Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 201
Văn bản gốc(Tây Tạng)
Trang 3 / 22 (50.000 ký tự/trang)
ལ་ཚིགས་ཀྱི་ངོས་གཉིས་ན་ཤའི་སྦྲེལ་མཚམས་སུ་གྱུར་བ་ཡོད་དེ། དེ་ལས་ཀྱང་གཉིས་ནི་ཕྱི་རོལ་ན་གནས་ལ་གཉིས་ནི་ནང་ན་གནས་པ་ཡིན་ནོ། །རུས་པའི་ཚོགས་འདུས་བཅུ་བཞི་ཡོད། །ཅེས་བྱ་བ་ལ། ལུས་འདི་ལ་རུས་པའི་ ཚོགས་འདུས་ཤིང་འདུས་ཤིང་ཕྲད་པ་ནི་བཅུ་བཞི་ཡོད་དེ། དེ་དག་ཀྱང་འདི་ལྟར་ལོང་མོ་དང་པུས་མོ་དང་བརླ་རྩ་དང་མཁྲིག་མ་དང་གྲུ་མོ་དང་དཔུང་མགོའི་བར་གཉིས་གཉིས་དང་། མཇུག་དོ་དང་མགོ་བོ་རྣམས་སུ་རེ་རེ་ཡིན་ནོ། །མཚམས་ནི་དགུ་ཕྲག་གཉིས་ཡོད་ལ། །ཞེས་བྱ་བ་ལ། ལུས་ འདི་ལ་སྦྲེལ་མཚམས་དགུ་ཕྲག་གཉིས་ཏེ་བཅོ་བརྒྱད་ཡོད་དོ། །དེ་ཡང་མགོ་བོ་ལ་ལྔ། མཇུག་དོལ་གཅིག །ལོང་མོ་གཉིས་ལ་གཉིས། བརླ་གཉིས་སུ་གཉིས། པུས་མོ་གཉིས་ལ་གཉིས། གྲུ་མོ་གཉིས་སུ་གཉིས། དཔུང་མགོ་གཉིས་ན་གཉིས་སོ། །སོ་དང་སེན་མོར་བཅས་པར་ ཡི། །རུས་པ་སུམ་བརྒྱ་དྲུག་ཅུ་ཡིན། །ཞེས་བྱ་བ་ལ། ལུས་འདི་ལ་རུས་པ་སུམ་བརྒྱ་དྲུག་ཅུ་ཡོད་དེ། དེ་ཡང་ཡན་ལག་ལ་རུས་པ་བརྒྱ་བཞི་བཅུ། ཁོག་པ་ལ་རུས་པ་བརྒྱ་ཉི་ཤུ། མགོ་བོ་ལ་རུས་པ་བརྒྱ་སྟེ། དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡོད་པ་ཡང་སོ་དང་སེན་མོ་དང་བཅས་པ་བགྲངས་ པ་ཡིན་གྱི་ལུས་འབའ་ཞིག་གི་ནི་མ་ཡིན་ནོ། །ཐང་ལ་འབར་ནི་སུམ་བརྒྱར་འདོད། །ཅེས་བྱ་བ་ལ། དྲང་སྲོང་ཐང་ལ་འབར་གྱིས་ནི་ལུས་འདི་ལ་རུས་པ་སུམ་བརྒྱར་ཡོད་པར་འདོད་དོ། །ཚིགས་ནི་ཉིས་བརྒྱ་རྩ་བཅུར་འདོད། །ཅེས་བྱ་བ་ལ། ལུས་འདི་ལ་རུས་པའི་ཚིགས་ནི་ཉིས་བརྒྱ་ དང་བཅུ་ཡོད་དོ། །དེ་དག་ལས་ནི་ཡན་ལག་ལ་ནི་རུས་པའི་ཚིགས་དྲུག་ཅུ་རྩ་བརྒྱད་ཡོད་ལ། ཁོག་པ་ལ་ལྔ་བཅུ་རྩ་དགུ། ནམ་ཚོང་ཡན་ལ་བརྒྱད་ཅུ་རྩ་གསུམ་མོ། །རྒྱུན་ཤེས་བུས་ནི་ཚིགས་ཀྱི་གྲངས། །ཉིས་སྟོང་དག་ནི་ཡོད་པར་འདོད། །ཅེས་བྱ་བ་ལ། དྲང་སྲོང་རྒྱུན་ཤེས་ཀྱི་བུས་ནི་ རུས་པའི་ཚིགས་ཀྱི་གྲངས་ཉིས་སྟོང་ཡོད་པར་འདོད་ཅིང་སྟོན་གྱིས་ཉིས་བརྒྱ་རྩ་བཅུ་ནི་མ་ཡིན་ནོ་ཞེས་བཤད། དེའི་བཞེད་ཀྱིས་རུས་པ་དང་རྒྱུས་པ་དང་ཤའི་མཚམས་དང་བཅས་པར་གྲངས་ནི་སྤྱིར་ཉིས་སྟོང་ཡོད་པར་འདོད་པ་ཡིན་ནོ། །རྒྱུས་པ་དགུ་བརྒྱ། ཞེས་པ་ལུས་འདི་ལ་རྒྱུས་པ་དགུ་བརྒྱ་ཡོད་ དེ། དེ་ཡང་ཡན་ལག་རྣམས་ལ་སུམ་བརྒྱ། ཁོག་པ་ལ་སུམ་བརྒྱ། ནམ་ཚོང་ཡན་ཆད་དུ་སུམ་བརྒྱའོ། །སྐྱེས་པ་ལ། ཤ་ནི་སྤར་ཚད་ལྔ་བརྒྱ་ཡོད། །ཅེས་བྱ་བ་ལ། སྐྱེས་པ་ལ་ཤ་སྤར་ཚད་ལྔ་བརྒྱ་ཡོད་དོ། །དེ་ལས་ཀྱང་ཡན་ལག་ལ་ནི་ཤ་མཚམས་བཞི་བརྒྱ་ཡོད་ལ། ཁོག་པ་ལ་དྲུག་ཅུ། ནམ་ཚོང་ཡན་ཚད་བཞི་བཅུ་ཡོད་པར་འདོད་དོ། བུད་མེད་ཀྱི་ནི་ནུ་མ་དང་། །མོ་མཚན་ལ་གནས་ཉི་ཤུ་ལྷག །ཅེས་བྱ་བ་ལ། བུད་མེད་ལ་ནི་ཤའི་སྤར་ཚད་ཉི་ཤུ་ལྷག་པར་འདོད་དོ། །དེ་ལས་ཀྱང་ནུ་མ་ལ་བཅུ་ཡོད་ལ། བཅུ་ནི་མོ་མཚན་མངལ་ལ་ཡོད་དོ། །རྩ་ཆེན་རྩ་བ་སྙིང་ལ་གནས། །དེ་དག་ ཀུན་གྱིས་ལུས་ལ་ཁྱབ། །དྭངས་མའི་བདག་ཉིད་མདངས་སུ་གྱུར། །དེ་ནི་ཕྲ་བ་ཀུན་དང་འབྲེལ། །རྩ་བ་སྦོམ་ཞིང་རྩེ་རབ་ཕྲ། །ལོ་མའི་རྩ་ལྟར་གྱེས་པ་ཡིན། །གྱེས་པ་དེ་ལས་རྩ་ཕྲན་ནི། །བདུན་བརྒྱ་དག་ཏུ་གྱུར་བ་ཡིན། །ཞེས་བྱ་བ་ལ། སྙིང་གར་གནས་པས་ན་སྙིང་གནས་ཏེ། རྩའི་གཙོ་བོའམ། རྩ་བ་བཅུ་པོ་སྙིང་ལ་གནས་པ་ཡིན། དེ་ལས་གྱེས་པ་ཡིན་པས་ལུས་ཐམས་ཅད་ཁྱབ་ཅིང་དྭངས་མའི་རང་བཞིན་དུ་ཁ་ཟས་སྨིན་པར་འགྱུར་བ་ལས། དེའི་སྙིང་པོར་གྱུར་བ་མདངས་ཞེས་བྱ་བར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ལུས་ཀྱི་བྱ་བ་ཐམས་ཅད་དེ་དང་འབྲེལ་པ་ཡིན་ནོ། །དེ་ཡང་ རྩ་བ་སྦོམ་ཞིང་ཆེ་ལ་རྩེ་མོ་ནི་རབ་ཏུ་ཕྲ་ཞིང་ཤིན་ཏུ་ཕྲ་མོར་གྱེས་པ་ཡིན་ནོ། །དེ་ཡང་ལོ་མའི་རྩ་བ་ལྟར་གྱེས་པ་ཡིན་ཏེ། །སོར་གཉིས་དང་སོར་གཅིག་དང་སོར་ཕྱེད་དང་ནས་དང་ནས་ཀྱི་ཕྱེད་ཙམ་དུ་གྱེས་ཤིང་ལོ་མའི་འདབ་མ་གྱེས་པ་ལྟར་འདྲ་བར་གནས་ཤིང་དུ་མར་གྱེས་པ་ཡིན་ནོ། ། དེ་བས་ན་རྩ་ཕྲན་དེ་རྣམས་ནི་བདུན་བརྒྱ་ཡོད་པ་ཡིན་ནོ། །དེ་ལ་ཡན་ལག་རེ་རེ་ཞིང་། །བརྒྱད་བརྒྱད་དེར་ནི་གནས་པ་ཡིན། །ཞེས་བྱ་བ་ལ། དེས་ན་ཡན་ལག་བཞི་བཞི་བརྒྱད་ཡོད་དོ། །ཡན་ལག་རེ་རེ་ཞིང་རྩ་བརྒྱད་བརྒྱད་ཡོད་དོ། །ཞེས་བྱ་བའི་དོན་ནོ། །དེ་ལ་དབུག་པར་མི་བྱ་བ། ། རྩ་ཡི་དྲ་བ་འཛིན་ཞེས་བྱ། །ནང་ན་གནས་པའི་གསུམ་པོ་ཡིན། །ཞེས་བྱ་བ་ལ། རྩ་བརྒྱད་པོ་དེ་དག་གི་ནང་ནས་དྲ་བ་འཛིན་པ་ཞེས་བྱ་བའི་རྩའི་དྲ་བ་གོང་དུ་བཤད་པ་དེ་དག་འཛིན་པའི་རྟེན་ལ་གཙགས་བུས་གདབ་པར་མི་བྱ་སྟེ། དེ་ལྟ་བུའི་རྩ་དང་ནང་ན་གནས་པའི་རྩ་གསུམ་སྟེ། རྩ་ བཞི་པོ་མཚོན་གྱིས་གདབ་ཅིང་གཙགས་བུས་དབུག་ཏུ་མི་རུང་ངོ་། །དེ་བཞིན་དུ་གཉིས་པ་ལ་བརླ་དང་དཔུང་པའི་རྩ་གཉིས་དབུག་ཏུ་མི་རུང་བ་ཡིན་ནོ། །རྐེད་པར་བཅུ་དྲུག་ཕྲག་གཉིས་ཏེ། །དེ་ལས་བརླའི་རྩར་གཉིས་གཉིས་དང་། །རྐེད་པའི་གནད་རྣམས་གཉིས་གཉིས་ཏེ། །དེ་ བརྒྱད་གཙགས་བུས་གདབ་མི་བྱ། །ཞེས་བྱ་བ་ལ། རྐེད་པའི་གནས་དང་རྩ་བཅུ་དྲུག་ཕྲག་གཉིས་ཏེ་སུམ་ཅུ་རྩ་གཉིས་ཡོད་པ་ལ། རྩ་དེ་དག་གི་ནང་ནས་བརླའི་རྩ་གཉིས་གཉིས་དང་། རྐེད་པ་གཞོན་ནུ་རྩ་གཉིས་གཉིས་ཏེ་གནད་ཀྱི་རྩ་བརྒྱད་པོ་དེ་དག་ལ་གཙགས་བུས་གདབ་ཏུ་མི་ རུང་བས་ན་མཚོན་གྱི་ལས་མི་བྱའོ། །ཞེས་བྱ་བའི་དོན་ནོ། །རྩིབ་ལོགས་གཉིས་ལ་རྩ་བཅུ་དྲུག །དེ་ལས་གྱེན་འགྲོ་ཞེས་བྱ་སྤང་། །ཞེས་བྱ་བ་ལ། རྩིབ་ལོགས་གཉིས་གཉིས་ལ་རྩ་བཅུ་དྲུག་ཡོད་པ་ལས། དེ་ལས་གྱེན་དུ་འགྲོ་བའི་རྩིབ་ལོགས་ཀྱི་མཚམས་ན་གནས་པ་ཞེས་བྱ་བ་ ལ་གཙགས་བུས་གདབ་ཏུ་མི་རུང་ངོ་། །རྒྱབ་ཏུ་རྩ་ནི་ཉི་ཤུ་བཞི། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །དེ་ལས་གཉིས་གཉིས་གྱེན་འགྲོ་བ། །མཚོན་གྱིས་གདབ་པར་མི་བྱའོ། །ཞེས་བྱ་བ་ལ། རྒྱབ་ན་གནས་པའི་རྩ་ཉི་ཤུ་རྩ་བཞི་ཡོད་པ་དེ་ལས་སྒལ་ཚིགས་ཀྱི་ངོས་གཉིས་ན་རྩ་གཉིས་གཉིས་ཡོད་ པ་གྱེན་དུ་འགྲོ་བའི་རྩ་བཞི་ནི་གཙགས་བུས་གདབ་ཏུ་མི་རུང་ངོ་། །རྒྱབ་བཞིན་ལྟོ་ན་གནས་རྩ་དེ། །ཕོ་མཚན་སྟེང་ན་གནས་པ་དང་། །སྤུ་ཡི་ཕྲེང་བའི་ངོས་གཉིས་རྩ། །གཉིས་གཉིས་མཚོན་གྱིས་མི་གདབ་བོ། །ཞེས་བྱ་བ་ལ། རྒྱབ་ཀྱི་སྒལ་ཚིགས་ཀྱི་རྩ་དང་འདྲ་བར་ལྟོ་ལ་ཉི་ཤུ་རྩ་ བཞི་ཡོད་དེ། རྩ་དེ་དག་གི་ནང་ན་ཕོ་མཚན་གྱི་སྟེང་ན་གནས་པའི་རྩ་དང་། སྤུའི་ཕྲེང་བའི་ངོས་གཉིས་ན་གནས་པའི་རྩ་གཉིས་གཉིས་མཚོན་གྱིས་གདབ་པར་མི་བྱའོ། །བྲང་ལ་གནས་པ་བཞི་བཅུ་ལས། །བཅུ་བཞི་དབུག་པར་མི་བྱ་སྟེ། །ནུ་འཇིང་དེ་ཡི་རྩ་བ་དང་། །སྙིང་ག་དག་ ནི་སོ་སོར་གཉིས། །གནོད་བྲལ་གནད་ནི་གཉིས་པ་དང་། །མི་གསལ་ཞེས་བྱ་གཉིས་ཀྱི་གཉིས། །ཞེས་བྱ་བ་ལ། བྲང་ལ་རྩ་བཞི་བཅུ་གནས་ཏེ། དེ་རྣམས་ཀྱི་ནང་ནས་རྩ་བཅུ་བཞི་གང་ཡོད་པ་དེ་དག་ཏུ་དབུག་ཅིང་དབྲལ་བར་མི་བྱའོ། །དེ་ཡང་གང་དག་ཅེ་ན། ནུ་མའི་རྩེ་མོའི་རྩ་ གཉིས་དང་། སྙིང་གའི་རྩ་གཉིས་དང་། གནོད་བྲལ་ཞེས་བྱ་བའི་གནད་དང་། མི་གསལ་ཞེས་བྱ་བའི་གནད་དང་རེ་རེ་ལ་ཡང་གཉིས་གཉིས་ཏེ་དེ་ལྟར་བཅུ་བཞིའོ། །མགྲིན་པ་ལྟག་པ་འདྲ་བ་ལས། །སྔོན་པོ་མཇིང་པ་ལྟག་པ་དང་། །འགལ་བ་དང་ནི་མ་མོ་བརྒྱད། །བཅུ་ དྲུག་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ། མགྲིན་པ་ན་ལྟག་པ་དང་འདྲ་བར་ཉི་ཤུ་རྩ་བཞི་ཡོད་དེ། དེ་ལས་སྔོན་པོ་ཞེས་བྱ་བའི་གནད་ཀྱི་རྩ་གཉིས་དང་། མཇིང་པའི་རྩ་གཉིས་དང་ལྟག་པའི་རྩ་གཉིས་དང་། འགལ་བ་ཞེས་བྱ་བའི་གནད་ཀྱི་རྩ་གཉིས་དང་། མ་མོ་ཞེས་བྱ་བ་བརྒྱད་ དེ། དེ་ལྟར་རྩ་བཅུ་དྲུག་པོ་གཙགས་བུས་མི་གདབ་པར་སྤང་བར་བྱའོ། །འགྲམ་པ་བཅུ་དྲུག་དེ་ལས་གཉིས། །མཚམས་ནི་འབྲེལ་བར་བྱེད་པ་སྤང་། །ཞེས་བྱ་བ་ལ། འགྲམ་པ་གཉིས་ལ་རྩ་བཅུ་དྲུག་པོ་ཡོད་དེ། དེ་ལས་མཚམས་འབྲེལ་བར་བྱེད་པའི་རྩ་གཉིས་གཙགས་བུས་མི་ གདབ་པར་སྤང་བར་བྱའོ། །ལྕེ་ཡང་འགྲམ་པ་དང་འདྲ་སྟེ། །འོག་གི་རོ་ཚོར་བྱེད་གཉིས་དང་། །ཚིག་འབྱིན་བྱེད་པ་གཉིས་པོ་སྤང་། །ཞེས་བྱ་བ་ལ། ལྕེ་ལ་ཡང་འགྲམ་པ་དང་འདྲ་བར་རྩ་བཅུ་དྲུག་ཡོད་དེ། རྩ་དེ་རྣམས་ཀྱི་ནང་ནས་ལྕེའི་འོག་གི་རྩ་རོ་ཚོར་བར་བྱེད་པ་གཉིས་དང་། དེ་བཞིན་དུ་ཚིག་འབྱིན་པར་བྱེད་པའི་རྩ་གཉིས་ཡོད་དེ། བཞི་པོ་དེ་དག་གཙགས་བུས་མི་གདབ་པར་སྤང་བར་བྱའོ། །སྣ་ཡི་རྩ་ནི་ཉི་ཤུ་བཞི། །དེ་ལས་དྲི་ཚོར་བྱད་གཉིས་དང་། །རྐན་དུ་འགྲོ་བའི་རྩ་གཅིག་སྤང་། །ཞེས་བྱ་བ་ལ། སྣའི་རྩ་ཉི་ཤུ་རྩ་བཞི་ཡོད་དེ། དེ་ལས་ སྣའི་གཉིས་ནི་དྲི་ཚོར་ཞིང་སྣོམ་པར་བྱེད་པས་རྩ་དེ་གཉིས་དབུག་པར་མི་བྱའོ། །དེ་བཞིན་དུ་སྣའི་རྩ་རྐན་དུ་འགྲོ་བ་གཅིག་ཡོད་པ་དེ་ཡང་གཙགས་བུས་མི་གདབ་པ་སྟེ། དེ་ལྟར་གསུམ་སྤང་བར་བྱའོ། །མིག་གཉིས་ཀྱི་ནི་ལྔ་བཅུ་དྲུག །འབྱེད་དང་འཛུམས་པའི་ལས་བྱེད་པ། །གཉིས་ གཉིས་དང་ནི་མིག་འགྲམ་གཉིས། །དྲུག་པོ་དེ་དག་སྤང་བར་བྱའོ། །ཞེས་བྱ་བ་ལ། མིག་གཉིས་ལ་རྩ་ལྔ་བཅུ་རྩ་དྲུག་ཡོད་དེ། དེ་རྣམས་ལས་མིག་འཛུམས་པ་དང་འབྱེད་པར་བྱེད་པའི་རྩ་གཉིས་གཉིས་དང་། དེ་བཞིན་དུ་མིག་འགྲམ་གྱི་རྩ་གཉིས་ཏེ། དེ་ལྟར་དྲུག་པོ་དེ་དག་གཙགས་ བུས་མི་གདབ་སྟེ་སྤང་བར་བྱའོ། །མིག་དང་སྣར་གནས་དཔྲལ་བ་ལ། །བརྟེན་པའི་རྩ་ནི་དྲུག་ཅུ་ལས། །གཞག་པ་གཅིག་དང་གཙུག་གི་གཉིས། །སྐྲ་མཚམས་གནས་པའི་རྩ་བཞི་སྟེ། །བདུན་པོ་དེ་དག་མཚོན་གདབ་སྤང་། །ཞེས་བྱ་བ་ལ། མིག་དང་སྣར་གནས་ཤིང་བརྟེན་པའི་རྩ་ དཔྲལ་བར་འདུས་པ་བཅུ་དྲུག་ཡོད་དེ། རྩ་དེ་རྣམས་ཀྱི་ནང་ནས་གཞག་པ་ཞེས་བྱ་བ་གནད་ཀྱི་རྩ་གཅིག་དང་གཙུག་འཁྱིལ་བའི་གནད་ཀྱི་རྩ་གཉིས་དང་། དེ་བཞིན་དུ་སྐྲ་མཚམས་ཀྱི་རྩ་བཞི་སྟེ་བདུན་པོ་དེ་དག་ལ་གཙགས་བུས་གདབ་པར་མི་བྱའོ། །རྣ་བར་བཅུ་དྲུག་དེ་ལས་འདིར། །སྒྲ་ ཐོས་བྱེད་པའི་རྩ་གཉིས་སྤང་། །ཞེས་བྱ་བ་ལ། རྣ་བ་ལ་རྩ་བཅུ་དྲུག་ཡོད་དེ། དེ་དག་ལས་སྒྲ་ཐོས་པར་བྱེད་པའི་རྩ་གཉིས་པོ་ལ་མཚོན་གྱིས་མི་གདབ་བོ། །དེ་ཉིད་ལས་ནི་མུར་འགྲམ་གྱི། །མཚམས་སུ་འགྲོ་བ་གཉིས་པོ་སྤང་། །ཞེས་བྱ་བ་ལ། རྣ་བ་ལ་བརྟེན་པའི་རྩ་བཅུ་དྲུག་པོ་ དེ་ལས་མུར་འགྲམ་གྱི་མཚམས་སུ་འགྲོ་བའི་རྩ་གཉིས་པོ་ལ་མཚོན་གྱིས་མི་གདབ་བོ། །སྤྱི་བོར་བཅུ་གཉིས་དེ་ལས་ནི། །གྱེན་འགྲོ་སྐྲ་མཚམས་བདག་པོ་ལས། །སོ་སོའི་རེ་རེ་སྤང་བར་བྱ། །ཞེས་བྱ་བ་ལ། སྤྱི་བོར་གནས་པའི་རྩ་བཅུ་གཉིས་ཡོད་དེ། དེ་དག་ལས་ཀྱང་གྱེན་དུ་འགྲོ་ བའམ་འདེགས་པ་ཞེས་བྱ་བའི་གནད་གཉིས་ཀྱི་རྩ་རེ་རེ་དང་། སྐྲ་མཚམས་ཀྱི་རྩ་ལྔ་པོ་རེ་རེ་དང་། བདག་པོ་ཞེས་བྱ་བའི་གནད་ཀྱི་རྩ་གཅིག་སྟེ། དེ་ལྟར་མགོ་བོའི་རྩ་ལ་གཙགས་བུས་གདབ་ཏུ་མི་རུང་ངོ་། །སྤང་ཞིང་དོར་བར་བྱའོ། །དེ་ལྟར་ཡན་ལག་རེ་རེའི་རྩའི། །དབྱེ་བ་དབུག་མིན་ ཤེས་ཕྱིར་བཤད། །ཅེས་བྱ་བ་ལ། རྣམ་པ་དེ་ལྟར་ན་ཡན་ལག་རེ་རེའི་རྩའི་དབྱེ་བ་དབུག་ཏུ་མི་རུང་བ་དང་རུང་བ་ཤེས་པར་བྱ་བའི་ཕྱིར་སོ་སོའི་དབྱེ་བ་བཤད་པ་ཡིན་ནོ། །དེ་ལས་ལུས་ལ་དབུག་མི་རུང་། །མ་ལུས་དགུ་བཅུ་རྩ་བརྒྱད་ཡོད། །དོག་དང་རྩ་མདུད་ཤིན་ཏུ་ཕྲ། །ཡོ་དང་ཚིགས་ ལ་གནས་མི་དབུག །ཅེས་བྱ་བ་ལ། ལུས་ཀྱི་ཡན་ལག་ལ་དབུག་ཏུ་མི་རུང་ཞིང་གཙགས་བུས་གདབ་པར་མི་བྱ་བའི་ཕྱིར། མ་ལུས་པ་མཐའ་དག་བསྡུ་བ་ལ་རྩ་དགུ་བཅུ་རྩ་བརྒྱད་ཡོད་དོ། །དེ་ལྟར་རྣམ་པ་དེ་དག་གིས་དབུག་ཏུ་མི་རུང་བ་དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི་རྩ་གང་ དོག་ཅིང་གཅིག་ལ་གཅིག་འབྲེལ་བ་དང་། རྩ་མདུད་ཆགས་པའི་གནས་དང་། ཤིན་ཏུ་ཕྲ་བ་དང་ཆུང་བ་དང་། ཡ་ཡོར་གནས་པ་དང་། དེ་བཞིན་དུ་རུས་པའི་ཚིགས་ལ་གནས་ཤིང་བརྟེན་པ་གང་ཡིན་པ་དེ་དག་དབུག་ཅིང་གཙགས་བུས་གདབ་པར་མི་བྱའོ། །རྩ་ནི་བདུན་བརྒྱ་ དེ་རྣམས་ལས། །བཞི་ཆར་ཕྲག་ནི་སོ་སོར་རྒྱུ། །རླུང་དང་མཁྲིས་པ་བད་ཀན་ཁྲག །ནད་མེད་ཁྲག་ནི་དེ་ལྟར་གནས། །དེ་ནི་ལུས་ལ་ཕན་འདོགས་ཏེ། །གཞན་དུ་གནོད་པ་སྐྱེད་པར་འགྱུར། །ཞེས་བྱ་བ་ལ། རྩ་བདུན་བརྒྱ་ཡོད་པ་དེ་རྣམས་ལས་རང་རང་གི་བཞི་ཆ་སྟེ་བརྒྱ་བདུན་ཅུ་ རྩ་ལྔར་རླུང་རེ་རེས་མཁྲིས་པའི་རང་བཞིན་ཅན་གྱི་ཁྲག་དང་ནད་མེད་པའི་ཁྲག་སོ་སོར་རྒྱུ་བ་ཡིན་ནོ། །དེ་ལྟར་རླུང་ལ་སོགས་པའི་ནད་གནས་ཤིང་སྙོམས་པར་འཇུག་པའི་ནི་ལུས་ལ་ཕན་འདོགས་ཤིང་གནས་པར་བྱེད་པ་ཡིན་ལ། གཞན་དུ་སྟེ་གོ་རིམས་འཆོལ་ཞིང་འཁྲུགས་པར་གནས་ན་ ལུས་ལ་གནོད་པ་སྐྱེད་ཅིང་ནད་དུ་འགྱུར་བ་ཡིན་ནོ། །དེ་ལ་གནག་དང་དམར་དང་ཕྲ། །སྐད་ཅིག་རེ་རེ་གང་ཞིང་སྟོངས། །མགུལ་བ་རླུང་གི་ཁྲག་རྩ་ཡིན། །ཞེས་བྱ་བ་ལ། རྩ་དེ་དག་གི་ནང་ནས་རྩའི་མདོག་གནག་པ་དང་། དམར་བར་གནས་པ་དང་། ཕྲ་བ་དང་། སྐད་ཅིག་རེ་རེ་ཞིང་གང་ ཞིང་སྟོངས་པ་སྟེ། རླུང་ནི་གཡོ་བའི་མཚན་ཉིད་ཅན་ཡིན་པས་ན་ལན་འགའ་ནི་གང་ཞིང་རྒྱས་པར་སྣང་ལ། ལན་འགའ་ནི་སྟོང་ཞིང་ཁོང་སྟོང་གི་ཚུལ་དུ་སྐད་ཅིག་རེ་རེར་འགྱུར་བ་དང་། དེ་བཞིན་དུ་རྩ་གང་ཤིན་ཏུ་འགུལ་ཞིང་འཕར་བ་གང་ཡིན་པ་དེ་ནི་རླུང་གི་ཁྲག་རྒྱུ་བའི་ རྩ་ཡིན་ནོ། །རེག་ཚེ་ཚ་ཞིང་མྱུར་དུ་རྒྱུ། །མདོག་སྔོ་སེར་པོར་འདུག་པ་ནི། །མཁྲིས་པའི་ཁྲག་རྩའི་མཚན་མ་ཡིན། །ཞེས་བྱ་བ་ལ། མཁྲིས་པའི་ཁྲག་རྒྱུ་བའི་རྩ་ཡིན་པ་དེ་ནི་རེག་ན་ཚ་བ་འུར་འུར་པོར་འདུག་པ་ཡིན་གྱི་གྲང་བར་གནས་པ་མ་ཡིན་པ་དང་། །དེ་བཞིན་དུ་མྱུར་དུ་རྒྱུ་ཞིང་འབབ་ པ་དང་། དེ་བཞིན་དུ་མདོག་སྔོན་པོའམ། སེར་པོར་འདུག་པ་ཡིན་ནོ། །དཀར་སྣུམ་བརྟན་གྲང་བད་ཀན་རྩ། །ཞེས་བྱ་བ་ལ། བད་ཀན་གྱི་ཁྲག་རྒྱུ་བའི་རྩ་ནི་འདི་ལྟར་གནས་ཏེ། ཁ་དོག་དཀར་བ་དང་། མདངས་སྣུམ་པ་དང་། རྒྱུ་བ་བརྟན་ཞིང་འགྱུར་བ་མེད་པ་དང་། རེག་ན་གྲང་བ་ཡིན་ནོ། ། འདྲེས་པའི་མཚན་ཉིད་འདྲེན་མ་ཡིན། །ཞེས་བྱ་བ་ལ། ལྡན་པའི་ནད་དང་འདུས་པའི་ནད་ཀྱི་རྩའི་མཚན་ཉིད་ནི་འདྲེན་མར་རྒྱུ་བ་ཡིན་ཏེ། རླུང་དང་བད་ཀན་འདྲེས་པའམ། རླུང་དང་མཁྲིས་པ་འདྲེས་པ་འམ། །མཁྲིས་པ་དང་བད་ཀན་འདྲེས་པའམ། གསུམ་ཆར་འདུས་པ་ལས་གྱུར་ པའི་མཚན་ཉིད་ནི་རང་རང་གི་མཚན་མ་འདྲེན་མར་སྣང་བ་ཡིན་ནོ། །མི་མངོན་མཉམ་གནས་སྣུམ་པ་དང་། །མདོག་དམར་ཁྲག་རྩ་ནད་མེད་ཡིན། །ཞེས་བྱ་བ་ལ། རྩ་མི་མངོན་ཞིང་ནང་དུ་ནུབ་པ་དང་། མཉམ་ཞིང་སྙོམས་པར་གནས་པ་དང་། རྩུབ་ཅིང་སྣུམ་བག་མེད་པ་དང་། ཁྲག་གི་མདོག་ དམར་བའི་རྩ་ནི་ནད་མེད་པའི་ཁྲག་རྒྱུ་བ་ཡིན་ནོ། །རྩ་བོ་ཆེ་ནི་ཉི་ཤུ་བཞི། །ལྟེ་བ་ལ་ནི་བརྟེན་པ་ཡིན། །དེ་རྣམས་ཀྱིས་བསོར་ལྟེ་བ་ནི། །འཁོར་ལོའི་ལྟེ་བ་རྩིབས་བསྐོར་མཚུངས། །དེས་ནི་སྟེང་འོག་ཐད་ཀ་རུ། །ལུས་འདི་རྗེས་སུ་འཛིན་པ་ཡིན། །ཞེས་བྱ་བ་ལ། ལུས་ལ་རྩ་བོ་ཆེ་ཉི་ཤུ་རྩ་བཞི་ ཡོད་པ་གང་ཡིན་པ་དེ་ནི་ལྟེ་བ་ལ་བརྟེན་ཅིང་གནས་པ་ཡིན་ལ། དེ་ཡང་དེ་རྣམས་ཀྱིས་ལྟེ་བ་ཡོངས་སུ་བསྐོར་བར་གནས་ཏེ། ཇི་ལྟར་ཤིང་རྟའི་ལྟེ་བ་གང་ཡིན་པ་དེ་རྩིབས་ཀྱིས་ཀུན་ནས་བསྐོར་ཅིང་གནས་པ་དང་མཚུངས་པ་ཡིན་ནོ། །དེ་ལྟ་བུའི་རྩ་བོ་ཆེ་དེས་ནི་ལུས་ཀྱི་སྟེང་དང་འོག་དང་ཐད་ཀ་དག་ཏུ་གྱེས་ པས་ཕུང་པོ་ནི་རྗེས་སུ་འཛིན་ཅིང་འཚོ་བར་བྱེད་པ་ཡིན་ཏེ། རྩ་བོ་ཆེ་དེ་དག་ཀྱང་ཀུན་དགའ་ར་བའི་ཆུ་འདྲེན་པའི་ཝ་ལྟ་བུའམ་ཞིང་གི་ཡུར་བ་ལྟ་བུ་ཡིན་ནོ། །རྩ་བོ་ཆེ་དེ་དག་ལས་བཅུ་ནི་སྟེང་དུ་འགྲོ་བ་ཡིན་ལ། བཅུ་ནི་འོག་ཏུ་འགྲོ་བ་ཡིན། བཞི་ནི་ཐད་ཀར་འགྲོ་བ་ཡིན་ནོ། །བུ་ག་སྣ་དང་རྣ་བ་གཉིས། ། མིག་གཉིས་ཁ་རྐུབ་ཕོ་མཚན་ནོ། །ཞེས་བྱ་བ་ལ། སྐྱེས་པ་ལ་ནི་བུ་ག་དགུ་ཡོད་དེ། སྣའི་བུ་ག་གཉིས་དང་། རྣ་བ་གཉིས་དང་། མིག་གཉིས་དང་། ཁ་དང་། རྐུབ་དང་། ཕོ་མཚན་གྱི་བུ་གའོ། །བུད་མེད་ནུ་མ་གཉིས་ཁྲག་སྒོ། །གསུམ་གྱིས་ལྷག་པར་གྱུར་པ་ཡིན། །ཞེས་བྱ་བ་ལ། བུད་ མེད་རྣམས་ནི་སྔ་མ་ལས་ལྷག་པར་གྱུར་པའི་བུ་ག་གསུམ་ཡོད་དེ་ནུ་མ་གཉིས་ཀྱི་བུ་ག་དང་། ཟླ་མཚན་རྒྱུ་བའི་བུ་གའོ། །ནང་གི་སྲོག་གི་གནས་གྱུར་པའི། །བུ་ག་བཅུ་གསུམ་ཡོད་པར་བཤད། །སྲོག་དང་ལུས་ཟུངས་དྲི་མཆུ། །ཟས་རྒྱུ། ཞེས་བྱ་བ་ལ། དེ་བཞིན་དུ་ནང་གི་བུ་ག་སྔ་མ་ལས་གཞན་ པ་སྲོག་ལ་སོགས་པའི་གནས་སུ་གྱུར་པའི་བུ་ག་བཅུ་གསུམ་ཡོད་དེ། དེ་ལ་སྲོག་ཅེས་བྱ་བའི་རླུང་ནི་སྲོག་གི་གནས་སུ་རྒྱུའོ། །ལུས་ཟུངས་རྒྱུ་བ་རྣམས་སུ་ནི་དྭངས་མ་ལ་སོགས་པའི་ལུས་ཟུངས་རྒྱུའོ། །དྲི་མ་རྒྱུ་བའི་གནས་སུ་བཤང་བ་དང་གཅི་བ་དང་རྡུལ་རྒྱུའོ། །ཆུ་རྒྱུ་བའི་གནས་སུ་ནི་ཆུ་ འཐུངས་པ་རྒྱུའོ། །ཟས་རྒྱུ་བའི་གནས་སུ་ནི་ཟས་ཟོས་པ་རྣམས་རྒྱུ་སྟེ། དེ་ལྟར་ན་རྣམ་པ་བཅུ་གསུམ་ཡིན་ནོ། །ཟས་རྒྱུ་མི་མཐུན་བསྟན་པ་ཡིན། །དེ་ལ་གནོད་པས་ནད་སྐྱེད་ལ། །སྐྱོན་མེད་དག་པས་བདེ་བར་བྱེད། །ཅེས་བྱ་བ་ལ། བུ་ག་དེ་དག་ཟས་དང་སྤྱོད་ལམ་མི་མཐུན་ཞིང་ཕན་པ་མ་ཡིན་ པ་བསྟེན་པས་དེ་ལ་གནོད་པར་གྱུར་ཅིང་འཁྲུགས་པར་བྱས་པ་ལས་ནད་རྣམས་སྐྱེད་པར་འགྱུར་ལ་སྐྱོན་མེད་ཅིང་དག་པའི་ཟས་དང་སྤྱོད་ལམ་བསྟེན་པས་གནོད་པ་མེད་ན་བདེ་བ་ཉིད་དུ་འགྱུར་ཞིང་ནད་མེད་པ་སྐྱེད་པར་བྱེད་དོ། །རང་གི་ལུས་ཟུངས་མདོག་མཉམ་ཞིང་། །ཟླུམ་དང་སྦོམ་དང་ཕྲ་བ་དང་། །བུ་ གའི་དབྱིབས་ཀྱི་རིང་པོ་སྟེ། །ལོ་མའི་རྩ་འཕྲོས་ལྟ་བུ་ཡིན། །ཞེས་བྱ་བ་ལ། རང་གི་ལུས་ཟུངས་ཀྱི་གཞིར་གྱུར་པའི་བུ་ག་གང་བ་སྟེ་ནད་པའི་ལུས་ཟུངས་དེ་དང་མདོག་མཉམ་ཞིང་མཚུངས་པ་ཡིན་ཏེ། དེས་ན་དྭངས་མ་རྒྱུ་བའི་བུ་ག་ནི་ལུས་ཟུངས་ཀྱི་དྭངས་མ་བུ་ག་དང་ཁ་དོག་མཚུངས་པ་ཡིན་པ་ ལ་སོགས་པ་ལྟ་བུའོ། །བུ་ག་དེ་དག་ཐམས་ཅད་ལས་བུ་ག་ལ་ལ་ནི་ཟླུམ་པོ་ཡིན་ལ། བུ་ག་ལ་ལ་ནི་སྦོམ་པ་ཡིན་ལ། ལ་ལ་ནི་ཕྲ་ཞིང་ཆུང་བ་ཡིན་ཏེ། བུ་ག་དེ་དག་ཐམས་ཅད་ཀྱི་དབྱིབས་ནི་རིང་པོར་གནས་ཤིང་། རྩ་སྦུབས་དེ་དག་ཀྱང་ལོ་མའི་རྩ་རྒྱུས་ཀྱི་རི་མོ་ དང་མཐུན་པའི་རིང་ཐུང་དུ་མར་གྱེས་པ་ཡིན་ནོ། །ཟས་དང་སྤྱོད་ལམ་དག་གིས་གང་། །ནད་ཀྱི་མཐུ་དང་མཉམ་གྱུར་དང་། །གང་ཡང་ལུས་ཟུངས་མི་མཉམ་སྟེ། །བུ་གའི་རྒྱུན་ལ་གནོད་བྱེད་ཡིན། །ཞེས་བྱ་བ་ལ། བཟའ་བ་དང་བཏུང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཟས་གང་ རླུང་ལ་སོགས་པའི་ནད་ཀྱི་མཐུ་རྩུབ་པ་ལ་སོགས་པ་དང་མཉམ་ཞིང་མཚུངས་པར་གྱུར་པ་གང་ཡིན་པ་དེ་ནི་བུ་ག་རྣམས་འགགས་ཤིང་གནོད་པར་འགྱུར་བའི་རྒྱུ་ཡིན་ནོ། །སྤྱོད་ལམ་ནི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པའི་མཚན་ཉིད་གང་ཡིན་པ་སྟེ། དེ་ཡང་ནད་ཀྱི་མཐུ་དང་ཆ་མཉམ་པར་ གྱུར་ན་བུ་ག་རྣམས་ལ་གནོད་ཅིང་འགགས་པའི་རྒྱུ་ཡིན་ནོ། །དེ་བཞིན་དུ་ལུས་ཟུངས་བདུན་པོ་ཟས་དང་སྤྱོད་ལམ་ལ་སོགས་པ་དེའི་མཐུ་དང་ནུས་པ་མི་མཉམ་ཞིང་ཡོན་ཏན་ཐ་དད་པར་གྱུར་པ་གང་ཡིན་པ་དེ་དག་ཀྱང་བུ་གའི་རྒྱུན་ལ་གནོད་ཅིང་འགགས་པའི་རྒྱུ་ཡིན་ནོ། །མང་དུ་འབྱུང་བའམ་ འགགས་པའམ། །རྩ་ནི་མདུད་པ་ཆགས་པའམ། །ལམ་གཞན་དག་ཏུ་འགྲོ་བ་ནི། །བུ་གའི་རྒྱུ་འཁྲུགས་མཚན་ཉིད་ཡིན། །ཞེས་བྱ་བ་ལ། བུ་ག་ལ་མང་དུ་བྱུང་བ་ནི་ཇི་ལྟར་གཅིན་འབབ་པའི་བུ་ག་ལས་གཅིན་སྙི་བའི་ནད་ལྟར་མང་དུ་བྱུང་བ་ན། འགགས་པ་ནི་མི་འབྱུང་བའམ་ཅུང་ ཟད་བྱུང་བ་སྟེ་གཅིན་སྲི་བའི་ནད་ལྟ་བུའོ། །དེ་བཞིན་དུ་བཤང་བ་འབྱུང་བའི་བུ་ག་ལས་ཚད་པ་འཁྲུ་བ་ལྟར་བཤང་གཅི་ལྷག་པར་འཁྲུ་བ་ནི་མང་དུ་འབྱུང་བའོ། །འགགས་པ་ནི་བཤང་བ་ཅུང་ཟད་བྱུང་བའམ། ཡང་ན་རྟུག་འགགས་ཀྱི་ནད་ལྟར་ཐམས་ཅད་ནས་ཐམས་ཅད་དུ་འབྱུང་བར་མི་ འགྱུར་བ་དེ་ནི་བུ་གའི་རྒྱུ་འཁྲུགས་ཤིང་གནོད་པ་དང་ལྡན་པའི་མཚན་ཉིད་ཡིན་ཏེ་དེ་བཞིན་གཞན་དག་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་རྩ་ལ་མདུད་པ་ཆགས་པར་གྱུར་པ་དང་། དེ་བཞིན་དུ་ལམ་གཞན་དུ་འགྲོ་བ་སྟེ། རང་གི་རྒྱུའི་འམ་མ་སྤངས་ནས་ལམ་གཞན་དུ་འགྲོ་བ་དེ་ཡང་བུ་ག་ལ་ གནོད་པ་ཡོད་ཅིང་འཁྲུགས་པའི་མཚན་ཉིད་ཡིན་ནོ། །པདྨའི་རྩ་བ་ཕྲ་མོ་ལས། །རིང་དུ་རྒྱུ་བར་བྱེད་པ་ལྟར། །གང་གིས་དྭངས་མ་ཉེར་འཕེལ་བ། །ལུས་ཀྱི་སྒོ་ནི་བུ་ག་ཡིན། །ཞེས་བྱ་བ་ལ། ཇི་ལྟར་པདྨའི་རྩ་བའི་སྦུབས་ཤིན་ཏུ་ཕྲ་བའི་བུ་ག་ལས་རིང་དུ་རྒྱུ་བར་བྱེད་ཅིང་ཐམས་ཅད་ལ་ ཁྱབ་པར་བྱེད་པ་དེ་བཞིན་དུ་བུ་གའི་སྒོ་གང་ནས་ལུས་འདི་ལ་དྭངས་མ་ཉེ་བར་སོགས་ཤིང་འཕེལ་བར་འགྱུར་བའི་སྒོ་ནས་གང་ལུས་མ་ལུས་པ་ཁྱབ་པར་བྱེད་པ་དེ་ནི་བུ་ག་ཞེས་བྱའོ། །བུ་ག་རྣམས་ནི་བརྟོལ་གྱུར་ན། །འདར་མྱོས་ལྟོ་སྦོས་ལྐུགས་དང་རིམས། །སླ་དང་གཟེར་དང་བཤང་ གཅི་འགགས། །ཡང་ན་འཆི་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། བུ་ག་བརྟོལ་ཞིང་ཕྱུང་བར་གྱུར་ནས་འདར་བ་ལ་སོགས་པ་འབྱུང་བར་འགྱུར་བའམ། ཡང་ན་འཆི་ཞིང་དུས་བྱེད་པ་ཉིད་དུ་འགྱུར་རོ། །དེ་ལ་འདར་བ་ནི་ལུས་གཡོ་ཞིང་འགུལ་བའོ། །མྱོས་པ་ནི་སེམས་སྟོར་བའོ། །ལྟོ་ སྤོས་པ་ནི་དབུགས་ཀྱིས་ཁེངས་པའོ། །དེ་བས་སྨན་པས་བུ་ག་བརྟོལ། །རེ་ཐག་བཅད་དེ་གསོ་བར་བྱའོ། །འཕྲལ་དུ་རྨ་བྱུང་ཆོ་ག་ཡིས། །འབད་དེ་ཟུག་རྔུ་དབྱུང་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་སྲོག་དང་བྲལ་བའི་ཉེས་པ་དེ་བས་ན་སྨན་པ་དག་གིས་བུ་ག་བརྟོལ་བའི་ནད་པ་ལ་རེ་ཐག་བཅད་ ཅིང་བཟློག་སྟེ་བྱ་བ་འདིས་ནི་ངེས་པར་འཆི་བ་ཡིན་ཏེ་ཞེས་སྨྲ་ལ། མཚོན་གྱིས་ཟུག་རྔུ་དེ་ཕྱུང་ནས་འབད་དེ་གསོ་བར་བྱའོ། །དེ་ཡང་ཇི་ལྟར་དབྱུང་ཞེ་ན། འཕྲལ་དུ་ཟུག་རྔུ་དབྱུང་བའི་ཆོ་ག་སྔར་བཤད་པ་ལྟར་དབྱུང་བར་བྱའོ། །ཟས་འཇུ་བྱེད་པ་མཁྲིས་པ་ནི། །འཇུ་བྱེད་ཡིན་ཞེས་སྔར་བཤད་དོ། ། ཞེས་བྱ་བ་ལ། ཟས་འཇུ་བར་བྱེད་པ་ནི་མཁྲིས་པ་ལྔའི་ཁྱད་པར་འཇུ་བར་བྱེད་པ་ཞེས་བྱ་བའི་མཁྲིས་པ་ཡིན་ནོ་ཞེས་སྔར་ནད་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་ལས་བཤད་པ་ཡིན་ནོ། །ནད་དང་ལུས་ཟུངས་དྲི་མ་ཡི། །དྲོད་ཡིན་ཞེས་ནི་རྒྱུན་ཤེས་ཟེར། །ཞེས་བྱ་བ་ལ། དྲང་སྲོང་རྒྱུན་ཤེས་ཀྱི་བུས་ནི་ ནད་དང་ལུས་ཟུངས་དང་དྲི་མ་རྣམས་ཀྱི་དྲོད་དེ་རླུང་ལ་སོགས་པའི་ནད་རྣམས་དང་། དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང་། བཤང་གཅི་ཞེས་བྱ་བའི་དྲི་མ་དེ་རྣམས་ཀྱི་དྲོད་ནི་མེ་དྲོད་དེ། ནད་དང་ལུས་ཟུངས་དང་དྲི་མ་དང་འདུས་པ་ལས་བྱུང་བའི་ནང་གི་མེ་དྲོད་ཇི་སྐད་དུ་བསྟན་པའི་མེས་ ལས་བྱེད་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་ཟས་ཀྱི་གནས་ཡིན་ཞིང་། །འཛིན་ཅིང་འཛིན་བྱེད་ཅེས་བསྟན་ཏོ། །ཞེས་བྱ་བ་ལ། འཇུ་བར་བྱེད་པ་ཞེས་བྱ་བའི་མཁྲིས་པ་དང་། མེ་དྲོད་ནི་ཟས་ཀྱི་གནས་ཡིན་ཞིང་། ཟས་དེ་ཉིད་འཛིན་ཅིང་ཆགས་པར་བྱེད་པས་ན་འཛིན་པར་བྱེད་ པའོ། །ཞེས་བཤད་དོ། །དེ་ཉིད་ཐང་ལ་འབར་གཞུང་གིས། །མཁྲིས་པ་འཛིན་པའི་ཆ་རུ་བཤད། །ཅེས་བྱ་བ་ལ། འཛིན་པ་དེ་ཉིད་ནི། དྲང་སྲོང་ཐང་ལ་འབར་གྱིས་གཞུང་ངམ་ཕྱོགས་ཀྱིས་དེ་མཁྲིས་པ་འཛིན་པའི་ཆ་ཡིན་ནོ། །ཞེས་བཤད་དོ། །ཚེ་དང་ནད་མེད་བརྩོན་གཟི་མདངས། ། ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད། །ཞུ་བའི་གནས་ཀྱི་སྒོར་ཞུགས་པ། །ཟས་ཀྱི་ལམ་གྱི་སྒོ་གཏན་ཡིན། །ཞེས་བྱ་བ་ལ། འཛིན་པ་དེ་ཉིད་ཞུ་བའི་གནས་ཀྱི་སྒོ་ན་འདུག་པར་གྱུར་ན་ཚེ་འཕེལ་བར་བྱེད་པ་དང་། ནད་མེད་པ་ལ་སོགས་པ་འཕེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ ཟས་ཀྱི་ལམ་ཞུ་བའི་གནས་ཀྱི་ནང་དུ་འགྲོ་བའི་གནས་བྱེད་པ་ཡིན་ཏེ་སྒོ་བྱེད་པའི་གགས་བྱེད་པ་ནི་སྒོ་གཏན་ཡིན་པ་དང་འདྲ་བར་འདིར་ཡང་ཞུ་བའི་གནས་ཀྱི་སྒོར་འདུག་སྟེ་མ་ཞུ་བའི་གནས་དང་ཞུ་བའི་གནས་ཀྱི་བར་དུ་གནས་ནས་དེས་ཀྱང་མེའི་དྲོད་ནང་དུ་སྐྱེད་པས་མ་ཞུ་བའི་གནས་སུ་འགྲོ་བར་ བདོག་པའི་ཟས་སྟོབས་ཀྱིས་བཀག་ནས་མཁྲིས་པའི་མེ་དྲོད་ཀྱིས་སྨིན་ཅིང་སྐེམ་པར་བྱེད་དོ། །དེ་ནི་སྟོབས་ལྡན་ཟོས་པ་རྣམས། །ཞུ་ནས་ཐུར་དུ་འདྲེན་པར་བྱེད། །སྟོབས་ཞན་གྱུར་ན་ཁ་ཟས་ནི། །མ་སྨིན་ཉིད་དུ་འབྱུང་བར་བྱེད། །ཅེས་བྱ་བ་ལ། འཛིན་པར་བྱེད་པ་ཞེས་བྱ་བ་སྟེ་སྟོབས་དང་ ལྡན་པར་གྱུར་ན་ཁ་ཟས་ཟོས་པ་རྣམས་མ་ཞུ་བའི་གནས་སུ་བཀག་ཅིང་སྟོབས་ཀྱིས་བཀག་ནས་སྨིན་ཅིང་ཞུ་བར་བྱས་ཏེ། དེའི་འོག་ཏུ་ཟས་དེ་དྲི་མའི་རྣམ་པར་ཞུ་བའི་གནས་སུ་འདྲེན་པར་བྱེད་ལ། དེ་ནི་སྟོབས་དང་ལྡན་པ་ལས་གྱུར་གྱི་སྟོབས་གཞན་ལས་ནི་མ་ཡིན་ནོ། །གལ་ཏེ་འཛིན་པ་ཞེས་བྱ་བ་ སྟེ། སྟོབས་ཞན་ཅིང་ཉམ་ཆུང་བར་གྱུར་བ་ལ། ནད་ཀྱིས་ཉེན་པ་ཡིན་ན། ཁ་ཟས་མ་ཞུ་ཞིང་མ་སྨིན་པ་ཉིད་དུ་འབྱུང་ཞིང་དོར་བར་བྱེད་དོ། །འཛིན་བྱེད་སྟོབས་ནི་མེ་དྲོད་དེ། །དེ་ཡང་འཛིན་བྱེད་སྟོབས་ཅན་ཡིན། །དེ་བས་མེ་དྲོད་ཉམས་གྱུར་ན། །འཛིན་བྱེད་ནད་ནི་སྐྱེད་པར་བྱེད། ། ཅེས་བྱ་བ་ལ། འཛིན་བྱེད་དེའི་སྟོབས་ནི་འཇུ་བར་བྱེད་པ་ཞེས་བྱ་བའི་མེ་དྲོད་ཡིན་ལ་མེ་དྲོད་དེའི་སྟོབས་ཀྱང་འཛིན་བྱེད་ཡིན་ཏེ། དེ་ལྟར་ན་གྲུབ་པ་དང་། བདེ་བའི་སྦྱོར་བ་གཅིག་གིས་དེ་གཉིས་ལུས་གནས་པར་བྱེད་པ་ཡིན་ནོ། །རྒྱུ་དེ་བས་ན་ཁོང་པའི་མེ་དྲོད་ཉམས་ཤིང་བྲི་བར་གྱུར་ན་འཛིན་པ་ཞེས་བྱ་ བ་དེ་ནད་འབྱུང་བར་བྱེད་པའི་རྒྱུར་འགྱུར་རོ། །ཟས་གང་ལུས་ཀྱི་ལུས་ཟུངས་མདངས། །སྟོབས་དང་ཁ་དོག་སོགས་རྒྱས་བྱེད། །དེར་རྒྱུ་ཁ་ཟས་མེ་དྲོད་ནི། །མི་འཇུ་དྭངས་མ་སོགས་མི་འགྱུར། །ཞེས་བྱ་བ་ལ། གང་ཟས་འདི་ཟོས་ཤིང་བསྟེན་པས་ལུས་དང་ལུས་ཟུངས་ལ་སོགས་པ་རྒྱས་ཤིང་ འཕེལ་བར་བྱེད་པ་དེའི་རྒྱུ་ནི་མེ་དྲོད་ཁོ་ན་ཡིན་ཏེ། གང་གི་ཕྱིར་ཁ་ཟས་མ་ཞུ་བ་ལས་ནི་དྭངས་མ་དང་ཁྲག་ལ་སོགས་པར་མི་འགྱུར་ཏེ། དེ་བས་ན་ལུས་དང་ལུས་ཟུངས་ལ་སོགས་པ་རྒྱས་པར་བྱེད་པ་ལ་ནི་ཐམས་ཅད་དུ་མེའི་དྲོད་ཀྱིས་འཇུ་བའི་བྱ་བ་རྫོགས་པར་བྱ་བའི་ཕྱིར་མེ་དྲོད་ཁོ་ན་རྒྱུའི་གཙོ་བོ་ ཡིན་ནོ། །ཟས་ནི་དུས་སུ་ཟོས་གྱུར་པ། །ལྟོ་བར་སྲོག་གི་རླུང་གིས་དྲངས། །སྐོམ་གྱིས་གོང་བོར་རྣམ་པར་དབྱེ། །སྣུམ་གྱིས་མཉེན་པར་བྱས་པ་ཡིན། །མེ་མཉམ་གནས་ཀྱིས་བུས་ནས་ནི། །མ་ཞུའི་གནས་ནས་རྣམ་སྨིན་བྱེད། །ཕྱི་ཡི་སྣོད་གནས་འབྲས་ཆུ་ལྟར། །ལྟོ་བའི་མེ་ཡིས་ ཞུ་བར་བྱེད། །ཅེས་བྱ་བ་ལ། ཟས་སུ་ཟ་བའི་ཁ་ཟས་དུས་སུ་བསྟེན། །བཤང་བ་དང་ནི་གཅི་བ་བསལ། །དག་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པའི་ཚུལ་དུ་ལོངས་སྤྱོད་པར་འགྱུར་ན། ལྟོའི་གནས་སུ་སྲོག་ཅེས་བྱ་བའི་རླུང་གིས་དྲངས་ཤིང་བཅུག་ནས་སྐོམ་གྱི་རྣམ་པ་གཤེར་ བའི་རྫས་ཆུ་དང་འོ་མ་དང་ཆང་ལ་སོགས་པ་གོང་པོར་གནས་པ་ཆེ་ཞིང་བཤིག་པར་འགྱུར་བ་དང་། སྣུམ་གྱི་རྫས་མར་ལ་སོགས་པས་མཉེན་ཞིང་འཇམ་པ་ཉིད་དུ་བྱས་པ་ཡིན་པ་ལ། དེ་བཞིན་དུ་མ་ཞུ་བའི་གནས་ན་འདུག་པ་ན་སྨིན་ཅིང་འཇུག་པར་བྱེད་པ་ཡིན་ལ། དེ་ཡང་མེ་དང་མཉམ་དུ་གནས་ པ་ཞེས་བྱ་བའི་རླུང་གིས་དེ་མཉམ་པར་སྤར་ཞིང་བུས་ནས་སྨིན་ཅིང་འཇུ་བར་བྱེད་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཕྱིའི་མེས་སྣོད་ཀྱི་ནང་ན་གནས་པའི་ས་དང་ཆུ་འཚེད་ཅིང་སྨིན་པར་བྱེད་པ་དང་འདྲ་བར་ལྟོ་བའི་མེས་ཀྱང་སྨིན་ཅིང་ཞུ་བར་བྱེད་པ་ཡིན་ནོ། །དང་པོར་རོ་དྲུག་ཟས་ཀྱང་ནི། །མངར་བ་ཉིད་དུ་ གྱུར་ནས་ནི། །ལྦུ་བ་ཅན་གྱུར་བད་ཀན་འགྱུར། །ཞེས་བྱ་བ་ལ། ཁ་ཟས་རོ་དྲུག་པོ་དེ་དག་ཀྱང་དང་པོའི་གནས་སྐབས་ལ་བབ་པའི་ཚེ། ལྟོ་བའི་མེ་དྲོད་ཀྱིས་འཇུ་བར་བྱེད་པས་ན། ཁ་ཟས་རོ་དྲུག་ཅར་ཟོས་སུ་ཟིན་ཀྱང་རོ་མངར་བ་ཉིད་དུ་གྱུར་ཅིང་མངར་བའི་རང་བཞིན་གྱིས་བད་ ཀན་གྱི་ནད་བསླངས་ཤིང་དེའི་མཚན་ཉིད་ཅན་དུ་འགྱུར་བ་དང་། ལྦུ་བ་ཅན་ལྦུ་བ་འདྲ་བ་ཉིད་དུ་འགྱུར་རོ། །ཞུ་བའི་གནས་ནས་འཕོ་བ་ན། །རྣམ་པར་ཚ་བས་སྐྱུར་ཉིད་འགྱུར། །མཁྲིས་གྱུར། །ཞེས་བྱ་བ་ལ། དང་པོའི་གནས་སྐབས་འདས་ནས་གནས་སྐབས་བར་མ་ལ་བབ་པའི་ཚེ། ལྟོ་བ་མེའི་ དྲོད་ཀྱིས་སྨིན་པར་བྱེད་ཅིང་འཇུ་བར་བྱེད་པས་ན། རྣམ་པར་ཚ་བས་སྐྱུར་བ་ཉིད་དུ་གྱུར་པས་མཁྲིས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཟས་དེ་ཞུ་བའི་གནས་ནས་འཕོ་བ་ན་མཁྲིས་པ་བསྐྱེད་པ་ཡིན་པའི་ཕྱིར་རོ། །འཕོས་པའི་རྗེས་ལ་ནི། མེ་དྲོད་ཀྱིས་སྐམས་ཞུ་བ་དང་། །ཁ་ཞིང་གོང་བུར་གྱུར་རླུང་ སྐྱེད། །ཅེས་བྱ་བ་ལ། ཟས་དེ་མ་ཞུ་བའི་གནས་ནས་ཞུ་བའི་གནས་སུ་འཕོས་ཤིང་ཞུ་བའི་གནས་སུ་ཕྱིན་པ་དང་། ཁོང་པའི་མེ་དྲོད་ཀྱིས་སྐམས་པ་དང་། རོ་ཁ་བ་དང་གོང་བུར་བསྡུས་པར་གྱུར་པ་ན། གནས་སྐབས་གསུམ་པར་སྲ་བར་གྱུར་པ་ཡིན་ཏེ། དེའི་ཚེ་ན་རླུང་སྐྱེད་པར་འགྱུར་བ་ཡིན་ ནོ། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁར་བཅས་པའི་དྲོད་ལྔ་པོས། །རང་རང་ཡོན་ཏན་ཟས་ལྔ་པོ། །ས་སོགས་ཀྱིས་སྨིན་དེ་འོག་ཏུ། །དེ་དག་རང་རང་ཇི་བཞིན་རྒྱས། །སྨིན་འབྱུང་ཡོན་ཏན་ཐ་དད་ཡིན། །ས་རུ་གཏོགས་པས་ས་ཉིད་དང་། །ལྷག་མས་ལུས་གཏོགས་ལྷག་མ་རྒྱས། །ཞེས་བྱ་ བ་ལ་སོགས་པའི་མེ་དྲོད་རླུང་དང་བཅས་པར་གནས་པའི་དྲོད་ལྔ་པོ་དག་གིས་ཟས་ཀྱི་ཡོན་ཏན་ལྔ་པོ་ལྕི་བ་ལ་སོགས་པ་རང་རང་གི་ཡོན་ཏན་ལ་སོགས་པ་རྗེས་སུ་མཆེད་ཅིང་སྨིན་པར་བྱེད་ལ། དེའི་འོག་ཏུ་ས་ལ་སོགས་པ་དེ་དག་རང་རང་གི་ཡོན་ཏན་གང་ཡིན་པ་ལུས་ལ་ཇི་ལྟར་གནས་པ་བཞིན་དུ་གནས་ ཤིང་འཕེལ་བར་བྱེད་དོ། །དེ་ཡང་སོ་སོ་ནས་ཐ་དད་པ་བྱེད་པ་ཡིན། དེ་ཡང་ས་རུ་གཏོགས་པའི་འབྱུང་བ་ཆེན་པོས་ལུས་ལ་གཏོགས་པའི་སའི་ཡོན་ཏན་རྒྱས་ཤིང་འཕེལ་བར་བྱེད་པ་ཡིན་ལ། ལྷག་མ་སའི་ཡོན་ཏན་ལས་གཞན་པ་མེ་དང་ཆུ་དང་རླུང་དང་ནམ་མཁའ་རྣམས་ཀྱིས་ཀྱང་སའི་ཡོན་ ཏན་ལས་མ་གཏོགས་པ་ལྷག་མ་རང་རང་གི་ཡོན་ཏན་རྣམས་ལུས་ལ་གནས་པ་རྒྱས་ཤིང་འཕེལ་བར་བྱེད་པ་ཡིན་ནོ། །ཟས་དེ་ཞུ་བའི་ཚིགས་མ་དང་། །དྭངས་མ་ཞེས་བྱ་གཉིས་སུ་འགྱུར། །ཞེས་བྱ་བ་ལ། ཟས་དེ་ཞུ་བའི་ཚེ་རྣམ་པ་གཉིས་སུ་འགྱུར་ཏེ། ཚིགས་མའི་ཚུལ་ཅན་དང་། དྭངས་ མའི་ཚུལ་ཅན་ནོ། །དེ་ལས་ཟས་ཀྱི་ཚིགས་མ་སླ། །གཅིན་འགྱུར་སྐ་བ་བཤང་བར་འགྱུར། །ཞེས་བྱ་བ་ལ། དེ་ལ་ཚིགས་མ་དང་དྭངས་མ་དེ་ཉིད་ལས་ཟས་ཀྱི་ཚིགས་མའི་དྭངས་མར་གྱུར་པ་དེ་ནི་གཅིན་ཡིན་པར་ཤེས་པར་བྱ་ལ། ཚིགས་མའི་སྐབས་གོང་བུར་གྱུར་པ་གང་ཡིན་པ་དེ་ནི་བཤང་ བ་ཡིན་པར་ཤེས་པར་བྱའོ། །དྭངས་མ་ལུས་ཟུངས་རང་རང་གི། །མེ་དྲོད་ཀྱིས་སྨིན་རྣམ་བདུན་འགྱུར། །ཞེས་བྱ་བ་ལ། ཟས་ཀྱི་དྭངས་མ་བཅུད་དུ་གྱུར་པའི་དྭངས་པའི་བདག་ཉིད་ཅན་གང་ཡིན་པ་དེ་ལུས་ཟུངས་རང་གི་མེ་དྲོད་ཀྱིས་ཡང་སྨིན་ཅིང་ཚོས་པར་བྱས་པ་ན་རྣམ་པ་བདུན་དུ་འགྱུར་རོ། ། དྭངས་མ་ལས་ཁྲག་དེ་ལས་ཤ །ཤ་ལས་ཚིལ་ཏེ་དེ་ལས་རུས། །རུས་རྐང་དེ་ལས་ཁུ་བ་ཡིན། །ཁུ་བ་ལས་ནི་མངལ་གནས་འགྱུར། །ཞེས་བྱ་བ་ལ། ལུས་ཟུངས་ཀྱི་དང་པོ་དྭངས་མ་ལས་ནི་ཁྲག་ཏུ་འགྱུར་རོ། །ཁྲག་དེ་ལས་ནི་ཤ་རུ་འགྱུར་ལ། ཤ་ལས་ནི་ཚིལ་དུ་འགྱུར་རོ། །ཚིལ་ལས་ནི་རུས་ པའོ། །རུས་པ་ལས་ནི་རྐང་དུ་འགྱུར་རོ། །རྐང་ལས་ནི་ཁུ་ཆུར་འགྱུར་རོ། །ཁུ་ཆུ་ལས་ནི་མངལ་དུ་གནས་ཤིང་བུ་ཆགས་པའི་རྒྱུར་འགྱུར་རོ། །ལུས་ཟུངས་ཚིགས་མ་རིམ་བཞིན་དུ། །བད་མཁྲིས་བུ་གའི་དྲི་མ་དང་། །རྔུལ་དང་སེན་མོ་བ་སྤུ་དང་། །མིག་ལྤགས་བཤང་སྣུམ་དྭངས་མ་ཡིན། ། ཞེས་བྱ་བ་ལ། དེ་ལས་ལུས་ཟུངས་ཀྱི་ནང་ན་དྭངས་མའི་ཚིགས་མ་ནི་བད་ཀན་ནོ། །ཁྲག་གི་ཚིགས་མ་ནི་མཁྲིས་པའོ། །ཤའི་ཚིགས་མ་ནི་བུ་ག་སྟེ། རྣ་བ་དང་མིག་དང་སྣ་དང་ཁ་དང་བ་སྤུའི་བུ་ག་དང་། བཤང་སྒོ་དང་མཚན་གྱི་ནང་ནས་གང་དག་འབྱུང་བ་རྣམས་སོ། །ཚིལ་གྱི་ཚིགས་མ་ནི་ གང་ལུས་ཀྱི་ནང་ནས་རྔུལ་འབྱུང་བའོ། །རུས་པའི་ཚིགས་མ་ནི་སེན་མོ་དང་བ་སྤུའོ། །རྐང་གི་ཚིགས་མ་ནི་མིག་དང་པགས་པ་དང་བཤང་བའི་ཡུལ་སྣུམ་པའོ། །ཁུ་ཆུའི་ཚིགས་མ་ནི་ལུས་ཟུངས་ཐམས་ཅད་ཀྱི་མདངས་སུ་གྱུར་པའོ། །དེ་ལྟར་ན་རིམ་པ་བཞིན་དུ་སྦྱར་བ་ཡིན་ཏེ། ཚིགས་མ་ ཞེས་བྱ་བ་ནི་དྲི་མ་ལ་བྱ་བའི་དོན་ནོ། །དེ་ལྟར་ལུས་ཟུངས་སྨིན་པ་ལས། །དྭངས་མ་ཚིགས་མ་གཉིས་སུ་འགྱུར། །ཞེས་བྱ་བ་ལ། ཇི་སྐད་དུ་བཤད་པའི་དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ནི་མེ་དྲོད་ཀྱིས་སྨིན་པར་བྱས་པ་ལས། དྭངས་མ་དང་སྙིགས་མ་སྟེ། གཉིས་སུ་འགྱུར་ཞིང་རྣམ་པ་གཉིས་ཁོ་ནར་གནས་པ་ཡིན་ནོ། །ལུས་ཟུངས་སྣུམ་ནི་གཅིག་ལ་གཅིག །ཕན་ཚུན་ཉེ་བར་བརྟེན་པ་ཡིན། །ཞེས་བྱ་བ་ལ། ལུས་ཟུངས་རྣམས་ཀྱི་སྣུམ་ནི་དྭངས་མའི་སྙིང་པོ་སྟེ། ལུས་ཟུངས་ཀྱི་སྙིང་པོ་དེ་གཅིག་ལས་གཅིག་ཏུ་བརྒྱུད་ཅིང་ཟས་ཀྱི་རོ་བཅུད་ ཀྱིས་ཚིམ་ཞིང་བརྟེན་པར་བྱས་པ་ལས་རྒྱུན་མི་འཆད་ཅིང་འབྲེལ་ཏེ་གནས་པ་གང་ཡིན་པ་དེ་ནི་ཕན་ཚུན་ཉེ་བར་བརྟེན་པ་ལས་སྐྱེས་པ་ཡིན་ཏེ། ལུས་ཟུངས་འདི་དག་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་འདབ་འབྱོར་པ་དེ་ལས་ལུས་ཟུངས་ཀྱི་སྣུམ་གཅིག་ནས་གཅིག་ཏུ་བརྒྱུད་པ་འབྱུང་བར་ འགྱུར་རོ། །ཟས་འཇུ་དྭངས་མ་སོགས་རིམ་གྱིས། །ཁུ་ཆུར་གྱུར་པ་ལ་ལ་ནི། །ཉིན་ཞག་གཅིག་འདོད་གཞན་དག་ནི། །ཞག་དྲུག་ཁ་ཅིག་ཟླ་གཅིག་འདོད། །ཅེས་བྱ་བ་ལ། ཟས་དང་པོ་ཞུ་ནས་དྭངས་མ་ལ་སོགས་པའི་དངོས་པོ་ཡོངས་སུ་གྱུར་པའི་མཚན་ཉིད་ཀྱིས་ཁུ་ཆུ་ཉིད་དུ་ གྱུར་པ་ནི། སྨན་པ་ལ་ལ་ཉིན་ཞག་གཅིག་གིས་འགྱུར་བར་འདོད་ལ། སྨན་པ་གཞན་དག་ནི་ཞག་དྲུག་གིས་ཁུ་ཆུ་དག་ཏུ་འགྱུར་རོ། །ཞེས་ཟེར་རོ། །ཡང་སྲོག་འཚོ་བའི་སློབ་དཔོན་ཁ་ཅིག་ཟས་ཞུ་ནས་དྭངས་མ་ལ་སོགས་པ་རིམ་གྱིས་ཟླ་བ་གཅིག་གིས་ཁུ་ཆུར་འགྱུར་བར་འདོད་དོ། ། ལུས་ཀྱི་ཟུངས་ནི་ཟས་ཀྱི་རྒྱུན། །འཁོར་ལོ་ལྟ་བུར་ཡོངས་སུ་འཁོར། །ཞེས་བྱ་བ་ལ། ལུས་ཟུངས་རྣམས་ཀྱི་ཟས་ཡིན་པས་ན་ལུས་ཟུངས་ཀྱི་ཟས་ཏེ། ལུས་ཟུངས་རྣམས་ནི་ལུས་ཟུངས་ཀྱི་ཟས་ཡིན་ནོ། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ན་ལུས་ཟུངས་རྣམས་ཀྱི་རྟེན་དུ་ནི་ལུས་ཟུངས་རྣམས་ གནས་པ་ཡིན་ལ། དེ་རྣམས་ཀྱི་རྒྱུ་བའི་རྒྱུན་ནི་འཁོར་ལོའི་ཚུལ་ལྟར་རྒྱུན་མི་འཆད་པར་འཁོར་བ་ཡིན་ཞིང་ཟས་ལ་བརྟེན་པས་བརྟས་པར་འགྱུར་བའི་ཕྱིར་རོ། །རོ་ཙ་ལ་སོགས་མཐུ་ཡིས་ནི། །འཕྲལ་དུ་ཁུ་བ་ལ་སོགས་སྐྱེད། །ཅེས་བྱ་བ་ལ། འོ་མ་དང་ཤ་ཁུ་ལ་སོགས་པ་རོ་ཙ་བར་བྱེད་པའི་ཁ་ཟས་ དང་དེ་བཞིན་དུ་སོགས་ཞེས་སྨོས་པས་དུག་དང་སྦྱར་དུག་རབ་ཏུ་ཞི་བ་ལ་སོགས་པས་འཕྲལ་དུ་སྟེ། དེའི་མོད་ལ་དེའི་ཁུ་བ་ལ་སོགས་པ་སྐྱེད་དོ། །ཕལ་ཆེར་སྨན་གཞན་ཉིན་ཞག་ནི། །གཅིག་གིས་ལས་རྣམས་བྱེད་པ་ཡིན། །ཞེས་བྱ་བ་ལ། ཕལ་ཆེར་ཞེས་བྱ་བ་རོ་ཙ་བ་ལ་སོགས་པ་མ་ གཏོགས་པའི་སྨན་གཞན་ཕྱེ་མ་དང་བུ་རམ་ལ་སོགས་པ། སྨིན་པ་ལ་སོགས་པའི་བྱ་བ་བྱེད་པ་དག་ནི། ཕལ་ཆེར་ཉིན་ཞག་གཅིག་ནི་རང་གི་ལས་བྱེད་པ་ཡིན་ནོ། །ཁྱབ་བྱེད་ཀྱིས་དྭངས་ལུས་ཟུངས་རྣམས། །འཐོར་བར་བྱེད་པའི་ལས་ཀྱིས་ནི། །ཅིག་ཅར་རྒྱུན་མི་འཆད་ཀུན་ཏུ། །ལུས་ལ་ རྟག་ཏུ་རྣམ་པར་འཐོར། །ཞེས་བྱ་བ་ལ། རླུང་ཁྱབ་བྱེད་ཀྱིས་དྭངས་མ་དང་། ལུས་ཟུངས་རྣམས་ལ་འཐོར་ཞིང་ཁྱབ་པར་བྱེད་པ་ཡིན་ལ། འཐོར་ཞིང་ཁྱབ་པར་བྱེད་པའི་ལས་དེ་དང་འཚམ་པའི་རང་བཞིན་དུ་གྲུབ་པ་གང་ཡིན་པ་དེས་ཅིག་ཅར་རྒྱུན་མི་འཆད་ཅིང་བར་ཆད་མེད་པར་ལུས་ལ་རྟག་ཏུ་རྣམ་ པར་འཐོར་ཞིང་ཁྱབ་པར་བྱེད་པ་ཡིན་ནོ། །གཏོར་ཚེ་བུ་གའི་སྐྱོན་གྱིས་ནི། །དྭངས་མ་གོང་དུ་ཆགས་གྱུར་ཏེ། །དེར་ནི་གནོད་པ་སྐྱེད་བྱེད་དེ། །མཁའ་ལ་སྤྲིན་ཆགས་ཆར་འབབ་མཚུངས། །ཞེས་བྱ་བ་ལ། དྭངས་མའི་ཟས་རབ་ཏུ་སྒྲུབ་པར་བྱེད་པ་ཞེས་བྱ་བ་སྟེ། ཁྱབ་བྱེད་ཀྱིས་གཏོར་བའི་ཚེ་ བུ་ག་ནད་ཀྱིས་འཁྲུགས་པའི་སྐྱོན་གྱིས་དྭངས་མའི་ཕྱོགས་གང་དུ་ཆགས་ཤིང་གནས་པར་གྱུར་པའི་ལུས་ཀྱི་ཕྱོགས་དེར་གནོད་པ་བྱེད་ཅིང་ནད་སྐྱེད་པར་བྱེད་དོ། །དེ་ཡང་ཇི་ལྟར་ནམ་མཁའི་བར་སྣང་ལ་སྤྲིན་ཆགས་པར་གྱུར་ན། དེ་ལས་ཆར་བབ་པར་འགྱུར་བ་དང་མཚུངས་སོ། །ནད་ཀྱང་མ་སྙོམས་ གྱུར་པ་ལས། །ཕྱོགས་གཅིག་འདུས་ན་ལྡང་བར་འགྱུར། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་རྣམས་ཀྱང་ཚུལ་དེ་བཞིན་དུ་མ་སྙོམས་པར་གྱུར་པ་ལས་ཕྱོགས་གཅིག་ཏུ་འདུས་ན་གནས་ཀྱི་སྐྱོན་གྱིས་ནད་སྐྱེད་པར་འགྱུར་རོ། །དེ་ལྟར་འབྱུང་བ་ལུས་ཟུངས་མེའི། །ལས་ནི་ཡོངས་སུ་བཤད་པ་ ཡིན། །ཞེས་བྱ་བ་ལ། དེ་ལྟར་བཤད་པའི་རིམ་པས་མེའི་ལས་བཤད་ཅིང་བསྟན་པ་ཡིན། དེ་ཡང་ཟས་འཇུ་ཞིང་སྨིན་པའི་ལས་དང་དེ་བཞིན་དུ་འབྱུང་བ་ཆེན་པོ་ལྔ་དང་དེ་བཞིན་དུ་ལུས་ཟུངས་ཀྱི་མེ་བཤད་པ་ཡིན་ཏེ། ཟས་ཀྱི་མེ་ནི། ཟས་ནི་དུས་སུ་ཟོས་གྱུར་པ། །ཞེས་བྱ་བ་ལ་སོགས་པས་ ལྟོ་བའི་མེའི་ལས་བཤད་པ་ཡིན་ནོ། །ས་དང་ཆུ་དང་མེ་དང་རླུང་། །ཞེས་བྱ་བ་ལ་སོགས་པ་ནི། འབྱུང་བ་ལྔའི་ལས་བཤད་པ་ཡིན་ནོ། །དྭངས་མ་ལུས་ཟུངས་རང་རང་གིས། །ཞེས་བྱ་བ་ནི། ལུས་ཟུངས་ཀྱི་མེའི་ལས་བཤད་པ་ཡིན་ནོ། །སྨིན་བྱེད་ཀུན་ལ་ཟས་འཇུ་བའི། ། མེ་ནི་ལྷག་པ་ཡིན་པར་འདོད། །ཅེས་བྱ་བ་ལ། སྨིན་པར་བྱེད་པ་མེའི་དྲོད་ཐམས་ཅད་ཀྱི་ནང་ནས་ཟས་འཇུ་བར་བྱེད་པའི་ཕོ་བའི་མེ་དྲོད་གང་ཡིན་པ་དེ་ནི་ལྷག་ཅིང་མཆོག་ཏུ་གྱུར་པར་འདོད་པ་ཡིན་ནོ། །དེ་ནི་རྩ་བ་དེ་འཕེལ་འཕེལ། །ཟད་གྱུར་ཟད་པའི་བདག་ཉིད་འགྱུར། །ཞེས་བྱ་བ་ལ། གང་ གི་ཕྱིར་ཟས་འཇུ་བའི་མེ་དྲོད་དེ་ནི་རྩ་བ་ཡིན་ཏེ། འཕེལ་བར་གྱུར་ན། མེ་དྲོད་གཞན་དག་ཀྱང་འཕེལ་བར་འགྱུར་ལ། ཟས་ཀྱི་མེ་དྲོད་དེ་ཟད་པར་གྱུར་ན་འབྱུང་བ་ལྔ་དང་ལུས་ཟུངས་ཀྱི་མེ་དྲོད་ཀྱང་ཟས་ཀྱི་བདག་ཉིད་ཅན་དུ་འགྱུར་རོ། །དེ་བས་རིགས་པས་ཆོ་ག་བཞིན། །ཟས་སྐོམ་རིགས་ཤིང་ ཕན་པ་ཡིན། །དེ་འབད་པས་བསྲུང་གནས་གྱུར་ན། །ཚེ་དང་སྟོབས་ནི་གནས་པར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་རྩ་བ་ཡིན་པའི་རྒྱུ་ཡིན་པ་དེ་བས་ན། ཟས་འཇུ་བར་བྱེད་པའི་མེ་དྲོད་དེ་རིགས་ཤིང་ཕན་པའི་ཆོ་ག་བཞིན་དུ་ཟས་དང་སྐོམ་གྱི་བུད་ཤིང་རྗེས་སུ་མཐུན་པར་བསྲུང་ཞིང་བསྐྱང་བ་ ལ་འབད་པ་དང་ལྡན་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཟས་འཇུ་བའི་ཕོ་བའི་མེ་གནས་པར་གྱུར་ན་ཚེ་གནས་པར་འགྱུར་བ་དང་། ལུས་ཀྱི་སྟོབས་གནས་པར་འགྱུར་བ་ཡིན་ནོ། །མཉམ་གནས་རང་གནས་འདུག་ན་མཉམ། །མཉམ་ལས་གཞན་འགྲོ་དྲོད་མི་སྙོམས། །མཁྲིས་པ་ཤས་ཆེར་ རྣོ་བར་འགྱུར། །བད་ཀན་གྱིས་གནོད་མེ་དྲོད་ཆུང་། །ཞེས་བྱ་བ་ལ། མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་རང་གི་གནས་སུ་འདུག་ལ། མེའི་དྲོད་ཀྱང་མཉམ་ཞིང་སྙོམས་པར་འགྱུར་ལ། ལམ་གཞན་དུ་འགྲོ་ཞིང་རང་གི་གནས་ན་འདུག་ན་མེའི་དྲོད་མི་སྙོམས་ཤིང་ཆ་མི་སྙོམས་པར་འགྱུར་ རོ། །མེ་དང་མཉམ་དུ་གནས་པ་དེ་བད་ཀན་གྱི་ཤས་ཀྱིས་མནན་ཅིང་གནོད་པར་གྱུར་ན། མེ་དྲོད་ཆུང་བར་འགྱུར་རོ། །མེ་དྲོད་མཉམ་དང་མི་མཉམ་རྣོ། །ཆུང་དང་དེ་ལྟར་རྣམ་བཞི་ཡིན། །ཞེས་བྱ་བ་ལ། མེའི་དྲོད་ཀྱི་སྟོབས་ཀྱི་དབྱེ་བ་ནི་ཆ་མཉམ་པ་དང་། ཆ་མི་མཉམ་པ་དང་། རྣོ་བ་དང་ཆུང་ བ་སྟེ་རྣམ་པ་བཞིར་འགྱུར་བ་ཡིན་ནོ། །གང་ཞིག་ཟས་ནི་ལེགས་ཟོས་པ། །ལེགས་པར་འཇུ་འདི་མཉམ་པ་ཡིན། །ཞེས་བྱ་བ་ལ། ད་ལ་མེ་ཤས་མཉམ་པ་ནི་ཟས་ཀྱི་ཚོད་ལ་སོགས་པ་ལེགས་པར་བརྟགས་ཏེ། ཟོས་པ་དེ་ལེགས་པར་འཇུ་བར་འགྱུར་བ་ཡིན་ནོ། །ལེགས་པར་མ་ཟོས་མྱུར་ འཇུ་བའམ། །ལེགས་ཟོས་རིང་ཞིང་འཇུ་མི་མཉམ། །ཞེས་བྱ་བ་ལ། མེ་དྲོད་མི་མཉམ་ཞིང་མི་སྙོམས་པ་ནི། ཟས་ཀྱི་ཆོ་གའི་ཚུལ་བཞིན་དུ་ལེགས་པར་མ་ཟོས་ཀྱང་མྱུར་དུ་འཇུ་བའམ་ལེགས་པར་ཟོས་སུ་ཟིན་ཀྱང་རིང་ཞིག་ན་འཇུ་བར་གྱུར་པ་ཡིན་ནོ། །ཟས་ནི་ལེགས་པར་མ་ཟོས་ཀྱང་། །མྱུར་ འཇུ་མེ་དྲོད་རྣོན་པོ་ཡིན། །ཞེས་བྱ་བ་ལ། མེའི་དྲོད་རྣོན་པོའི་མཚན་ཉིད་ནི། ཚད་ལ་སོགས་པ་དང་ལྡན་པར་ལེགས་པར་མ་ཟོས་སུ་ཟིན་ཀྱང་མྱུར་དུ་འཇུ་བར་བྱེད་པ་ཡིན་ཏེ། དེ་ཉིད་འཕེལ་བར་གྱུར་ན། མེ་དྲོད་དྲགས་ཆེས་པར་འགྱུར་རོ། །ཟས་ནི་ལེགས་པར་ཟོས་གྱུར་ཀྱང་། །རིང་ནས་འཇུ་ཞིང་ ཁ་སྐམ་དང་། །སྦོ་དང་རྒྱུ་མ་འཁྲུགས་པ་དང་། །ལྕི་བ་མེ་དྲོད་ཆུང་བ་ཡིན། །ཞེས་བྱ་བ་ལ། མེ་དྲོད་ཆུང་བ་ནི་ཟས་ཀྱི་ཆོ་ག་ལེགས་པར་ཟོས་སུ་ཟིན་ཀྱང་ཁ་སྐམ་པ་ལ་སོགས་པར་བྱེད་ནས་རིང་ཞིག་ན་གདོད་འཇུ་བར་བྱེད་པ་ཡིན་ནོ། །རྒྱུ་མ་འཁྲུགས་པ་ནི་སྒྲ་མི་གསལ་བར་ཀྲུག་ཀྲུག་ཟེར་བའོ། ། ལྕི་བ་ནི་ལུས་ཀྱི་ཁོང་ལྕི་ཞིང་སྙོམ་པའོ། །མེ་དྲོད་ཉམས་ན་འཆི་འགྱུར་ཞིང་། །སྐྱོན་མེད་ན་ནི་ཡུན་རིང་འཚོ། །མ་སྙོམས་ནད་ནི་སྐྱེ་འགྱུར་བས། །དེའི་ཕྱིར་མེ་དྲོད་གཙོ་བོ་ཡིན། །ཞེས་བྱ་བ་ལ། གོང་དུ་སྨོས་པའི་མེ་དྲོད་ཉམས་ཤིང་མེད་པར་གྱུར་ན་ནི། འཆི་ཞིང་སྲོག་འདོར་བར་འགྱུར་ལ། སྐྱོན་མེད་ཅིང་ནད་ཀྱི་ཉེས་པ་དང་མ་འདྲེས་ན་ཡུན་རིང་དུ་འཚོ་ཞིང་ཚེ་གནས་པར་འགྱུར་རོ། །མེའི་དྲོད་ཆེ་ཆུང་མ་སྙོམས་པར་གྱུར་ན་ནི་ནད་རྣམས་སྐྱེད་པར་འགྱུར་ལ། དེ་བས་ན་མེའི་དྲོད་ནི་ལུས་གནས་པ་ཡིན་ནོ། །ཞེས་བཤད་དོ། །ལུས་སྟོབས་ལྷན་ཅིག་སྐྱེས་པ་དང་། །དུས་སྐྱེས་རིགས་པ་ལས་ བྱུང་གསུམ། །ཞེས་བྱ་བ་ལ། ལུས་ཀྱི་སྟོབས་ཀྱི་ཚུལ་ནི་རྣམ་པ་གསུམ་སྟེ། ལྷན་ཅིག་སྐྱེས་པ་དང་། དུས་ཀྱི་དབང་གིས་སྐྱེས་པ་དང་། རིགས་པའི་སྦྱོར་བ་ལས་སྐྱེས་པའོ། །དེ་ལ་ལུས་སེམས་ལས་བྱུང་བ། །རང་བཞིན་ལྷན་ཅིག་སྐྱེས་པའི་སྟོབས། །ཞེས་བྱ་བ་ལ། སྟོབས་དེ་དག་གི་ ནང་ནས་ལུས་དང་སེམས་ལས་བྱུང་བའི་སྟོབས་རང་བཞིན་གྱིས་གནས་པའམ། ཐ་མལ་བར་གནས་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་སྟོབས་ཞེས་བྱའོ། །ན་ཚོད་དུས་ཚིགས་ལས་བྱུང་བ། །དུས་སྐྱེས་ཡིན་ཏེ། ཞེས་བྱ་བ་ལ། ན་ཚོད་བྱིས་པ་དང་ དར་ལ་བབ་པ་ལ་སོགས་པའི་དབྱེ་བས་ཕྱེ་བའི་དབང་ལས་བྱུང་ཞིང་ན་ཚོད་ཇི་ལྟ་བའི་ཚུལ་མ་སྐྱེས་པ་དང་། དགུན་ལ་སོགས་པའི་དུས་ལས་བྱུང་ཞིང་སྐྱེད་པའི་དུས་ལས་བསྐྱེད་པ་སྟེ། དེ་གཉིས་ནི་དུས་ལས་སྐྱེས་པའི་སྟོབས་ཞེས་བྱའོ། །རིགས་པ་ལས། བྱུང་བ་སྤྱོད་ལམ་ཟས་ཀྱིས་ བསྐྱེད། །དེ་བཞིན་གཟི་བསྐྱེད་སྦྱོར་ལས་བྱུང་། །ཞེས་བྱ་བ་ལ། དེ་ལ་རིགས་པ་ལས་བྱུང་བའི་སྟོབས་སྤྱོད་ལམ་ཞེས་པ་ལུས་དང་ངག་དང་ཡིད་ཀྱིས་བྱས་པའི་སྤྱོད་ལམ་རྣམ་པ་སྣ་ཚོགས་པ་དང་། དེ་བཞིན་དུ་ཟས་ཀྱི་རྣམ་པ་བཟའ་བ་དང་། བཏུང་བ་དང་། བལྡག་པ་དང་། མྱང་བ་ལ་ སོགས་པ་རྣམ་པ་དུ་མ་སྟེ། དེ་གཉིས་ལས་བྱུང་བ་ནི་རིགས་པ་ལས་བྱུང་བ་ཞེས་བྱའོ། །དེ་ཡང་རིགས་པ་ནི་འདི་དང་འདི་ལྟར་བྱའོ། །ཞེས་བྱ་བའི་ཆོ་གའི་ཚུལ་ངེས་པ་སྟེ། དེ་ལས་བྱུང་བའོ། །དེ་བཞིན་དུ་གཟི་མདངས་བསྐྱེད་པའི་སྦྱོར་བ་ལས་བྱུང་བ་དེ་ཡང་རིགས་པ་ལས་བྱུང་བ་ཡིན་ཏེ། གཟི་མདངས་བསྐྱེད་པའི་སྦྱོར་བ་ནི་ཕལ་ཆེར་བཅུད་ཀྱིས་ལེན་པ་དང་། རོ་ཙ་བའི་སྦྱོར་བ་ཡིན་པས། དེ་གཉིས་ལས་སྐྱེས་པས་ན་གཟི་མདངས་བསྐྱེད་པའི་སྦྱོར་བ་ལས་བྱུང་བ་ཞེས་བྱའོ། །ཡུལ་ཕྱོགས་ཤིང་རི་ཆུ་ཉུང་ལ། །སྐམས་ནད་ཉུང་སྐྱེད་བྱེད་ཡིན། །རླན་ཅན་དེ་ལས་བཟློག་པ་ཡིན། ། ཆ་མཉམ་ཐུན་མོང་ཡིན་པར་བཤད། །ཅེས་བྱ་བ་ནི། སྐམ་སའི་ཡུལ་ཕྱོགས་ཤིང་དང་རི་དང་ཆུ་ཉུང་ཞིང་ཤས་ཆུང་བ་གང་ཡིན་པ་དེ་ནི་ནད་ཉུང་བ་སྐྱེད་ཅིང་ནད་མེད་པའི་རྒྱུ་ཡིན་ལ། ཡུལ་ས་རླན་ཅན་དག་ནི་སྐམས་ལས་གོ་བཟློག་པ་ཡིན་ཏེ། ཤིང་དང་རི་དང་ཆུ་མང་བ་དེ་ནད་སྐྱེད་པ་ཡིན་ ནོ། །དེ་གཉི་གའི་ཆ་མཉམ་པ་ནི་ཐུན་མོང་ཡིན་ཏེ། གཉི་གའི་ཆ་ཡོད་པའི་ཕྱིར་རོ། །རྐང་དང་ཚིལ་དང་ཞག་དང་གཅིན། །མཁྲིས་པ་བད་ཀན་ཕྱི་ས་ཁྲག །དྭངས་མ་ཆུ་རྣམས་ལུས་གནས་པའི། །སྙིམ་པ་རེ་རེས་བསྐྱེད་པར་བྱ། །ཞེས་བྱ་བ་ལ། ལུས་དང་རྐང་ནས་ཆུའི་བར་དག་གང་ ཡོད་པ་ནི་སྙིམ་པ་རེ་རེས་བསྐྱེད་པར་བྱ་སྟེ། དེའང་། རྐང་ནི་སྙིམ་པ་གཅིག་གོ། །ཚིལ་ནི་སྙིམ་པ་གཉིས་སོ། །ཞག་ནི་སྙིམ་པ་གསུམ་མོ། །གཅིན་ནི་སྙིམ་པ་བཞིའོ། །མཁྲིས་པ་ནི་སྙིམ་པ་ལྔའོ། །བད་ཀན་ནི་དྲུག་གོ། །ཕྱིས་ནི་བདུན་ནོ། །ཁྲག་ནི་བརྒྱད་དོ། །དྭངས་མ་ནི་དགུའོ། ། ཆུ་ནི་སྙིམ་པ་བཅུའོ། །མདངས་དང་ཀླད་རྒྱས་ཁུ་ཆུ་ནི། །རེ་རེའང་རང་གི་ཁྱོར་གང་ཡིན། །ཞེས་བྱ་བ་ལ། དྭངས་མ་ལ་སོགས་པ་གསུམ་པོ་ནི་རེ་རེ་ཞིང་ཡང་རང་གི་ཁྱོར་ཚད་ཀྱི་ཁྱོར་རེ་རེ་ཡོད་པར་སློབ་དཔོན་དག་གིས་བཤད་དོ། །བུད་མེད་ནུ་ཞོ་སྙིམ་དོ་དང་། །ཟླ་མཚན་སྙིམ་པ་བཞི་ ཡོད་དོ། །ཞེས་བྱ་བ་ལ། བུད་མེད་རྣམས་ལ་ནུ་ཞོ་ནི་རང་གི་ཚད་ཀྱི་སྙིམ་དོ་ཡོད་ལ། ཟླ་མཚན་གྱི་ཁྲག་ནི་སྙིམ་པ་བཞི་ཡོད་པ་ཡིན་ནོ། །འདི་ལྟར་སྙིམ་པ་དང་ཁྱོར་བ་ཞེས་སྨོས་པ་ནི། རང་རང་གི་ལག་པའི་ཚད་ཀྱི་ཆེ་ཆུང་ལ་བྱའི། སྲང་ཚད་ཀྱི་ཡི་གེ་ལས་སྨོས་པ་ལྟར་སྲང་བཞི་དང་སྲང་ གཉིས་ལ་མི་བྱ་སྟེ། འདིར་རང་གི་ཞེས་སྨོས་པའི་ཕྱིར་རོ། །དེ་ལ་སྙིམ་པ་ནི་ལག་པ་གཉིས་སྦྱར་བ་ལས་བྱུང་བའོ། །ཁྱོར་བ་ནི་ལག་པ་གཅིག་སྐྱོར་ཏེ་བཞག་པའོ། །ལུས་ཟུངས་མཉམ་ནས་ཚད་འདི་ཡིན། །དེ་ལས་འཕེལ་དང་ཟད་ཅེས་བྱ། །ཞེས་བྱ་བ་ལ། གོང་དུ་བཤད་པའི་ཚུལ་འདི་ནི། སྐྱེས་བུ་ལུས་ཟུངས་ཆ་མཉམ་པར་གནས་པ་ལས་ཚད་དུ་བྱ་བ་ཡིན་པས། ཚད་དེ་ལ་འཕེལ་བ་དང་ཟད་པར་གྱུར་པར་ཤེས་ཤིང་རྟོགས་པར་བྱའོ། །ཁུ་ཆུ་ཁྲག་དང་སྦྲུམ་མའི་ཟས། །སྤྱོད་ལམ་མངལ་གནས་དུས་ཚིགས་ནས། །གང་ཞིག་ཉེས་པ་ལྷག་གྱུར་དེས། །རང་བཞིན་རྣམ་པ་བདུན་དུ་ བཤད། །ཅེས་བྱ་བ་ལ། ཁུ་བ་དང་། ཁྲག་དང་། སྦྲུམ་མའི་ཟས་དང་། སྤྱོད་ལམ་མངལ་གྱི་གནས་དང་། དུས་ཚིགས་དེ་རྣམས་ལས་གང་ཞིག་ནད་ཀྱིས་ཉེན་པའི་དབང་གིས་ཚད་ལས་ལྷག་པར་གྱུར་པ་དེས། ཁུ་ཆུ་ལ་སོགས་པར་གནས་པའི་རང་བཞིན་རྣམ་པ་བདུན་བཤད་དེ། རླུང་གི་རང་ བཞིན་དང་། མཁྲིས་པའི་རང་བཞིན་དང་། བད་ཀན་གྱི་རང་བཞིན་དང་། རླུང་དང་མཁྲིས་པའི་རང་བཞིན་དང་། རླུང་དང་མཁྲིས་པ་དང་བད་ཀན་གྱི་རང་བཞིན་ཏེ་དེ་ལྟར་བདུན་ནོ། །ཁྱབ་དང་མྱུར་བར་བྱེད་ཕྱིར་དང་། །སྟོབས་ལྡན་པ་དང་གཞན་ལྡང་བྱེད། །རང་དབང་ཅན་དང་ནད་མང་ཕྱིར། །ནད་ ལས་ཕལ་ཆེར་རླུང་སྟོབས་ཅན། །ཞེས་བྱ་བ་ལ། རླུང་ནད་ཀྱི་རང་བཞིན་ནི་ཁྱབ་ཅིང་ཀུན་ཏུ་འགྲོ་བ་དང་། མྱུར་ཞིང་རེངས་བར་ནད་སྐྱེད་པ་དང་། སྟོབས་དང་ལྡན་ཞིང་མཐུ་ཆེ་བ་དང་། མཁྲིས་པ་དང་བད་ཀན་གྱི་ནད་ལྡང་བར་བྱེད་པ་དང་། བཤང་གཅི་ལ་སོགས་པ་འདྲེན་པར་ བྱེད་པ་དང་། རང་དབང་ཅན་རང་རྒྱུད་དུ་གནས་པ་དང་། དེ་བཞིན་དུ་ནད་མང་བ་སྟེ། རླུང་ནད་བརྒྱད་ཅུ་སྐྱེད་པའི་ཕྱིར་ནད་གཞི་གསུམ་ཆ་ལས་ཀྱང་རླུང་ནད་ནི་ཕལ་ཆེར་ཞེས་སྨོས་པ་ནི་ཁྱད་པར་དུ་བྱས་པའི་ཚིག་སྨོས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་རླུང་གིས་བསྐྱོད་པའི་མི་རྣམས་ནི། ནད་ཀྱི་བདག་ ཉིད་རྡུལ་ཅན་སྐྲ་བཤོར་པགས་པ་གས། །གྲང་ལྷགས་མི་བཟོད་བརྟན་དྲན་བློ་གྲོས་སྤྱོད་མཛད་སྲེད། །བལྟ་དང་འགྲོ་བ་གཡོ་ཞིང་སྨྲ་བ་ཤིན་ཏུ་མང་། །ཞེས་བྱ་བ་ལ། རྒྱུ་དེ་ཉིད་ཀྱིས་ནི་རླུང་གི་ནད་ཀྱིས་བསྐྱོད་པའི་མི་རླུང་གིས་ཁུ་ཆུ་དང་ཁྲག་ལ་སོགས་པ་བསྐྱོད་པར་འགྱུར་བའི་མི་རྣམས་ནི། ནད་ ཀྱི་བདག་ཉིད་ཅན་དུ་གནས་པ་དང་། རྡུལ་གྱིས་གཏོར་བ་ལྟ་བུར་སྐྲ་དང་ལུས་ལ་སོགས་པར་གནས་པ་དང་། དེ་བཞིན་དུ་གྲང་ལྷགས་མི་བཟོད་ཅིང་དྲོ་བར་འདོད་པ་དང་། དེ་བཞིན་དུ་བརྟེན་པ་ནས་འགྲོ་བའི་བར་ཤིན་ཏུ་གཡོ་ཞིང་བརྟེན་པ་མ་ཡིན་ཏེ། བརྟན་པ་ནི་སྲན་ཐུབ་པའོ། །དྲན་པ་ནི་མི་བརྗེད་ པའོ། །བློ་གྲོས་ནི་ཤེས་རབ་བོ། །སྤྱོད་པ་ནི་རྩོམ་པའོ། །མཛའ་ལ་སྲེད་པ་ནི་ཡིད་གཅུགས་པར་དགའ་བའོ། །བལྟ་བ་ནི་མཐོང་བའོ། །འགྲོ་བ་ནི་ཀུན་ཏུ་འཕྱན་པ་སྟེ། དེ་དག་གཡོ་ཞིང་མི་བརྟན་པའོ། །དེ་བཞིན་དུ་ཤིན་ཏུ་མང་དུ་སྨྲ་ཞིང་སྨྲ་བ་ལ་དགའ་བ་ཡིན་ནོ། །བད་ཀན་ནོར་ཉུང་ཚེ་ཐུང་ གཉིད་སྲབ་དང་། །གཅོམ་ཆུང་ཚིག་ཐོགས་གཡོ་ཞིང་སྐད་འཛེར་དང་། །ཆད་ལྟ་མང་དུ་ཟ་ཞིང་སྒེག་དང་བཅས། །གླུ་དང་དགོད་དང་རྔོན་ལས་འཐབ་ལ་དགའ། །ཞེས་བྱ་བ་ལ། གཞན་ཡང་རླུང་ཅན་གྱི་མིའི་མཚན་ཉིད་ནི་བད་ཀན་དང་ནོར་ཉུང་བ་ལ་སོགས་པ་ཡིན་ཏེ། གཅོམ་ཆུང་ བ་ནི་ཚིག་ཕྲ་བའོ། །ཚིག་ཐོགས་པ་ནི་ཕྱེད་ལུས་པའོ། །གཡོ་བ་ནི་མི་བརྟན་པའོ། །སྐད་འཛེར་བ་ནི་སྐད་གསང་ཉམས་པའོ། །ཆད་པར་ལྟ་བ་ནི་མེད་པར་ལྟ་བའི་གཞུང་ལ་དགའ་བའོ། །མང་དུ་ཟ་བ་ནི་ལྟོ་ཆེ་བའོ། །སྒེག་པ་དང་བཅས་པ་ནི་བསྒྱིངས་ཚུལ་དང་བཅས་པ་ དང་གླུ་དང་དགོད་པའོ། །རྔོན་པའི་ལས་རི་དྭགས་ཤོར་བ་དང་འཐབ་པ་ལ་དགའ་བ་རྣམས་དང་ལྡན་པ་ཡིན་ནོ། །མངར་སྐྱུར་ཁ་དང་ཚ་བའི་རོ་གོམས་སྲེད། །ལུས་སྐེམ་དབྱིབས་རེང་འགྲོ་ཚེ་སྒྲ་དང་བཅས། །མི་བརྟན་དབང་པོ་མི་ཐུལ་དམ་པ་མིན། །བུད་མེད་མི་ཆགས་བུ་མང་སྐྱེ་མི་ འགྱུར། །ཞེས་བྱ་བ་ལ། རླུང་གི་རང་བཞིན་ཅན་གྱི་བུ་གང་ཡིན་པ་དེ་ནི་རོ་མངར་བ་ལ་སོགས་པའི་གོམས་པར་སྲེད་པ་དང་། ལུས་སྐེམ་ཞིང་དབྱིབས་རིང་བ་དང་། འགྲོ་ཞིང་རྒྱུ་བའི་ཚེ་ཚིགས་སྒྲ་འཁྲོལ་བ་དང་བཅས་པ་སྟེ། འགྲོ་ཞིང་འཆགས་མི་བརྟན་ཞིང་གཡོ་བ་དང་། དབང་པོ་མི་ ཐུལ་ཞིང་ཞི་བའི་སྤྱོད་པ་མེད་པ་དང་། དམ་པའི་སྤྱོད་པ་མེད་ཅིང་འཕགས་པ་མ་ཡིན་པ་དང་། བུད་མེད་རྣམས་ལ་མངོན་པར་མི་དགའ་ཞིང་རྗེས་སུ་ཆགས་པར་མི་འགྱུར་བ་དང་། བུ་ཚ་མང་པོ་སྐྱེ་ཞིང་འཕེལ་བར་མི་འགྱུར་བ་ཡིན་ནོ། །དེ་ཡི་མིག་ནི་རྩུབ་ཅིང་རྡུལ་གྱིས་གང་། །ཟླུམ་ཞིང་ མི་མཛེས་འཆི་བ་ལྟ་བུ་དང་། །ཕྱེ་གདངས་གཉིད་ལོག་ལྟ་བུར་སྣང་བ་ཡིན། །དེ་ནི་ཤིང་དང་རི་འཛེག་མཁའ་འཕུར་རྨི། །ཞེས་བྱ་བ་ལ། རླུང་གི་རང་བཞིན་གྱི་སྐྱེས་བུ་མིག་རྩུབ་ཅིང་སྣུམ་པ་མེད་པ་དང་། རྡུལ་གྱིས་གང་ཞིང་ཕྱག་དར་གཏོར་བ་ལྟར་སྣང་བ་ལ། མིག་གི་དབྱིབས་ ཟླུམ་པ་དང་། མི་མཛེས་ཤིང་བལྟ་ན་མི་སྡུག་པ་དང་། འཆི་བའི་མིག་དང་མཚུངས་ཤིང་འདྲ་བ་དང་། ཕྱེ་ཞིང་གདངས་པར་གྱུར་བ་དང་། གཉིད་ཀྱིས་ལོག་པ་འདྲ་བར་སྣང་བ་ཡིན་ནོ། །དེ་བཞིན་དུ་རྨི་ལམ་གྱི་ནང་དུ་ཤིང་ཆེན་པོ་ལ་འཛེག་པ་དང་། རི་ལ་འཛེག་པ་དང་། ནམ་མཁའ་ལ་འཕུར་ བ་རྨི་བ་ཡིན་ནོ། །སྐལ་ངན་སེར་སྣ་ཆེ་ཞིང་ཁེངས་པ་དང་། །རྐུ་ཞིང་བྱིན་སྙིང་རྩ་རིངས་བཅས་པ་དང་། །ཁྱི་དང་ཝ་དང་བྱ་རྒོད་རྔ་མོ་ཁྲག །བྱི་བའི་མཚན་ཉིད་ལྡན་མི་རླུང་ཅན་ཡིན། །ཞེས་བྱ་བ་ལ། རླུང་གི་མཚན་ཉིད་ཅན་གྱི་མི་ནི་སྐལ་བ་ངན་ཅིང་བཀྲ་མི་ཤིས་པ་དང་། སེར་སྣ་ཆེ་བ་དང་། ཁེངས་ པ་དང་། ལོག་པར་རློམ་པ་དང་། རྐུ་འཕྲོག་ལ་དགའ་བ་དང་བྱིན་སྙིང་གི་རྒྱབ་ཀྱི་རྩ་མཐོ་ཞིང་རྩེ་མོ་འཁྱིལ་ཞིང་། བྱིན་པའི་ཉྭ་གློ་ཞིང་མཐོ་བ་ཡིན་ནོ། །དེ་བཞིན་དུ་ཁྱི་དང་། ཝ་དང་། རྔ་མོ་དང་། བྱ་རྒོད་དང་། ཁྲ་དང་། བྱི་བའི་མཚན་ཉིད་དང་ལྡན་ཞིང་དེ་དག་གི་རང་བཞིན་ཅན་གྱི་གཟུགས་དང་རོ་དང་སྤྱོད་ པ་རྗེས་སུ་མཐུན་པ་གང་དག་ཡིན་པ་དང་ལྡན་ཏེ། དེ་ལྟ་བུའི་མི་ནི་རླུང་གི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །མཁྲིས་པ་མེ་འདྲ་མེ་ལས་བྱུང་ཡིན་ཕྱིར། །མཁྲིས་པ་རྒྱས་པ་སྐོམ་དང་བཀྲེས་ཤས་ཆེ། །མདོག་སེར་ལུས་ཚ་རྐང་ལག་གདོང་ཡང་དམར། །སྐྲ་ སེར་སྤུ་ཉུང་དཔའ་ཞིང་ང་རྒྱལ་ཆེ། །ཞེས་བྱ་བ་ལ། དྲང་སྲོང་ཐང་ལ་འབར་གྱི་གཞུང་གིས་མཁྲིས་པ་རང་ཉིད་མེ་དང་འདྲ་སྟེ། སྨིན་པ་ལ་སོགས་པའི་ལས་བྱེད་པས་མེའི་སྒྲར་བཤད་དོ། །མེའི་རང་བཞིན་ཅན་གྱི་མཚན་ཉིད་ཡིན་པའམ། མེ་དྲོད་ཀྱི་གཞི་ཡིན་པར་གྱུར་པའི་ཕྱིར་རོ། ། དེ་ལས་བྱུང་བ་ནི་ཚིགས་མའི་རང་བཞིན་ཅན་གྱི་ཁྲག་ནི་མཁྲིས་པ་ཡིན་ལ། དེའི་ཕྱིར་མཁྲིས་པ་དེ་རྒྱས་ཤིང་འཕེལ་བར་འགྱུར་བའི་སྲོག་ཆགས་རྣམས་ནི་སྐོམ་པ་དང་བཀྲེས་པའི་ཤས་ཆེ་བ་དང་ལུས་ཀྱང་མདོག་སེར་བ་དང་། ལུས་ཚ་བ་འུར་འུར་པོར་གནས་པ་དང་། རྐང་པ་དང་ལག་པ་དང་གདོང་ གི་ཁ་དོག་དམར་བ་དང་། སྐྲ་དམར་སེར་དུ་གནས་པ་དང་། སྤུའི་ཚོགས་འབྱི་ཞིང་ཉུང་བ་དང་། དཔའ་ཞིང་རྟུལ་ཕོད་པ་དང་། ང་རྒྱལ་ཆེ་ཞིང་ཁེངས་པ་དང་བཅས་པ་དང་ལྡན་པ་ཡིན་ནོ། །ཕྲེང་བ་བྱུག་པ་རྒྱན་ལ་ལྷག་པར་དགའ། །སྤྱོད་བཟང་གཙང་སྦྲ་ཆེ་ཞིང་མཉེས་གཤིན་ལ། །འབྱོར་ དང་རྟུལ་ཕོད་བློ་གྲོས་སྟོབས་དང་ལྡན། །འཇིག་རྟེན་དགྲ་བོ་འང་སྐྱབས་འོངས་སྐྱོབ་པར་བྱེད། །ཅེས་བྱ་བ་ལ། མཁྲིས་པ་ཅན་གྱི་མི་ནི། ཕྲེང་བ་ལ་སོགས་པ་ལ་མངོན་པར་དགའ་བ་ཡིན་ཏེ། ཕྲེང་བ་ནི་མེ་ཏོག་གི་ཕྲེང་བ་ལ་སོགས་པའོ། །བྱུག་པ་ནི་དྲི་ཞིམ་པོས་བསྐུས་པའོ། །རྒྱན་ནི་མུ་ཏིག་གི་ ཕྲེང་བ་ལ་སོགས་པས་བརྒྱན་ཅིང་བཞག་པའོ། །སྤྱོད་པ་བཟང་པོ་ནི་བྱེད་སྤྱོད་མཛེས་པའོ། །གཙང་སྦྲ་ཆེ་བ་ནི་ལུས་དང་ངག་དང་ཡིད་སྐྱོན་མེད་པའོ། །མཉེས་གཤིན་པ་ནི་བྲན་གཡོག་ལ་སོགས་པ་ལ་བྱམས་པའོ། །འབྱོར་པ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །རྟུལ་ཕོད་པ་ནི་ཉམས་ ཀྱིས་མི་ལྕོགས་བ་དག་ཀྱང་བྱེད་པར་སྤྲོ་བའོ། །བློ་གྲོས་ཀྱི་སྟོབས་ནི་ཤེས་རབ་ཀྱི་ནུས་པ་སྟེ། དེ་དག་དང་ལྡན་པར་འགྱུར་བའོ། །དེ་བཞིན་དུ་འཇིགས་ཤིང་སྐྲག་པས་ཉེན་པའི་དགྲ་བོ་དག་ཀྱང་སྐྱབས་སུ་འོངས་ཤིང་འདུད་པར་བྱེད་པས་ན། སྐྱོབ་ཅིང་གནོད་པ་ལས་སྲུང་བར་བྱེད་པ་ཡིན་ནོ། །ཡིད་ གཞུངས་ཚིགས་ཀྱི་མཚམས་དང་ཤ་ནི་རབ་ཏུ་ལྷོད། །བུད་མེད་མི་དགའ་ཁུ་བ་དང་ནི་འདོད་པ་ཆུང་། །གཉེར་མའི་ཚོགས་དང་སྐྲ་དཀར་མིག་སྔོའི་གནས་གྱུར་ལ། །ཟས་ནི་མངར་དང་བསྐ་དང་ཁ་བསིལ་ཟ་བར་དགའ། །ཞེས་བྱ་བ་ལ། ཡང་མཁྲིས་པའི་རང་བཞིན་ཅན་གྱི་མི་ནི་ཡིད་གཞུངས་ ཤིང་བློ་དང་ལྡན་པ་དང་། རུས་པའི་ཚིགས་ཀྱི་འབྲེལ་མཚམས་ཤའི་ཚིགས་ལྷོད་ཅིང་གྲིམས་བག་མེད་པ་དང་། བུད་མེད་རྣམས་དེ་ལ་དགའ་བར་མི་འགྱུར་བ་དང་། ཁུ་བའི་ཤས་ཆུང་བ་དང་། འདོད་པ་ཆུང་ཞིང་འཁྲིག་པ་ལ་མངོན་པར་མི་གདུ་བ་དང་། ཕགས་པའི་ཚོགས་གཉེར་མ་མང་ བ་དང་། སྐྲ་དཀར་ལྷགས་པ་དང་། མིག་སྔོ་བའི་ནད་རྣམས་སུ་འགྱུར་ཞིང་དེ་དག་དང་ལྡན་པར་འགྱུར་བ་དང་། ཁ་ཟས་ཀྱང་མངར་བ་ལ་སོགས་པའི་རོ་དང་ལྡན་པ་ལ་སྲེད་ཅིང་དགའ་བ་ལ་ལོངས་སྤྱོད་པར་འགྱུར་བ་ཡིན་ནོ། །ཐན་པ་མི་བཟོད་རྔུལ་ཞིང་དྲི་ང་ལ། །བཤང་གཅི་བཟའ་བཏུང་ཁྲོ་དང་ ཕྲག་དོག་མང་། །རྨི་ལམ་དོང་ཀ་བ་ལ་ཤའི་མེ་ཏོག །གློག་འགྱུ་ཕྱོགས་ཚིག་སྐར་མདའ་ཉི་མེ་མཐོང་། །ཞེས་བྱ་བ་ལ། གཞན་ཡང་མཁྲིས་པ་ཅན་གྱི་མཚན་ཉིད་ནི། ཚད་པ་མི་བཟོད་ཅིང་བསྟེན་མི་ནུས་པ་དང་། རྟག་ཏུ་རྡུལ་འབྱུང་བ་དང་། ལུས་དྲི་ང་ཞིང་མནམ་པ་ དང་། དེ་བཞིན་དུ་བཤང་གཅི་ལ་སོགས་པ་མང་ཞིང་ཤས་ཆེ་བ་དང་། གཉིད་ལོག་པའི་རྨི་ལམ་གྱི་ནང་ན་དོང་ཀའི་ཤིང་དང་། དེ་བཞིན་དུ་པ་ལ་ཤའི་མེ་ཏོག་དང་། དེ་བཞིན་དུ་གློག་འགྱུ་བ་དང་། ཕྱོགས་ཚིག་པ་དང་། སྐར་མདའ་ལྷུང་བ་དང་། ཉི་མ་འཆར་བ་དང་། མེ་ཆེན་པོ་འབར་བ་ མཐོང་བ་ཡིན་ནོ། །འདི་ཡི་ལུས་ཕྲ་མིག་སེར་གཡོ་བ་དང་། །རྫི་མ་སྲབ་ཅིང་ཉུང་ཞིང་གྲང་ལ་དགའ། །ཁྲོ་དང་ཆང་དང་ཉི་མའི་འོད་ཟེར་གྱིས། །མིག་ནི་མྱུར་བར་དམར་པོར་འགྱུར་བ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་དང་ལྡན་པའི་སྐྱེས་བུ་འདིའི་མིག་དབྱིབས་ཕྲ་བ་དང་། མིག་སེར་ སྐྱར་གནས་པ་དང་། རྣམ་པར་གཡོ་ཞིང་དགོད་པ་དང་། དེ་བཞིན་དུ་མིག་གི་རྫི་མའི་ཕྱོགས་སྲབ་ཅིང་གྲངས་ཉུང་བ་དང་། གྲང་ཞིང་བསིལ་བ་ལ་མངོན་པར་དགའ་བ་དང་། ཁྲོ་ཞིང་འཁྲུགས་པ་དང་ཆང་འཐུངས་པ་དང་། ཉི་མའི་འོད་ཟེར་གྱིས་ཕོག་ན་དེའི་མིག་མྱུར་དུ་དམར་ཞིང་སྔོ་བར་ འགྱུར་བ་ཡིན་ནོ། །ཚེ་ནི་རན་ཞིང་སྟོབས་ནི་འབྲིང་བ་དང་། །མཁས་ཤིང་སྡུག་བསྔལ་དག་ལ་སྲན་ཆུང་འགྱུར། །སྟག་དང་དྲེད་དང་སྦྲེའུ་བྱི་ལ་དང་། །གནོད་སྦྱིན་རང་བཞིན་ལྡན་པ་མཁྲིས་ཅན་ཡིན། །ཞེས་བྱ་བ་ལ། ཡང་དེ་ནི་ཚེའི་ཚད་རན་ཅིང་འབྲིང་ཙམ་དུ་གནས་པ་དང་། སྟོབས་ཤིན་ཏུ་ཆེ་བ་མ་ཡིན་གྱི་འབྲིང་ ཙམ་དུ་གནས་པ་དང་། མཁས་ཤིང་བློ་དང་ལྡན་པ་དང་། སྡུག་བསྔལ་སྲན་ཆུང་ཞིང་ཉོན་མོངས་པ་ལ་བཟོད་པར་མི་ནུས་ཤིང་འཇིགས་པ་དང་བཅས་པ་ཡིན་ནོ། །གཞན་ཡང་སྟག་ལ་སོགས་པའི་གཟུགས་དང་སྐད་ཀྱི་ང་རོ་དང་། སྤྱོད་པ་དང་རྗེས་སུ་མཐུན་པར་བྱེད་པ་ནི་མཁྲིས་པའི་རང་བཞིན་ ཅན་གྱི་མི་ཡིན་པར་ཤེས་པར་བྱའོ། །བད་ཀན་བསིལ་བས་བད་ཀན་ཅན་བསིལ་ཞིང་། །རུས་ཚིགས་མི་མངོན་སྣུམ་ཞིང་ཤ་རུས་འབྲེལ། །བཀྲེས་སྐོམ་ཉོན་མོངས་སྡུག་བསྔལ་ཐན་པ་བཟོད། །བློ་ལྡན་སྙིང་སྟོབས་ཆེ་ཞིང་དམ་བཅའ་བརྟན། །ཞེས་བྱ་བ་ལ། གང་གི་ཕྱིར་བད་ཀན་གྱི་ རང་བཞིན་བསིལ་བ་ཡིན་པའི་ཕྱིར། བད་ཀན་ཅན་གྱི་རང་བཞིན་སྐྱེས་བུ་ཡང་བསིལ་ཞིང་ཁོང་དྲང་བ་ཡིན་ཏེ། གང་གི་ཕྱིར་ན་འབྲས་བུ་རྣམས་ནི་རྒྱུ་དང་རྗེས་སུ་མཐུན་པར་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བད་ཀན་ཅན་གྱི་སྐྱེས་བུ་རུས་པའི་ཚོགས་མི་མངོན་པར་བགས་པའི་མདོག་སྣུམ་ པ་དང་། ཤ་རུས་ཕན་ཚུན་འབྲེལ་ཅིང་གཅིག་ལ་གཅིག་འབྱོར་བར་གནས་པ་དང་། དེ་བཞིན་དུ་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་རྣམས་བཟོད་ཅིང་སྲན་ཐུབ་པ་དང་། བློ་དང་ལྡན་ཞིང་ཤེས་རབ་ཆེ་བ་དང་སྙིང་སྟོབས་ཀྱི་རང་བཞིན་ཤས་ཆེ་བ་དང་། དམ་བཅའ་བ་བརྟན་ཞིང་མི་འགྱུར་བ་ཡིན་ ནོ། །པྲི་ཡང་ཀུ་དང་དཱུར་བ་འདམ་བུའི་མདོག །ཚོན་དང་གི་ཝང་པདྨ་གསེར་མདོག་ཅན། །ལག་ངར་རིང་ཞིང་བྲང་ནི་ཡངས་ལ་རྒྱས། །དཔྲལ་བའི་དབྱེས་ཆེ་སྐྲ་ནི་མཐུག་ཅིང་གནག །ཅེས་བྱ་བ་ལ། ཡང་བད་ཀན་ཅན་གྱི་མི་བྲི་ཡང་ཀུ་ལ་སོགས་པའི་མདོག་དང་ལྡན་པར་འགྱུར་ཏེ། ལ་ལ་ནི་པྲི་ཡང་ཀུ་ ལྟ་བུའི་མདོག་ཅན་ཡིན་ནོ། །ལ་ལ་ནི་དཱུར་བ་ལྟ་བུའི་མདོག་ཅན་ནས། ལ་ལ་ནི་གསེར་གྱི་མདོག་དང་འདྲ་བའི་བར་དུ་འགྱུར་བ་ཡིན་ནོ། །དེ་ཡང་དེ་བཞིན་དུ་ལག་ངར་རིང་ཞིང་པུས་མོའི་བར་དུ་ཕྱིན་པ་དང་། བྲང་ཕེལ་ཆེ་ཞིང་ཡངས་ལ་ཤ་རྒྱས་པ་དང་། དཔྲལ་བའི་དབྱེས་ཆེ་ཞིང་ཡངས་པ་དང་། སྐྲའི་ཚོགས་མཐུག་ཅིང་མདོག་གནག་པར་གནས་པ་ཡིན་ནོ། །ལུས་འཇམ་སྙོམས་ཤིང་ཡན་ལག་མཛེས་པ་དང་། །མདངས་ཆེ་ཁུ་བཅུད་བུ་ཚ་གཡོག་འཁོར་མང་། །ཆོས་ལྡན་ཚིག་རྩུབ་ནམ་ཡང་སྨྲ་མི་བྱེད། །དགྲ་ལ་ཞེ་སྡང་འདམ་རིང་ས་ཁོ་ན་འཛིན་བྱེད། །ཅེས་བྱ་བ་ལ། ཡང་ ལུས་ཀྱི་ཤ་མདངས་འཇམ་ཞིང་མཉེན་པ་དང་། ཡན་ལག་གི་ཚོགས་སྙོམས་པ་དང་། ཡན་ལག་དབྱེས་ཤིང་མཛེས་པ་དང་། མདངས་ཆེ་ཞིང་མང་བ་དང་། འཁྲིག་པ་ལ་དགའ་ཞིང་ཁུ་ཆུའི་བཅུད་ཆེ་བ་དང་། བྲང་ཕེལ་ཆེ་ཞིང་ཡངས་ལ་ཤས་རྒྱས་པ་དང་། དེ་བཞིན་དུ་བུ་ཚ་དང་འཁོར་ གཡོག་མང་ཞིང་འཕེལ་བ་དང་། ཆོས་དང་ལྡན་ཞིང་ཆོས་ལ་དགའ་བ་དང་། ཚིག་རྩུབ་ཅིང་ཞེ་ལ་ཕོག་པའི་ཚིག་ནམ་ཡང་མི་སྨྲ་བ་དང་། དེ་བཞིན་དུ་དགྲ་བོ་ལ་ཞེ་སྡང་གི་འདམ་རིངས་ཤིང་རྒྱུན་དུ་འཇོག་པ་ཁོ་ན་དུ་འཛིན་ཅིང་ཡིད་ལ་འཇོག་པ་ཡིན་ནོ། །གླང་པོའི་མཆོག་དྲེགས་བཅས་པ་ལྟ་ བུར་འགྲོ། །རྒྱ་མཚོ་འབྲུག་དང་རྔ་སྒྲ་སེང་གེ་ཡི། །སྒྲ་ལྡན་དྲན་དང་བརྩོན་འགྲུས་དུལ་བར་ལྡན། །བྱིས་པའི་ཚེ་ནའང་ངུ་དང་སྐོམ་ཤས་ཆུང་། །ཞེས་བྱ་བ་ལ། གླང་པོ་ཆེའི་མཆོག་དམ་པ་དག་དྲེགས་པ་དང་བཅས་ཤིང་ར་རོ་བ་ལྟ་བུའི་འགྲོས་དང་ལྡན་པར་འགྲོ་བ་དང་། དེ་བཞིན་དུ་སྒྲའི་སྐད་གསང་རྒྱ་མཚོ་དང་འབྲུག་སྒྲ་ལ་སོགས་ པ་ལྟ་བུ་ཟབ་པ་དང་ལྡན་པ་དང་། དྲན་ཞིང་བརྗེད་པ་མེད་པའི་ནུས་པ་དང་ལྡན་པ་དང་། བརྩོན་འགྲུས་ཀྱི་འབད་པས་བྱ་བ་རྣམས་སྒྲུབ་པར་བྱེད་པ་དང་། ཞི་ཞིང་དབང་པོ་བསྡམས་པ་ལ་སོགས་པའི་དུལ་བ་དང་ལྡན་པ་དང་བྱིས་པའི་གནས་ཉིད་ན་ཡང་ངུ་བའི་ཤས་ཆུང་བ་དང་། དེ་བཞིན་དུ་ སྐོམ་ཞིང་ཟས་ལ་གདུ་བའི་ཤས་ཆུང་བ་ཡིན་ནོ། །ཟས་ནི་ཁ་བསྐ་ཚ་དང་དྲོ་ཞིང་རྩུབ། །ཉུང་ངུ་ཟོས་ཀྱང་དེ་ནི་སྟོབས་དང་ལྡན། །མིག་ནི་མཐའ་དམར་སྣུམ་ཞིང་དཀྱུས་རིང་ཡངས། །དཀར་ནག་རབ་གསལ་རྫི་མ་སྙོམས་དང་ལྡན། །ཞེས་བྱ་བ་ལ། བད་ཀན་གྱི་རང་བཞིན་ཅན་གྱི་སྐྱེས་བུ་དེས་ཁ་ ཟས་ཀྱི་རྣམ་པ་ཁ་ཞིང་བསྐ་བ་ལ་སོགས་པ་སྟོབས་འབྲི་བར་བྱེད་པ་དང་། ཚད་ཆུང་ཞིང་ཉུང་ཞིག་ཟོས་པར་གྱུར་ཀྱང་དེ་སྟོབས་དང་ལྡན་པར་འགྱུར་གྱི། སྟོབས་འབྲི་བར་མི་འགྱུར་བ་དང་། དེའི་མིག་མཐའ་དམར་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །སྨྲ་དང་ཁྲོ་དང་བཟའ་བཏུང་ སྤྱོད་པ་ཉུང་། །ཚེ་རིང་ནོར་མང་རིང་ལྟ་ཚིག་འཇམ་སྨྲ། །དད་ཅིང་བློ་ཟབ་ལྟ་ཆེ་བཟོད་དང་ལྡན། །རང་བཞིན་བཟང་ཞིང་གཉིད་ཆེ་ལས་མཐའ་རིང་། །ཞེས་བྱ་བ་ལ། སྨྲ་བའི་ཚིག་ཉུང་བ་དང་། འཁྲུག་པའི་ཤས་ཆུང་བ་དང་། བཟའ་བ་དང་བཏུང་བ་ཆུང་ངུ་ཟ་ཞིང་འཐུང་ པ་དང་། སྤྱོད་པ་སྟེ་ལུས་ཀྱི་བྱ་བ་ཉུང་བ་དང་། ཚེ་རིང་བར་གནས་པ་དང་། ནོར་མང་ཞིང་ལོངས་སྤྱོད་ཆེ་བ་དང་། རིང་དུ་ལྟ་བ་སྟེ་ཕྱིས་འབྱུང་བར་འགྱུར་བའི་དོན་གྱི་ལེགས་ཉེས་རྣམ་པར་དཔྱོད་དེ་འདི་ལྟར་བྱས་ན་ལས་ཀྱི་མཐའ་ངེས་པར་འདིར་འགྱུར་རོ། །ཞེས་དཔྱོད་པ་དང་ལྡན་པ་དང་། ཚིག་ སྙན་ཅིང་འཇམ་པར་སྨྲ་བའམ། གཏོང་བ་དང་ལྡན་པ་སྟེ། གཏོང་ལྡན་སྙན་སྨྲ་ཤེས་པར་བྱ། །ཞེས་བཤད་པའི་ཕྱིར་རོ། །ཡང་དེ་བཞིན་དུ་སྦྱིན་པ་ལ་སོགས་པ་དད་པ་དང་ལྡན་པ་དང་། བློ་ཟབ་ཅིང་གཏིང་རིང་བ་སྟེ། དེ་ཡང་། གང་གིས་སེམས་དགའ་སྤྱོད་པ་དང་། །ཁྲོ་དང་མྱ་ངན་འཇིགས་ པ་ཡི། །གནས་སྐབས་ཤེས་པར་མི་འགྱུར་བ། །དེ་ནི་ཟབ་པ་ཡིན་ཞེས་བྱ། །ཞེས་བཤད་པ་དང་ལྡན་པའོ། །དེ་བཞིན་དུ་ལྟ་བ་ཆེ་བ་སྟེ། དོན་ཆེ་བ་ལ་གཙོར་འཛིན་པ་དང་། བཟོད་པ་དང་ལྡན་པ་དང་། འཁྲུག་པ་མེད་པ་དང་། རང་བཞིན་བཟང་ཞིང་དམ་པའི་སྤྱོད་པ་དང་ལྡན་པ་དང་། སྡིག་པ་ ལ་མངོན་པར་མི་དགའ་བ་དང་། གཉིད་ཆེ་ཞིང་སྟུག་པ་དང་། ལས་ཀྱི་མཐའ་རིང་ཞིང་ཡུན་རིང་པོར་རྫོགས་པར་བྱེད་པའོ། །བྱས་གཟོ་དྲང་མཁས་སྐལ་བཟང་ངོ་ཚར་ལྡན། །བླ་མ་ལ་གུས་མཛའ་བཤེས་དག་ལ་བརྟེན། །རྨི་ལམ་པདྨ་བྱ་ཡི་ཕྲེང་བར་བཅས། །ཆུ་ཡི་གནས་དང་སྤྲིན་ཡང་ མཐོང་བ་ཡིན། །ཞེས་བྱ་བ་ལ། ཕན་པ་བྱས་པ་ཤེས་ཤིང་བྱས་པ་གཟོ་བ་དང་། བསམ་པ་དྲང་ཞིང་གཡོ་ཆུང་བ་དང་། མཁས་ཤིང་བྱེ་བྲག་ཕྱེད་པ་དང་། སྐལ་བ་བཟང་ཞིང་གཟུགས་བཟང་བ་དང་། ངོ་ཚ་དང་ལྡན་ཞིང་འཛེམ་པ་དང་བཅས་པ་དང་། བླ་མ་ལ་གུས་ཤིང་ལུས་འདུད་པར་འདོད་པ་ དང་། མཛའ་བཤེས་ལ་ངོ་བརྟན་ཞིང་དུས་ཐམས་ཅད་དུ་བྱམས་པས་གནས་ཀྱི་ནམ་ཡང་དེའི་ཡིད་དང་འགལ་བར་མི་བྱེད་ལ་བྱམས་པ་བསྟེན་པ་དང་། གཉིད་ཀྱིས་ལོག་པའི་རྨི་ལམ་གྱི་ནང་དུ་ཡང་མེ་ཏོག་པདྨ་དང་བྱའི་ཕྲེང་བའི་ཚོགས་ཀྱིས་བསྐོར་བ་དང་བཅས་པའི་ཆུའི་གནས་མཚོ་ལ་སོགས་པ་ མཐོང་བ་དང་སྤྲིན་གྱི་ཚོགས་འདུས་པ་དག་མཐོང་བ་ཡིན་ནོ། །ཚངས་པ་དྲག་པོ་དབང་ཕྱུག་ཆུ་ལྷ་དང་། །ནམ་མཁའ་ལྡིང་དང་ངང་པ་གླང་པོ་མཆོག །དེ་བཞིན་སེང་གེ་དང་ནི་ཁྱུ་མཆོག་དང་། །བད་ཀན་ཅན་ནི་རང་བཞིན་འདྲར་ཤེས་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་རང་བཞིན་ཅན་གྱི་མི་ནི་སྤྱོད་ པའི་རང་བཞིན་ཚངས་པ་ལ་སོགས་པ་དང་འདྲ་ཞིང་མཚུངས་པ་ཡིན་པར་ཤེས་པར་བྱའོ། །གླང་པོ་ཆེའི་མཆོག་ནི་ས་སྲུང་ངོ་། །རང་བཞིན་གཉིས་དང་ཀུན་ལས་འབྱུང་། །གཉིས་གཉིས་ཀུན་གྱི་ཡོན་ཏན་བསྐྱེད། །ཅེས་བྱ་བ་ལ། ནད་གཞི་གཉིས་པོ་རླུང་དང་། མཁྲིས་པ་དང་། བད་ཀན་དང་། མཁྲིས་པའམ། བད་ཀན་བྱུང་བའི་རང་བཞིན་ནི་གཉིས་འདྲེན་མ་དང་ལྡན་པ་ཡིན་ལ། དེ་ནི་རང་བཞིན་གསུམ་ཡིན་པར་ཤེས་པར་བྱའོ། །རང་བཞིན་བཞི་པ་ནི་ཐམས་ཅད་ལས་སྐྱེས་པ་ཡིན་ནོ། །དེ་ལྟར་ན། ཡོན་ཏན་གཉིས་པ་ལས་བྱུང་བ་དེ་དང་རྗེས་སུ་མཐུན་པའི་ རང་བཞིན་བསྐྱེད་པ་ཡིན་ནོ། །གཙང་སྦྲ་ཡོད་པར་སྨྲ་ཚོགས་ཀྱི། །ཡོན་ཏན་གྱིས་ནི་དེ་ལྡན་བཤད། །ཅེས་བྱ་བ་རྣམས་དེ་དག་གིས་ན་རླུང་ལ་སོགས་པའི་རང་བཞིན་རེ་རེ་དང་གཉིས་གཉིས་དང་། ཀུན་ལས་བྱུང་བ་ནི་གཙང་སྦྲ་དང་ཡོད་པར་སྨྲ་བ་ལ་སོགས་པའི་སྙིང་སྟོབས་ལ་སོགས་པའི་ ཡོན་ཏན་གྱིས་རང་རང་གི་མཚན་ཉིད་དང་ལྡན་པར་བཤད་ཅིང་བསྟན་པ་ཡིན་ནོ། །དེ་ཡང་གཙང་སྦྲ་དང་ཡོད་པར་སྨྲ་བ་ལ་སོགས་པས་ནི་སྙིང་སྟོབས་དང་ལྡན་པ་ཡིན་ནོ། །མང་དུ་སྨྲ་བ་ལ་སོགས་པས་ནི་རྡུལ་དང་ལྡན་པར་བཤད་དོ། །འཇིག་པ་ལ་སོགས་པས་ནི་མུན་པ་དང་ལྡན་པར་ བཤད་དོ། །དེ་ལྟར་སོ་སོར་བཤད་པ་དང་རང་བཞིན་གཉིས་དང་ལྡན་པས་ནི་གཉིས་ཀ་དང་ལྡན་པ་དང་། རང་བཞིན་ཐམས་ཅད་ཀྱིས་ནི་ཐམས་ཅད་དང་ལྡན་པར་སྟོན་ཏོ། །དེ་ལྟར་ན་སེམས་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་བདུན་བསྟན་པ་ཡིན་ནོ། །ན་ཚོད་བཅུ་དྲུག་ པར་བྱིས་པ། །དེ་ལས་ལུས་ཟུངས་དབང་པོ་གཟི། །འཕེལ་འགྱུར་བདུན་ཅུའི་བར་བར་མ། །ཟད་པ་ཕན་ཆད་རྒན་པོ་ཡིན། །ཞེས་བྱ་བ་ལ། དུས་ཀྱིས་བྱས་ཤིང་དེ་ལས་བྱུང་བའི་ལུས་ཀྱི་གནས་སྐབས་ལ་ནི་ན་ཚོད་ཅེས་བྱ་ལ། དེ་ཡང་བྱིས་པ་དང་། བར་མ་དང་། རྒན་ པོའི་དབྱེ་བས་རྣམ་པ་གསུམ་ཡིན་པ་ལས། སྐྱེས་ནས་ལོ་བཅུ་དྲུག་ལོན་པའི་བར་དུ་བྱིས་པ་ཡིན་ལ། བྱིས་པའི་ན་ཚོད་དེ་ལ་ནི། དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང་། མིག་ལ་སོགས་པའི་དབང་པོ་རྣམས་དང་། དེ་བཞིན་དུ་མདངས་རྣམས་འཕེལ་ཞིང་རྒྱས་པར་ འགྱུར་བ་ཡིན་ནོ། །ལོ་བཅུ་བདུན་ལོན་པ་ནས་ལོ་བདུན་ཅུའི་བར་དུ་ནི་ན་ཚོད་བར་མ་སྟེ། གནས་སྐབས་དེར་ལུས་ཟུངས་ལ་སོགས་པ་ཤས་ཆེར་འཕེལ་བ་དང་འབྲི་བ་གཉིས་ཀར་མི་འགྱུར་རོ། །བདུན་ཅུ་རྩ་གཅིག་ཡན་ཆད་ནས་ཇི་སྲིད་འཚོའི་བར་དུ་རྒན་པོ་ཡིན་ནོ། །ན་ཚོད་དེའི་ སྐབས་སུ་ནི་ལུས་ཟུངས་ལ་སོགས་པ་རིམ་གྱིས་ཟད་ཅིང་འབྲི་བ་ཡིན་ཏེ། བྱིས་པ་དང་བར་མའི་ན་ཚོད་སྨོས་པ་ལས་ནི་གསུམ་པ་འདི་དོན་གྱིས་སྟོན་པ་ཡིན་ནོ། །རང་རང་ཁྲུ་ནི་ཕྱེད་དང་བཞི། །ལུས་ནི་ཚེ་རིང་བདེ་བའི་སྣོད། །ཅེས་བྱ་བ་ལ། སྐྱེས་བུ་རང་རང་གི་ཁྲུའི་ཚད་ཀྱི་ཕྱེད་དང་བཞི་ནི་ སྐྱེས་བུའི་ཚད་ཡིན་པས་དེ་དང་ལྡན་པའི་ལུས་ནི་ཚེ་རིང་བ་དང་བདེ་བའི་སྣོད་ཡིན་པས་དེར་སྲོག་གི་དབང་པོ་དང་། ནད་མེད་པར་ལེགས་པར་གནས་པར་འགྱུར་རོ། །སྤུ་མེད་གནག་དང་ཤིན་ཏུ་སྦོམ། །རིང་པོ་ཉིད་ནི་མི་མཐུན་བཅས། །སྨད་པ་བརྒྱད་དང་རང་ཉིད་ལྡན། །གང་ཡིན་དེ་ནི་སྣོད་ མིན་འགྱུར། །ཞེས་བྱ་བ་ལ། གང་གི་ལུས་ལ་རང་བཞིན་གྱིས་སྤུ་མེད་པ་ལ་སོགས་པ་སྨད་པར་བྱ་བ་བརྒྱད་དང་རང་ཉིད་ལྡན་པ་དེ་ནི་ཚེ་རིང་བ་དང་བདེ་བའི་སྣོད་དུ་མི་འགྱུར་རོ། །སྨད་པ་བརྒྱད་ནི་ཤིན་ཏུ་སྦུ་མེད་པ་དང་། ཤིན་ཏུ་སྦུ་མང་བ་དང་། གནག་ཆེས་པ་དང་། དཀར་ཆེས་པ་དང་། ཤིན་ཏུ་སྦོམ་པ་དང་། ཤིན་ཏུ་ཕྲ་བ་དང་། རིང་ཆེས་པ་དང་། ཐུང་ཆེས་པ་དང་། རྣམ་པ་བརྒྱད་དོ། །སྐྲ་ནི་རབ་སྣུམ་འཇམ་པ་དང་། །ཕྲ་ཞིང་རྩ་བ་མ་འདྲེས་བརྟན། །ཞེས་བྱ་བ་ལ། སྐྱེས་བུའི་སྐྲ་ཁ་དོག་གི་མདངས་སྣུམ་པ་དང་། འཇམ་ཞིང་མི་བཤོར་བ་དང་། ཕྲ་ཞིང་མི་སྦོམ་པ་དང་། རྩ་བ་མ་འདྲེས་ཤིང་བུ་ག་རེ་རེ་ ནས་སྐྱེས་པ་དང་། བརྟན་ཞིང་མི་འབྱི་བ་བསྔགས་པ་ཡིན་ནོ། །དཔྲལ་བ་མཐོ་ཞིང་མུར་འགྲམ་འབྱར། །ཟླ་བ་ཁ་མ་པ་འདྲ་བ་བཟང་། །ཞེས་བྱ་བ་ལ། དཔྲལ་བ་ནི་དཔངས་མཐོ་ཞིང་དཔྲལ་མཚམས་འབྱེས་པ་དང་། མུར་འགྲམ་འབྱར་ཞིང་ལེགས་པར་གནས་པ་དང་། དེ་བཞིན་དུ་ཟླ་བ་ཁམ་པ་སྟེ། ཟླ་བ་ཕྱེད་པའི་དབྱིབས་འདྲ་བ་བཟང་ངོ་། །རྣ་བ་རྒྱབ་ཕྱོགས་རྒྱ་ཆེ་མཛེས། །རྣ་ཤལ་ཆེ་ཞིང་ཤ་ཡིས་རྒྱས། །ཞེས་བྱ་བ་ལ། རྣ་བའི་རྒྱབ་ཀྱི་ཕྱོགས་རྒྱ་ཆེ་ཞིང་མཛེས་པ་དང་། རྣ་ཤལ་ཆེ་ཞིང་ཤ་རྒྱས་པ་བཟང་ངོ་། །མིག་ནི་དཀར་ནག་འབྱེས་པ་དང་། །རྫི་མ་མཐུག་ཅིང་སྙོམས་པ་བཟང་། ། ཞེས་བྱ་བ་ལ། མིག་གི་མཚན་ཉིད་ནི་མིག་འབྲས་དཀར་ནག་འབྱེས་པ་དང་། རྫི་མའི་ཚོགས་མཐུག་ཅིང་སྙོམས་པ་དང་ལྡན་པ་བཟང་ངོ་། །སྣ་ཡི་རྩེ་མོ་དབུགས་ཆེར་འབྱུང་། །ཤ་རྒྱས་དྲང་ཞིང་སྙོམས་པ་བཟང་། །ཞེས་བྱ་བ་ལ། སྣ་ནི་མཐོ་ཞིང་ལེགས་པ་དང་། དབུགས་ཆེན་པོ་ འབྱུང་ཞིང་རྒྱུ་བ་རུང་བ་དང་། ཤ་རྒྱས་ཤིང་མ་ཞུམ་པ་དང་། དྲང་ཞིང་ཡ་ཡོ་མེད་པ་དང་། སྙོམས་ཤིང་མཐོན་དམན་མེད་པ་བཟང་ངོ་། །མཆུ་ནི་དམར་ཞིང་མ་འཕྱངས་པ། །ཞེས་བྱ་བ་ལ། མཆུ་བིམ་པ་ལྟར་དམར་བ་དང་། འཕྱང་ཞིང་ཕྱི་རོལ་དུ་ལྡོག་པ་མེད་པ་བཟང་ངོ་། །འགྲམ་ པ་ཡངས་ཤིང་མི་འབུར་བཟང་། །ཞེས་བྱ་བ་ལ། སྐྱེས་བུའི་འགྲམ་པ་གཉིས་ནི་ཡངས་ཤིང་རྒྱ་ཆེ་བ་དང་འབར་འབུར་མེད་པ་བཟང་ངོ་། ཁ་ཆེ། །ཞེས་བྱ་བ་ནི། ཁའི་ཞེང་ནི་ཆེ་བ་བཟང་ངོ་། །སོ་ཡི་ཚགས་དམ་ལ། སྣུམ་ཞིང་འཇམ་ལ་དཀར་ཞིང་སྙོམས། །ཞེས་བྱ་བ་ལ། སོ་ ཚགས་དམ་ཞིང་ལེགས་པར་གནས་པ་དང་། མདངས་སྣུམ་པ་དང་། འཇམ་ཞིང་སྣུམ་བག་མེད་པ་དང་། དཀར་ཞིང་རྙོག་པ་མེད་པ་དང་། སྙོམས་ཤིང་མཐོ་དམན་མེད་པ་བཟང་ངོ་། །ལྕེ་ནི་དམར་ཞིང་ཡངས་ལ་སྲབ། །ཅེས་བྱ་བ་ལ། ལྕེ་ནི་ཁ་དོག་ཟངས་བཞིན་དམར་བ་དང་། ཡངས་ ཤིང་རིང་བ་དང་། སྲབ་ཅིང་འཇམ་པའོ། །ཀོསྐོ་ཆེ་ཞིང་ཤ་ཡིས་རྒྱས། །ཞེས་བྱ་བ་ལ། ཀོསྐོའི་དབྱིབས་ནི་ལྷུན་ཆེ་ཞིང་ཤས་ལེགས་པར་རྒྱས་པ་བཟང་ངོ་། །མགྲིན་པ་ཐུང་ཞིང་ཤ་རྒྱས་ཟླུམ། །ཞེས་བྱ་བ་ལ། དེ་ལ་མགྲིན་པ་ནི་མགོ་བོའི་རྟེན་ཏེ། མཚམས་ཐུང་ཞིང་ཧ་ཅང་མི་རིང་བ་ དང་། ཤས་ལེགས་པར་རྒྱས་པ་དང་། ཟླུམ་ཞིང་བུམ་པའི་མགུལ་པ་ལྟར་གནས་པ་བཟང་ངོ་། །ཕྲག་པ་མཐོ་ཞིང་ཤ་ཡིས་རྒྱས། །ཞེས་བྱ་བ་ལ། ཕྲག་པའི་དཔངས་མཐོ་བ་དང་། ཤས་ལེགས་པར་རྒྱས་པ་བཟང་ངོ་། །ལྟོ་བ་ཟླུམ་ཞིང་ལྟེ་བ་ནི། །ཟབ་ཅིང་མཐོ་ལ་གཡས་སུ་འཁྱིལ། ། ཞེས་བྱ་བ་ལ། ལྟོ་བའི་དབྱིབས་ཅུང་ཟད་ཟླུམ་པ་དང་། ལྟེ་བ་ཟབ་ཅིང་དམའ་བ་དང་། ཀུན་ནས་མཛེས་པར་མཐོ་བ་དང་། གཡས་སུ་འཁྱིལ་པ་བསྔགས་སོ། །རྐང་པ་ལག་པ་ལེགས་གནས་ཤིང་། །སེན་མོ་འཇམ་ཞིང་མཐོ་ལ་དམར། །སྣུམ་ཞིང་ཀུན་ དམར་ཤ་རྒྱས་པ། །སེན་མོ་རིང་ཟླུམ་བུག་མེད། །ཅེས་བྱ་བ་ལ། རྐང་པ་དང་ལག་པའི་ཕྱོགས་ནི་ས་ལ་ལེགས་པར་གནས་ཤིང་མཐིལ་མཉམ་པར་གནས་པ་དང་། སེན་མོ་འཇམ་ཞིང་མཉེན་ལ་ཅུང་ཟད་མཐོ་ཞིང་དམར་བ་དང་། མདངས་སྣུམ་པ་དང་། ཀུན་ནས་དམར་ལ་ཤ་ རྒྱས་པར་འགྱུར་བ་དང་། སེན་མོའི་དབྱིབས་རིང་ཞིང་ཟླུམ་པ་དང་། ཕན་ཚུན་འབྱོར་ཞིང་བུ་ག་མེད་པ་བསྔགས་སོ། །རྒྱབ་ཞེང་ཆེ་ཞིང་སྒལ་ཚིགས་ནུབ། །ཅེས་བྱ་བ་ལ། རྒྱབ་ནི་ཞིང་ཤིན་ཏུ་ཆེ་ཞིང་སྒལ་ཚིགས་རྣམས་ནང་དུ་ནུབ་པ་ལྟ་བུ་བཟང་ངོ་། །ཚིགས་མཚམས་མི་མངོན་ དམ་པ་དང་། །ཞེས་བྱ་བ་ལ། ཚིགས་རྣམས་ཀྱི་མཚམས་ཕྱིར་མི་འབུར་ཞིང་མི་མངོན་པ་དང་། དམ་ཞིང་བརྟན་པར་རུས་པའི་ཚིགས་ཐམས་ཅད་གནས་པ་བཟང་ངོ་། །ཚིགས་གསང་མཐོ་ཞིང་བརྟན་པ་དང་། །ཞེས་བྱ་བ་ལ། ཚིགས་ཀྱི་གསང་མཐོ་ཞིང་རིང་དུ་འགྲོ་བ་དང་། བརྟན་ཞིང་ཞུམ་བག་མེད་པ་བཟང་ངོ་། །མདོག་སྣུམ་ཁ་དོག་བརྟན་པར་གནས། །ཞེས་བྱ་བྱ་ལ། ལུས་ཀྱི་མདོག་མདངས་སྣུམ་ཞིང་ཁ་དོག་མི་འགྱུར་བར་གནས་པ་བཟང་ངོ་། །རང་བཞིན་གྱིས་འབྱུང་སྙིང་སྟོབས་ཅན། །ཕོངས་པའི་ཚེ་ནའང་ཞུམ་པ་མེད། །ཅེས་བྱ་བ་ལ། རང་ བཞིན་གྱིས་འབྱུང་ཞིང་རྐྱེན་གྱིས་བསྐྱེད་པ་མ་ཡིན་པས་ན་རང་བཞིན་གྱིས་འབྱུང་བ་སྟེ། དེ་ལྟ་བུའི་སྙིང་སྟོབས་དང་། སྤྱོད་པ་བརྟན་ཞིང་མི་འགྱུར་བ་དང་། དེ་ཉིད་ཀྱིས་ན་ཕོངས་ཤིང་རྒུད་པར་གྱུར་པའི་ཚེ་ན་ཡང་ཞུམ་ཞིང་མི་དགའ་བ་མེད་པ་བཟང་ངོ་། །འང་ཞེས་སྨོས་པ་ནི་ཕོངས་པའི་ཚེ་ན་ཞུམ་ པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འབྱོར་པ་དང་ལྡན་པའི་ཚེ་ན་ཡང་ཁེངས་པ་མེད་པ་བསྔགས་སོ་ཞེས་པའི་དོན་ཏོ། །མངལ་ནས་བརྩམས་ཏེ་ནད་མེད་པ། །གོང་ནས་གོང་དུ་ཞིང་བཟང་ལ། །ཤེས་དང་ཡེ་ཤེས་རྒྱ་ཆེར་ནི། །འཕེལ་ཞིང་རིམ་གྱིས་དགེ་བར་འགྱུར། །ཞེས་བྱ་བ་ལ། དང་པོ་མངལ་དུ་ ཞུགས་ཤིང་སྐྱེས་པ་ནས་བརྩམས་ཏེ། གནས་པའི་སྐབས་སུ་ནད་ཀྱི་སྐྱོན་མེད་པའི་རྒྱུ་གོང་ནས་གོང་དུ་འཕེལ་ཞིང་གནས་པའི་ཞིང་བཟང་པོ་ལ་བརྟེན་ཅིང་དེ་བཞིན་དུ། རྩོལ་བ་ལ་སོགས་པས་རིམ་གྱིས་བསྐྱེད་པའི་ལུས་ནི་དགེ་བར་འགྱུར་བ་ཡིན་ཏེ། དེ་ལ་ཤེས་པ་ནི་འཇིག་རྟ