར་བྱེད་པ་ཡིན་ནོ། །མ་ཞུ་བ་ཡི་གནས་སྒོར་གྱུར། །འདོད་ ཆགས་སོགས་གནས་སྙིང་ཞེས་བྱ། །བྲང་དང་ནུ་མ་ལྟོ་དབུས་གནས། །ཞེས་བྱ་བ་ལ། མ་ཞུ་བའི་གནས་ཀྱི་སྒོར་གྱུར་པ་འདོད་ཆགས་ཞེ་སྡང་གཏི་མུག་གི་གནས་སུ་གྱུར་པ་སྙིང་ཞེས་བྱ་བའི་གནད་ཡོད་དེ། དེ་ཡང་བྲང་དང་ནུ་མ་དང་ལྟོ་བའི་དབུས་ན་གནས་པ་ཡིན་ཏེ། དེ་ཕུག་ན་ཡང་འཕྲལ་ དུ་འཆི་བ་ཡིན་ནོ། །ནུ་འཇིང་ནུ་མའི་རྩ་ཞེས་བྱ། །སྟེང་འོག་སོར་གཉིས་ནུ་མའི་གནད། །དེ་ཕུག་བད་ཀན་ཁྲག་གིས་ནི། །རིམ་གྱིས་ལྟོ་འགེངས་འཇིག་པར་བྱེད། །ཅེས་བྱ་བ་ལ། ནུ་འཇིང་དང་། ནུ་མའི་རྩ་ཞེས་བྱ་བའི་གནད་གཉིས། ནུ་མ་གཉིས་ཀྱི་གོང་འོག་ན་ཡོད་དེ། ནུ་མ་ གཉིས་ཀྱི་གོང་གི་སོར་གཉིས་དང་། །ནུ་མ་གཉིས་ཀྱི་རྩ་བའི་སོར་གཉིས་ཀྱི་ཟབས་ན་ཡོད་ལ། ནུ་འཇིང་དང་ནུ་མའི་རྩའི་གནད་དེ་ཉིད་ཕུག་པའི་མི་ནི་ཁྲག་དང་བད་ཀན་གྱིས་ལྟོ་འགེངས་ནས་འཆི་བར་བྱེད་དེ། དེ་ཡང་རིམ་བཞིན་ཁེངས་པ། ནུ་འཇིང་གི་གནད་ཕུག་པ་ནི་བད་ཀན་དང་ཁྲག་གིས། ལྟོ་གང་སྟེ་འཆི་ལ། ནུ་མའི་རྩ་ཕུག་པས་ནི་ཁྲག་གིས་ཁེངས་ཏེ་འཆི་བར་འགྱུར་རོ། །རེངས་བྲལ་བྲང་གི་ངོས་གཉིས་ན། །རྩ་སྦུབས་གཉིས་པོ་རླུང་རྒྱུ་བ། །དེ་ཕུག་ཁོག་པ་ཁྲག་གིས་ཁེངས། །ལུད་པ་དབུགས་མི་བདེ་བས་འཆི། །ཞེས་བྱ་བ་ལ། རེངས་པ་དང་བྲལ་བ་ཞེས་བྱ་བའི་གནད་ ཀྱི་བྱེ་བྲག་བྲང་གི་ངོས་གཉིས་ན་རྩ་སྦུབས་གཉིས་པོ་ནི་རླུང་རྒྱུ་བར་བྱེད་པ་ཡོད་ལ། དེ་ཕུག་ཅིང་བརྟོལ་ན་ཁོང་པ་ཁྲག་གིས་བཀང་ནས་ལུད་པ་དང་དབུགས་མི་བདེ་བའི་ནད་ཀྱིས་འཆི་བར་འགྱུར་རོ། །རྒྱབ་ཀྱི་སྒལ་ཚིགས་བྲང་གི་བར། །དེ་ཉིད་ཀྱི་ནི་ངོས་གཉིས་ན། །ཕྲག་པ་གཉིས་ཀྱི་འོག་ན་ནི། །མིག་གསལ་ ཞེས་བྱའི་གནད་གཉིས་ཡོད། །དེ་ཉིད་ཕུག་པས་ཁོང་པ་ནི། །ཁྲག་ཁེངས་རྣག་སྟེ་འཆི་བར་འགྱུར། །ཞེས་བྱ་བ་ལ། རྒྱབ་ཀྱི་སྒལ་ཚིགས་དང་མདུན་གྱི་བྲང་གི་བར་ཏེ། ནང་རྒྱབ་དང་བྲང་བར་དེ་ཉིད་ཀྱི་ངོས་ཀྱི་ནང་ན་ཕྲག་པའི་མགོ་ལོགས་མི་གསལ་བ་ཞེས་བྱ་བ་གནད་གཉིས་ཡོད་པར་ཤེས་པར་བྱ་སྟེ། དེ་ཉིད་ཕུག་ན་ཁོང་པའི་བྱང་ཁོག་ཁྲག་གིས་ཁེངས་ཤིང་། ཁྲག་དེ་ཉིད་རྣག་ཏུ་གྱུར་ནས་འཆི་བའི་དུས་བྱེད་པར་འགྱུར་རོ། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །རྐེད་པའི་ཆ་གཉིས་གནས་པ་དང་། །རྐུབ་ཚོས་ལྟག་གནས་སྒལ་ཚིགས་བརྟེན། །རྐེད་པ་ཅན་དང་གཞོན་ནུར་བཤད། །དེ་ སྣད་ཁྲག་ཟད་སྐྱ་རྦབ་དང་། །གཟུགས་ཉམས་པས་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། རྒྱབ་ཀྱི་སྒལ་ཚིགས་ཀྱི་ངོས་གཡས་གཡོན་གཉིས་ན་རྐེད་པའི་དབྱི་ཟུར་གྱི་ཆ་གཉིས་ན་གནས་པ་དང་། རྐུབ་ཚོས་ཀྱི་ལྟག་ན་གནས་པའི་སྒལ་ཚིགས་རུས་པ་ལ་བརྟེན་ཅིང་གནས་པ་དང་། རྐེད་པ་ ཅན་ན་གཞོན་ནུ་ཞེས་བྱ་བའི་གནད་གཉིས་ཡོད་དོ། །གནད་དེ་གཉིས་སྣད་ཅིང་ཕུག་ན་ཁྲག་ཟད་པས་སྐྱ་བོ་བསེང་བསེང་པོར་འགྱུར་ཞིང་། གཟུགས་དང་གཟི་མདངས་ཟད་པས་ཁ་དོག་མི་སྡུག་པས་འཆི་བར་འགྱུར་རོ། །རྒྱབ་ཀྱི་སྒལ་ཚིགས་ངོས་གཉིས་ཀྱི། །རྐེད་པའི་མཚམས་ནི་གང་ ཡིན་པ། །རོ་སྨད་ཀྱི་ནི་རྒྱབ་ཕྱོགས་ན། །ཁུང་བུ་ཞེས་བྱའི་གནད་གཉིས་ཡོད། །དེ་སྣད་བསྐྱོད་པ་ཉམས་པ་དང་། །རོ་སྨད་ཚོར་བ་མེད་པར་འགྱུར། །ཞེས་བྱ་བ་ལ། རྒྱབ་ཀྱི་སྒལ་ཚིགས་ངོས་གཉིས་ནི་རྐེད་བའི་མཚམས་རོ་སྨད་ཀྱི་ཕྱི་རོལ་གྱི་རྒྱབ་ཀྱི་ཆ་ན་ཁུང་བུ་ཞེས་བྱ་བའི་གནད་ གཉིས་ཡོད་དེ། དེ་གཉིས་སྣད་ཅིང་ཉམས་པས་ལུས་ཀྱི་རོ་སྨད་ཀྱི་བསྐྱོད་ཅིང་འགུལ་བ་ཉམས་པ་དང་། རོ་སྨད་ལ་ཚོར་བ་མེད་ཅིང་བེམ་བེམ་པོར་འགྱུར་རོ། །གང་ཞིག་རྩིབ་ལོགས་གཉིས་དང་འབྲེལ། །སྟ་ཟུར་རྩེ་མོ་གཉིས་སྟེང་གི། །གནས་ནི་གཡོགས་པར་ གྱུར་པ་དང་། །རོ་སྨད་གཞོན་ནུའི་རུས་པར་གནས། །དེ་སྣད་རོ་སྨད་སྐྲངས་པ་དང་། །ཉམ་ཆུང་འཆི་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གནད་གང་ཞིག་རྩིབ་ལོགས་གཉིས་ཀྱི་གནད་དང་འབྲེལ་ཞིང་རྩིབ་ལོགས་ཀྱི་བར་དང་འདབ་འབྱོར་བ་དང་། སྟ་ཟུར་གྱི་རྩེ་མོ་གཉིས་ཀྱི་སྟེང་གི་གནས་གང་ ཡིན་པ་དེ་གཡོགས་ཤིང་བསྒྲིབས་པར་གྱུར་པ་ནི། གནད་རོ་སྨད་ཅེས་བྱ་སྟེ། དེ་ཡང་གཞོན་ནུ་ཞེས་བྱ་བའི་གནད་ཀྱི་རུས་པར་གནས་པ་ཡིན་ལ། གནད་དེ་དག་ཕུག་ཅིང་སྣད་པས་ནི། ལུས་ཀྱི་རོ་སྨད་ཀྱི་ཆ་སྐྲང་བ་དང་། ཉམ་ཆུང་ཞིང་སྟོབས་ཞན་པ་ཉིད་དུ་གྱུར་ནས། དེའི་འོག་ཏུ་འཆི་བ་ ཁོ་ནར་འགྱུར་རོ། །རྩིབ་ལོགས་གཉིས་ཀྱི་ནང་དང་འབྲེལ། །རྐེད་པའི་ངོས་གཉིས་དབུས་གང་གནས། །ཐད་ཀ་དང་ནི་གྱེན་གནས་པ། །རྩིབ་ལོགས་མཚམས་ཏེ་དེ་ཕུག་ན། །ཁོང་པ་ཁྲག་གིས་གང་བ་དང་། །ལུས་དང་བྲལ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། རྩིབ་ལོགས་གཉིས་ཀྱི་ ནང་གྲོལ་དང་འབྲེལ་ཅིང་འདབ་འབྱོར་པ། རྐེད་པའི་ངོས་གཉིས་ཀྱི་དབུས་ན་ཐད་ཀ་དང་གྱེན་དུ་གནས་པའི་གནད་གཉིས་ནི་དྲང་སྲོང་རྣམས་ཀྱིས་རྩིབ་ལོགས་ཀྱི་མཚམས་ཞེས་བཤད་དེ། དེ་གཉིས་ཕུག་ཅིང་སྣད་པར་གྱུར་ན། ཁོང་པ་ཁྲག་གིས་གང་ནས་ལུས་དང་བྲལ་ཏེ་འཆི་བ་ཉིད་དུ་འགྱུར་ རོ། །ནུ་མ་གཉིས་ཀྱི་ཐད་ཀའི་ཆ། །རྒྱབ་ཀྱི་སྒལ་ཚིགས་ལ་བརྟེན་པ། །རྩ་ཆེན་ཞེས་བྱ་དེ་ཕུག་ན། །ཁྲག་ཟད་ནས་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། ནུ་མ་གཉིས་ཀྱི་རྩའི་ཐད་ཀའི་ཆ་ནི་རྒྱབ་ཀྱི་སྒལ་ཚིགས་ལ་བརྟེན་ཅིང་གནས་པའི་གནད་ནི་རྩ་བོ་ཆེ་ཞེས་བྱ་སྟེ། དེ་ཕུག་ན་ཁྲག་ ཟད་ནས་འཕྲལ་དུ་འཆི་བར་འགྱུར་རོ། །དཔུང་མགོ་གཉིས་དང་འབྲེལ་བ་ཡི། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །ཕྲག་པ་གཉིས་ཀྱི་སོག་པ་སྟེ། །དེ་སྣད་བསྐམས་ཤིང་ཚོར་བྲལ་འགྱུར། །ཞེས་བྱ་བ་ལ། དཔུང་མགོ་གཉིས་དང་འབྲེལ་བའི་གནས་ལ། སྒལ་ཚིགས་ཀྱི་ངོས་གཉིས་ དང་ཡང་འབྲེལ་པ་ནི། སོག་པ་ཞེས་བྱ་བ་དེ་ལ་བརྟེན་པའི་གནད་ཡོད་དོ། །དེ་སྣད་པས་ནི་ལག་ངར་བསྐམས་པ་དང་། ཚོར་བ་དང་བྲལ་བར་འགྱུར་རོ། །མགྲིན་པ་གཉིས་ཀྱི་ངོས་གཉིས་རྩ། །དཔུང་མགོ་དང་ནི་མགྲིན་པའི་བར། །ཕྲག་པ་ཕྲག་པ་ལ་བརྟེན་གནད། །ད་ཕུག་ལག་ངར་བྱ་བ་ ཉམས། །ཞེས་བྱ་བ་ལ། མགྲིན་པ་གཉིས་ཀྱི་ངོས་གཉིས་ཀྱི་མཚམས་གཉིས་ན་དཔུང་པ་དང་། མགོ་བོ་དང་མགྲིན་པའི་བར་ན་གནས་པའི་གནད་ཕྲག་པ་ཞེས་བྱ་བ་ཡོད་དེ། དེ་ཡང་ཕྲག་པ་ལ་བརྟེན་ཅིང་གནས་ལ། དེ་ལྟ་བུ་དེ་ཕུག་ན་ལག་ངར་གྱི་བྱ་བ་ཉམས་ཤིང་འཇས་ཏེ། བརྐྱང་བ་ བ་དང་བསྐུམ་པའི་བྱ་བ་བྱེད་མི་ནུས་པར་འགྱུར་རོ། །སྲོལ་གང་གི་ནི་ངོས་གཉིས་ན། །འགྲམ་པ་ལ་ནི་བརྟེན་པའི་རྩ། །བཞི་སྟེ་དེ་ལ་སྔོན་པོ་གཉིས། །གཉིས་པའང་མཇིང་པའི་གནད་དུ་བཤད། །དེ་ཕུག་སྐད་འགགས་མི་སྡུག་དང་། །ལྕེ་ཡིས་རོ་ནི་མི་ཚོར་འགྱུར། །ཞེས་བྱ་བ་ལ། སྲོལ་གོང་གི་ངོས་གཡས་གཡོན་གཉིས་ན་འགྲམ་པ་ལ་བརྟེན་ཅིང་གནས་པའི་རྩ་བཞི་ཡོད་དེ། རྩ་དེ་དག་གི་ནང་ནས་རྩ་གཉིས་ནི་སྔོན་པོ་ཞེས་བྱ་བའི་གནད་ཡིན་ལ། གཉིས་ནི་མཇིང་པའི་གནད་ཡིན་པར་བཤད་དོ། །དེ་ཕུག་ཅིང་བཅད་ན་སྐད་འགགས་པ་ལ་སོགས་པར་འགྱུར་རོ། །དེ་ལ་སྐད་ འགགས་པ་ནི་སྐད་ཐམས་ཅད་ནས་ཐམས་ཅད་དུ་འགགས་པར་འགྱུར་རོ། །ཡང་ན་མི་སྡུག་པ་སྟེ་སྐད་གཞན་དུ་འགྱུར་བ་དང་། རོ་མི་ཚོར་ཞིང་ལྕེ་བེམ་བེམ་པོར་འགྱུར་རོ། །ལྐོག་མའི་སྦུབས་ཀྱི་ངོས་གཉིས་ནས། །ལྕེ་དང་སྣར་ནི་འགྲོ་བའི་རྩ། །སོ་སོར་བཞི་བཞི་ཡོད་མ་མོ། །དེ་ བཅད་འཕྲལ་དུ་སྲོག་འཇོམས་སོ། །ཞེས་བྱ་བ་ལ། ལྐོག་མའི་སྦུབས་ཀྱི་གཡས་གཡོན་གཉིས་ནས་ལྕེར་འགྲོ་ཞིང་རྒྱུ་བའི་རྩ་དང་། དེ་བཞིན་དུ་སྣར་འགྲོ་ཞིང་རྒྱུ་བའི་རྩ་སོ་སོ་ཞིང་བཞི་བཞི་ཡོད་དེ། དེ་ནི་མ་མོ་ཞེས་བྱ་བའི་གནད་ཡིན་ཏེ། དེ་ཕུག་ན་སྐད་ཅིག་མ་དེ་ཉིད་ལ་འཕྲལ་དུ་ སྲོག་འཇོམས་ཤིང་འཆི་བར་འགྱུར་རོ། །མགོ་བོ་སྐེ་མཚམས་ལྟག་པ་སྟེ། །དེ་ཕུག་མགོ་བོ་ལྡེམ་པོར་འགྱུར། །ཞེས་བྱ་བ་ལ། མགོ་བོ་དང་སྐེའི་མཚམས་ན་ལྟག་པ་ཞེས་བྱ་བའི་གནད་གཉིས་ཚིགས་མཚམས་ཀྱི་ངོས་གཉིས་ན་གནས་ཏེ། དེ་ཕུག་ན་མགོ་བོ་ལྡེམ་ཞིང་འདར་བར་ འགྱུར་རོ། །རྣ་བ་གཉིས་འོག་ལྕོང་བ་ནི། །རྣ་རྩ་ཞེས་བྱ་འོན་པར་འགྱུར། །ཞེས་བྱ་བ་ལ། རྣ་བ་གཉིས་ཀྱི་འོག་ན་ལྕོང་ཞིང་དམའ་བ་ན་རྣ་རྩ་ཞེས་བྱ་བའི་གནད་ཡོད་དེ། དེ་གཉིས་ཕུག་ན་སྒྲ་ཐོས་པ་འཇོམས་ཤིང་འོན་པར་འགྱུར་རོ། །སྣ་ཡི་བུ་ག་ གཉིས་དང་ནི། །སྣ་ཡི་ལམ་འགྲོ་མགྲིན་ནང་གནས། །སྦྲུལ་མགོ་ཞེས་བྱ་དེ་བཅད་ན། །དྲི་མི་ཚོར་བར་བྱེད་པར་འགྱུར། །ཞེས་བྱ་བ་ལ། སྦྲུལ་མགོ་ཞེས་བྱ་བའི་གནད་ཀྱི་བྱེ་བྲག་སྣའི་བུ་གའི་གནས་གཡས་གཡོན་གཉིས་དང་། སྣའི་བུ་གའི་ལམ་དུ་འགྲོ་བ་དང་། དེ་བཞིན་ དུ་མགྲིན་པའི་ནང་ན་གནས་ཤིང་བརྟེན་པར་བྱེད་དེ། དེའི་མིང་ནི་སྦྲུལ་མགོ་ཅན་ཞེས་བྱ་བ་སྟེ། དེ་བཅད་ན་དྲི་མི་ཚོར་ཞིང་སྣའི་དབང་པོ་ཉམས་པར་བྱེད་དོ། །མིག་གཉིས་ཀྱི་ནི་ཕྱི་རོལ་མཚམས། །སྨིན་མ་སྐྱེས་པའི་མཐའ་ཡི་འོག །མིག་ཟུར་སྨིན་སྟེང་དམའ་བར་གནས། ། འཁྱིལ་པ་ཕུག་པས་ལོང་བར་འགྱུར། །ཞེས་བྱ་བ་ལ། མིག་གཉིས་ཀྱི་ཕྱི་རོལ་མུར་འགྲམ་གྱི་ཕྱོགས་ཀྱི་མཚམས་སྨིན་མ་སྐྱེས་པའི་རྒྱུན་ཆད་པའི་མཐའ་འོག་ནས་མིག་ཟུར་ཞེས་བྱ་བའི་རྩའི་གནད་ཡོད་དོ། །དེ་བཞིན་དུ་སྨིན་མའི་སྟེང་ན་དམའ་ཞིང་ལྕོང་བ་ལ་འཁྱིལ་པ་ཞེས་བྱ་བའི་གནད་ ཡོད་དེ། མིག་ཟུར་དང་འཁྱིལ་པ་ཞེས་བྱ་བ་ནི་གནད་བཞི་པོ་དེ་དག་ཕུག་ན་སྐྱེས་བུ་ལོང་བར་འགྱུར་རོ། །རྣ་མཆན་དཔྲལ་བའི་མཐའ་ན་ནི། །མུར་འགྲམ་ཞེས་བྱ་འཕྲལ་འཆི་བྱེད། །ཅེས་བྱ་བ་ལ། རྣ་བའི་མཆན་དང་དཔྲལ་བའི་མཐའ་བར་ན་མུར་འགྲམ་ཞེས་བྱ་བའི་གནད་གཉིས་ཡོད་ དེ། དེ་ཕུག་ན་སྐྱེས་བུ་དེ་འཕྲལ་ལ་འཆི་ཞིང་མྱུར་དུ་དུས་བྱེད་པར་འགྱུར་རོ། །མུར་འགྲམ་གཉིས་སྟེང་སྐྲ་མཚམས་ན། །གདེག་པ་ཞེས་བྱ་གཞག་བྱ་ཡང་། །སྨིན་མཚམས་བར་གནས་གསུམ་ཆར་ལའང་། །ཟུག་རྔུ་དག་ནི་མ་ཕྱུང་ཞིང་། །སྨིན་ནས་རང་ཉིད་བྱུང་ན་འཚོ། །ཕྱུང་ན་ འཕྲལ་དུ་འཆི་བར་འགྱུར། །ཞེས་བྱ་བ་ལ། མུར་འགྲམ་གཉིས་ཀྱི་སྟེང་མ་ལྟག་སྐྲ་མཚམས་ཀྱི་སྟེང་ན་གདེག་པ་ཞེས་བྱ་བའི་གནད་ཡོད་ལ། ཡང་གཞག་པར་བྱ་བའི་གནད་ནི་སྨིན་མཚམས་ཀྱི་བར་ན་ཡོད་དེ། གདེག་པ་གཉིས་པོ་དང་ལྡན་པ་སྟེ། གནད་གསུམ་ཆར་ལ་ མཚོན་གྱི་ཟུག་རྔུས་ཟུག་ན། དེ་མ་ཕྱུང་བར་དུས་གཞན་ཞིག་ན་སྨིན་ནས་རང་ཉིད་བྱུང་བར་གྱུར་ན་འཚོ་བར་འགྱུར་གྱི་ཟུག་དེ་ཕྱུང་ན་སྐྱེས་བུ་དེ་འཕྲལ་དུ་འཆི་བར་འགྱུར་རོ། །ལྕེ་མིག་སྣ་དང་རྣ་བ་ཡི། །བུ་ག་བཞི་ནི་འདུས་བ་དག །རྐན་དང་སྒོ་རུ་ཁ་བཞི་སྟེ། །བུ་གའི་གནད་ནི་དེ་རྣམས་ ཀྱི། །གནད་ནི་སུམ་མདོ་རིས་ཞེས་བྱ། །དེ་བཅད་སྲོག་ནི་འཕྲལ་དུ་འདོར། །ཞེས་བྱ་བ་ལ། ལྕེ་དང་མིག་དང་སྣ་དང་རྣ་བའི་བུ་ག་སྟེ། རྩ་སྒོ་བཞི་པོ་འདུ་ཞིང་འཕྲད་པར་གྱུར་བ་དག །རྐན་གྱི་ཕྱོགས་སུ་ཁ་བཞི་པར་གནས་པ་དང་། དེ་བཞིན་དུ་བུ་ག་དང་འབྲེལ་བའི་གནད་ནི་སུམ་མདོ་ རིས་ཞེས་བྱ་སྟེ། གནད་དེ་རྣམས་བཅད་ན་སྐྱེས་བུའི་སྲོག་འཕྲལ་དུ་འདོར་བར་འགྱུར་རོ། །ཐོད་པ་ཡི་ནི་མཚམས་ལྔ་པོ། །ཐད་ཀ་གྱེན་འགྲོ་མཚམས་ཀྱི་མཐའ། །དེ་སྣད་པས་ནི་མགོ་འཁོར་དང་། །སྨྱོ་ཞིང་དྲན་པ་ཉམས་ཏེ་འཆི། །ཞེས་བྱ་བ་ལ། མགོ་བོའི་ཐོད་པའི་མཚམས་ལྔ་པོ་ནི། མཚམས་ཀྱི་མཐའ་ཞེས་བྱ་བའི་གནད་ཡོད་དེ། དེ་ཐད་ཀ་དང་གྱེན་དུ་འགྲོ་བས་གནས་པ་ཡིན་ལ། མཚམས་ཀྱི་མཐའི་གནད་དེ་རྣམས་སྣད་པས་ནི་མགོ་འཁོར་བ་དང་། སྨྱོ་ཞིང་དྲན་པ་ཉམས་པའི་ནད་ཀྱིས་སྐྱེས་བུ་འཆི་བར་འགྱུར་རོ། །སྤྱི་བོའི་སྟེང་ན་གཙུག་འཁྱིལ་བའི། །རྩ་དང་ལྡན་སྦུབས་ འདུས་པ་ན། །སྤུ་འཁྱིལ་བདག་པོ་ཞེས་བྱ་བའི། །གནད་ཀྱིས་སྲོག་ནི་འཇིག་པར་བྱེད། །ཅེས་བྱ་བ་ལ། མགོ་བོའི་སྟེང་གི་གཙུག་རྩ་འཁྱིལ་པའི་མཚམས་འདུས་པ་སྤུ་འཁྱིལ་བའི་གནས་ཀྱི་གནད་ནི་མིང་བདག་པོ་ཞེས་བྱ་སྟེ། གནད་དེ་བཅོམ་པ་ན་སྲོག་འཕྲལ་དུ་འཇིག་ཅིང་འདོར་བར་འགྱུར་ རོ། །གང་དུ་མནན་ན་ཤིན་ཏུ་འགུལ། །རབ་ན་དེ་ནི་གནད་ཅེས་བྱ། །ཞེས་བྱ་བ་ལ། འདི་ནི་ཡང་གནད་རྣམས་ཀྱི་སྤྱིའི་མཚན་ཉིད་བསྟན་པ་ཡིན་ཏེ། ལུས་ཀྱི་ཕྱོགས་གང་དུ་མནན་ན་ཤིན་ཏུ་འགུལ་ཞིང་འཕར་བ་དང་། ཡང་དེ་བཞིན་དུ་མནན་པར་གྱུར་ན་མི་བཟོད་པར་ན་བ་དེ་ནི་གནད་ཡིན་པར་ ཤེས་པར་བྱའོ། །ཤ་རྒྱུས་རུས་པ་རྩ་ཆེན་དང་། །རྩ་དང་ཚིགས་ནི་འདུས་པ་རུ། །གནད་ཅེས་བྱ་སྟེ་དེས་ན་དེར། །སྲོག་ནི་ལྷག་པར་གནས་པ་ཡིན། །ཞེས་བྱ་བ་ལ། ཤ་ལ་སོགས་པ་ནས་ཚིགས་ཀྱི་བར་རང་རང་གི་རིགས་མཐུན་པ་ལ་ལྟོས་པ་འདུས་ཤིང་ཕྲད་པར་གྱུར་པ་དེ་ནི་གནད་ཅེས་ བྱ་སྟེ། དེ་ནི་ན་ཞིང་མི་བདེ་བར་བྱེད་པ་ཡིན་ནོ། །རྒྱུ་དེས་ན་གནད་རྣམས་སུ་སྲོག་ལྷག་པར་གནས་པ་ཡིན་པས་དེར་གནོད་པ་བྱས་པས་སྲོག་ལ་ལྷག་པར་གནོད་པ་ཡིན་ནོ། །མང་དུ་རྣམ་པར་བསྟན་མོད་ཀྱི། །གནད་ནི་རྣམ་པ་དྲུག་ཏུ་བསྟན། །ཞེས་བྱ་བ་ལ། གནད་གྲངས་ མང་དུ་བསྟན་མོད་ཀྱི་ཤ་ལ་སོགས་པ་ལ་གནས་པའི་རྣམ་པ་འདིས་གནད་ཀྱི་གྲངས་ནི་རྣམ་པ་དྲུག་ཁོ་ནར་བསྟན་པ་ཡིན་ནོ། །སྲོག་གི་གནས་སུ་ཐུན་མོང་པས། །གནད་ནི་གཅིག་ཏུ་གནས་པའང་ཡིན། །ཞེས་བྱ་བ་ལ། ཡང་ན་གནད་ནི་དྲུག་ཏུ་ཡང་རྣམ་པར་མི་དབྱེའི། གཞན་དུ་ན་ སྲོག་གི་གནས་ཡིན་པའི་མཚན་ཉིད་དུ་གཅིག་པའམ། ཐུན་མོང་ཡིན་པས་གནད་ནི་གཅིག་ཁོ་ནར་བསྟན་གྱི། དྲུག་ཏུ་རྣམ་པར་མི་གཞག་གོ། །ཤར་གཏོགས་བཅུ་སྟེ་བྱིན་ལག་ཉྭ། །མཐིལ་འཕྲོག་ནུ་འཇིང་ནུ་རྩའོ། །ཞེས་བྱ་བ་ལ། གནད་ལ་ཤའི་རིགས་སུ་གཏོགས་པའི་གནད་ནི་ བཅུ་སྟེ། དེ་གང་ཞེ་ན། བྱིན་སྙིང་དང་ལག་ངར་གྱི་ཤའི་གནད་དབང་པོའི་ཆུ་སོ་ཞེས་བྱ་བ་བཞི་དང་། མཐིལ་འཕྲོག་པ་ཞེས་བྱ་བ་བཞི་དང་། ནུ་འཇིང་དང་ནུ་རྩེ་གཉིས་ཏེ་བཅུ་ཡིན་ནོ། །རུས་པའི་གནད་བརྒྱད་མུར་འགྲམ་དང་། །རྐེད་པ་ཅན་དང་གཞོན་ནུ་དང་། །རོ་སྨད་དང་ནི་སོག་པའོ། ། ཞེས་བྱ་བ་ལ། རུས་པ་ལ་གནད་བརྒྱད་ཡོད་དེ། མུར་འགྲམ་གྱི་གནད་གཉིས་དང་། རྐེད་པ་ཅན་དང་གཞོན་ནུ་ཞེས་བྱ་བ་གཉིས་དང་། རོ་སྨད་ཅེས་བྱ་བ་གཉིས་དང་། སོག་པ་ཞེས་བྱ་བ་གཉིས་ཏེ་བརྒྱད་ཡོད་དོ། །རྒྱུས་བའི་གནད་ནི་ཉི་ཤུ་གསུམ། །གཉན་གོང་ཞེས་བྱའི་པིར་དང་ནི། ། པིར་མགོ་མིག་ཟུར་རྒྱ་ཚིགས་དང་། །ཕྲག་པ་གཞག་དང་ཆུ་སོ་ཡི། །ཞེས་བྱ་བ་ལ། རྒྱུས་བའི་གནད་ནི་ཉི་ཤུ་རྩ་གསུམ་སྟེ། གཉན་གོང་གི་གནད་བཞི་དང་། གྲུ་མོའི་གོང་གཉིས་ཀྱི་པིར་ཞེས་བྱ་བ་བཞི་དང་། པིར་མགོ་ཞེས་བྱ་བ་བཞི་དང་། མིག་ཟུར་གྱི་གནད་གཉིས་དང་། རྒྱ་ཚིགས་ བཞི་དང་། ཕྲག་པ་གཉིས་དང་། གཞག་ཅེས་བྱ་བ་གཉིས་དང་། ཆུ་སོ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་མོ། །རྩ་ཆེན་གནད་ནི་རྣམ་དགུ་སྟེ། །གཞང་དང་རེངས་བྲལ་རྣ་རྩ་དང་། །སུམ་མདོ་རིས་ཞེས་བཤད་པ་ཡིན། །ཞེས་བྱ་བ་ལ། རྩ་ཆེན་པོའི་གནད་ནི་རྣམ་པ་དགུ་ཡོད་པར་བཤད་དེ། གཞང་ ཞེས་བྱ་བ་གཅིག་དང་། རེངས་བྲལ་ཞེས་བྱ་བའི་གནད་དང་གཉིས། རྣ་རྩ་ཞེས་བྱ་བའི་གནད་གཉིས་དང་། སུམ་མདོ་རིས་ཞེས་བཤད་པ་བཞི་སྟེ་དགུའོ། །རྩ་ལག་ནས་གནད་སུམ་ཅུ་བདུན། །རྩ་ཆེན་གཉིས་དང་མ་མོ་སྔོ། །འགྲམ་པ་མཆན་ཁུང་འཛིན་སྦྲུལ་མགོ། །ལྗོན་ ཤིང་སྙིང་དང་ལྟེ་བ་དང་། །རྩིབ་ལོགས་མཚམས་དང་ནུ་མའི་འོག །མི་གསལ་གཞག་དང་བརླ་དབང་དང་། །དམར་པོ་ཞེས་བྱ་བཞི་བོའོ། །ཞེས་བྱ་བ་ལ། རྩ་ལ་གནས་པའི་གནད་ཀྱི་བྱེ་བྲག་ནི་སུམ་ཅུ་རྩ་བདུན་ཡོད་དེ། རྩ་བོ་ཆེ་གཉིས་དང་། མ་མོ་བརྒྱད་དང་། སྔོན་པོ་གཉིས་དང་། འགྲམ་ པའི་རྩ་གཉིས་དང་། མཆན་ཁུང་འཛིན་པའི་གནད་གཉིས་དང་། སྦྲུལ་མགོ་གཉིས་དང་། ལྗོན་ཤིང་གཉིས་དང་། སྙིང་གི་གཉིས་དང་། ལྟེ་བའི་གཅིག་དང་། རྩིབ་ལོགས་མཚམས་ཀྱི་གཉིས་དང་། ནུ་མའི་འོག་གི་གཉིས་དང་། མི་གསལ་བ་ཞེས་བྱ་བ་གཉིས་དང་། གཞག་པ་ གཉིས་དང་། བརླ་དབང་གཉིས་དང་། དམར་པོ་ཞེས་བྱ་བ་བཞིའོ། །ཚིགས་ལ་ཉི་ཤུ་འཁྱིལ་བ་དང་། །མཁྲིག་མ་གཉིས་དང་ཁུང་བུ་དང་། །མཚམས་མཐའ་གྲུ་མོ་ལོང་མོ་དང་། །ལྟག་པ་པུས་མོ་བདག་པོའོ། །ཞེས་བྱ་བ་ལ། ཚིགས་ལ་གནས་པའི་གནད་ནི་ཉི་ཤུ་སྟེ་འཁྱིལ་པ་ཞེས་བྱ་ བའི་གནད་གཉིས་དང་། མཁྲིག་མ་གཉིས་དང་། ཁུང་བུ་ཞེས་བྱ་བ་གཉིས་དང་། མཚམས་ཀྱི་མཐའ་ཞེས་བྱ་བ་ལྔ་དང་། གྲུ་མོའི་གནད་གཉིས་དང་། ལོང་མོ་གཉིས་དང་། ལྟག་པའི་གཉིས་དང་། པུས་མོའི་གཉིས་དང་། བདག་པོ་ཞེས་བྱ་བ་གཅིག་སྟེ་ཉི་ཤུའོ། །གཞན་དག་གཞང་ཤའི་ གནད་ཅེས་ཟེར། །མཆན་ཁུང་འཛིན་དང་ལྗོན་ཤིང་དང་། །རྒྱུས་པ་ལ་བརྟེན་རྣ་རྩ་དང་། །སུམ་མདོ་རིས་དང་རེངས་བྲལ་དང་། །མིག་འགྲམ་རྩ་ནི་གནད་ཡིན་ཏེ། །རྩ་ཆེན་གནས་པར་དེ་མ་བཤད། །ཅེས་བྱ་བ་ལ། སློབ་དཔོན་གཞན་དག་ནི་གཞང་གི་གནད་ནི་ཤའི་ནང་དུ་གཏོགས་པས་རྩ་ བོ་ཆེའི་གནད་མ་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་མཆན་ཁུང་འཛིན་པ་དང་། ལྗོན་ཤིང་ཞེས་བྱ་བའི་གནད་བཞི་བོ་ནི་རྒྱུས་པ་ལ་བརྟེན་པའི་གནད་ཡིན་གྱི། རྩ་ལ་གནས་པའི་གནད་མ་ཡིན་ནོ། །ཞེས་ཟེར་རོ། །དེ་བཞིན་དུ་རྣ་རྩ་ཡང་རྩ་ལ་གནས་པ་ཡིན་གྱི་རྩ་བོ་ཆེ་ལ་གནས་པ་མ་ཡིན་ནོ། ། སུམ་མདོ་རིས་ཀྱི་གནད་བཞི་དང་། རེངས་བྲལ་ཞེས་བྱ་བའི་གནད་གཉིས་དང་། མིག་འགྲམ་གྱི་གནད་གཉིས་པོ་དག་ནི་རྩའི་གནད་ཡིན་གྱི་རྩ་བོ་ཆེ་དང་རྒྱུས་པའི་གནད་མ་ཡིན་ནོ། །ཞེས་ཟེར་རོ། །དེ་བས་ན་དེ་དག་ནི་རྩ་བོ་ཆེ་ལ་གནས་པར་མ་བཤད་དོ། །ཤ་ཡི་ གནད་བཅད་ཁྲག་རྒྱུན་འཛག །ཤ་བཀྲུས་འདྲར་འགྱུར་སླ་བ་དང་། །སྐྱ་ཞིང་དབང་པོ་ཉམས་པ་དང་། །མྱུར་དུ་འཆི་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། ཤར་གཏོགས་ཤིང་གནས་པའི་ཁྲག་གི་རྒྱུན་འཛག་པ་ཤ་བཀྲུས་པ་ལྟ་བུར་གྱུར་པ་དང་། སླ་ཞིང་རྐྱང་རྐྱང་པོར་གྱུར་པ་དང་། མདོག་སྐྱ་ བ་དང་། དབང་པོའི་ཚོགས་ཉམས་པ་དང་། མྱུར་དུ་འཆི་བ་ཁོ་ནར་འགྱུར་རོ། །རུས་གནས་གནད་བཅད་རྐང་བཅས་ན། །སླ་དང་བར་བར་ཆད་ཅིང་འཛག །ཅེས་བྱ་བ་ལ། རུས་པ་ལ་གནས་པའི་གནད་བཅད་ན་རྐང་དང་བཅས་པའི་ཁྲག་འཛག་པ་དང་། ཤིན་ཏུ་ན་བ་དང་། སླ་ཞིང་དྭངས་ པ་དང་། བར་བར་དུ་རྒྱུན་ཆད་ཅིང་འཛག་པར་འགྱུར་རོ། །རྒྱུས་པའི་གནད་བཅད་ན་ཞིང་འཁྲུག །བརྐྱང་བསྐུམ་མི་ཤེས་གནོད་པར་འགྱུར། །འགྲོ་དང་སྟན་གནས་ནུས་པ་ཆུང་། །དབང་པོ་ཉམས་པའམ་འཆི་བར་འགྱུར། །ཞེས་བྱ་བ་ལ། རྒྱུས་པར་གནས་པའི་གནད་བཅད་ན། ན་ ཞིང་ཀུན་ཏུ་ཤས་ཆེར་འཁྲུགས་པ་དང་། བརྐྱང་བ་དང་བསྐུམ་མི་ཤེས་པའི་རླུང་ནད་ཀྱི་གནོད་པ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་འགྲོ་བ་ལ་སོགས་པ་ལ་ཡང་ནུས་པ་ཆུང་བར་འགྱུར་ཏེ། འགྲོ་བ་ནི་འགྲོ་ཞིང་བསྐྱོད་པའོ། །གནས་པ་ནི་སྡོད་པའམ་སྟན་ལ་འདུག་པ་སྟེ། དེ་དག་མི་ནུས་པར་ གྱུར་པའམ། ཡང་ན་དབང་པོ་ཉམས་ཤིང་མི་གསལ་བའམ། སྲོག་དང་བྲལ་བར་འགྱུར་རོ། །རྩ་ཆེན་གནད་བཅད་ལྦུ་བ་དང་། །སྒྲ་བཅས་འབྱུང་ཞིང་དྲན་ཉམས་འགྱུར། །ཞེས་བྱ་བ་ལ། རྩ་བོ་ཆེ་ལ་གནས་པའི་གནད་བཅད་ན་ཁྲག་ལྦུ་བ་དང་སྒྲ་དང་བཅས་པ་འབྱུང་ཞིང་དྲན་པ་ཉམས་ པར་འགྱུར་རོ། །རྩ་ཡི་གནད་བཅད་ཁྲག་སྐ་ཞིང་། །རྒྱུན་མི་འཆད་པར་མང་དུ་འབྱུང་། །དེ་ཟད་མགོ་འཁོར་དབུགས་མི་བདེ། །སྐོམ་རྨོངས་སྐྱིགས་བུས་འདེབས་པས་འཆི། །ཞེས་བྱ་བ་ལ། རྩ་ལ་གནས་པའི་གནད་བཅད་ན་ཁྲག་སྐ་བར་འབྱུང་བ་དང་། རྒྱུན་མི་འཆད་པར་འབྱུང་བ་དང་། མང་དུ་འབྱུང་བར་འགྱུར་ལ། དེས་ན་ཁྲག་དེ་ཟད་པས་མགོ་འཁོར་བ་ལ་སོགས་པས་འཆི་བར་བྱེད་པར་འགྱུར་རོ། །ལུས་ནི་གྲ་མ་ལྟ་བུས་ཁྱབ། །འཚོབ་ཀྱང་སྒུར་པོའམ་འཐིང་པོར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་དེའི་ལུས་ནས་ཀྱི་གྲ་མ་ལྟ་བུས་ཁྱབ་པར་སྣང་བ་དང་། རྨ་དེ་འཚོབ་ ཅིང་འབྱོར་པར་གྱུར་ན་ཡང་ལུས་སྒུར་བ་དང་ཡན་ལག་འཇས་ཤིང་འཐེང་པོར་འགྱུར་རོ། །ཚིགས་གནད་སྟོབས་དང་སྤྱོད་པ་ཉམས། །ལུས་སྐེམ་ཚིགས་ནི་སྐྲང་བར་འགྱུར། །ཞེས་བྱ་བ་ལ། ཚིགས་ལ་གནས་པའི་གནད་བཅད་ན་སྟོབས་ཟད་པ་དང་། ལུས་ཀྱི་གཡོ་འགུལ་གྱི་སྤྱོད་པ་ ཉམས་པ་དང་། ལུས་ཀུན་སྐེམ་ཞིང་སྦེག་པ་དང་། ཚིགས་ཀྱི་ཚོགས་རྣམས་སྐྲང་བར་འགྱུར་རོ། །ལྟེ་བ་མུར་འགྲམ་བདག་པོ་གཞང་། །སྙིང་དང་ཆུ་སོ་སུམ་མདོ་རིས། །མ་མོ་བརྒྱད་དང་བཅུ་དགུ་པོ། །འཕྲལ་དུ་སྲོག་ནི་གཅོད་པར་བྱེད། །དེ་རྣམས་འཕྲལ་དུ་མི་འཆི་ཡང་། །ཞག་ བདུན་གྱིས་ནི་ངེས་པར་འཆི། །ཞེས་བྱ་བ་ལ། ལྟེ་བ་དང་མུར་འགྲམ་ལ་སོགས་པའི་གནད་བཅུ་དགུ་ཕུག་ཅིང་བཅད་ན་འཕྲལ་དུ་དེའི་མོད་ལ་འཆི་ཞིང་གསོད་པར་བྱེད་ལ། གལ་ཏེ་ཚེའི་ལྷག་མ་ཡོད་ན་ཡང་ཞག་བདུན་གྱིས་ངེས་པར་འཆིའོ། །དེ་ལས་ལྷག་པར་ནི་ངེས་པར་མི་འཚོའོ། ། རེངས་བྲལ་མཐིལ་འཕྲོག་རྩིབ་ལོགས་མཚམས། །རྐེད་པ་ཅན་གཞོན་མཚམས་ཀྱི་མཐའ། །མུར་རྩ་དབང་པོ་ཆུ་སོའི་གནད། །རྒྱབ་ཚིགས་མི་གསལ་རྩ་ཆེན་དང་། །རོ་སྨད་ནུ་འཇིང་སུམ་ཅུ་གསུམ། །ཟླ་བའམ་ཟླ་ཕྱེད་སོན་ནས་ནི། །དུས་གཞན་དུ་ནི་འཆི་བར་བྱེད། །ཅེས་བྱ་བ་ལ། རེངས་བྲལ་ལ་སོགས་པའི་གནད་སུམ་ཅུ་རྩ་གསུམ་ཕུག་ཅིང་། སྣད་པ་ནི་འཕྲལ་དུ་འཆི་བར་མི་བྱེད་ན་ཡང་ཟླ་བ་ཕྱེད་དམ་ཟླ་བ་གཅིག་གིས་འཆི་བར་འགྱུར་རོ། །བརྡེག་དང་གཞག་པ་ཞེས་བྱ་གསུམ། །དེར་ནི་ཟུག་རྔུ་བྱུང་གྱུར་ན། །རླུང་གིས་ཤ་དང་ཚིལ་རྐང་དང་། །ཀླད་རྒྱས་དག་ནི་སྐེམས་ པར་བྱེད། །མཚོན་ཕྱུང་ལུད་པ་དབུགས་མི་བདེ། །འབྱུང་ཞིང་སྲོག་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། བརྡེག་པ་ཞེས་བྱ་བའི་གནད་གཉིས་དང་གཞག་པ་ཞེས་བྱ་བ་སྟེ། གསུམ་པོ་དེ་དག་ཏུ་མཚོན་གྱིས་ཟུག་རྔུ་ཟུག་པ་ཕྱུང་ན་འཆི་བར་འགྱུར་གྱི། །ཟུག་རྔུ་མ་ཕྱུང་བར་ནི་མྱུར་དུ་འཆི་བར་ མི་འགྱུར་རོ། །ཅིའི་ཕྱིར་ཟུག་རྔུ་ཕྱུང་བས་འཆི་ཞེས་བྱ། དེ་ཟུག་རྔུ་ཕྱུང་ཡང་རླུང་བྱུང་སྟེ། དེས་ལུད་པ་དང་དབུགས་མི་བདེ་བ་བསྐྱེད་ནས་སྲོག་འཇོམས་པར་འགྱུར་ལ། ཅི་ཞིག་བྱས་ནས་འཇོམས་ཤེ་ན། ཤ་ལ་སོགས་པ་བསྐམས་པས་གསོད་པར་བྱེད་དོ། །སྦྲུལ་མགོ་ མིག་ཟུར་རྣ་རྩ་དང་། །སྔོན་པོ་འགྲམ་གནས་ལྟག་པའི་གནད། །ཕྲག་པའམ་ཕྲག་སོགས་འཁྱིལ་པ་དང་། །ལྗོན་ཤིང་བརླ་དབང་ཁུང་བུ་དང་། །མིག་དམར་པུས་མོའི་གནད་དང་བཅས། །མཆན་འཛིན་པིར་འདྲ་གྲུ་མོའི་གནད། །དེ་ལྟར་གནད་ནི་བཞི་བཅུ་བཞིས། །རྐང་ལག་འཇས་ པར་བྱེད་འགྱུར་རམ། །གལ་ཏེ་ཚབས་ཆེར་སྣད་གྱུར་ན། །དེས་ནི་སྲོག་ཀྱང་འཇོམས་པར་བྱེད། །ཅེས་བྱ་བ་ལ། སྦྲུལ་མགོ་ལ་སོགས་པའི་གནད་བཞི་བཅུ་རྩ་བཞི་སྣད་པས་ནི། རྐང་ལག་འཇས་ཤིང་འཕྱེ་བོ་ལ་སོགས་པའི་གནོད་པ་སྐྱེད་པར་འགྱུར་ལ། གལ་ཏེ་དེ་དག་བསོད་ནམས་མ་ ཡིན་པ་ལ་སོགས་པའི་དབང་གིས་སྣད་ཚབས་ཆེན་སྲོག་འཇོམས་ཤིང་འཆི་བ་ཉིད་དུ་འགྱུར་རོ། །པིར་མགོ་འདྲ་དང་ལོང་མོ་དང་། །མཁྲིག་མའི་གནད་བརྒྱད་ནད་ཚབས་སྐྱེད། །ཅེས་བྱ་བ་ལ། པིར་མགོ་འདྲ་བ་ལ་སོགས་པའི་གནད་བརྒྱད་པོ་ཕུག་པས་ནི་ཤིན་ཏུ་ནད་ཚབས་ཆེན་པོ་སྐྱེད་ པར་འགྱུར་བ་ཡིན་ནོ། །དེ་ལས་ལྗོན་ཤིང་མཆན་ཁུང་འཛིན། །བརླ་དང་པིར་མགོ་ལྟ་བུ་སྟེ། །བཅུ་གཉིས་སོར་གཅིག་ཚད་ཡིན་ནོ། །ཞེས་བྱ་བ་ལ། གནད་དེ་རྣམས་ལས་ལྗོན་ཤིང་ལ་སོགས་པ་གནད་བཅུ་གཉིས་ཀྱི་ཚད་ནི་རང་གི་སོར་ཚད་ཀྱི་སོར་གཅིག་གི་ཚད་དུ་གནས་པ་ཡིན་ནོ། ། མཁྲིག་མ་དང་ནི་ལོང་མོ་དང་། །ནུ་མའི་རྩ་བ་སོར་གཉིས་ཚད། །ཅེས་བྱ་བ་ལ། གནད་དེ་རྣམས་ལ་མཁྲིག་མའི་གནད་གཉིས་དང་། ལོང་མོའི་གནད་གཉིས་དང་། ནུ་མའི་གནད་གཉིས་ཏེ། གནད་དྲུག་པོ་དེ་དག་གི་ཚད་ནི་སོར་གཉིས་སུ་གནད་པ་ཡིན་ནོ། །པུས་མོ་གྲུ་མོ་སོར་གསུམ་ ཚད། །ཅེས་བྱ་བ་ལ། པུས་མོའི་གནད་གཉིས་དང་། གྲུ་མོའི་གནད་གཉིས་ཏེ། བཞི་པོའི་ཚད་ནི་སོར་གསུམ་ཡིན་ནོ། །གཞང་དང་ཆུ་སོ་ལྟེ་བ་སྙིང་། །སྔོན་པོ་མཚམས་མཐའ་མ་མོ་དང་། །པིར་འདྲ་སུམ་མདོ་རིས་འགྲམ་པ། །གནད་ནི་ཉི་ཤུ་རྩ་དགུའི་ཚད། །རང་གི་ལག་མཐིལ་ ཚད་ཡིན་ནོ། །ཞེས་བྱ་བ་ལ། གཞང་ཁ་ལ་སོགས་པའི་གནད་ཀྱི་ཁྱད་པར་ཉི་ཤུ་རྩ་དགུ་རང་གི་ལག་མཐིལ་ཙམ་གྱི་ཚད་དུ་གནས་པ་ཡིན་ནོ། །ལྷག་མ་གནད་ནི་ལྔ་བཅུ་དྲུག །སོར་ཕྱེད་ཀྱི་ནི་ཚད་དུ་འདོད། །ཅེས་བྱ་བ་ལ། དེ་ལྟར་ཚད་བཤད་པའི་གནད་ཀྱི་ལྷག་མ་ཚད་མ་བཤད་ པ་དག་ནི་ལྷག་མ་ཡིན་ལ། དེ་དག་ནི་གྲངས་ལྔ་བཅུ་རྩ་དྲུག་ཡོད་དེ། དེ་དག་གི་ཚད་ནི་རང་གི་སོར་ཕྱེད་ཡོད་པར་འདོད་དོ། །གཞན་དག་གནད་དེ་ཏིལ་འབྲུ་སྟེ། །འབྲས་ཙམ་གྱི་ནི་ཚད་དུ་འདོད། །ཅེས་བྱ་བ་ལ། སྨན་པ་གཞན་དག་ནི་གནད་དེ་དག་ཏིལ་འབྲུ་ཙམ་གྱི་ཚད་དུ་གནས་པར་ འདོད་ལ། གཞན་དག་ནི་འབྲས་ཙམ་གྱི་ཚད་དུ་ཡོད་དོ། །ཞེས་འདོད་དོ། །རྩ་བཞིར་བཤད་པ་གང་ཡིན་པ། །ལུས་ཀུན་བརྟས་པར་བྱེད་པ་རྣམས། །དེ་ནི་གནད་ལ་གནས་པ་ཡིན། །ཞེས་བྱ་བ་ལ། སྔར་གང་རྩ་བཞི་པོར་རླུང་དང་མཁྲིས་པ་དང་བད་ཀན་འདྲེས་པ་དང་། ནད་མེད་ པ་སྟེ་རྩ་བཞི་པོ་གྲངས་བདུན་བརྒྱ་ཡོད་པར་སྔར་བཤད་ལ། གང་ཡིན་པ་དེས་ནི་ལུས་མ་ལུས་པ་ཐམས་ཅད་ལ་བརྟས་ཤིང་ཚིམ་པར་བྱེད་པ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་གནད་ལ་གནས་ཤིང་བརྟན་པ་ཡིན་ནོ། །དེས་ན་དེ་ཕུག་ཁྲག་དྲག་འབྱུང་། །ལུས་ཟུངས་རྣམས་ནི་ཟད་པའི་ཕྱིར། ། རླུང་འཕེལ་ནད་ནི་མི་བཟད་འདེབས། །རླུང་གིས་མཁྲིས་པ་རྒྱས་པར་བྱེད། །མཁྲིས་པ་རྒྱས་པར་གྱུར་བས་ན། །སྐོམ་དང་མགོ་འཁོར་སྐམ་དང་མྱོས། །ཞེས་བྱ་བ་ལ། གང་གི་ཕྱིར་རྩ་ཐམས་ཅད་གནད་ལ་གནས་པ་ཡིན་པའི་རྒྱུ་དེས་ན། རྩ་དེ་ཕུག་ཅིང་ཁྲག་དྲག་ཏུ་ཕྱུང་ཞིང་ཤས་ཆེར་ བརྟེན་ན་དེས་ན་ལུས་ཟུངས་བདུན་པོ་རྣམས་ཟད་པར་བྱེད་པར་འགྱུར་ལ། ལུས་ཟུངས་དེ་ཟད་པས་རླུང་ནད་སྐྱེ་ཞིང་འཕེལ་བའི་གནས་སྐབས་སུ་གྱུར་ནས་མི་བཟད་པའི་ནད་ཀྱིས་འདེབས་ཤིང་ན་བ་དང་། གཟེར་བ་ལ་སོགས་པའི་ཚོར་བ་དེ་སྐྱེ་ཞིང་འདེབས་ལ། ཡང་རླུང་དེ་མཁྲིས་པའི་ཚོགས་ཀྱི་ནད་ རྒྱས་ཤིང་འཕེལ་བར་བྱེད་པར་འགྱུར་རོ། །མཁྲིས་པ་དེས་རྒྱས་ཤིང་བདོ་བར་འགྱུར་རོ། །སྐོམ་དད་དང་མགོ་འཁོར་བ་དང་། ཁ་སྐམས་པ་དང་། མྱོས་པའི་ནད་སྐྱེ་བར་འགྱུར་རོ། །ལུས་རྔུལ་ཚིགས་འབྱེ་ལུས་ལྷོད་དང་། །དེ་ནི་གཤིན་རྗེའི་དབང་དུ་འགྲོ། །ཞེས་བྱ་བ་ལ། དེས་ན་གནད་དུ་ ཕུག་ཅིང་སྣད་པའི་སྐྱེས་བུ་དེ་ལུས་རྔུལ་ཞིང་ཚིགས་འབྱེ་བ་དང་། ལུས་ལྷོད་ཅིང་ཤིག་ཤིག་པོར་གྱུར་བས། དེ་གཤིན་རྗེའི་དབང་དུ་འགྲོ་ཞིང་འཆི་བར་འགྱུར་རོ། །གནད་གཅོད་ན་ནི་མྱུར་བ་རུ། །ལུས་ཀྱི་ཚིགས་ནི་ཆོད་འགྱུར་ཏེ། །ཚིགས་ཀྱི་ཕྱོགས་སུ་བཅད་པས་ན། །རྩ་ ནི་འཁུམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། གནད་གཅོད་ཅིང་སྣད་པར་གྱུར་བ་ན་མྱུར་བ་ཉིད་དུ་ལུས་ཀྱི་རྐང་པ་དང་ལག་པ་ལ་སོགས་པའི་ཚིགས་ཆོད་ཅིང་སྣད་པར་འགྱུར། ཅིའི་ཕྱིར་ཞེ་ན། ཚིགས་ཀྱི་ཕྱོགས་སུ་བཅད་པའི་ཕྱིར། རྩ་ཐམས་ཅད་ཀྱང་འཁུམས་ཤིང་གཅོད་པར་བྱེད་པ་ཡིན་ནོ་ དེ་ལ་སྲོག་ཆགས་རྣམས་ཀྱི་སྲོག །ཁྲག་གནས་ན་ནི་གནས་པ་ཡིན། །ཞེས་བྱ་བ་ལ། དེ་ལ་སྲོག་ཆགས་རྣམས་ཀྱི་སྲོག་ནི་ཤས་ཆེར་ཁྲག་ལ་གནས་པའི་ཕྱིར། དེའི་ནང་ན་གནས་ཞིང་སྐྱོན་མེད་ན་ནི། སྲོག་དེ་ཡང་གནས་པར་འགྱུར་བ་ཡིན་ནོ། །དེ་བས་གནད་མིན་ལེགས་ཕོག་ནི། །ངེས་ པར་འཆི་བར་མི་འགྱུར་རོ། །ཞེས་བྱ་བ་ལ། གང་གི་ཕྱིར་གནད་དེ་ཕུག་ཅིང་ཆོད་པས་ནི་སྲོག་ཆགས་འཆི་བར་བྱེད་པ་ཡིན་གྱི། གཞན་དུ་སྣད་ཅིང་རྨ་བྱུང་བ་ཙམ་གྱིས་ནི་འཆི་བར་མི་འགྱུར་རོ། །དེ་བས་ན་གནད་མ་ཡིན་པར་ལོག་པར་ཕོག་ཅིང་སྣད་པར་གྱུར་ན། མདའ་བརྒྱ་ཕོག་ཀྱང་འཆི་བར་མི་ འགྱུར་བའི་གནད་ནི་ཡོད་པ་ཁོ་ན་ཡིན་ནོ། །འགའ་ཞིག་སྨན་པའི་ཡོན་ཏན་དང་། །ཕྱོགས་གཅིག་ཏུ་ནི་ཕོག་པ་ཡིས། །འཚོ་བར་གྱུར་ཡང་དེ་ཡི་ནི། །དབང་པོ་མ་ཚང་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་སྲོག་ཆགས་འགའ་ཞིག་གནད་དུ་ཕོག་པ་ཡོད་ན། ཡང་སྨན་པ་མཁས་ པས་བཅོས་བའི་ཡོན་ཏན་ནམ། གནད་ཀྱི་ཕྱོགས་གཅིག་གི་མཐར་ཕོག་པས་གནད་དུ་ཕོག་ཀྱང་འཚོ་བར་འགྱུར་མོད་ཀྱི། འོན་ཀྱང་དེའི་དབང་པོ་མ་ཚང་ཞིང་ཞ་བོའམ་འཐེང་པོ་ཉིད་དུ་འགྱུར་བ་ཡིན་ནོ། །དེ་བས་འབད་དེ་གནད་དུ་ནི། །ཐལ་སྨན་མེ་བཙའ་ལ་སོགས་སྤང་། །ཞེས་བྱ་བ་ ལ། གང་གི་ཕྱིར་གནད་ལ་ཕོག་ཅིང་སྣད་པ་ནི་གནོད་པ་དང་བཅས་ཤིང་སྲོག་ལ་གནོད་པ་བྱེད་པ་ཡིན་པ་དེ་བས་ན་ཐལ་སྨན་རྣོན་པོ་དང་། མེ་བཙའ་གདབ་པ་ལ་སོགས་པ་ཡང་གནད་དུ་མི་བྱ་བར་སྤང་བར་བྱའོ། །སོགས་པ་སྨོས་པས་ནི་བསེ་ཤིང་གི་འབྲས་བུ་དང་། ཀ་པིད་ཐའི་ཁུ་བ་ལ་ སོགས་པ་དག་འབད་དེ་གནད་དུ་མ་ཕོག་པར་སྤང་ཞིང་དོར་བར་བྱའོ། །གནད་དུ་ཕོག་ན་ཆུང་ངུས་ཀྱང་། །ཕལ་ཆེར་ཤིན་ཏུ་གནོད་པ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་གནད་དུ་ཕོག་ན་ཚབས་ཆུང་ངུས་ཀྱང་ཕལ་ཆེར་ཞེས་པ་མང་དུ་ཤིན་ཏུ་གནོད་ཅིང་སྡུག་བསྔལ་བར་བྱེད་པ་ཡིན་ནོ། ། དེ་བཞིན་གནད་ལ་བརྟེན་པའི་ནད། །རབ་ཏུ་འབད་པས་གསོ་བར་བྱ། །ཞེས་བྱ་བ་ལ། གནད་དུ་ཕོག་ཅིང་སྣད་པ་ལ་འབའ་ཞིག་གིས་གནོད་པ་སྐྱེད་པར་མ་ཟད་ཀྱི། གནད་རྣམས་ཀྱང་གནད་རྣམས་ལ་བརྟེན་ཅིང་གནས་པར་གྱུར་ན། མཚོན་གྱིས་ཕོག་བ་དང་འདྲ་བར་གནོད་པ་སྐྱེད་པ་ ཡིན་པས། དེ་ནི་ཤིན་ཏུ་འབད་ཅིང་བརྩོན་པས་གསོ་དགོས་པའམ། འབད་པས་གསོས་ཀྱང་འཚོ་བ་དཀའ་བ་ཡིན་པར་སྟོན་ཏོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ ལས། ལུས་ཀྱི་གནད་ཀྱི་ལེའུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ལ་ལུས་ཀྱི་འགྱུར་བའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གནད་ཀྱི་བྱེ་བྲག་ཤེས་པར་བྱས་པའི་འོག་ཏུ་འདི་བརྩམས་པའི་དགོས་པ་ནི་འདི་ཡིན་ཏེ། འཆི་བར་བྱེད་པའི་རྒྱུ་ ཡིན་པའི་ཕྱིར་གནད་ཅེས་བྱ་བ་ལ། འཆི་བ་དེ་ཡང་རང་བཞིན་སྔ་མ་ལས་འགྱུར་བའི་མཚན་ཉིད་འཆི་ལྟས་ཀྱི་རྣམ་པར་འགྲོ་བ་རྣམས་སྔར་གནས་པས་ན། འདིར་སྨོས་པ་ཡིན་ནོ། །ལུས་ཀྱི་འགྱུར་བ་ནི་རང་བཞིན་སྔ་མ་ལས་གཞན་དུ་འགྱུར་བ་སྟེ། དེའི་བྱེ་བྲག་གམ་ཁྱད་པར་ཤེས་ཤིང་རྟོགས་ པར་བྱ་ན། གང་ན་ཡོད་པ་དེ་བཤད་པར་བྱའོ། །ཞེས་པའོ། །འགྱུར་བ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཇི་ལྟར་འབྲས་བུ་མེ་ཏོག་དང་། །མེ་ཡི་དུ་བ་ཆར་གྱི་སྤྲིན། །ཕྱིས་འབྱུང་མཚན་མ་ཡིན་པ་ལྟར། །དེ་བཞིན་འཆི་ལྟས་ལས་ངེས་འཆི། །ཞེས་བྱ་བ་ལ། ཚུལ་ཇི་ལྟར་འབྲས་ བུ་འབྱུང་བར་འགྱུར་བའི་སྔོན་དུ་མེ་ཏོག་འབྱུང་བ་དང་། མེ་འབྱུང་བའི་སྔོན་དུ་དུ་བ་འབྱུང་བ་དང་། ཆར་འབབ་པའི་དུས་སུ་སྤྲིན་འདུས་པ་དག་ནི་རྒྱུ་སྔར་བྱུང་བ་འབྲས་བུ་ཕྱིས་འབྱུང་བའི་མཚན་མ་ཡིན་པ་ལྟར། ཚུལ་དེ་བཞིན་དུ་རང་བཞིན་ལས་གཞན་དུ་འགྱུར་བ་ལས་འཆི་བར་ཤེས་པར་ འགྱུར་བའི་ལྟས་སམ་མཚན་མ་ཡིན་པས། དེ་ལས་ཕྱིས་ངེས་པར་འཆི་བར་འགྱུར་བར་སྟོན་པ་ཡིན་ནོ། །འཆི་ལྟས་མེད་ན་མི་འཆི་ལ། །འཆི་ལྟས་སྣང་ན་འཚོ་མི་འགྱུར། །ཞེས་བྱ་བ་ལ། གང་ལ་སྔར་འཆི་བར་འགྱུར་བའི་མཚན་མའི་ལྟས་མེད་ན། ལྟས་ ཀྱིས་མཚོན་པའི་འཆི་བར་ཡང་མེད་པས་མི་འཆི་ལ། དེ་བཞིན་དུ་འཆི་ལྟས་སྣང་བ་ལས་ཀྱང་འཚོ་བར་འགྱུར་བ་མ་ཡིན་ནོ། །འཆི་ལྟས་འཆི་ལྟས་མིན་ཞེས་པ། །མི་མཁས་འཆི་ལྟས་མེད་མིན་ཤེས། །ཞེས་བྱ་བ་ལ། ཡང་དག་པར་ན་གང་འཆི་ལྟས་ཉིད་དུ་སྟོན་པར་འོས་པས་དེ་ ལ་ཡང་འཆི་ལྟས་མ་ཡིན་པར་ཤེས་ལ། འཆི་ལྟས་མེད་པ་དག་ལ་ཡང་འཆི་ལྟས་མེད་པ་མི་ཤེས་ཏེ། ཅིའི་ཕྱིར་ཞེ་ན། མི་མཁས་ཤིང་འཆི་ལྟས་དང་འཆི་ལྟས་མ་ཡིན་པ་ཤེས་པ་ལ་མ་བྱང་བས། འཆི་ལྟས་ཡོད་མེད་མི་ཤེས་པ་ཡིན་ནོ། །ལ་ལ་རྟེན་དང་བརྟེན་པ་པོའི། །ཁྱད་པར་གྱིས་ དེ་གཉིས་སུ་འདོད། །ནད་ཀྱི་ཚུལ་ནི་མང་པོ་ལས། །འཆི་ལྟས་ཚུལ་དུ་འབྱུང་བར་འགྱུར། །ནད་ཞི་ན་ནི་ཞི་འགྱུར་ལ། །བརྟན་པར་གནས་ན་འཆི་བར་འགྱུར། །ཞེས་བྱ་བ་ལ། ཡང་སྨན་པ་གཞན་དག་ནི་འཆི་ལྟས་དེ་རྟེན་གྱི་ལུས་དང་། བརྟེན་པའི་ནད་ལ་སོགས་པ་ཁྱད་པར་གྱིས་ ཏེ། རྣམ་པ་གཉིས་སུ་འདོད་ལ། དེ་ཡང་རླུང་ལ་སོགས་པའི་ནད་ཀྱི་ཚུལ་རྣམ་པ་མང་པོ་ལས་འཆི་ལྟས་ཀྱི་ཚུལ་དུ་སྣང་ཞིང་འབྱུང་བར་འགྱུར་བདེ་དག་ལས་རླུང་ལ་སོགས་པའི་ནད་ཞི་བར་འགྱུར་ན། དེ་ལས་བྱུང་བ་མཚན་མ་ཡང་ཞི་བར་འགྱུར་ལ་མ་ཞི་བར་བརྟན་པར་གནས་པ་ནི། དེ་ངེས་པར་འཆི་བ་ཉིད་དུ་འགྱུར་བས་འཆི་ལྟས་ཞེས་བྱའོ། །ཞེས་ཟེར་རོ། །གཟུགས་དང་དབང་པོ་སྐད་དང་མདོག །གཟུགས་བརྙན་བྱ་བ་སོགས་པ་དང་། །དངོས་པོ་དག་ནི་གཞན་ལ་ཡང་། །ཐ་མལ་པ་ལས་རྒྱུ་མེད་པར། །གཞན་དུ་གྱུར་གང་མདོར་གང་ནི། །འཆི་ལྟས་ཡིན་ པར་དེ་ཤེས་བྱ། །ཞེས་བྱ་བ་ལ། གཟུགས་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པའོ། །དབང་པོ་ནི་མིག་ལ་སོགས་པའོ། །སྐད་ནི་ང་རོའོ། །མདོག་ནི་འབྱུང་བ་ཆེན་པོ་ལྔའི་རང་བཞིན་རྣམ་པ་ལྔའོ། །གཟུགས་བརྙན་ནི་ཉི་མ་དང་ཆུ་དང་མེ་ལོང་ལ་སོགས་པར་གང་ཞིག་སྣང་བའི་གཟུགས་དང་མཐུན་ པར་བྱུང་བའོ། །བྱ་བ་ནི། ལུས་དང་ངག་དང་ཡིད་ཀྱི་ལས་སུ་བྱ་བའི་རྣམ་པ་མང་པོའོ། །སོགས་པ་ཞེས་བྱ་བ་ནི་ལུས་སུ་གཏོགས་པའི་དངོས་པོ་གཞན་དག་ཀྱང་བསྡུའོ། །དེ་ལྟར་ན་གཟུགས་ལ་སོགས་པའི་དངོས་པོར་གཏོགས་པ་དེ་དག་དང་། འདིར་སྨོས་པའི་རྣམ་པ་གཞན་དག་སྟེ། ། བློ་དང་དྲན་པ་དང་རང་བཞིན་བརྟན་པ་ལ་སོགས་པའི་སེམས་ཀྱི་སྤྱོད་པ་དག་ཐ་མལ་པ་སྟེ། རང་བཞིན་དུ་གནས་པ་ལས་རྒྱུ་མེད་པ་སྟེ་འགྱུར་བའི་རྒྱུ་ཡང་མེད་བཞིན་དུ་གློ་བུར་གཞན་དུ་འགྱུར་ཞིང་སྣང་བ་མདོར་བསྡུ་ན། དེ་ལྟ་བུ་གང་ཡིན་པ་དེ་ནི་འཆི་ལྟས་ཡིན་པ་ཤེས་པར་བྱའི། །རྒྱུ་གང་ཡང་ རུང་བ་ལས་གཞན་དུ་གྱུར་པ་ནི་འཆི་ལྟས་སུ་ནི་གཟུང་ངོ་། །སྐྲ་དང་བ་སྤུ་མ་བསྐུས་པར། །སྣུམ་གྱིས་བསྐུས་ལྟར་གང་སྣང་དང་། །ཞེས་བྱ་བ་ལ། འགྲོ་བ་གང་ཞིག་སྐྲ་དང་སྤུ་རྣམས་མ་བསྐུས་པར་བསྐུས་ཤིང་བྱུགས་པ་ལྟར་སྣང་བ་དེ་ཡང་། དུས་ཀྱིས་བསྐུས་ཤིང་འཆི་བར་འགྱུར་ བ་ཡིན་ནོ། །གང་ཞིག་མིག་ནི་རབ་གཡོ་དང་། །མི་འགྱུར་ཕྱིར་བྱུང་ཁུང་བུར་ཞུགས། །ཡོ་དང་བགྲད་དང་འཛུམས་པ་དང་། །བཅུམ་ཞིང་སྨིན་མ་སྨད་པ་དང་། །འཁྲུལ་དང་མཐོང་བ་ཉམས་པ་དང་། །སྲེ་མོའི་མིག་ལྟར་བལྟ་བ་དང་། །ཐི་བ་འདྲ་དང་མགལ་མེ་འདྲ། །མཆི་མ་འཛག་ ཅིང་རྫི་མ་འཁྲུགས། །ཞེས་བྱ་བ་ལ། དེ་བཞིན་དུ་མི་གང་ཞིག་མིག་རབ་ཏུ་གཡོ་ཞིང་འགུལ་བ་དང་། ཡང་ན་མི་འགྱུར་ཞིང་ཧར་ཧར་པོར་འདུག་པ་དང་། ཡང་ན་ཕྱིར་འབྱུང་ཞིང་གློ་བ་དང་། ཡང་ན་མིག་འབྲས་ཁོང་དུ་ཞུགས་ཤིང་གཏིང་དུ་སོང་བར་སྣང་བ་དང་། ཡོ་ཞིང་མ་སྙོམས་པར་ སྣང་བ་དང་། ལྷག་པར་བགྲད་ཅིང་གདངས་པ་དང་། དེ་བཞིན་དུ་ཤས་ཆེར་འཛུམས་ཤིང་མི་འབྱེད་པ་དང་། སྨིན་མ་བཅུམ་ཞིང་འདུས་པ་འགྱུར་བའམ། ཁྱད་པར་དུ་སྨད་ཅིང་དམའ་བར་གྱུར་པ་དང་། ཡང་དེ་བཞིན་དུ་འཁྲུལ་པར་མཐོང་ཞིང་ལོག་པར་མཐོང་བ་དང་། མཐོང་བ་ ཉམས་ཤིང་རྟུལ་བ་དང་། དེ་བཞིན་དུ་སྲེ་མོའི་མིག་ལྟར་བལྟ་བ་དང་། ཐི་བའི་མདོག་ལྟར་སྣང་བ་དང་། མགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུར་སྣང་བ་དང་། རྒྱུ་མེད་པར་མཆི་མ་འཛག་ཅིང་འབྱུང་བ་དང་། དེ་བཞིན་དུ་རྫི་མ་འཁྲུགས་ཤིང་གཡོ་བར་འགྱུར་བ་སྟེ། དེ་དག་ཀྱང་ནད་ལ་ སོགས་པའི་རྒྱུ་མེད་པར་སྣང་བ་ནི་འཆི་ལྟས་ཡིན་ནོ། །སྣ་ནི་ཤིན་ཏུ་གདངས་པ་དང་། །ཞོམ་དང་འབྲུམ་ཕྲན་གྱིས་ཁྱབ་དང་། །སྐྲང་དང་གས་དང་རྙིད་པ་དང་། །ཞེས་བྱ་བ་ལ། དེ་བཞིན་དུ་གང་ཞིག་གི་སྣ་རྒྱུ་མེད་པར་གློ་བུར་དུ་གདངས་ཤིང་ཡངས་པར་སྣང་ བའམ། ཡང་ན་ཞོམ་ཞིང་འདུས་པར་འགྱུར། འབྲུམ་ཕྲན་རྣམས་ཀྱིས་ཀྱང་ཁྱབ་ཅིང་གང་བ་དང་། སྐྲང་ཞིང་རྒྱས་པར་འགྱུར་བ་དང་། གས་ཤིང་པགས་པ་ཞིག་པ་ལྟར་སྣང་བ་དང་། རྙིད་ཅིང་སྐམས་པ་ཡང་འཆི་ལྟས་ཡིན་ནོ། །གང་གི་མ་མཆུ་འཕྱང་བ་དང་། །ཡ་མཆུ་གྱེན་དུ་ བརྫེས་པ་དང་། །གཉི་ག་འཛམ་བུ་སྨིན་འདྲར་སྣང་། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་མ་མཆུ་ཐུར་དུ་འཕྱངས་པ་དང་། ཡ་མཆུ་གྱེན་དུ་བརྫེས་ཤིང་ལྡོག་པར་འགྱུར་བའམ། ཡང་ན་མཆུ་གཉིས་ཀ་འཛམ་བུ་སྨིན་པ་ལྟར་ཁ་དོག་ནག་པོར་སྣང་བ་ཡང་འཆི་ལྟས་སོ། །སོ་ནག་ གསེག་མར་བཅས་པ་དང་། །དམར་ཞིང་སོ་ཞོ་ནག་ནོག་ཅན། །གློ་བུར་རྒྱུ་ནི་འབྱུང་བ་དང་། །ཞེས་བྱ་བ་ལ། གང་ཞིག་སོ་གནག་པར་གྱུར་བ་དང་། གསེག་མར་བཅས་པ་སྟེ། རྡོའི་གསེག་མ་ཕྲ་མོ་ལྟ་བུ་བྱུང་བ་དང་། ཡང་ན་དམར་ཞིང་ཟངས་ལྟར་སྣང་བ་གློ་བུར་དུ་སོ་ཞོ་ཆགས་པའམ། འདམ་གྱིས་བསྐུས་པ་ལྟར་ནག་ནོག་ཏུ་གྱུར་པའམ། གློ་བུར་རྒྱུ་མེད་པར་འཁྲུལ་ཞིང་འབྱུང་བ་ཡང་འཆི་ལྟས་སོ། །ལྕེ་ནི་ཡོ་དང་རྟག་ཏུ་འབྱིན། །སྐྲང་དང་སྐམས་དང་ལྕི་དང་གནག །གོས་དང་རྩུབ་དང་ཚོར་བ་མེད། །ཅེས་བྱ་བ་ལ། གང་གི་ལྕེ་གློ་བུར་དུ་ཡོན་པོར་གྱུར་པ་དང་། རྟག་ཏུ་ ཕྱིར་འབྱིན་པ་དང་། སྐྲང་ཞིང་སྤོ་བ་དང་། སྐམས་ཤིང་རིང་པ་དང་། ལྕི་ཞིང་མཐུག་པ་དང་། ཁ་དོག་གནག་པ་དང་། ལྗན་ལྗིན་གྱིས་གོས་པ་དང་བཅས་པ་དང་། རྩུབ་ཅིང་ཚེར་མས་ཁྱབ་པ་ལྟར་གནས་པ་དང་། ཚོར་བ་མེད་ཅིང་བེམ་པོར་གྱུར་པ་ཡང་འཆི་ལྟས་སོ། །མཇིང་པས་མགོ་ནི་ མི་ཐེག་དང་། །རང་གི་ལྟག་རྒྱ་བ་ཁུར་ལྟར་ལྕི། །འགྲམ་པས་ཁ་ན་གནས་པ་ཡི། །ཁ་ཟས་བལྡད་པར་མི་ནུས་པ། །ཞེས་བྱ་བ་ལ། མཇིང་པ་ནི་སྐེ་བ་སྟེ། དེས་མགོ་བོ་མི་ཐེག་ཅིང་བརྟེན་པར་མི་ནུས་པ་དང་། གང་རང་གི་ལྟག་པ་རྒྱབ་ཁུར་ལྟར་ཤིན་ཏུ་ལྕི་བར་སེམས་པ་དང་། གང་གི་འགྲམ་ པས་ཁ་ཟས་བལྡད་ཅིང་མིད་པར་མི་ནུས་པ་དེ་ཡང་འཆི་ལྟས་ཡིན་ནོ། །གང་ཞིག་རྒྱུ་མེད་པར་ཡན་ལག །ཤིན་ཏུ་ལྕི་བའམ་ཤིན་ཏུ་ཡང་། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་ནད་ལ་སོགས་པའི་རྒྱུ་མེད་པར་བརླ་དང་དཔུང་པ་ལ་སོགས་པའི་ཡན་ལག་ཤིན་ཏུ་ལྕི་བའམ། ཡང་ན་ལན་འགའ་ཞིག་ ཏུ་ཡང་བར་སེམས་པ་ཡང་འཆི་ལྟས་སོ། །དུག་དང་སྣད་པ་མེད་པ་ཡང་། །བུ་ག་རྣམས་ལས་ཁྲག་འབྱུང་དང་། །ཞེས་བྱ་བ་ལ། ཡང་སྐྱེས་བུ་གང་དུག་འཐུངས་པའམ་ལུས་ལ་སྣད་པ་མེད་པར་གྱུར་ན། མིག་ལ་སོགས་པའི་བུ་ག་རྣམས་ལས་ཁྲག་འབྱུང་བ་ཡང་འཆི་ལྟས་ཡིན་ནོ། ། གང་ཞིག་ཕོ་མཚན་ནུབ་པ་དང་། །རླིག་པ་རབ་ཏུ་འཕྱང་བ་དང་། །ཞེས་བྱ་བ་ལ། གང་གི་ཕོ་མཚན་ནུབ་ཅིང་གྱེན་དུ་བརྫེས་པ་དང་། རླིག་པ་ཐུར་དུ་འཕྱང་བའང་འཆི་ལྟས་སོ། །དེ་ལས་གོ་བཟློག་གྱུར་པ་རྣམས། །ཐམས་ཅད་འཆི་བདག་དབང་དུ་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་གི་ ཕོ་མཚན་དང་རླིག་པ་དེ་ལས་གོ་བཟློག་པ་སྟེ། ཕོ་མཚན་འཕྱང་བར་གྱུར་ལ། རླིག་པ་ནུབ་པར་གྱུར་པ་ཡང་འཆི་ལྟས་སོ། །དེ་ལྟར་ན། སྐྲ་དང་བ་སྤུ་མ་བསྐུས་པར། །ཞེས་བྱ་བ་ནས། དེ་ལས་གོ་བཟློག་གྱུར་པ་རྣམས། །ཞེས་བྱ་བའི་གཞུང་གིས་བསྟན་པའི་མཚན་མ་དེ་དག་དང་ ལྡན་པ་ཐམས་ཅད་ཀྱང་འཆི་བདག་གི་དབང་དུ་འགྱུར་ཞིང་འཆི་བའི་ལྟས་ཡིན་ནོ། །ཞེས་ཐམས་ཅད་དུ་སྦྱར་བར་བྱའོ། །གང་གི་རྩ་རིས་སྔོན་མེད་པར། །ཟླ་བ་ཚེས་པ་ལྟ་བུ་ནི། །དཔྲལ་བའམ་ཆུ་སོའི་སྟེང་ན་གནས། །དེ་ནི་ཟླ་དྲུག་ལས་མི་འཚོ། །ཞེས་བྱ་བ་ལ། སྐྱེས་བུ་གང་ ཞིག་ནད་མེད་པར་གནས་པ་ལས་རྩ་རིས་སྔོན་མེད་པའི་སར་པ་སྔ་ན་མི་གནས་པ། ཟླ་བ་ཚེས་པ་ལྟ་བུའི་ཡོན་པོ་དཔྲལ་བའམ་ཆུ་སོའི་སྟེང་ན་གནས་པར་གྱུར་ན་སྐྱེས་བུ་དེ་ཟླ་བ་དྲུག་ལས་མི་འཚོ་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ། །ལུས་ཅན་གང་གི་ལུས་ལ་ཆུ། །པདྨའི་འདབ་མ་ ལྟ་བུར་ནི། །རྐྱལ་ཚེ་ཆུ་ལ་མི་ཆགས་པ། །དེ་ནི་ཟླ་བ་དྲུག་ན་འཆི། །ཞེས་བྱ་བ་ལ། ལུས་ཅན་དེ་མི་གང་རྐྱལ་ཞིང་ཆུའི་ནང་ན་ཞུགས་པ་ཁྲུས་བྱེད་པ་ན། དེའི་ལུས་ལ་ཆུ་པདྨའི་འདབ་མ་ལ་ཆུ་གཏོར་བའི་ཚུལ་དུ། ཆུ་དེ་འདྲིལ་ཞིང་ཆགས་པར་མ་གྱུར་པ་དེ་ཡང་ཟླ་བ་དྲུག་ནས་འཆི་བ་ཡིན་ནོ། སྤྱི་བོ་དུ་བའམ་སྣུམ་བཅས་སྣང་། །དེ་ནི་ཟླ་བ་གཅིག་ནས་འཆི། །ཞེས་བྱ་བ་ལ། སྐྱེས་བུ་གང་གི་སྤྱི་བོར་དུ་བ་ལྟ་བུའམ། སྣུམ་དང་བཅས་པ་ལྟ་བུར་རྒྱུ་མེད་པར་སྣང་ན། དེ་ནི་ཟླ་བ་གཅིག་ནས་ངེས་པར་འཆི་བར་འགྱུར་རོ། །སྤྱི་བོའམ་སྨིན་མཚམས་ གསར་དུ་ནི། །མཚམས་བྱེ་བའམ་གཙུག་འཁྱིལ་སྣང་། །ནད་མེད་ཞག་ནི་དྲུག་གིས་འཆི། །ནད་པ་ཞག་གསུམ་ནས་འཆི་འགྱུར། །ཞེས་བྱ་བ་ལ། སྤྱི་བོ་སྟེ་མགོ་བོའམ། སྨིན་མཚམས་ཀྱི་གནས་སུ་གསར་དུ་མཚམས་བྱེ་ཞིང་གྱེས་པ་ལྟར་སྣང་བའམ། གཙུག་འཁྱིལ་ བ་ལྟ་བུར་སྣང་བ་སྟེ། མཚམས་བྱེ་བ་ནི་རི་མོ་དྲང་པོའོ། །གཙུག་འཁྱིལ་བ་ནི་རི་མོ་ཟླུམ་པོར་འཁོར་བའོ། །དེ་ལྟ་བུ་སྣང་ན་ནད་མེད་ཅིང་བདེ་བར་གནས་པ་ནི་ཞག་དྲུག་གིས་འཆི་ལ། ནད་པ་ཞིག་ཡིན་ན་ནི་ཞག་གསུམ་ནས་འཆི་བར་འགྱུར་རོ། །ལྕེ་གནག་ཁ་ནི་མནམ་པ་དང་། །མིག་ གཡས་ཕུགས་སུ་བྲོས་པའམ། །བྱ་ནི་མགོ་ལ་བབས་པ་དག །གང་ཡིན་དེ་ནི་ཡོངས་སུ་སྤང་། །ཞེས་བྱ་བ་ལ། གང་ཞིག་གི་ལྕེའི་མདོག་གནག་པ་དང་། ཁའི་དྲི་མནམ་པ་དང་བཅས་པ་དང་། མིག་གཡས་ཕུགས་སུ་བྲོས་ཤིང་ཁུང་བུར་ཞུགས་པ་དང་། ཡང་ན་མགོ་ལ་བྱ་བབས་ཤིང་ འདུག་པ་གང་ཡིན་པ་དེ་ནི་གསོ་བར་མི་བྱ་ཞིང་སྤང་བར་བྱའོ། །གང་ཞིག་ཁྲུས་བྱས་བྱུགས་པ་དང་། །ལུས་ཀུན་གཤེར་བར་གནས་བཞིན་དུ། །སྙིང་ག་བཞིན་དུ་མྱུར་བར་སྐམས། །དེ་ནི་ཟླ་ཕྱེད་ལས་མི་འཚོ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་དང་པོར་ཁྲུས་བྱས་ཤིང་དེའི་འོག་ཏུ་བྱུག་ པས་བྱུགས་པ་ན་ལུས་ཐམས་ཅད་གཤེར་དང་རླན་དང་བཅས་པར་གནས་བཞིན་དུ་སྙིང་གའི་ཕྱོགས་ཆེར་མྱུར་དུ་སྐམས་པར་གྱུར་ན། མི་དེ་ཟླ་བ་ཕྱེད་ལས་མི་འཚོའོ། །གློ་བུར་དུ་ནི་ལུས་ཀུན་མདོག །ཅིག་ཅར་ཐ་མལ་པ་ལས་ཉམས། །དེ་བཞིན་དུ་ནི་སོགས་པ་དང་། །རྩུབ་དང་སྣུམ་འགྱུར་འཆི་ བ་ཡིན། །ཞེས་བྱ་བ་ལ། གློ་བུར་དུ་རྒྱུ་མེད་པར་ལུས་ཀྱི་མདོག་ཐམས་ཅད་ཅིག་ཅར་དུས་གཅིག་ཏུ་ཐ་མལ་པ་ལས་ཉམས་ཏེ། གཞན་དུ་གྱུར་པ་སྟེ། ཐ་མལ་པའི་མདོག་ནི་དཀར་བ་དང་གནག་པ་ལ་སོགས་པས་ཡོངས་སུ་མྱུར་བའི་མདོག་སྔོ་བ་དང་དམར་བ་ལ་སོགས་པར་གྱུར་པ་དང་། དེ་བཞིན་དུ་ ལུས་ཐམས་ཅད་དམ། དེའི་ཡན་ལག་ལ་ནད་ལ་སོགས་པ་དང་རྩུབ་པ་དང་། སྣུམ་པར་གྱུར་ཅིང་གྲང་བ་དང་དྲོ་བ་ལ་སོགས་པ་ཅིག་ཅར་བྱུང་བར་གྱུར་ན་ཡང་འཆི་བར་འགྱུར་བ་ཡིན་ནོ། །གང་གི་སོར་མོ་དྲང་བ་ན། །སྒྲ་མི་འབྱུང་བ་དེ་མི་འཚོ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་གི་སོར་མོའི་ཕྱོགས་ ལ་དྲང་བའམ་མནན་པར་གྱུར་པ་ན། སྒྲ་མི་འབྱུང་བ་དེ་ཡང་འཆི་ལྟས་ཡིན་པས་མི་འཆོའོ། །དེ་བཞིན་ལུད་པ་སྦྲིད་སོགས་ལ། །གང་ཞིག་སྔོན་མེད་སྒྲ་འབྱུང་བའམ། །ཞེས་བྱ་བ་ལ། མི་གང་གི་ལུད་པ་ལུ་བ་དང་སྦྲིད་པ་འབྱུང་བ་དང་། གཅིན་གཏོང་བ་ལ་སོགས་པའི་སྐབས་སུ་སྔོན་མེད་ཅིང་ ཐ་མལ་པའི་རང་བཞིན་ལས་འདས་པའི་སྒྲ་བྱུང་ན་དེ་ཡང་མི་འཚོའོ། །དབུགས་འབྱིན་ཐུང་བའམ་རིང་བའམ། །དྲི་མནམ་པའམ་དྲི་ཞིམ་འགྱུར། །ཞེས་བྱ་བ་ལ། མི་གང་ཞིག་དབུགས་འབྱིན་པ་ནི་ཤིན་ཏུ་ཐུང་བའམ། ཤིན་ཏུ་རིང་བར་འགྱུར་བ་དང་། གློ་བུར་དུ་དྲི་མནམ་པ་དང་། དྲི་ཞིམ་པར་ གྱུར་ན་ཡང་མི་འཚོའོ། །ལུས་ནི་ཁྲུས་བྱས་མ་བྱས་རུང་། །མི་མ་ཡིན་པའི་དྲི་བྱུང་བའམ། །གོས་རྨ་དྲི་མར་བྱུང་ན་ཡང་། །དེ་ནི་ལོ་གཅིག་ནས་འཆི་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་གིས་ཁྲུས་བྱས་ཀྱང་རུང་མ་བྱས་ཀྱང་རུང་། མི་མ་ཡིན་པའི་དྲི་སྟེ། མིའི་སྤྱོད་ཡུལ་ལས་འདས་པའི་དྲི་ མི་ཞིམ་པའམ། དྲི་ང་བ་ཡིད་དུ་འོང་བའམ་མི་འོང་བ་འབྱུང་བར་འགྱུར་བ་དང་། གང་གི་གོས་ལ་རྨའམ་དྲི་མ་ལ་མི་མ་ཡིན་པའི་དྲི་བྱུང་ན་དེ་ནི་ལོ་གཅིག་ནས་འཆི་བར་འགྱུར་བ་ཡིན་ནོ། །གང་ཞིག་ཤིག་དང་སྦྲང་མ་སོགས། །དྲི་ཞིམ་པས་ནི་འདུ་བའམ། དྲི་ང་བ་ཡིས་སྤོང་གྱུར་ན། །དེ་ནི་ ལོ་གཅིག་ལས་མི་འཚོ། །ཞེས་བྱ་བ་ལ། མི་གང་ཞིག་ལ་ཤིག་དང་སྦྲང་མ་ལ་སོགས་པ་དྲི་ཞིམ་པོ་བྲོ་བས་འདུ་ཤིང་འཕུངས་པར་གྱུར་པའམ། ཡང་ན་དྲི་ང་བའི་དབང་གིས་སྤང་ཞིང་ལུས་འདོར་བར་འགྱུར་བ་དེ་ཡང་ལོ་གཅིག་ལས་མི་འཚོའོ། །གང་ཞིག་རྟག་ཏུ་ལུས་ཚ་བ། །གྲང་བ་ ཉིད་དུ་སྣང་བ་དང་། །བསིལ་བ་ཤིན་ཏུ་ཚ་བར་སྣང་། །རྒྱུ་མེད་པར་ནི་རྔུལ་དང་རེངས། །ཞེས་བྱ་བ་ལ། ཡང་སྐྱེས་བུ་གང་ཞིག་རྒྱུ་མེད་པར་རྟག་ཏུ་ལུས་ཚ་བ་འུར་འུར་པོར་འདུག་པའམ། རྟག་ཏུ་གྲང་ཞིང་བསིལ་བར་སྣང་བ་དང་། ལུས་བསིལ་བ་ཉིད་ལ་ཡང་ཤིན་ཏུ་ཚ་བ་དང་། དེ་བཞིན་དུ་ རྒྱུ་མེད་པར་ཤས་ཆེར་རྔུལ་བ་དང་། གྲང་ཞིང་རེངས་པ་དེ་ཡང་ལོ་གཅིག་ལས་མི་འཚོའོ། །གང་ཞིག་གྲང་བའི་ཆུ་བུར་འབྱུང་། །ལུས་གྲང་བ་ལས་ཚ་བ་སྐྱེ། །གྲང་གདུངས་ཐན་ལ་མི་དགའ་བ། །དེ་ནི་གཤིན་རྗེའི་དབང་གྱུར་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་གང་ལུས་གྲང་བར་གྱུར་ཀྱང་། ཆུ་བུར་འབྱུང་བའམ། ལུས་གྲང་བ་ལས་ཚ་བ་སྐྱེས་པ་དང་། གྲང་བས་གདུངས་ཀྱང་ཚ་བའི་ཐན་པ་ལ་མི་དགའ་ན། དེ་ནི་གཤིན་རྗེའི་དབང་དུ་གྱུར་ཅིང་འཆི་བ་ཡིན་ནོ། །གང་གི་སྙིང་ག་དྲོ་གྱུར་ལ། །ལྟོ་བ་ཤིན་ཏུ་གྲང་གྱུར་ཅིང་། །བཤང་ བ་འཁྲུ་ཞིང་སྐོམ་དད་ཆེ། །དེ་ནི་རོ་དང་འདྲ་བ་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་གང་གི་སྙིང་ག་དྲོ་ཞིང་ཚ་བར་གྱུར་ཀྱང་། ལྟོ་བ་ཤིན་ཏུ་གྲང་བར་གྱུར་པ་དང་། བཤང་བ་སླ་ཞིང་འཁྲུ་བ་དང་། སྐོམ་དད་ཆེ་ཞིང་སྐོམ་པས་གདུངས་པ་དེ་ཡང་གསོན་བཞིན་དུ་རོ་དང་འདྲ་སྟེ་འཆི་བ་ཡིན་པར་ཤེས་ པར་བྱའོ། །བཤང་དང་གཅི་བ་མཆིལ་སྣབས་དང་། །ཁུ་ཆུ་ཆུ་ནང་ནུབ་གྱུར་པའམ། །མཆིལ་མ་ཁ་དོག་སྣ་ཚོགས་དང་། །གང་ཡིན་པ་དེ་ཟླ་གཅིག་འཆི། །ཞེས་བྱ་བ་ལ། སྲོག་ཆགས་གང་གི་བཤང་བ་ལ་སོགས་པ་ཆུའི་ནང་དུ་ནུབ་ཅིང་འོག་ཏུ་འགྲོ་བའམ། གང་གི་མཆིལ་མ་ཁ་ དོག་མང་ཞིང་སྣ་ཚོགས་པར་སྣང་ན། དེ་ཡང་ཟླ་བ་གཅིག་གིས་འཆི་བར་འགྱུར་རོ། །ས་ནི་ནམ་མཁར་མཐོང་བ་དང་། །ནམ་མཁའ་སར་ནི་མཐོང་གྱུར་དང་། །ཞེས་བྱ་བ་ལ། སྐྱེས་བུ་གང་གིས་སྲ་ཞིང་སྟུག་པའི་ས་ནི་ནམ་མཁའི་བར་སྣང་དུ་གྱུར་པར་མཐོང་བ་དང་། ནམ་མཁའ་ ཡང་སའི་རྣམ་པ་ལྟར་གཟུགས་ཅན་དུ་མཐོང་བ་གང་ཡང་རུང་བ་དེ་ནི་འཆི་བར་འགྱུར་རོ། །ཞེས་ཐོག་མ་དང་ཐམས་ཅད་ལ་སྦྱར་བར་བྱའོ། །གཟུགས་མེད་གཟུགས་ཅན་ལྟ་བུ་དང་། །གཟུགས་ཅན་གཟུགས་མེད་ལྟ་བུར་མཐོང་། །ཞེས་བྱ་བ་ལ། དངོས་པོ་གང་གཟུགས་མེད་ཅིང་བལྟར་མེད་པ་ དེ་གཟུགས་ཅན་སྣང་བ་ལྟར་མཐོང་བ་དང་། གཟུགས་ཅན་གྱི་རྣམ་པ་ལ་ལ་གཟུགས་མེད་པ་ལྟར་གནས་པར་མཐོང་ཞིང་འཁྲུལ་པ་དེ་ཡང་འཆི་བར་འགྱུར་རོ། །དེ་བཞིན་འོད་ཆེན་འོད་མེད་མཐོང་། །དཀར་པོ་གནག་དང་ཡོད་པ་མེད། །ཅེས་བྱ་བ་ལ། ཡང་དེ་བཞིན་དུ་མེ་ལ་སོགས་པའི་ འོད་ཅན་གང་ཡིན་པ་འོད་མེད་པར་མཐོང་བ་དང་། དཀར་པོ་ནི་ནག་པོར་མཐོང་ལ། ནག་པོ་ནི་དཀར་པོར་མཐོང་བ་དང་། ཡོད་པ་ནི་མེད་པར་མཐོང་ལ། མེད་པ་ནི་ཡོད་པར་མཐོང་བ་དེ་ཡང་འཆི་བར་འགྱུར་རོ། །མིག་ནད་མེད་པར་ཟླ་བ་ནི། །གཟུགས་མངར་རི་མེད་མཐོང་དང་། །ཞེས་བྱ་བ་ལ། མིག་ལ་ནད་ཀྱི་སྐྱོན་མེད་བཞིན་དུ་ཟླ་བ་གཟུགས་དུ་མར་མཐོང་། ར་རི་མེད་པ་སྟེ་རི་བོང་གི་མཚན་མ་མེད་པ་མཐོང་ན་དེ་ཡང་འཆི་བར་འགྱུར་རོ། །གཉིད་མ་ལོག་པ་དྲི་ཟ་སྲིན། །ཡི་དྭགས་གཞན་ཡང་དེ་འདྲ་ཞིང་། །གཟུགས་མི་སྡུག་པར་མཐོང་གྱུར་པ། །གང་ཡིན་དེ་ནི་འཆི་བར་འགྱུར། ། ཞེས་བྱ་བ་ལ། སྐྱེས་བུ་གཉིད་ཀྱིས་མ་ལོག་པར་དྲི་ཟ་ལ་སོགས་པ་དང་། གཞན་ཡང་དེ་འདྲ་སྟེ་མིའམ་ཅི་དང་། ཤ་ཟ་ལ་སོགས་པ་དང་། གཟུགས་མི་སྡུག་པ་འདིར་མ་སྨོས་སུ་ཟིན་ཀྱང་། སྐྱེ་གནས་ཐ་དད་པ་ཕྱེ་བའི་མི་མ་ཡིན་པ་དེ་མཐོང་བར་གྱུར་པ་གང་ཡིན་པ་དེ་ཡང་འཆི་ཞིང་དུས་ བྱེད་པར་འགྱུར་རོ། །སྨེ་བདུན་དང་ནི་ཉེར་གནས་པའི། །སྐར་མ་སྒྲིབ་བྱེད་མ་མཐོང་དང་། །དགུ་ཚིགས་གུང་ཚུགས་མ་མཐོང་བ། །དེ་ནི་ལོ་གཅིག་མི་འཚོའོ། །ཞེས་བྱ་བ་ལ། སྐྱེས་བུ་གང་སྐར་མ་སྨེ་བདུན་དང་ཉེ་བར་གནས་པའི་སྐར་མ་སྒྲིབ་བྱེད་ཅེས་བྱ་བ་ཆུང་ངུ་ཞིག་མ་མཐོང་བ་དང་། དེ་ བཞིན་དུ་དགུ་ཚིགས་ཞེས་བྱ་བ་ནམ་མཁའི་གང་གཱ་ཞེས་གྲགས་པ་དང་། སྐར་མ་གུང་ཚུགས་མ་མཐོང་བ་དེ་ནི་ལོ་གཅིག་མི་འཚོ་སྟེ་ལོ་འཁོར་བར་མི་འགྱུར་རོ། །འབྲུག་སྒྲ་ཆུ་བོའི་སྒྲ་དང་ནི། །གླིང་བུ་པི་ཝཾ་རྔ་ཡི་སྒྲ། །སྒྲ་གཞན་མེད་པར་ཐོས་པའམ། །ཡོད་པ་ཡང་ཐོས་པར་མ་གྱུར་དང་། ། ཞེས་བྱ་བ་ལ། འབྲུག་སྒྲ་ནས་རྔའི་སྒྲའི་བར་གྱི་སྒྲ་རྣམས་དང་། སྒྲ་གཞན་གང་ཡིན་པ་དག་མི་གཞན་པ་དག་ཡོད་ཀྱང་མ་ཐོས་པས་དེ་ཐོས་པ་དང་། དེ་བཞིན་དུ་འབྲུག་སྒྲ་ལ་སོགས་པ་སྒྲ་རྣམས་དང་། སྒྲ་ཆེ་བ་གཞན་དག་གྲག་པར་གྱུར་བ་གཞན་ཡོད་དུ་ཟིན་ཀྱང་མི་ཐོས་པ་སྟེ། དེ་ལྟ་བུ་དེ་ནི་ འཆི་བར་འགྱུར་རོ། །ཞེས་འོག་ནས་སྨོས་པའི་ཚིག་དང་སྦྱར་རོ། །རྣ་བའི་བུ་ག་བཀག་པ་ཡིས། །འུར་འུར་པོ་ཡི་སྒྲ་མི་ཐོས། །ཞེས་བྱ་བ་ལ། གང་ཞིག་རྣ་བའི་བུ་ག་སོར་མོས་བཀག་པ་ན། འུར་འུར་པོའི་སྒྲ་མེ་འབར་བའི་སྒྲ་དང་འདྲ་བ་དེ་མི་ཐོས་པ་ཡང་འཆི་བར་འགྱུར་རོ། །དེ་བཞིན་དྲི་དང་ རོ་དང་རེག །གང་ཞིག་ལོག་པར་ཤེས་པ་དང་། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་དྲི་ལ་སོགས་པ་ཕྱིན་ཅི་ལོག་ཏུ་ཤེས་པ་སྟེ། དྲི་ཞིམ་པ་ནི་དྲི་ང་བར་འཛིན་ལ། དྲི་ང་བ་ནི་དྲི་ཞིམ་པར་འཛིན་པའམ། དེ་བཞིན་དུ་རོ་མངར་བ་ཡིན་ཡང་། ཁ་བ་ལ་སོགས་པ་གང་ཡང་རུང་ བར་འཛིན་པའམ། ཁ་བ་མངར་བ་ལ་སོགས་པ་གང་ཡང་རུང་བར་ཚོར་བའམ། དེ་བཞིན་དུ་རེག་བྱ་ཡང་འཇམ་པ་ནི་རྩུབ་པར་ཤེས་ལ། གྲང་བ་ནི་ཚ་བར་ཤེས་པ་དང་། དེ་ལས་གོ་བཟློག་པར་ཤེས་པའི་འཁྲུལ་པ་དང་ལྡན་པ་དེ་ཡང་འཆི་བར་འགྱུར་རོ། །ཡང་ན་ཡོང་ཡེ་མི་ཚོར་དང་། །ཞེས་ བྱ་བ་ལ། ཡང་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་དྲི་ལ་སོགས་པ་མི་ཚོར་ཞིང་ཡོང་ཡེ་མི་ཤེས་པ་དེ་ཡང་འཆི་བར་འགྱུར་རོ། །མེ་མར་ཤི་བའི་དྲི་མི་ཚོར། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་མེ་མར་ཤི་བར་གྱུར་བའི་དྲི་སྣའི་དབང་པོས་མི་ཚོར་བ་དེ་ཡང་འཆི་བའི་ལྟས་སོ། །ཆོ་ག་བཞིན་བྱས་ ནད་སྐྱེས་ལ། །ཆོ་ག་ལོག་པས་བདེར་གནས་དང་། །ཞེས་བྱ་བ་ལ། མི་གང་ལ་སྨན་དཔྱད་ཀྱི་གཞུང་ལས་བྱུང་བའི་ཆོ་ག་བཞིན་དུ་གསོ་བར་བྱས་ཀྱང་། ནད་སྐྱེད་ཅིང་ཐུ་བར་འགྱུར་བ་དང་ཡང་གང་ཞིག་སྨན་དཔྱད་ཀྱི་ཆོ་ག་ལྟར་མ་བྱས་པར་སྦྱོར་བ་ལོག་པར་བསྟེན་དུ་ཟིན་ཀྱང་བདེ་བར་གནས་པ་ལྟར་བྱེད་ པ་དེ་འཆི་བར་འགྱུར་རོ། །གང་གི་ལུས་ནི་རྡུལ་གཡོགས་འདྲ། །ལུས་ལ་སྣད་པར་མི་ཚོར་དང་། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་ལུས་རྡུལ་གྱིས་གཡོགས་ཤིང་ཕྱག་དར་གྱིས་ཁེབས་པ་ལྟར་རྡུལ་ཅན་གནས་པ་དེ་ཡང་མི་འཚོའོ། །ཡང་གང་གི་ལུས་ལ་མཚོན་གྱིས་སྣད་ཅིང་བཅད་ཀྱང་ཚོར་བ་མེད་པ་ དེ་ཡང་འཆི་བར་འགྱུར་བ་ཡིན་ནོ། །དཀའ་ཐུབ་དྲག་དང་ཆོ་ག་ནི། །སྔོན་འགྲོའི་རྣལ་འབྱོར་མེད་པ་རུ། །དབང་པོ་ལས་འདས་ཤེས་པ་སྐྱེས། །དེ་རྣམས་འཆི་བར་ཤེས་པར་བྱ། །ཞེས་བྱ་བ་ལ། དཀའ་ཐུབ་དྲག་པོའི་སྦྱོར་བ་མེད་པར་དབང་པོ་ལས་འདས་ཤིང་མི་ཤེས་པའི་ཡུལ་མ་ཡིན་པ་ལྷ་ཡུལ་ལ་ སོགས་པ་ན་ཡོད་ཅིང་ཤེས་པའི་ཤེས་པ་སྐྱེ་བ་དང་། ཡང་དེ་བཞིན་དུ་བསྟན་བཅོས་ཇི་ལྟ་བའི་ཡང་དག་པའི་མན་ངག་ཆོ་ག་སྔོན་དུ་འགྲོ་བའི་སེམས་ནང་དུ་བསྡུས་པའི་རྣལ་འབྱོར་སེམས་རྩེ་གཅིག་པ་མེད་པར་དབང་པོ་ལས་འདས་པའི་ཤེས་པ་སྐྱེ་བ་དེ་ཡང་འཆི་བར་འགྱུར་བའི་ལྟས་ཡིན་ནོ། །སྐད་འགགས་ དམན་ཞིང་མི་གསལ་དང་། །གང་ཞིག་སྐད་ནི་འཛེར་གྱུར་དང་། །སྨྲ་འདོད་པ་ནི་འཕྲལ་དུ་ནི། །བརྗེད་འགྱུར་དེ་ནི་མི་འཚོའོ། །ཞེས་བྱ་བ་ལ། སྐྱེས་བུ་གང་གློ་བུར་དུ་རང་བཞིན་གྱིས་སྐད་འགགས་ནས་དམན་ཞིང་ཞུམ་པ་དང་ལྡན་པ་དང་། མི་གསལ་ཞིང་བརྡ་སྤྲོད་མ་ནུས་པར་གྱུར་ན་དེ་མི་འཚོ་འོ། །ཡང་དེ་ བཞིན་དུ་སྐད་འགྱུར་ཞིང་འཛེར་བ་དང་། གང་སྨྲ་བར་འདོད་པ་ནི་རྒྱུ་མེད་པར་འཕྲལ་དུ་བརྗེད་པར་འགྱུར་ཞིང་། ཅི་ཡང་སྨྲ་བར་མི་ནུས་པ་དེ་ཡང་མི་འཚོའ། །སྐད་གསང་ཤིན་ཏུ་ཉམ་ཆུང་འགྱུར། །མདོག་དང་སྟོབས་ནི་ཉམས་པ་དང་། །རྒྱུ་མེད་པར་ནི་ནད་འཕེལ་བར། །སྣང་བ་དག་ཀྱང་འཆི་བར་འགྱུར། །ཞེས་བྱ་ བ་ལ། ཡང་གང་ཞིག་སྨྲ་བའི་སྐད་གསང་དམའ་བར་འགྱུར་བ་དང་། དེ་བཞིན་མདོག་དང་སྟོབས་ཉམས་ཤིང་བྲི་བ་དང་། ཟས་དང་སྤྱོད་ལམ་ལ་སོགས་པའི་ནད་སྐྱེ་བའི་རྒྱུ་མེད་པར་ནད་འཕེལ་ཞིང་རྒྱས་པར་འགྱུར་བར་སྣང་བ་དག་ཀྱང་མི་འཚོ་སྟེ་འཆི་བར་འགྱུར་རོ། །སྐད་གསང་ཉམས་པར་གྱུར་བ་དང་། །བདག་ ཉིད་འཆི་བར་སྨྲ་བ་སྟེ། །དེ་འདྲའི་སྒྲ་ནི་ཐོས་པ་དག །རིང་དུ་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ། རང་བཞིན་གྱིས་སྐད་གསང་ཉམས་ཏེ། སྐད་ཀྱི་གསང་གཞན་དུ་གྱུར་པ་དང་། བདག་ཉིད་འཆི་བར་སྨྲ་བ་སྟེ། ཁོ་བོ་ནི་འཆིའོ་འཆིའོ་ཞེས་རྟག་ཏུ་སྨྲ་བ་དང་། ཡང་དེ་ལྟ་བུའི་སྒྲ་ཐོས་པ་དང་། ཁྱེད་འཆིའོ་ཁྱེད་ནི་ འཆིའོ། །ཞེས་གཞན་སྨྲ་བ་དག་ཐོས་པའི་སྐྱེས་བུ་དེ་འཆི་བར་འགྱུར་བས་རིང་དུ་སྤང་བར་བྱའི་གསོ་བར་མི་བྱའོ། །ལུས་ཀྱི་དབྱིབས་དང་ཚད་དང་ནི། །མདོག་གམ་གཟི་མདངས་གང་དག་གི། །གཟུགས་བརྙན་འགྱུར་བའི་རྨི་ལམ་དུ། །མཐོང་ན་དེར་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། ལུས་ཀྱི་དབྱིབས་ནི་རིང་ ཐུང་ལ་སོགས་པ་སྟེ། དེ་དག་རང་གི་མཚན་ཉིད་དང་མི་ལྡན་པར་མཐོང་བ་དང་། ཚད་ནི་ཆུ་ཞེང་ལ་སོགས་པའོ། །མདོག་ནི་སྔོ་བསངས་ལ་སོགས་པའོ། །གཟི་མདངས་ནི་ཁ་དོག་དེ་ཉིད་འབྱེས་པར་བྱེད་ཅིང་རིང་ནས་གསལ་བར་སྣང་བའོ། །དེ་ལྟར་སྐྱེས་བུའི་དབྱིབས་ལ་སོགས་པའི་རྣམ་པ་དེ་དག་གི་གཟུགས་ གཞན་དུ་འགྱུར་ཞིང་མི་མཐུན་པར་སྣང་བ་རྨི་ལམ་གྱི་གནས་སྐབས་སུ་མཐོང་ན་ཡང་སྐྱེས་བུ་དེ་འཆི་བར་འགྱུར་བ་ཡིན་ན། གཉིད་ཀྱིས་མ་ལོག་པའི་གནས་སྐབས་སུ་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། ཉི་མ་མེ་ལོང་ཆུ་སོགས་ལ། །གང་ཞིག་དབྱིབས་དང་ཚད་དང་ནི། །ལུས་ཀྱི་རྣམ་པ་སྣང་གྱུར་པ། །གཟུགས་ བརྙན་ཞེས་ནི་དེ་ལ་བཤད། །ཅེས་བྱ་བ་ལ། གང་གི་ལུས་ལ་ཉི་མ་དང་། མེ་ལོང་དང་ཆུ་ལ་སོགས་པ་ལུས་ཀྱི་དབྱིབས་དང་ཚད་ཀྱི་རྣམ་པ་གཟུགས་བརྙན་གྱི་གཟུགས་ཅན་དུ་འབྱུང་བར་འགྱུར་བ་ལ་ནི་གཟུགས་བརྙན་ཞེས་བྱའོ། །མདོག་དང་གཟི་མདངས་ལ་བརྟེན་གང་། །ལུས་ གཏོགས་གཟུགས་བརྙན་ལྟ་བུ་ཡིན། །ཞེས་བྱ་བ་ལ། གང་གི་མདོག་དང་གཟི་མདངས་ཀྱི་རྣམ་པ་ལ་བརྟེན་ཅིང་གནས་པ་གང་ཡིན་པ་དེ་ནི་ལུས་སུ་གཏོགས་པ་ཉིད་ཀྱི་གཟུགས་བརྙན་ལྟར་ལོགས་ཤིག་ན་སྣང་བ་ནི་མ་ཡིན་ནོ། །གང་གི་གཟུགས་བརྙན་བཅད་པ་དང་། །གྱེས་དང་ལྷག་དང་འཁྲུགས་ པ་དང་། །མགོ་མེད་མགོ་གཉིས་ཡོན་པོ་དང་། །མི་སྡུག་གཞན་དུ་གྱུར་སྣང་བ། །མཚན་ཉིད་ལས་བྱུང་མ་ཡིན་ན། །དེ་ནི་ཚེ་ཟད་ཡིན་ཞེས་བྱ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་གི་གཟུགས་བརྙན་བཅད་ཅིང་དུ་མ་བུ་གཉིས་སུ་བྱས་པ་ལྟ་བུར་སྣང་བ་དང་། དེ་བཞིན་དུ་གྱེས་ཤིང་བཀས་པ་ལྟ་བུ་དང་། དེ་བཞིན་དུ་ ལྷག་པ་སྟེ་ཚད་ལས་ཆེ་བ་དང་། འཁྲུགས་པ་སྟེ་རྣམ་པར་གཡོ་ཞིང་ཀུན་ཏུ་འཁྲུགས་པའི་རང་བཞིན་ཅན་དང་། མགོ་མེད་ཅིང་བཅད་པ་ལྟ་བུར་སྣང་བ་དང་། མགོ་གཉིས་ཡོད་པ་དང་། མགོ་བོ་ཡོན་པོར་སྣང་བ་དང་། ཡང་ན་མདོག་མི་སྡུག་པའི་རྣམ་པ་གཞན་དང་གཞན་དུ་སྣང་བའམ། འདིར་བཤད་པ་ལས་གཞན་ པ་སྟེ། རྟ་དང་གླང་པོ་དང་བ་ལོང་དང་བོང་བུ་ལ་སོགས་པ་དང་འདྲ་བའི་གཟུགས་སུ་ཉི་མ་དང་མེ་ལོང་དང་ཆུ་ལ་སོགས་པར་སྣང་ན། སྐྱེས་བུ་དེ་ནི་ཚེ་ཟད་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་གཟུགས་བརྙན་ཏེ། དེའི་མཚན་ཉིད་དང་རང་བཞིན་ནམ། བཅོས་པའི་རྒྱུ་ལ་སོགས་པ་ལས་བྱུང་བ་མ་ཡིན་པར་དེ་ལྟར་ སྣང་བ་འཆི་ལྟས་ཡིན་པར་ཤེས་པར་བྱའོ། །གང་གི་མིག་གི་རྒྱལ་མོར་ནི། །གཟུགས་བརྙན་སྣང་བར་མ་གྱུར་དང་། །ཞེས་བྱ་བ་ལ། མི་གང་གི་མིག་གི་རྒྱལ་མོ་ཞེས་འཇིག་རྟེན་ན་གྲགས་པའི་མིག་གི་དབང་པོ་དང་བར་གཞན་གྱི་གཟུགས་སྣང་བར་མ་གྱུར་ན། དེ་ཡང་ཚེ་ཟད་པ་ཡིན་པར་ཤེས་པར་བྱའོ། །ནམ་ མཁའ་ལ་སོགས་ལྔ་བོ་ཡི། །གཟུགས་བརྙན་རྣམ་པ་སྣ་ཚོགས་ལྔ། །ཞེས་བྱ་བ་ལ། ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ལ། གཟུགས་བརྙན་དབྱིབས་དང་ཁ་དོག་གི་རྣམ་པ་སྣ་ཚོགས་པ་ཡོད་དོ། །ནམ་མཁའ་དྭངས་ཤིང་སྔོ་བ་དང་། །སྣུམ་བཅས་མདོག་དང་བཅས་པ་ཡིན། །ཞེས་བྱ་བ་ལ། དེ་ ལ་ནམ་མཁའི་གཟུགས་བརྙན་ནམ། མདངས་ནི་དྭངས་ཤིང་དྲི་མ་མེད་པ་དང་ཁ་དོག་སྔོ་བ་དང་། སྣུམ་པ་དང་བཅས་ཤིང་རྩུབ་བག་མེད་པ་དང་། མདོག་དང་བཅས་ཤིང་མདངས་དང་ལྡན་པ་ཉིད་ཡིན་ནོ། །རླུང་ལས་རྡུལ་ཅན་དམར་དང་གནག །ཐལ་མདོག་རྩུབ་ཅིང་མདོག་ཉམས་ཡིན། །ཞེས་བྱ་བ་ལ། རླུང་ གི་གཟུགས་བརྙན་ལ་ཕྱག་དར་གྱིས་གཏོར་བ་ལྟར་རྡུལ་ཅན་དུ་གྱུར་པ་དང་། ཁ་དོག་དམར་བ་དང་། ཁ་དོག་གནག་པ་དང་། ཐལ་བའི་མདོག་ཏུ་སྣང་བ་དང་། རྩུབ་ཅིང་མདོག་མདངས་ཉམས་པ་ཡིན་ནོ། །མེ་ཡི་དམར་ཞིང་དྭངས་པར་སྣང་། །མདངས་ལྡན་བལྟ་ན་སྡུག་པ་ཡིན། །ཞེས་བྱ་བ་ལ། མེའི་གཟུགས་ བརྙན་མདངས་ནི་དམར་ཞིང་དྭངས་པར་སྣང་ཞིང་། གསེར་བཙོ་མ་ལྟ་བུ་མདངས་དང་ལྡན་ཞིང་དམར་བ་དང་། བལྟ་ན་སྡུག་ཅིང་མཛེས་པ་ཡིན་ནོ། །ཆུ་སྐྱེས་བཻ་ཌཱུརྱ་འདྲར་སྣང་། །དག་ཅིང་རབ་སྣུམ་བདེ་བ་ཡིན། །ཞེས་བྱ་བ་ལ། ཆུ་ལས་སྐྱེས་བུའི་གཟུགས་བརྙན་ནི་བཻ་ཌཱུརྱ་ལྟར་སྣང་ཞིང་སྔོ་བ་དང་། དག་ཅིང་ དྲི་མ་མེད་པ་དང་། །སྣུམ་པའི་མདངས་དང་ལྡན་པ་དང་། །བདེ་ཞིང་ནད་མེད་པར་སྐྱེད་པ་ཡིན་ནོ། །ས་ཡི་བརྟན་སྣུམ་དག་པ་དང་། །མཐུག་ཅིང་དཀར་དང་སྔོ་བསངས་ཡིན། །ཞེས་བྱ་བ་ལ། སའི་གཟུགས་བརྙན་བརྟན་ཞིང་མི་འགྱུར་བ་དང་། མདོག་མདངས་སྣུམ་པ་དང་། དག་ཅིང་དྲི་མ་མེད་པ་དང་། མཐུག་ ཅིང་གསལ་བ་དང་། ཁ་དོག་དཀར་བ་དང་། སྔོ་བ་ལ་སོགས་སུ་གནས་པ་ཡིན་ནོ། །རླུང་ནི་ནད་འཆི་སྡུག་བསྔལ་སྐྱེད། །ཅེས་བྱ་བ་ལ། དེ་དག་གི་ནང་ནས་རླུང་གི་གཟུགས་བརྙན་ནི་ནད་རྣམས་སྐྱེད་པ་དང་། འཆི་བ་དང་སྡུག་བསྔལ་ཞིང་ཉོན་མོངས་པ་ཆེན་པོ་སྐྱེད་པ་ཡིན་ནོ། །གཞན་དག་བདེ་བ་སྐྱེད་པ་ཡིན། ། ཞེས་བྱ་བ་ལ། གཟུགས་བརྙན་ནམ་མདོག་མདངས་དེ་ལས་གཞན་པའི་ཕྱི་མ་བཞི་པོ་ནི་བདེ་བ་སྐྱེད་ཅིང་དགེ་བ་སྟོན་པ་དང་། ནད་མེད་པ་སྐྱེད་པ་ཡིན་ནོ། །མེ་ཡིས་ཐམས་ཅད་མདོག་ཅན་ཏེ། །དེ་ནི་རྣམ་པ་བདུན་དུ་བཤད། །དམར་དང་སེར་དཀར་ནག་པོ་དང་། །ལྗང་ནག་སྐྱུ་དང་གནག་པའོ། །ཞེས་བྱ་བ་ལ། མདོག་ ཅན་ཐམས་ཅད་ནི་མེའི་རང་བཞིན་ལས་བྱུང་བ་ཡིན་པར་བཤད་དེ། དེ་ཡང་དམར་དང་སེར་བ་ལ་སོགས་པའི་ཁ་དོག་གི་དབྱེ་བས་རྣམ་པ་བདུན་ཡིན་ནོ། །ད