Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 193
Văn bản gốc(Tây Tạng)
Trang 17 / 21 (50.000 ký tự/trang)
ོ་བོ་གཞན་མེད་པའི་ཕྱིར་བརྗེད་པར་བྱ་བ་མེད་པར་ཐལ་བ་ལ། ཕ་རོལ་པོ་རེས་འགའ་ འདྲ་བ་ལ་བརྟེན་པས་སོ་སོར་གནས་པར་འདོད་དེ། དེའི་ཕྱིར་ཡོན་ཏན་འདྲ་བ་དགག་པའི་ཚིག་གོ། །དེ་ལ་འདྲ་བ་ཉིད་ནི་འདྲེ་བར་བྱེད་པ་ལས་གྲུབ་པར་འགྱུར་རམ། རང་ཉིད་ཁོ་ན་ལས་སམ། རྟེན་གཞན་ལས་ཏེ་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལ་རྟོགས་པ་འཕོ་བ་ ལས་མ་ཡིན་ཞེས་པ་འདིས་ནི་འདྲེ་བར་གྲུབ་པའི་འདྲ་བ་ཉིད་མེད་དོ་ཞེས་དམ་བཅའ་བ་གསལ་བར་བྱེད་དོ། །རྟོགས་པ་འཕོ་བས་ནི་འདྲ་བ་ཉིད་ཡོད་པ་ཁོ་ན་ངེས་པར་བྱེད་པ་འབའ་ཞིག་སྟེ། བྱེད་པ་ནི་མ་ཡིན་ནོ། །ཡོན་ཏན་གྱི་ཕན་འདོགས་པ་ལས་ཀྱང་མ་ཡིན་ཞེས་ པ་འདིས་ན་གཞན་གྱིས་བྱས་པའི་འདྲ་བ་ཉིད་མེད་པ་ཉིད་དུ་དམ་བཅའོ། །ཡང་ཅི་ལྟར་དོན་སོ་སོ་ལ་ངེས་པ་སྐད་ཅིག་གིས་འཇིག་པའི་རྟོགས་པ་རྣམས་དོན་གཞན་ལ་འཕོ་བ་སྲིད་ཅེ་ན། འདི་བདེན་ཏེ་མི་སྲིད་པ་ཁོ་ནའོ། །དེ་ལྟ་ན་ཡང་རྣམ་པར་ཤེས་པ་འདྲ་བ་གཞན་སྐྱེ་བ་ལ་ཐ་དད་ མེད་པར་བཏགས་པའི་ཕྱིར་འཕངས་པའོ་ཞེས་བརྗོད་པའོ་ཞེས་པས་སྐྱོན་མེད་དོ། །རིགས་དང་དེ་དང་ལྡན་པ་གཉིས་ཀ་དག་རང་ཉིད་ཁོ་ན་ལས་འདྲ་བ་སྟེ། རིགས་ལ་སོགས་པ་རྣམས་ཀྱི་ངོ་བོ་རང་གི་རྟེན་དང་མཚན་ཉིད་མི་མཐུན་པ་ཅུང་ཟད་ཀྱང་ཉེ་བར་དམིགས་པ་མ་ཡིན་པ་སྟེ། དེའི་ཕྱིར་དེ་དག་གི་འདྲེ་བ་གྲུབ་པ་ཁོ་ན་འདྲེ་བ་ཉིད་དོ་ཞེས་སེམས་པར་འགྱུར་བས་འདྲི་སྟེ། ཅི་ལྟར་རྟོགས་པ་འཕོ་བ་ལས་མ་ཡིན་ཞེ་ནའོ། །ཉེ་བར་བཏགས་པ་ཡིན་ན། བློ་ཡི་ངོ་བོ་ཐ་དད་ཕྱིར། །ཞེས་པ་རིགས་ལ་འཇུག་པའི་སྒྲ་དེ་དང་ལྡན་པ་ལ་ཉེ་བར་གདགས་པར་བྱ་བ་ཡིན་ན་ནི། ཉེ་བར་བཏགས་པ་ཡིན་པ་ལ་རྣམ་པ་མཚུངས་པ་ཅན་གྱི་བློར་འགྱུར་བ་ཡང་མ་ཡིན་ནོ། །འདི་དཔེས་རྟོགས་པར་བྱེད་དེ། བྲན་ལ་རྒྱལ་པོར་བཏགས་པ་བཞིན། །ཞེས་པའོ། །དཔེར་ན་ཞེས་པ་ལ་སོགས་པས་ནི་འདི་ཁོ་ན་འཆད་དོ། །ཉེ་བར་བཏགས་པ་ཡང་ཞེས་པ་ལ་སོགས་ པས་ཕྱོགས་ཆོས་ཉེ་བར་སྟོན་ཏོ། །དེ་ལྟར་དེ་དང་ལྡན་པ་ལ་ཉེ་བར་བཏགས་པར་བརྗོད་པའི་ཕྱིར་རིགས་ལ་དངོས་སོ་ཞེས་བརྗོད་པར་འགྱུར་རོ། །དེ་འདིས་གང་དག་དངོས་དང་ཉེ་བར་བཏགས་པའི་སྒྲའི་བརྗོད་པར་བྱ་བ་དེ་དག་ནི་འདྲ་བ་མ་ཡིན་ཏེ། འདི་ལྟ་སྟེ། རྒྱལ་པོ་ དང་ཁོལ་པོ་དག་བཞིན། རིགས་དང་དེ་དང་ལྡན་པ་དག་ཀྱང་དངོས་དང་ཉེ་བར་བཏགས་པའི་སྒྲའི་བརྗོད་པར་བྱ་བ་དག་གོ་ཞེས་ཁྱབ་བྱེད་དང་འགལ་བ་གསུངས་སོ། །འོ་ན་ཉེ་བར་བཏགས་པ་སེང་གེའི་སྒྲ་དང་། དངོས་བྲམ་ཟེའི་ཁྱེའུའི་སྒྲས་ཀྱང་བྲམ་ཟེའི་ཁྱེའུ་ རྗོད་པར་བྱེད་པའི་ཕྱིར་མ་ངེས་སོ་ཞེ་ན། དེ་སྤང་བའི་ཆེད་དུ་གཅིག་སྨོས་པར་བྱ་སྟེ། དངོས་དང་ཉེ་བར་བཏགས་པའི་སྒྲ་གཅིག་གི་བརྗོད་པར་བྱ་བའི་ཕྱིར་རོ་ཞེས་བྱའོ། །ཡང་ཅི་ལྟར་རྗེ་བོ་དང་འབངས་དག་དངོས་དང་བཏགས་པའི་སྒྲ་གཅིག་གི་བརྗོད་པར་བྱ་བ་ཉིད་ཡིན། ཇི་ཙམ་དུ་ གང་ཁོ་ན་ང་ཡིན་པ་དེ་ཁོ་ན་འདིའོ་ཞེས་སྒྲ་ཐ་དད་ཀྱི་བརྗོད་པར་བྱ་བ་ཉིད་ཁོ་ནའོ། །ཅི་སྟེ་རྒྱལ་པོའི་སྒྲ་གཅིག་ཁོ་ནས་ངོ་བོ་དང་བྲན་དག་གཉིས་ཀ་བརྗོད་ན་ནི། སེང་གེའི་སྒྲ་ཁོ་ནས་གཉིས་ཀ་དག་རྗོད་པར་བྱེད་པའི་ཕྱིར་རོ། །ཁྱད་པར་དུ་བྱེད་པ་ཡོད་ན་ཡང་མ་ངེས་པ་དེ་ ཁོ་ནའོ། །ཅི་སྟེ་བྲམ་ཟེའི་ཁྱེའུ་ལ་སོགས་པ་གང་ཉེ་བ་མ་ཡིན་པ་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་ན། བྲམ་ཟེའི་ཁྱེའུ་གཅིག་མ་ཡིན་པའི་ཚིག་གི་རྟོགས་པར་བྱ་བ་ཉིད་ན་ནི། རྒྱལ་པོ་དང་བྲན་དག་ཀྱང་ཚིག་གཞན་མ་གཏོགས་པར་རྒྱལ་པོའི་སྒྲ་འབའ་ཞིག་པས་རྗོད་པར་བྱེད་པ་ རྟག་པར་བྱ་བ་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་གཅིག་སྨོས་པ་བྱས་པ་ན་ཡང་དཔེ་སྒྲུབ་པར་བྱེད་པ་མ་ཚང་བའོ་ཞེ་ན། གཞན་ཡང་འདིར་འདྲ་བ་ཉིད་ནི་ཁྱད་པར་ཅན་ཁོ་ན་ཕ་རོལ་པོས་མངོན་པར་འདོད་དེ། གང་ཡོད་ན་གཉིས་ཀ་ལ་ཡང་དབང་པོའི་ཤེས་པ་རྣམ་པ་མཚུངས་པར་འགྱུར་བའོ་ རྣམ་པ་གཞན་དུ་ན། དངོས་པོ་ཐམས་ཅད་ཤེས་བྱ་ཉིད་ལ་སོགས་པའི་ཆོས་འགའ་ཞིག་གི་ཡོད་པ་ཉིད་དང་འདྲ་བ་ཡོད་དོ་ཞེས་པས་དངོས་པོ་ཐམས་ཅད་ཡོད་པའི་སྒྲའི་བརྗོད་པར་བྱ་བར་འགྱུར་རོ། །དེ་འགོག་ན་ཡང་ཁས་བླངས་པས་གནོད་པའོ། །དེའི་ཕྱིར་ཁྱད་པར་ཅན་ ཁོ་ནར་འདྲ་བ་ཕ་རོལ་པོས་འདོད་ཅིང་། དེས་ན་དགག་པ་ཡང་དེ་ཁོ་ན་ལ་བྱ་སྟེ། སེང་གེ་དང་བྲམ་ཟེའི་ཁྱེའུ་དག་ལ་རྣམ་པ་དེ་ལྟ་བུའི་འདྲ་བ་ཡོད་པ་ཡང་མ་ཡིན་ཞིང་། འཇིག་རྟེན་དུ་གྲགས་པ་ཡང་མ་ཡིན་ན་དེ་མ་ངེས་པ་ག་ལ་ཡིན། དེའི་ཕྱིར་ཁྱད་པར་བྱེད་པས་དོན་མ་ཡིན་ ནོ། །ཡང་འདིར་ཅི་ལྟར་ཁྱབ་པ་ཡིན། །འདི་ལ་འགལ་བ་འགའ་ཞིག་ཀྱང་མཐོང་བ་མེད་པའི་ཕྱིར་རོ་ཞེ་ན། བརྗོད་པར་བྱ་སྟེ། གལ་ཏེ་འདྲེས་པས་གྲུབ་པའི་རིགས་དང་དེ་དང་ལྡན་པ་དག་འདྲ་བ་ཉིད་དུ་འགྱུར་ན། དེས་ན་རིགས་ལ་ཡོད་པའི་སྒྲ་དངོས་དང་། དེ་དང་ལྡན་པ་ ལ་ཉེ་བར་བཏགས་པའོ་ཞེས་པའི་ཐ་དད་འདིར་འགྱུར་བ་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ནི་ཇི་ལྟར་རིགས་རང་བཞིན་གྱིས་ཡོད་པའི་ངོ་བོ་ཡིན་པ་དེ་ལྟར་དེ་དང་ལྡན་པ་ཡང་ཡིན་ཞིང་། ཡོད་པའི་ངོ་བོ་ཉིད་ཀྱང་ཡོད་པའི་སྒྲའི་འཇུག་པའི་རྒྱུ་མཚན་ནོ་ཞེས་པ་གཉིས་ ཀ་ལ་དངོས་ཉིད་དུ་འགྱུར་རོ། །དེ་ལྟར་འགྱུར་མོད་ཀྱི་ཡོད་པ་ཉིད་ནི་ཐ་མི་དད་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་ཁོ་ན་ལ་ཐ་མི་དད་པའི་ཡོད་པའི་སྒྲ་རིགས་ཀྱི། དེ་དང་ལྡན་པ་རྣམས་ལ་ནི་མ་ཡིན་ཏེ། དེ་རྣམས་ཐ་དད་པ་ཉིད་ཀྱི་ཕྱིར་ཞེ་ན། གལ་ཏེ་དེ་ལྟ་ན་ཡོད་པའི་ངོ་བོ་ཉིད་ནི་ཡོད་ པའི་སྒྲ་འཇུག་པའི་རྒྱུ་མཚན་མ་ཡིན་གྱི་འོ་ན་ཅི་ཞེ་ན། རྗེས་སུ་འགྲོ་བའི་ངོ་བོ་ཉིད་དོ། །དེ་ལས་ཀྱང་རིགས་གཞན་ལ་ཡང་དེ་རབ་ཏུ་འཇུག་པར་འགྱུར་ཏེ། དེ་ལ་ཡང་དེའི་ངོ་བོ་ཡོད་པའི་ཕྱིར་རོ། །གལ་ཏེ་ཐ་དད་པ་རྣམས་ལ་ཐ་མི་དད་པའི་སྒྲ་འཇུག་པ་མ་ཡིན་ཞེ་ན་ཐ་དད་ པའི་རིགས་རྣམས་ལ་རིགས་ཀྱི་སྒྲ་ཐ་མི་དད་པ་ཅི་ལྟར་འཇུག་དེ་ལ་རིགས་ཐམས་ཅད་ལ་ཁྱབ་པའི་རིགས་གཞན་གང་སྒྲ་འཇུག་པའི་རྒྱུ་མཚན་དུ་འགྱུར་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་རིགས་རྣམས་ལ་སྒྲའི་རང་གི་ངོ་བོ་ཁོ་ན་ཐ་མི་དད་པའི་རྒྱུ་མཚན་རྒྱུར་བྱས་ནས་ འཇུག་གོ་ཞེ་ན། གལ་ཏེ་དེ་ལྟ་ན་རིགས་དང་ལྡན་པ་དག་ལའང་དེ་ཉིད་ལ་བརྟེན་ནས་འཇུག་པར་འགྱུར་ཏེ། དེ་ལས་ཀྱང་དངོས་དང་ཉེ་བར་བཏགས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་མི་འགྱུར་ན། དེ་ཡང་འདོད་དེ། དེའི་ཕྱིར་འདྲེས་པས་གྲུབ་པའི་འདྲ་བ་ཉིད་མེད་དོ་ ཞེས་པས་ཁྱབ་པ་གྲུབ་བོ། །འོ་ན་ཉེ་བར་བཏགས་པ་ལ་རྗོད་པར་བྱེད་པ་མེད་པའི་ཕྱིར། སྤྱི་ལས་ཉེ་བར་བཏགས་པ་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན། གལ་ཏེ་ཡང་གཉིས་ཀ་དག་སྒྲའི་དོན་ཉིད་ན། གཉིས་ཀ་ལ་འབྲས་བུར་ཐལ་བར་འགྱུར་ཏེ། བ་ལང་ཁྱེར་ལ་ཤོག་ཅེས་ བརྗོད་པ་ན་མི་བླུན་པོ་ཡང་ཁྱེར་འོང་བར་འགྱུར་རོ་ཞེ་ན། ཕ་རོལ་པོས་དངོས་དང་ཉེ་བར་བཏགས་པ་སྒྲའི་བརྗོད་བྱ་ཉིད་དུ་རྟོགས་ཏེ། དེའི་ཕྱིར་དེ་ལ་བརྟེན་ནས་དེ་ལྟར་བཤད་དོ་ཞེས་པས་མི་སྐྱོན་ནོ། །འདྲ་བ་ཉིད་ནི་དབང་པོའི་རྟོགས་པ་འཕོས་པས་ཡོངས་སུ་གཅད་པར་བྱ་ བའམ། སྒྲ་ལས་བྱུང་བའི་རྟོགས་པ་འཕོས་པས་ཡིན། དེ་ལ་དབང་པོའི་རྟོགས་པ་འཕོས་པས་རིགས་དང་དེ་དང་ལྡན་པ་དག་གི་འདྲ་བ་ཉིད་ངེས་པར་བྱ་བ་མ་ཡིན་ནོ་ཞེས་པ་འདི་ཕལ་ཆེར་བསྒྲུབས་ཟིན་ཏེ། སྤྱི་མི་མཐོང་བར་སྒྲུབ་པར་བྱེད་པས་སོ། གལ་ཏེ་ཡང་ སྤྱི་འགྱུར་དུ་ཆུག །དེར་དེའི་གཞན་མཐོང་སྟེ། རྟེན་མི་མཐོང་བའི་ཕྱིར་མི་འགྱུར་རོ་ཞེས་པ་ལ་སོགས་པས་སོ། །སྣང་རུང་མ་ཡིན་པ་དང་ལྷན་ཅིག་འགའ་ཞིག་གི་ཡང་འདྲ་བ་ཉིད་རྟོགས་པར་ནུས་པ་མ་ཡིན་ཞིང་། སྒྲ་ལས་བྱུང་བའི་རྟོགས་པས་འཕོ་བར་ཡང་ ངེས་པར་བྱ་བ་མ་ཡིན་ནོ་ཞེས་སྟོན་པ་གསུངས་པ། རིམ་གྱིས་བརྗོད་པ་མ་ཡིན་ཕྱིར། །ཞེས་པ་སྟེ་རིགས་དང་དེ་དང་ལྡན་པ་དག་ལ་ནི་སྒྲ་ལས་བྱུང་བའི་རྟོགས་པ་འཕོ་བའི་རྒྱུ་རིམ་གྱིས་སྒྲ་སྦྱོར་བ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །གལ་ཏེ་རིགས་ལ་དང་དེ་དང་ལྡན་པ་ལ་རིམ་པས་སྒྲ་སྦྱོར་བར་ གྱུར་ན། དེ་ལས་སྒྲ་ལ་རིགས་ལ་རྟོགས་པ་གང་འདྲ་བར་འགྱུར་བ་དེ་འདྲ་བ་ཁོ་ན་དེ་དང་ལྡན་པ་ལ་ཡང་ཞེས་པ་རྟོགས་པ་འཕོ་བར་འགྱུར་ན། རིམ་པས་སྒྲ་སྦྱོར་བ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཅིག་ཅར་ཁོ་ནའོ། །དེ་ལས་ཀྱང་རྟོགས་པ་གཅིག་ཁོ་ནའོ་ཞེས་པས། གང་ལས་རྟོགས་ པ་འཕོ་བ་ཡིན་ཞེས་པ་འདི་ནི་གཏན་ཚིགས་སོ། །ཀུན་ད་དུང་སོགས་དཀར་པོ་བཞིན། །ཞེས་པ་ཆོས་མི་མཐུན་པ་ཉིད་ཀྱི་རྗེས་འགྲོའོ། །རིགས་དང་དེ་དང་ལྡན་པ་དག་ལ་སྒྲ་ཅིག་ཅར་ཞེས་པ་ཉེ་བར་སྦྱོར་བའོ། །འདིས་ནི་དོན་གྱིས་གོ་བས་རིམ་གྱིས་སྒྲ་སྦྱོར་བ་མེད་པར་སྟོན་ཏོ། །གང་ལ་སྒྲ་ ལས་བྱུང་བའི་རྟོགས་པ་འཕོ་བ་དེ་ལ་རིམ་གྱིས་དེའི་རྒྱུས་སྒྲ་སྦྱོར་ཏེ། འདི་ལྟ་སྟེ་ཀུན་ད་ལ་སོགས་པ་རྣམས་ལ་བཞིན། རིགས་དང་དེ་དང་ལྡན་པ་དག་ཀྱང་སྒྲ་ལས་བྱུང་བའི་རྟོགས་པ་འཕོ་བའི་རྒྱུས་རིམ་གྱིས་སྒྲ་སྦྱོར་བ་མེད་དོ། །རྒྱུ་མི་དམིགས་པའོ། །རྟོགས་པ་འཕོ་བ་བཀག་པས་ ཀྱང་འདྲ་བ་ཉིད་མེད་པའི་ཐ་སྙད་འགྲུབ་པའི་ཆེད་དུ་རང་བཞིན་མི་དམིགས་པ་གསལ་བར་བྱས་སོ་ཞེས་པས་དེའི་སྦྱོར་བ་བརྗོད་པར་བྱ་སྟེ། རྟོགས་པ་འཕོ་བ་ལས་འདྲ་བ་ཉིད་ཡོད་པ་མ་ཡིན་ནོ་ཞེས་པ། རྟོགས་པ་འཕོ་བ་ལས་ནི། གང་འདྲེས་པས་འགྲུབ་པའི་འདྲ་བ་ཉིད་ངེས་པར་ བྱ་བ་དེ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །རང་ཉིད་ལས་འདྲ་བ་ཉིད་དུ་མི་འགྱུར་མོད། རིགས་ཀྱིས་ཉེ་བར་བསྒྱུར་བའི་ཕྱིར་ནི་རྫས་དེ་རང་ཉིད་དེའི་ངོ་བོ་མ་ཡིན་ཡང་དེ་ལྟར་རབ་ཏུ་གསལ་ཏེ། ཇི་ལྟར་ཤེལ་དང་ཉེ་བར་གཞག་པའི་དབང་ལས་རང་ཉིད་དེའི་ངོ་བོ་མ་ཡིན་པ་ཡང་ དེའི་ངོ་བོ་ཉིད་བཞིན་ནོ་ཞེ་ན། དེའི་ཕྱིར་གསུངས་པ། ཡོན་ཏན་གྱིས་ཕན་འདོགས་ཕྱིར་དེའི་ངོ་བོ་ལ། རབ་གྱུར་འགྱུར་ཞེས་པ་ལ། རབ་གྱུར་ཞེས་པ་ཡུལ་གྱི་ཡུལ་ཅན་རབ་ཏུ་གྱུར་པའི་བློ་བསྟན་ཏེ་རབ་ཏུ་གྱུར་པའི་བློར་འགྱུར་རོ་ཞེས་པའི་དོན་ཏོ། །ཡང་ཅིའི་ཕྱིར་སྐྱོན་འདི་འགོད་པར་བྱེད་དེ། ཇི་སྲིད་དུ་མཐོང་བ་ཁོ་ནས་རྫས་ལ་རབ་ཏུ་གྱུར་པའི་བློ་ཡིན་ཞེ་ན། བློ་མེད་ཀྱང་ཞེས་པ་ཡོན་ཏན་རབ་ཏུ་གྱུར་པའི་བློ་མེད་པར་ཡང་ཞེས་པའི་དོན་ཏོ། །གལ་ཏེ་ཤེལ་བཞིན་དུ་ཡོན་ཏན་གྱིས་ཉེ་བར་བསྒྱུར་བའི་ཕྱིར། དེ་དང་ལྡན་པ་ཡོན་ཏན་གྱི་རང་གི་ངོ་བོར་འགྱུར་ན། དེ་ལྟར་གྱུར་ན་མཆོག་ཏུ་ སྔོ་བའི་རས་ཞེས་རྫས་ལ་ཁྱད་པར་གྱི་རབ་ཏུ་གྱུར་པའི་བློ་ལ་མ་ལྟོས་པའི་རབ་ཏུ་གྱུར་པའི་བློར་འགྱུར་རོ། །ཁྱད་པར་རབ་ཏུ་གྱུར་པ་མ་བཟུང་བར་ཁྱད་པར་དུ་བྱ་བ་ལ་རབ་ཏུ་གྱུར་པའི་བློར་འགྱུར་བ་ཡང་མ་ཡིན་ཏེ། རྫས་ལ་རང་ཉིད་ལས་རབ་ཏུ་གྱུར་པ་དང་ཉམས་པ་མེད་པའི་ཕྱིར་རོ། །སྣམ་བུ་ནི་ རང་ཉིད་ཁོ་ན་ལས་སྣམ་བུ་གཞན་ལས་རབ་ཏུ་གྱུར་པ་མ་ཡིན་གྱི། འོན་ཀྱང་སྔོན་པོ་ཉིད་ལ་སོགས་པ་བརྟེན་པར་བྱས་པའི་ཡོན་ཏན་ལས་ཏེ། ཉེ་བ་མ་ཡིན་པའི་དངོས་པོའི་རང་གི་ངོ་བོ་ལས་ཤེས་པ་མི་སྲིད་པའི་ཕྱིར་རོ། །ཡོན་ཏན་གྱི་སྒྲ་ཡང་འདིར་འདྲེས་པའི་ཡོན་ཏན་རྗོད་པར་ བྱེད་པ་ཡིན་གྱི། དཀར་པོ་ཉིད་ལ་སོགས་པ་རྣམས་དེས་ཡོན་ཏན་བརྗོད་པར་འདོད་པ་རྣམས་ནི་མ་ཡིན་ཏེ། ཆེས་འཚེད་པར་བྱེད་པ། ཆེས་གཅོད་པར་བྱེད་པ་ཞེས་ཡོན་ཏན་རབ་ཏུ་གྱུར་པ་ལ་ལྟོས་པ་མེད་པ་ཁོ་ནར་ཕུལ་དུ་གྱུར་པའི་རྟོགས་པར་མི་འགྱུར་རོ། །ཡང་ཅིའི་ཕྱིར་ ཡོན་ཏན་རབ་ཏུ་གྱུར་པ་ལ་ལྟོས་པ་མེད་པར་རྫས་ལ་རབ་ཏུ་བྱུང་བའི་བློར་ཐལ་བར་འགྱུར་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། ཉེ་བར་གཞག་པས་དེའི་ངོ་བོ་ཉིད་ཉེ་བར་བསྒྲུབ་པ་ན་ཤེལ་ལ་ཉེ་བའི་རྟེན་རྟོགས་པ་ལ་ལྟོས་པའི་ཚོན་གྱི་བློ་འཇུག་པ་མ་ཡིན་ཏེ། ཅིའི་ཕྱིར་ ཞེ་ན་གསུངས་པ། མ་བྱང་བ་ལ་ཞེས་པ་ལ་སོགས་པ་སྟེ། མ་བྱང་བ་ལ་ཤེལ་དང་ཉེ་བར་གཞག་པ་དག་ལ་ཐ་དད་པའི་བློར་གྱུར་པ་མ་ཡིན་ཏེ། དེ་ནི་ཤེལ་འདི་ཁོ་ན་རྣམ་པ་འདིའོ་ཞེས་ལྷག་པར་ཞེན་ཏོ། །བྱང་བ་ལ་ནི་དམར་པོ་འདི་ནི་ཤེལ་ལོ་ཞེས་ངེས་པ་མི་འཐད་པ་ཁོ་ནའོ། །རབ་ཏུ་གྱུར་པ་ སྨོས་པ་ནི་ཡོན་ཏན་ལ་ལྟོས་པའི་རྟོགས་པ་གཞུང་གཟུགས་པའི་དོན་དུ་སྟེ། གཞན་དུ་ན་ངེས་པར་བྱ་བཞིན་པའི་རིགས་ཀྱང་རིགས་དང་ལྡན་པའི་དོན་ལ་ཕན་འདོགས་པར་འཇུག་ཅིང་། དེ་ལས་ཀྱང་དེས་ཕན་འདོགས་པ་ལས་དེ་ལྟར་སྣང་ངོ་ཞེས་ཁ་ཅིག་སོ་ སོར་གནས་སོ། །རབ་ཏུ་གྱུར་པ་ནི་ངེས་པར་སྦྱོར་བ་ལས་དེར་ངེས་པ་ལ་ལྟོས་པའི་རྟོགས་པས་ཡོངས་སུ་གཅད་པར་བྱ་བ་ཁོ་ན་སྟེ། རྫས་ནི་རང་ཉིད་ལས་རབ་ཏུ་གྱུར་པ་མེད་པའི་ཕྱིར་རོ། །རྫས་ནི་རང་ཉིད་ལས་རྫས་གཞན་ལས་ཕུལ་དུ་བྱུང་བར་བྱ་བར་ནུས་པ་མ་ཡིན་ཏེ། རང་གི་ ངོ་བོ་ཙམ་གྱིས་སྨྲ་བར་རམ་རྟོགས་པར་ནུས་པ་མ་ཡིན་པ་ཉིད་ཀྱི་ཕྱིར། འོ་ན་རིགས་པ་ནི་རབ་ཏུ་གྱུར་པ་མེད་པའི་ཕྱིར། དེ་ལ་མི་ལྟོས་པའི་ཁྱད་པར་ཅན་རྟོགས་སོ་ཞེ་ན། འདི་སྐྱོན་མ་ཡིན་ཏེ། ཁྱད་པར་ཅན་རྟོགས་པ་ནི་སྔོན་པོ་ལ་སོགས་པ་ལ་ནི་ཁྱད་པར་ལ་ལྟོས་པ་སྟེ། དེས་ན་ཡོད་པ་ལ་ སོགས་པའི་ཁྱད་པར་ལ་ལྟོས་པ་ནི་ཁྱད་པར་ཅན་ལ་ཡོད་པ་ལ་སོགས་པའི་རྟོགས་པ་སྔོན་པོ་ལ་སོགས་པ་རྟོགས་པ་བཞིན་དུའོ་ཞེས་བཤད་པར་འགྱུར་རོ། །གཞན་དུ་ན་གལ་ཏེ་རང་གི་རྟེན་ལ་མ་བཟུང་བའི་ཡང་བ་ལང་ཉིད་ལ་སོགས་པའི་རིགས་ཀྱིས་བ་ལང་ལ་སོགས་པ་རྟོགས་པར་བྱེད་ན་གང་གི་ཚེ་འདི་ནི་རྫས་ ཅི་ཞིག་གོ་ཞེས་རྫས་ཙམ་ཉེ་བར་དམིགས་པ་ན་བ་ལང་ཉིད་ལ་སོགས་པ་རྣམས་གཟུང་བྱ་མ་ཡིན་པ་དེའི་ཚེ་ཡང་བ་ལང་ལ་སོགས་པ་ངེས་པར་འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་རིགས་ལ་ལྟོས་པ་མེད་པར་དེ་དང་ལྡན་པ་ལ་རྟོགས་པ་ནི་མ་ཡིན་ནོ། །གང་ཞིག་ཁྱད་པར་ལ་ལྟོས་པར་ རྟོགས་པ་ཡོངས་སུ་གཅད་པར་བྱ་བ་དེ་ནི་ཡོན་ཏན་ཕུལ་དུ་བྱུང་བས་བསྒྲུབས་པའི་ཡོན་ཏན་འདྲ་བ་ཉིད་མ་ཡིན་ཏེ། དབྱུག་པ་ཅན་བཞིན། དེ་དང་ལྡན་པ་དང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བ་ནི་ཤེལ་གྱི་དཔེས་སྦྱར་བར་བྱའོ། །འདྲེས་པའི་ངོ་བོའི་ ཕྱིར་ཀུན་ལ། །ལོག་པའི་ཤེས་པར་ཐལ་བར་འགྱུར། །ཡོན་ཏན་གྱིས་ཕན་འདོགས་པ་ལས་དེའི་ངོ་བོ་ཉིད་དུ་ཁས་བླངས་པ་ནའོ། །ཅི་ལྟར་ཞེ་ན་གསུངས་པ། ཐམས་ཅད་ནི་ཞེས་པ་ལ་སོགས་པ་སྟེ། འདྲེས་པའི་ཁྱད་པར་ནི་ཡོན་ཏན་ཞེས་པ་དོན་གཅིག་པའོ། །སྒྲ་ལས་བྱུང་བའི་ རྟོགས་པ་ཐམས་ཅད་ནི་དོན་རྣམས་ལ་འདྲེས་པའི་ངོ་བོས་བར་དུ་ཆོད་པ་སྟེ། དེའི་ཕྱིར་གལ་ཏེ་ཡོན་ཏན་གྱིས་ཕན་འདོགས་པའི་ཕྱིར་ཡོན་ཏན་ཅན་ལ་དེའི་ངོ་བོ་ཉིད་དུ་འགྱུར་ན། དེ་ལྟར་གྱུར་ན་ཇི་ལྟར་ཤེལ་སྔོན་པོའོ་ཞེས་འཛིན་པ་ནི་དོན་ཇི་ལྟ་བ་ཡིན་པའི་རྟོགས་པ་སྟེ། ཤེལ་ནི་རང་ཉིད་ལས་ སྔོན་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་བུམ་པའོ་ཞེས་པ་ལ་སོགས་པ་སྒྲ་ལས་བྱུང་བའི་རྟོགས་པ་ཐམས་ཅད་ཇི་ལྟ་བའི་དོན་ཅན་མ་ཡིན་པར་འགྱུར་ཏེ། རྫས་ནི་རང་ཉིད་ལས་བུམ་པ་ལ་སོགས་པའི་ངོ་བོ་མེད་པའི་ཕྱིར་རོ། །འདོད་པའང་མ་ཡིན་ནོ། །དེ་འདིས་ནི་གང་ཞིག་དོན་ཇི་ལྟ་བ་བཞིན་པའི་ རྟོགས་པའི་ཡུལ་དེ་ནི་ཁྱད་པར་དུ་བྱེད་པའི་རང་གི་ངོ་བོ་མ་ཡིན་ཏེ། འདི་ལྟ་སྟེ་དབྱུག་པ་ཅན་བཞིན། དེ་དང་ལྡན་པའང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་བ་གསུངས་སོ། །ཁྱབ་པ་མེད་པར་འདི་ལ་དོགས་པར་བྱ་བ་མ་ཡིན་ཞིང་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བ་ནི་མི་ འདོད་པ་ཉིད་དོ། །སྤྱི་ལ་སོགས་པ་མང་ཉིད་ནའང་། །ཞེས་པ་ལ་སོགས་པ་སྟེ། སོགས་པ་སྨོས་པ་ལས་ཡོན་ཏན་དང་བྱ་བ་འཛིན་ནོ། །ཅིག་ཅར་འཛིན་བྱེད་རྣམས་ལ་ཡང་། །ཞེས་པ། གང་གི་ཚེ་དུས་གཅིག་ཏུ་རྟོགས་པ་པོ་མང་པོ་རྣམས་ཁྱད་པར་ཐ་དད་པ་རྣམས་ཀྱི་དོན་གཅིག་རྟོགས་ པར་བྱེད་པ་དེའི་ཚེ། ཕན་འདོགས་པ་ནི་འགལ་བར་འགྱུར། །ཡོན་ཏན་བྱས་པའོ། །དེ་དཔེར་བརྗོད་ཀྱིས་སྟོན་པ་གསུངས་པ། དཔེར་ན་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་འགལ་བར་འགྱུར་ཞེ་ན། མི་ནུས་ཞེས་པ་ལ་སོགས་པ། འདིར་རྟོགས་པ་གསུམ་སྟེ། གང་ཡང་ རུང་བའི་ཡོན་ཏན་གྱི་ངོ་བོ་རྟོགས་པའམ། ཐམས་ཅད་ཀྱི་ཡང་ཕྱོགས་གཅིག་རྣམས་ཀྱིས་སམ། བདག་ཉིད་ཐམས་ཅད་ཀྱི་ཐམས་ཅད་ཁོ་ནའི་ཡིན་ཞེས་པའོ། །དེ་ལ་རེ་ཞིག་རེ་རེ་ཁོ་ནའི་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གང་ལས་གཅིག་ཁོ་ནའི་ངོ་བོ་རྟོགས་པར་འགྱུར་གྱི་གཞན་མ་ ཡིན་པ་ཡོད་པ་ཉིད་ལ་སོགས་པ་རྣམས་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པས་སོ། །ཡང་ན་རྟོགས་པ་པོ་རྣམས་ལ་ཁྱད་པར་མེད་པའི་ཕྱིར་ཏེ། རྟོགས་པ་པོ་གཅིག་གི་ངོར་ཁྱད་པར་གཅིག་ཁོ་ནའི་ངོ་བོའི་རྗེས་སུ་བྱེད་པ་མ་ཡིན་ནོ། །ཕྱོགས་གཅིག་གི་ཡོན་ཏན་གྱི་ངོ་བོ་ཉམས་སུ་མྱོང་ བར་ནུས་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་གསུངས་པ། མཐའ་དག་ཅེས་པ་ལ་སོགས་པ་སྟེ། གལ་ཏེ་ཕྱོགས་གཅིག་གི་ཁྱད་པར་གྱི་ངོ་བོ་རྟོགས་པར་གྱུར་ན། དེའི་བུམ་པ་ཞེས་དེའི་ཕྱོགས་གཅིག་རྟོགས་པར་འགྱུར་ཏེ། དེ་ལྟར་ས་ལས་གྱུར་པའོ་ རྫས་སོ་ཞེས་པ་ལ་སོགས་པའོ། །གསུམ་པའི་ཕྱོགས་ལ་ནི་སྐྱོན་གསུངས་པ། ཀུན་གྱིས་ཡིན་ན་འདྲེས་མཐོང་འགྱུར་རོ། །ཞེས་པ། ཀུན་གྱིས་ཏེ། བུམ་པ་ཉིད་དང་ས་ལས་གྱུར་པ་ཉིད་ལ་སོགས་པའི་ཁྱད་པར་རྣམས་ཀྱི་དངོས་པོ་མཐའ་དག་ལ་ཅིག་ཅར་ཕན་འདོགས་ན། དེའི་ངོ་བོ་ བླངས་པ་ན། བུམ་པ་ལ་སོགས་པའི་ངོ་བོ་རྣམ་པར་ཕྱེ་ནས་འཛིན་པ་མེད་པའི་ཕྱིར། རྣམ་པར་དབྱེ་བ་མེད་པས་ཕན་ཚུན་ཡང་དག་པར་ཐ་དད་པའི་ངོ་བོ་དུ་མ་འཛིན་པར་འགྱུར་གྱི། རྣམ་པར་དབྱེ་བས་ནི་མ་ཡིན་ཏེ། བུམ་པ་འདིའོ་ས་ལས་གྱུར་པའོ་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན་ གསུངས་པ། ཅིག་ཅར་ངོ་བོ་ཐམས་ཅད་རྟོགས་པའི་ཕྱིར་ཞེས་པ། གང་ལས་རྫས་དེ་ཐམས་ཅད་ཀྱི་ངོ་བོ་ཅིག་ཅར་རྟོགས་པར་འགྱུར་པའོ། །དེས་ན་འདི་ལྟར་ཕན་འདོགས་པ་འགལ་བའི་ཕྱིར་བུམ་པ་ལ་སོགས་པའི་ངོ་བོར་འཛིན་པར་མི་འགྱུར་ན་དེ་ཡང་ཡོད་དོ། །དེ་འདིས་ནི་གང་ཞིག་ ཅིག་ཅར་ཁྱད་པར་དུ་མའི་རྗེས་སུ་བསྒྲུབས་པའི་རྟོགས་པས་ཡོངས་སུ་གཅད་པར་བྱ་བ་དེ་ནི་ཁྱད་པར་གྱི་ངོ་བོ་རྟོགས་པ་མ་ཡིན་ཏེ། འདི་ལྟ་སྟེ། དཔུང་རྒྱན་དང་རྣ་རྒྱན་ཞེས་པ་བཞིན་དེ་དང་ལྡན་པའི་དངོས་པོ་ཡང་དེ་ལྟ་བུའོ་ཞེས་འགལ་བས་ཁྱབ་པ་གསུངས་སོ། །ཁྱད་པར་རྣམས་ལ་ ཞེས་པ་ལ་སོགས་པས་དེ་དང་ལྡན་པའི་ཕྱོགས་ལ་རྗོད་པའི་སྐྱོན་ཕྱོགས་གཞན་རྣམས་ལ་བསྒྲེ་བ་སྟོན་པ་སྟེ། བྱེད་ཕྱི་མས་ནི་འདི་ཁོ་ན་ལ་འཐད་པ་གསུངས་སོ། །རིགས་ཀྱི་ངོ་བོ་ནི་ཁྱད་པར་རྣམས་ལས་མི་རིགས་ཤིང་། སྒྲའི་རང་གི་ངོ་བོ་ནི་རིགས་ལ་དང་། སྒྲའི་རང་གི་ངོ་བོ་དང་ལྡན་ པའི་རིགས་ཀྱི་ངོ་བོ་ནི་འབྲེལ་པ་ལའོ། །འབྲེལ་པ་ཅན་གྱི་ངོ་བོས་དབེན་པའི་དོན་གྱི་བདག་ཉིད་ནི་ཚིག་གི་ཡུལ་དུ་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་གདོན་མི་ཟ་བར་ཞེས་གསུངས་སོ། །འོ་ན་དེ་དང་ལྡན་པའི་ཕྱོགས་ལས་ཁྱད་པར་གྱི་ཕྱོགས་ཀྱི་བྱེ་བྲག་ཅི་ཞེ་ན། དེ་དང་ལྡན་པའི་ཕྱོགས་ལ་ཡོད་པའི་ རིགས་ཀྱི་ངོ་བོར་ཡོད་པའི་སྒྲས་རྗོད་པར་བྱེད་པ་སྟེ། ཁྱད་པར་གྱི་ཕྱོགས་ལ་ནི་རྫས་ལ་སོགས་པའི་ངོ་བོར་རོ། །དེ་ལྟར་ན་དེ་རྣམས་ཁྱད་པར་གྱི་ངོ་བོར་བརྗོད་པར་བྱས་པར་འགྱུར་རོ་ཞེས་པ་བྱེ་བྲག་གོ། །དེ་ལ་ཡང་རྫས་ཉིད་ལ་སོགས་པ་རྣམས་ལ་དངོས་དང་། ཁྱད་པར་རྣམས་ལ་ཉེ་བར་ བཏགས་པའོ་ཞེས་སྔ་མ་ཁོ་ན་ལྟར་སྐྱོན་བརྗོད་པར་བྱ་བ་སྟེ། དངོས་དང་བཏགས་པའི་འཇུག་པ་ཉིད་དང་། རིགས་ཀྱིས་བརྗོད་པ་མ་ཡིན་པ་དང་། ཡོན་ཏན་གྱི་ཕན་འདོགས་པ་འགལ་བའོ། །སྲིད་པ་ལས་ཞེས་པ་རིགས་རྗོད་པར་བྱེད་པ་ན། རབ་གྱུར་འགྱུར་ཏེ། བློ་མེད་པར་ཞེས་པ་འདི་ མི་སྲིད་པའི་ཕྱིར་རོ། །འབྲེལ་པ་རྗོད་པར་བྱེད་པ་ན་ཡང་སྟེ། འདི་ཉིད་ཀྱི་ཕྱིར་སྲིད་པ་སྨོས་པའོ། །འོ་ན་སྔར་འབྲེལ་པ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བཤད་ན། དེ་ཅི་ལྟར་ད་ལྟར་ཡོད་པའི་ངོ་བོ་རྗོད་པར་བྱེད་པ་ལ་བརྟེན་པ་ཡིན། ཡང་ཅི་ལྟར་འདིར་ཐ་དད་མེད་པར་ཉེ་བར་གདགས་པ་འབྲེལ་ པའི་ཡན་ལག་ཏུ་བྱ་བ་ཡིན། སྔ་མ་ནི་ཡོད་པ་ཉིད་དུ་གྱུར་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཀུན་བཤད་པའི་དོན་ཅན་ལ་སྒྲ་ཐ་དད་མེད་པར་ཉེ་བར་གདགས་པ་མི་འཐད་པའི་ཕྱིར་རྗོད་པར་མི་བྱེད་པར་བཤད་པ་སྟེ། འབྲེལ་པར་ཡང་ཡོད་པ་ཉིད་དུ་གྱུར་པ་མ་ཡིན་པ་ཁོ་ན་ཡིན་ན། དེ་ཅི་ལྟར་དེའི་ ཡོད་པ་ཉིད་དམ་ཡོད་པའི་སྒྲ་དང་ཐ་དད་མེད་པར་གདགས་པ་ཡིན། ཐ་དད་མེད་པར་གདགས་པ་མེད་ནའང་ཅི་ལས་སྔར་བརྗོད་པའི་སྐྱོན་དུ་ཐལ་བར་འགྱུར་ཅི་སྟེ་ཡོད་པ་ཉིད་དང་ཐ་མི་དད་པ་ཉེ་བར་གདགས་པས་དེ་བརྗོད་པར་བྱ་ན། ཅི་ལྟར་ཡོད་པ་དང་སྦྱོར་བའི་སྒྲ་དག་གཞི་མཐུན་པ་ ཉིད་དུ་མི་འཐད་ཅེ་ན། སྐྱོན་འདི་མ་ཡིན་ཏེ། འབྲེལ་པ་རྗོད་པར་བྱེད་པར་ཁས་བླངས་ནས་སྐྱོན་འདི་བརྗོད་པའི་ཕྱིར་རོ། །གལ་ཏེ་ཡང་འབྲེལ་པ་བརྗོད་པར་བྱ་བ་ཡིན་པ་དེ་ལྟ་ན་ཡང་དེ་དང་ལྡན་པའི་ཕྱོགས་ཀྱི་སྐྱོན་འདའ་བ་མེད་དེ། རིགས་ལྡན་དང་མཚུངས་པར་ནུས་པ་ཉིད་ཀྱི་ཕྱིར་ རོ་ཞེས་བསྟན་པའི་དོན་དུ་འདི་བཤད་དོ། །དེ་ལྡན་ཡང་ཞེས་པ་ལ་སོགས་པས་འདིའི་ཕྱོགས་གཞན་ཉིད་ཁོ་ན་སེལ་བར་བྱེད་དོ། །འོ་ན་ཡང་བཤད་པ་ཞེས་པ་ལ་སོགས་པས་ཕྱོགས་གཞན་ཉིད་སྟོན་ཏོ། །འདིར་ཐ་དད་པ་དང་ཐ་མི་དད་པའི་ངོ་བོས་བརྗོད་པར་བྱ་བ་མ་ཡིན་གྱི། འོ་ན་ ཅི་ཞེ་ན། རིགས་ལྡན་དེ་རྣམས་ཀྱི་གང་བྱེ་བྲག་མེད་པའི་ངོ་བོ་ཡོད་པ་ཉིད་དུ་སྒྲོ་བཏགས་པ་དེ་ཁོ་ན་ཁྱད་པར་གྱི་ངོ་བོ་ལ་མ་རེག་པར་བརྗོད་པར་བྱ་བའོ། །དེ་ལྟ་ན་ཡང་ཁྱད་པར་གྱི་ཕྱོགས་ལས་ཕྱོགས་གཞན་ཁོ་ན་འདིའོ་ཞེས་སེམས་སོ། །གལ་ཏེ་དེ་ལྟ་ན་ཞེས་ པ་ལ་སོགས་པས། རིགས་དང་སྦྱོར་བའི་ཕྱོགས་དག་གི་ནང་དུ་འདི་འདུས་པའི་ཕྱིར་ཕྱོགས་གཞན་ཉིད་འགེགས་པར་བྱེད་དོ། །ཡང་ཅི་ལྟར་དེ་ལྡན་ཙམ་ཡོད་པ་ཉིད་དམ་འབྲེལ་པར་འགྱུར་ཞེ་ན་གསུངས་པ། དེ་དང་ལྡན་པ་ཙམ་ནི་ཞེས་པ་ལ་སོགས་པ། ཙམ་གྱི་སྒྲས་ཁྱད་པར་སེལ་བ་ནི། སྤྱི་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ངོ་བོ་སྒྲའི་དོན་བརྗོད་པར་འགྱུར་རོ། །དེ་ཡང་རབ་ཏུ་འཇུག་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་དངོས་པོའི་རྐྱེན་གྱིས་བརྗོད་པར་བྱ་བ་མ་ཡིན་ཞིང་། ཡོད་པ་ཉིད་དམ་འབྲེལ་པ་མ་གཏོགས་པར་གཞན་ཉེ་བར་དམིགས་པ་མ་ཡིན་ཏེ། དངོས་པོའི་རྐྱེན་ནི་དེ་ཁོ་ན་ལ་བྱས་ པའི་ཕྱིར་རོ། །འདི་ལུང་གིས་བསྟན་པའི་ཆེད་དུ་གསུངས་པ། ཚིག་སྡུད་དང་བྱེད་ལྡན་དང་དེ་ཕན་རྣམས་ལ་ཞེས་པ་ལ་སོགས་པའོ། །འབྲེལ་པ་བརྗོད་པར་བྱ་བ་ཉིད་ལ་ལུང་སྟེ། རྒྱལ་པོའི་སྐྱེས་བུ་ཉིད་འཚེད་པར་བྱེད་པ་ཉིད་ཉེ་བའི་བ་ལང་གི་བུ་ཉིད་ཅེས་པའོ། །ཚིག་སྡུད་ལ་སོགས་པ་འདི་རྣམས་ ལ་རང་དང་བདག་པོའི་དང་བྱ་བ་དང་བྱེད་པ་ཅན་གྱི་དང་བུ་རྒྱུད་དང་བུ་རྒྱུད་དང་ལྡན་པའི་འབྲེལ་པ་བརྗོད་པར་བྱ་སྟེ་རིམ་པ་ཇི་ལྟ་བར་རོ། །དེས་ན་འདིར་ཡང་ཡོད་པའི་སྒྲ་ནི་བྱེད་ལྡན་གྱི་མཐའ་ཅན་ཉིད་ཀྱི་ཕྱིར་འབྲེལ་པ་རྗོད་པར་བྱེད་པར་འགྱུར་རོ། །གཞན་རྣམས་ནི་འདི་ཁོ་ནའི་དམིགས་བསལ་ བཤད་དེ། གཞན་དུ་ཞེས་པ་ལ་སོགས་པའོ། །འདི་ཡོན་ཏན་བརྗོད་པ་ཉིད་ལ་ལུང་སྟེ་གྲགས་པས། ཚིག་སྡུད་ལས་ལྕི་རྩུབ་ཉིད་དང་། བྱེད་ལྡན་ལས་འགྲོ་བའི་ངང་ཅན་ཉིད་དང་། དེ་ཕན་ལས་ལག་ལྡན་ཉིད་དོ། །འདིར་རིགས་ཙམ་བརྗོད་ཀྱི་འབྲེལ་པ་ནི་མ་ཡིན་ནོ། །ཐ་མི་དད་ པའི་ངོ་བོའི་དེ་ཕན་ལས་དཀར་བ་ཉིད་དེ། དཀར་པོའི་སྒྲ་ནི་ལྡན་པའི་རྐྱེན་གྱི་མཐའ་ཅན་གྱིའང་རང་བཞིན་གྱིས་ངོ་བོ་མཚུངས་པ་ཉིད་ཀྱི་ཕྱིར་འདིར་ཡང་ཡོན་ཏན་ཁོ་ན་བརྗོད་པར་བྱ་བའོ། །མི་འཁྲུལ་བ་ཉིད་ཀྱི་འབྲེལ་པ་ལས་ནི་ཅི་ལ་ཡོད་པ་ཉིད་ཡིན། ཚིག་གི་དོན་ནི་ཡོད་པ་ཉིད་ལ་ འཁྲུལ་པ་ནི་མ་ཡིན་ནོ་ཞེས་པ་སྟེ། འདིར་ཡོད་པ་ཉིད་དེ་ཁོ་ན་བརྗོད་པར་བྱ་བའི་འབྲེལ་པ་ནི་མ་ཡིན་ནོ། །དེ་ལྡན་བུམ་པ་ལ་སོགས་དོན། །ཞེས་པ་ལ་སོགས་པས་ནི་དུ་མ་ལ་མི་འཇུག་པ་ཉིད་ཀྱི་གཏན་ཚིགས་གསལ་བར་བྱས་སོ། །སྤྱིའི་དོན་དེ་ཇི་ལྟ་བུ་ཞེས་པ་ནི་ཚད་མའི་འབྲས་བུའོ། ། གང་དུ་མ་ལ་འཇུག་པ་མ་ཡིན་པ་དེ་ནི་སྤྱི་མ་ཡིན་ཏེ། རང་གི་མཚན་ཉིད་བཞིན་དེ་དང་ལྡན་པ་ཡང་དེ་ལྟ་བུའོ། །ཁྱབ་པར་བྱེད་པ་མེད་པའོ། །སྤྱི་ནི་དུ་མ་ལ་འཇུག་པ་ཡིན་ནོ་ཞེས་པ་ལྡོག་པའོ། །དེ་ཡང་ཞེས་པ་ལ་སོགས་པས་གཏན་ཚིགས་ཉིད་ཀྱི་དོན་རྣམ་པར་འབྱེད་དོ། །ཅི་ལྟར་ཞེས་ པ་ལ་སོགས་པ་རྣམས་ཀྱིས་དམ་བཅའ་བའི་དོན་ཏོ། །འོ་ན་ཡང་ཞེས་པ་ལ་སོགས་པས་བསྒྲུབ་བྱ་གྲུབ་པ་ཉིད་སྨྲས་ཏེ། དེ་ལྡན་ནི་སྤྱིའི་ངོ་བོ་ཉིད་དུ་མི་འདོད་པ་ཉིད་ཀྱི་ཕྱིར་རོ། །དེ་མི་འདོད་པ་ཉིད་སྤྱིའི་ངོ་བོ་སྒྲོ་བཏགས་པར་གསལ་བར་བྱེད་པ་གསུངས་པ། ཅིའི་དོན་དུ་ཞེས་པ་ལ་སོགས་ པའོ། །གང་གི་ཕྱིར་ཞེས་པ་ལ་སོགས་པ་གྲུབ་པ་བསྒྲུབ་བྱ་ཉིད་ཀྱི་ལན་འདེབས་སོ། །འདི་ལྟར་སེམས་ཏེ། འབྲེལ་པ་བྱ་བར་སླ་བ་ཉིད་དང་། མི་འཁྲུལ་བར་སྨྲ་བས་ཡོད་པའི་སྒྲས་སྤྱི་རྗོད་པར་བྱེད་པ་ཉིད་ལ་བརྟེན་ཏེ། ཁྱད་པར་གྱི་སྒྲ་རྣམས་དང་གཞི་མཐུན་པ་ཉིད་ཁས་བླངས་པའི་ ཕྱིར་ཡང་ངོ་། །སྤྱི་དང་ཁྱད་པར་གྱི་དངོས་པོ་མེད་ན་གཞི་མཐུན་པ་ཉིད་འཐད་པ་མ་ཡིན་པས་སོ། །དེ་ལྟར་ནི་སྤྱིའི་སྒྲ་ལས་ཁྱད་པར་མེད་པར་འཇུག་བཞིན་པའི་བློ་ནི་ཁྱད་པར་གྱི་སྒྲ་རྣམས་ཀྱིས་ཁྱད་པར་གཞན་རྣམས་ལ་རྣམ་པར་བཅད་ནས། ཁྱད་པར་དུ་བྱས་པའི་ཡུལ་ལ་རྣམ་པར་ འཇོག་སྟེ། དེ་སྤྱི་མེད་ན་འཐད་པ་མ་ཡིན་ནོ་ཞེས་པའོ། །འདིར་ཡང་སྤྱི་དང་དེ་ལྡན་པ་ཞེས་ཁས་ལེན་པ་ན། རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། ཡོད་པ་ཉིད་ལ་སོགས་པ་སྤྱིའི་དེ་ལྡན་ཉིད་དུ་འགྱུར་བའམ། བུམ་པ་ལ་སོགས་པ་དེ་ལྡན་གྱི་མཚུངས་པ་ཉིད་ཅེས་པའོ། །དེ་ལ་སྔ་མ་མི་ སྲིད་དོ་ཞེས་སྟོན་པ་གསུངས་པ། ཡོད་པ་ཉིད་ལ་སོགས་པ་རྣམས་ལ་ཡང་ཞེས་པ་ལ་སོགས་པ་སྟེ། ཡོད་པ་ཉིད་ལ་སོགས་པ་རྣམས་ལ་རིགས་གཞན་ཡོད་པ་མ་ཡིན་ཏེ། རིགས་རྣམས་ལ་རིགས་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་གདོན་མི་ཟ་བར་རྣམ་པར་རྟོག་པ་གཉིས་ པ་ཁས་བླང་བར་བྱའོ་ཞེས་སྟོན་པ་གསུངས་པ། དེའི་ཕྱིར་ཞེས་པ་ལ་སོགས་པའོ། །དོན་ལ་ཞེས་པ་སྐབས་སུ་བབ་པ་ཉིད་ཀྱི་ཕྱིར་དེ་ལྡན་ལ་སྟེ་བུམ་པ་ལ་སོགས་པ་ལའོ། །དེ་ལྟར་འགྱུར་བ་སླ་སྟེ། འོ་ན་དེ་ཁོ་ན་ལའོ་ཞེ་ན། འདི་ལ་གསུངས་པ། དེ་ཡང་ཞེས་ པ་ལ་སོགས་པའོ། །ཅིའི་ཕྱིར་ཡོད་པ་མ་ཡིན་ཞེ་ན། གང་གི་ཕྱིར་ཞེས་པ་ལ་སོགས་པའོ། །འབའ་ཞིག་གོ་སྨོས་པས་ནི་བརྗོད་པར་བྱ་བ་མཚུངས་པ་སེལ་བར་བྱེད་དེ། སྒྲ་ཁོ་ན་རྗོད་པར་བྱེད་པ་སྟེ། འདི་རྣམས་མཚུངས་ཀྱི་བརྗོད་པར་བྱ་བ་ནི་མ་ཡིན་ནོ། །དེ་ལྟར་ཅུང་ཟད་ཀྱང་ཞེས་པའི་ དོན་ཏོ། །དེ་དང་ལྡན་པ་འགའ་ཞིག་གིས་ཀྱང་མ་ཡིན་ཞེས་བརྗོད་པར་བྱེད་པ་མཚུངས་པ་ཁོ་ནས་འདི་རྣམས་མཚུངས་ཏེ། བརྗོད་པར་བྱ་བ་དེ་ལྡན་གྱི་དངོས་པོའི་ངོ་བོ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །འོ་ན་ཡོད་པ་ཉིད་ཀྱི་སྒྲའི་རང་གི་ངོ་བོས་དེ་ལྡན་བརྗོད་པར་བྱ་སྟེ། འབྲེལ་པ་ ཡང་ཡོད་པ་ཉིད་ཀྱི་ངོ་བོས་སོ། །དེའི་ཕྱིར་ཡོད་པ་ཉིད་དམ་འབྲེལ་པའི་བརྗོད་པར་བྱ་བས་དེ་ལྡན་དང་མཚུངས་པར་འགྱུར་རོ་ཞེ་ན་གསུངས་པ། ཡོད་པ་ཉིད་དང་སྦྱོར་བ་དག་ཀྱང་ཞེས་པ་ལ་སོགས་པ་ནི། ཁྱད་པར་རིགས་དང་དེ་སྦྱོར་ལ། །ཉེས་པ་མཚུངས་ཏེ་རྣམས་ལའང་། །ཞེས་པ་ལ་སོགས་པས་ སྔར་ཁོ་ནར་བསལ་ཟིན་ཏེ། རིགས་དང་སྦྱོར་བ་དག་དེ་ལྡན་ཉིད་དུ་རྗོད་པར་བྱེད་པའོ། །གལ་ཏེ་བུམ་པ་ལ་སོགས་པ་རྣམས་ལ་སྒྲ་མཚུངས་ཏེ། དེའི་ཚེ་སྒྲ་དེ་ཁོ་ན་སྒྲ་ཉིད་ཀྱིས་དེ་ལྡན་ནི་དེ་རྣམས་ཀྱི་སྤྱི་ཉིད་དུ་འགྱུར་ཏེ་ཞེ་ན་གསུངས་པ། རྒྱུ་མཚན་མེད་མིན་ཞེས་པ་ལ་སོགས་པ་སྟེ། སྒྲ་ནི་དེ་ རྣམས་ཀྱི་རྗོད་པར་བྱེད་པ་ཉིད་ཀྱི་འབྲེལ་པ་ཅན་ཉིད་ཡིན་ཞིང་འབྲེལ་པ་ཅན་ཉིད་དེ་ཁོ་ན་ནི་རྒྱུ་མཚན་མེད་པར་འཐད་པ་མ་ཡིན་ཏེ། གང་གི་རིགས་ཀྱི་སྒྲ་རྒྱུ་མཚན་ཅན་ཡིན་ནོ་ཞེས་ལེན་པའོ། །འདིས་ནི་རྒྱུ་མཚན་ཅན་གྱི་སྒྲ་གང་ཞིག་གི་གང་ལ་རྒྱུ་མཚན་མེད་པ་དེ་ནི་དེ་ལ་སྦྱོར་བར་འོས་པ་མ་ཡིན་ ཏེ། དབྱུག་པ་ཅན་གྱི་སྒྲ་དབྱུག་པ་དང་བྲལ་བའི་སྐྱེས་བུ་ལ་བཞིན། བུམ་པ་ལ་སོགས་པ་རྣམས་ལ་ཡང་རྒྱུ་མཚན་ཅན་རིགས་ཀྱི་སྒྲའི་རྒྱུ་མཚན་མེད་དོ་ཞེས་པ་རྒྱུ་མ་དམིགས་པ་གསུངས་སོ། །དེའི་ཕྱིར་ཡང་ཞེས་པ་ལ་སོགས་པ་ལ། གལ་ཏེ་ཡོད་པའི་སྒྲས་སྤྱི་བརྗོད་པར་བྱ་བ་ན། དེ་ལས་དེ་ཁྱད་པར་དུ་བྱ་བའི་དོན་དུ་བུམ་པ་ཞེས་བརྗོད་པར་བྱའོ་ཞེས་གཞི་མཐུན་པ་ཉིད་དུ་འགྱུར་རོ། །སྤྱི་རྗོད་པར་བྱེད་པ་མེད་ན་ནི་ཅི་ཞིག་ཅིའི་ཁྱད་པར་དུ་བྱ། དེ་ལས་ཀྱང་ཁས་བླངས་པ་ཉམས་པའོ། །ཅི་སྟེ་ཡང་ཞེས་པ། སྤྱི་དང་ཁྱད་པར་གྱི་དངོས་པོ་མེད་ན་ཡང་རྣམ་པ་གཞན་དུ་ཁྱད་པར་དུ་བྱེད་པ་དང་ཁྱད་ པར་དུ་བྱ་བ་ཉིད་གཞུང་འཛུགས་པར་བྱེད་དོ། །རྫས་གཞན་ལ་འཇུག་པ་མ་ཡིན་པ་ཞེས་པ། གཞན་མ་ཡིན་པའི་རྫས་ལ་འཇུག་པའི་ཡོད་པའི་ཡོན་ཏན་བུམ་པ་ལ་སོགས་པའི་རྫས་སོ། །ཡོད་པའི་ཡོན་ཏན་ཞེས་པ་ཡོད་པ་ཉིད་ཀྱི་ཡོན་ཏན་ཅན་ཞེས་པའི་དོན་ཏེ། འདིའི་ཡོད་པ་ཉིད་ཡོན་ ཏན་ཡིན་པ་ཞེས་བྱས་ནས་སོ། །འདིས་ནི་མི་མཚུངས་པ་ཉིད་སྨྲས་སོ། །དེ་ལྟར་མཚུངས་པ་མ་ཡིན་པ་ཉིད་ཡོད་ན་ཡང་ཡོད་པའི་སྒྲ་ལས་བུམ་པ་ལ་སོགས་པ་ལ་དོགས་པ་ན། ཁྱད་པར་བྱེད་དང་ཁྱད་པར་དུ་བྱ་བའི་དངོས་པོར་འགྱུར་རོ། །ཤིན་ཏུ་སྔོ་བ་ལ་སོགས་པ་བཞིན་ཏེ། ཇི་ལྟར་སྔོན་ པོའི་ཡོན་ཅན་གྱི་རྫས་ནི། ཤིན་ཏུ་སྔོན་པོ་ལ་སོགས་པའི་རྫས་གཞན་ལ་དང་། དེའི་ཡོན་ཏན་ལ་མ་ཡིན་པ་ལ་འཇུག་པ་མ་ཡིན་ཞེས་པས་དེ་སྤྱི་མ་ཡིན་ཏེ། དེ་ལྟར་ཡང་སྔོན་པོ་ཞེས་བརྗོད་པ་ན་སྔོན་པོའི་སྒྲ་ལས། གང་འདི་སྔོན་པོ་ཞེས་བརྗོད་པ་དེ་ཅི། གཉིས་ལས་ཤིན་ཏུ་སྔོ་བ་ཡིན་ནམ། ཅི་ སྟེ་མང་པོའི་ནང་ན་ཤིན་ཏུ་སྔོ་བ་ཡིན་ཞེས་ཁྱད་པར་ལ་དོགས་པར་འགྱུར་རོ། །དེའི་ཕྱིར་གཉིས་ཀྱི་ནང་ནས་ཆེས་སྔོན་པོའམ་མང་པོའི་ནང་ནས་ཆེས་སྔོན་པོ་ཞེས་ཁྱད་པར་གྱི་སྒྲ་རྣམས་ཀྱི་ཁྱད་པར་དུ་བྱ་བ་དེ་བཞིན་དུ་ཡོད་པ་ཞེས་བརྗོད་པ་ན་ཡོད་པ་ཉིད་ནི་དོན་དུ་མ་ལ་འཇུག་པ་ཉིད་ཀྱི་ཕྱིར་ན་གང་ཡོད་པ་ འདི་ནི་ཅི་བུམ་པའམ། འོན་ཏེ་སྣམ་བུ་ཡིན་ཞེས་བུམ་པ་ལ་སོགས་པ་ལ་དོགས་པར་འགྱུར་ཏེ། དེས་ན་དེའི་སྒྲ་རྣམས་ཀྱི་ཁྱད་པར་དུ་བྱ་སྟེ། བུམ་པའམ་སྣམ་བུའོ་ཞེས་པའོ། །གལ་ཏེ་གཅིག་ལ་འང་སྔོ་སོགས་བཞིན། །ཞེས་པ་གལ་ཏེ་གཅིག་ལ་སྟེ་ཐུན་མོང་མ་ཡིན་པའི་ངོ་བོའི་ རིགས་དང་ལྡན་པའི་རྫས་ལ་ཐུན་མོང་བ་ཡོད་པ་ཉིད་འཇུག་གོ་ཞེས་པ། དེ་ལ་ཡོད་པ་ཞེས་བརྗོད་པ་ན་བུམ་པ་ལ་སོགས་པ་ལ་དོགས་པར་འགྱུར་ཏེ། དཔེར་ན་སྔོན་པོ་ཞེས་བརྗོད་པ་ན་ཤིན་ཏུ་སྔོན་པོ་ལ་སོགས་པ་ལ་དོགས་པ་བཞིན་ཏེ། དེས་ན་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་འདོད་ པར་བྱའོ། །དེས་ན་འདི་ཡང་ཡོད་མིན། ཅིའི་ཕྱིར་ཞེ་ན་གསུངས་པ་སྔོན་པོའི་སྒྲ་ནི་ཞེས་པ་ལ་སོགས་པ་སྟེ། སྔོན་པོའི་སྒྲ་ནི་སྔོན་པོའི་ཡོན་ཏན་ཅན་གྱི་རྫས་རྗོད་པར་བྱེད་དེ། དེ་ཡང་ཤིན་ཏུ་སྔོ་བ་ལ་སོགས་པ་རྫས་གཞན་ལ་འཇུག་པ་མ་ཡིན་ནོ། །གང་ སྔོན་པོ་ཉིད་འཇུག་པའམ། དེའི་འབྲེལ་པ་དེ་ནི་སྒྲའི་དོན་ཉིད་དུ་མི་འགྱུར་ཏེ། དེའི་ཕྱིར་འདིར་ཡང་། རྒྱུ་མཚན་མེད་མིན་དེ་ཡང་འདོད། །ཅེས་པ་འདི་མཚུངས་སོ་ཞེས་པས། །དཔེ་ཅན་དང་འདྲ་བར་དཔེ་ཡང་མ་གྲུབ་པ་ཁོ་ནའོ། །ཁས་བླངས་ནའང་ཞེས་པ། གལ་ཏེ་ཡང་དཔེ་གྲུབ་པར་ གྱུར་ན། དེ་ལྟ་ན་ཡང་ཡོད་པ་ཉིད་ལ་དེ་དང་མཚུངས་པ་ཉིད་མེད་དོ། །དེ་སྟོན་ཏེ། དེ་མིན་རིགས་ལ་རིགས་མེད་ཕྱིར། །ཞེས་པ་ཡོད་པ་ཉིད་རིགས་འདི་ལ་བུམ་པ་ཉིད་ལ་སོགས་པའི་རིགས་ཡོད་པ་མ་ཡིན་ནོ་ཞེས་པས། འདི་ལྟར་རིགས་མེད་པའི་ཡོད་པའི་རིགས་ནི་རིགས་ལྡན་མ་ཡིན་ཞེས་པའོ། ། ཡོད་པ་ཉིད་ལ་བུམ་པ་ཉིད་ལ་སོགས་པའི་རིགས་ཀྱི་བྱེ་བྲག་རྣམས་ཡོད་པ་མ་ཡིན་ཏེ། ཇི་ལྟར་སྔོན་པོའི་ཡོན་ཏན་ལ་གཉིས་ལས་ཆེས་སྔོ་བ་ལ་སོགས་པའི་བྱེ་བྲག་རྣམས་བཞིན་ཏེ། གང་ལས་བྱེ་བྲག་དེ་རྣམས་ཉེ་བར་བླངས་ནས་རྫས་ལ་འཇུག་པའོ། །དེ་ཉེ་བར་མ་བླངས་ན་ཡང་དེའི་དངོས་ པོ་ལ་ཡང་དག་པར་ཕྱོགས་པའི་ངོ་བོ་ནི་བུམ་པ་མ་ཡིན། སྣམ་བུ་མ་ཡིན་ཏེ། དེའི་ཕྱིར་ཡོད་པའི་སྒྲ་ལས་བུམ་པ་ལ་སོགས་པའི་བྱེ་བྲག་ལ་དོགས་པར་རིགས་པ་མ་ཡིན་ནོ། །སྔོན་པོའི་ཡོན་ཏན་ནི་དབྱེ་བ་དུ་མ་སྟེ། དེ་རྫས་གཅིག་ལ་ཡང་འཇུག་བཞིན་པ་ནི། རང་གི་ཁྱད་པར་རྣམས་ཉེ་ བར་བླངས་ནས་ཇི་ལྟར་མངོན་པར་སྲིད་པར་འཇུག་གོ་ཞེས་པས། དེ་རྗོད་པར་བྱེད་པའི་སྔོན་པོའི་སྒྲ་ལས་གཉིས་ནས་ཆེས་སྔོ་བ་ལ་སོགས་པ་ལ་དོགས་པར་རིགས་སོ་ཞེས་སྟོན་ཏོ། །འོ་ན་དེ་ལྟར་ཞེས་པས་རྣམ་པ་གཞན་གྱི་བྱེ་བྲག་ལ་དོགས་པ་སྲིད་པར་གསུངས་སོ། །སྒྲ་ནི་གཞན་ དབང་སྟེ། ཡོན་ཏན་ལ་ལྟོས་ནས་འཇུག་པ་ཉིད་ཀྱི་ཕྱིར། ཁྱད་པར་འཕེན་པར་ནུས་པའོ། །དོན་ནི་དགོས་པ་ཉིད་ཀྱི་ཕྱིར་གཙོ་བོའོ། །དེས་ན་རིགས་ལྡན་གྱི་དོན་ནི་ཁྱད་པར་ཐམས་ཅད་འཕངས་ནས་འཇུག་སྟེ། དེ་ལས་ཀྱང་གལ་ཏེ་ཡང་བུམ་པ་ཉིད་ལ་སོགས་པ་རྣམས་ཡོད་པའི་ སྒྲའི་བརྗོད་པར་བྱ་བར་མི་འགྱུར་བ་དེ་ལྟ་ན་ཡང་། ཡོད་པ་ཉིད་དང་ལྡན་པའི་དོན་གྱིས་བུམ་པ་ལ་སོགས་པ་རྣམས་འཕངས་པ་ན་ཁྱད་པར་ལ་དོགས་པར་འགྱུར་རོ། །དེའི་ཕྱིར་ཁྱད་པར་དང་ཁྱད་པར་དུ་བྱ་བ་ཉིད་མ་ཡིན་པ་མེད་དོ། །ཡང་ཅི་ལྟར་དོན་གྱིས་ཁྱད་པར་མཐའ་དག་འཕེན་ཅེ་ན་སྨྲས་ པ། དེ་ལྡན་གྱི་དོན་ནི་གདོན་མི་ཟ་བར་ཞེས་པ་ལ་སོགས་པ་སྟེ། རིགས་ལྡན་གྱི་དོན་ནི་སྒྲས་ཉེ་བར་ལེན་ཅིང་། དེ་ཡང་ངེས་པར་སྦྱོར་བ་ཁོ་ན་ལས་བུམ་པ་ཉིད་ལ་སོགས་པའི་སྤྱི་འགའ་ཞིག་དང་རྗེས་སུ་འབྲེལ་ཏེ། དེ་ལས་ཀྱང་དེའི་སྤྱིའི་དབྱེ་བ་འཕེན་པ་ན་བུམ་པ་ལ་སོགས་པའི་བྱེ་བྲག་ འཕེན་པའོ་ཞེའོ། །རྟོགས་པ་འདི་ཡང་སེལ་བར་བྱེད་པ་གསུངས་པ། དོན་གྱིས་འཕེན་ནའང་མ་ངེས་པ། །ཞེས་སོ། །དོན་གྱིས་འཕངས་པ་ནི་ཞེས་པ་ལ་སོགས་པས་དོན་གྱིས་འཕེན་པའི་རང་གི་ངོ་བོ་གསུངས་ཤིང་། དེ་མེད་པར་འདིར་བསྟན་པའི་ཆེད་དུ་དཔེར་ན་ཉིན་པར་མི་ཟ་ཞེས་ཆོས་ མི་མཐུན་པ་ཉིད་ངེས་པར་བསྟན་ཏོ། །འདིར་ནི་ཞེས་པ་ལ་སོགས་པས་ཆོས་མི་མཐུན་པ་ཉིད་ཀྱི་ཉེ་བར་སྦྱོར་བར་ཕྱོགས་ཆོས་ཉེ་བར་བསྟན་ཏོ། །འཕངས་པ་ཡོད་པ་མ་ཡིན་ནོ་ཞེས་པ་ཆད་མའི་འབྲས་བུའོ། །གང་དུ་དོན་གྱིས་འཕངས་པ་དེར་ནི་མ་ངེས་པ་སྟེ། འདི་ལྟ་སྟེ་ཉིན་པར་ མི་ཟའོ་ཞེས་པ་འདིར་མཚན་མོ་ཟ་བ་ལའོ། །ཡོད་པ་ཞེས་བརྗོད་པ་ན་བུམ་པ་ལ་སོགས་པ་རྣམས་ལ་ངེས་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཐེ་ཚོམ་མོ་ཞེས་པ་རང་བཞིན་འགལ་བའོ། །གལ་ཏེ་འོ་ན་གང་དུ་ཐེ་ཚོམ་ཟ་བ་དེར་མི་འཕེན་པ་ཡིན་ན། སྤྱིའི་སྒྲས་ཀྱང་རང་གི་ཁྱད་པར་མི་འཕེན་ པར་འགྱུར་ཏེ། དེ་ལས་ཀྱང་དེ་རྣམས་ལ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །གཞི་མཐུན་པ་ཉིད་མེད་པའི་ཆེད་དུ་མི་འཕེན་པ་ཡིན་ན་ཡང་། གཞི་མཐུན་པ་ཉིད་དེ་ཡང་ཐེ་ཚོམ་ཁོ་ན་ཡོད་པ་ལ་ཉེ་བར་དམིགས་ཏེ། གང་སྨྲས་པ། ཐེ་ཚོམ་འདོད་ཕྱིར་ཁྱད་པར་ནི། །རང་གི་སྤྱི་ཡི་འདོར་མ་ཡིན། །བླངས་ མིན་ཐེ་ཚོམ་སྐྱེད་པའི་ཕྱིར། །མཚུངས་ནའང་དེ་དག་དོན་གཅིག་ཉིད། །ཅེས་སོ། །གལ་ཏེ་ཡང་དོན་ལས་དོན་ངེས་པ་ཁོ་ནར་འགྱུར་ན། ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་མི་འཐད་དེ། རྣམ་གྲངས་ཀྱི་སྒྲ་བཞིན་ནོ། །དེ་དག་ལས་དོན་དེས་ཟིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེའི་ཕྱིར་ འདི་གསལ་བར་བྱའོ། །དེ་ལ་གལ་ཏེ་འོ་ན་གང་དུ་ཐེ་ཚོམ་ཟ་བ་དེར་མི་འཕེན་པ་ཞེས་པ་ལ་སོགས་པ་གང་བརྗོད་པ་དེ་རེ་ཞིག་བསམ་པར་བྱ་སྟེ། སྒྲ་འཕེན་པ་ཡང་གཞན་ཡིན་ལ། དོན་འཕེན་པ་ཡང་གཞན་ཡིན་ཏེ། སྒྲ་འཕེན་པ་ནི་མི་གཏོང་བའི་མཚན་ཉིད་ཅན་ཏེ། དོན་འཕེན་པ་ནི་ངེས་པའི་མཚན་ཉིད་ཅན་ནོ། །དེ་ལ་ཐེ་ཚོམ་ལས་ངེས་པའི་མཚན་ཉིད་ཅན་གྱི་དོན་འཕེན་པ་མ་ཡིན་ནོ་ཞེས་བརྗོད་པ་ན། གལ་ཏེ་འོ་ན་གང་དུ་ཐེ་ཚོམ་ཟ་བ་དེར་མི་འཕེན་པ་ཡིན་ན་སྤྱིའི་སྒྲས་ཀྱང་། རང་གི་ཁྱད་པར་འཕེན་པ་མི་གཏོང་བའི་མཚན་ཉིད་ཅན་དུ་མི་འགྱུར་རོ་ཞེས་པ་ཅིས་ ན་ཅིར་ཐལ་བར་འགྱུར། གང་བརྗོད་པ་ཡང་གཞི་མཐུན་པ་ཉིད་མེད་པའི་ཆེད་དུ་མི་འཕེན་པ་ཞེས་པ་ལ་སོགས་པ་དང་། གང་ཡང་གལ་ཏེ་ཡང་དོན་ལས་དོན་ངེས་པ་ཁོ་ནར་ཞེས་པ་ལ་སོགས་པ་བརྗོད་པ་དེ་གཉིས་ཀ་ཡང་མི་རིགས་ཏེ། ཇི་ལྟར་ཁྱད་པར་སྨྲ་བའི་ལུགས་ཀྱིས་རིགས་ཀྱི་སྒྲ་ཁོ་ནས་ ངེས་ཟིན་པའི་ཁྱད་པར་ཐམས་ཅད་ལ་ཡང་ངེས་པའི་དོན་དུ་ཁྱད་པར་གྱི་མཉན་པ་མ་སྦྱར་བ་ན། གཞི་མཐུན་པ་ཉིད་དང་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོར་འགྱུར་བ་མ་ཡིན་པ་ཁོ་ན་བ་དེ་ལྟར་དེ་ལྡན་གྱི་ཕྱོགས་སྨྲ་བའི་ལུགས་ཀྱིས་ཀྱང་འགྱུར་རོ་ཞེས་པ་འདི་བསམས་ཟིན་ཏོ། །གལ་ཏེ་ འོ་ན་དོན་འཕེན་པ་ངེས་པའི་བདག་ཉིད་ཡིན་ན། ཅི་ལྟར་དོན་འཕངས་པའི་བུམ་པ་ལ་སོགས་པ་རྣམས་ལ་བྱེ་བྲག་རེ་བར་འགྱུར་རོ་ཞེས་པ་འདི་བརྗོད་དེ། རེ་བ་ཞེས་བྱ་བ་ནི་དེ་རྣམས་ལ་ཐེ་ཚོམ་ཟ་བའི་ངེས་པ་དོན་དུ་གཉེར་བ་ཡིན་ནོ་ཞེ་ན། སྐྱོན་འདི་མེད་དོ། །གང་ཞིག་དོན་འཕངས་པ་འདོད་པ་དེ་ ནི་རྣམ་པ་འདི་ལྟ་བུའི་རེ་བ་འདོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་བྱེ་བྲག་ངེས་པར་ར་བ་སྟེ། དེ་ཁོ་ནའི་དབང་དུ་བྱས་ནས་འདི་བརྗོད་དོ། །ཡང་ན་མཁས་པས་རྩོད་པ་འདི་ཐམས་ཅད་ཀྱི་ལན་འཆད་པར་འགྱུར་རོ་ཞེས་པས་འདི་གཞག་གོ། །དེའི་ཕྱིར་ཞེས་པ་ལ་སོགས་པས་ཇི་སྐད་བཤད་པའི་རིགས་ལ་ སོགས་པ་རྗོད་པར་བྱེད་པ་དགག་པ་ཉེ་བར་སྡུད་པས་རང་གི་ཕྱོགས་ཁོ་ན་བསྟན་པར་མཛད་དོ། །འོ་ན་ཕ་རོལ་པོའི་ཕྱོགས་བཀག་པས་རང་གི་ཕྱོགས་འགྲུབ་པ་མི་འཐོབ་སྟེ། བསལ་ཏེ་འོངས་པ་དགག་པར་ཇི་སྐད་བཤད་པ་བཞིན་ནོ་ཞེ་ན། སྐྱོན་འདི་མེད་དེ། འདི་ལ་སྔར་ཁོ་ནར། བྱས་ སོགས་བཞིན་དུ་རང་དོན་ལ། །གཞན་སེལ་བས་ནི་རྗོད་པར་བྱེད། །ཅེས་སྒྲ་ལས་བྱུང་བ་རྗེས་དཔག་ལས་ཐ་མི་དད་པ་ཉིད་དུ་བསྒྲུབས་ཟིན་ཏོ། །དེ་ལ་ཚད་མ་གཞན་དུ་སྨྲ་བ་རྣམས་ཀྱིས་བསྒྲུབ་པའི་སྒོ་ནས་རིགས་ལ་སོགས་པ་རྣམས་རྗོད་པར་བྱེད་དོ་ཞེས་བཤད་པ། དེ་བཀག་པ་ན་དོན་དེ་ ཁོ་ན་རྣམ་པར་གནས་པ་འབའ་ཞིག་གོ། །འཆད་པར་འགྱུར་བའི་རང་གི་ཕྱོགས་སྒྲུབ་པར་བྱེད་པ་ཐུགས་ལ་བྱས་ནས་ཀྱང་འདི་སྐད་གསུངས་སོ། །ཡང་ཅི་འདིར་སེལ་བ་ཙམ་གྱི་བརྗོད་པར་བྱ་བ་ཉིད་དུ་མངོན་པར་འབྲེལ་ལམ། འོན་ཏེ་དེའི་ཁྱད་པར་དུ་བྱས་པ་ཡིན། དེ་ལས་ཅིར་འགྱུར་ན། གལ་ ཏེ་གཞན་སེལ་བ་ཙམ་ཡིན་ན། རང་དོན་ལ། གཞན་སེལ་བ་ཡིས་རྗོད་པར་བྱེད། ཅེས་པའི་གཞུང་འགལ་ཏེ། རང་གི་དོན་ལས་ཐ་དད་པར་གཞན་སེལ་བ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དངོས་པོ་དེའི་ཆ་འགའ་ཞིག་དོན་གཞན་ལས་ལྡོག་པས་རྟོགས་པར་བྱ་སྟེ། སྒྲ་ནི་དོན་གཞན་ ལས་ལྡོག་པས་ཁྱད་པར་དུ་བྱ་བའི་དངོས་པོ་རྣམས་སྨྲའོ་ཞེས་པ་ལ་སོགས་པ་བསྟན་པ་དེ་ལྡན་གྱི་ཕྱོགས་གསལ་བར་བྱེད་པ་རྣམས་འགལ་ལོ། །ཅི་སྟེ་དེས་ཀྱང་ཁྱད་པར་དུ་བྱས་པ་ཡིན་ན། དེས་ན་མཉན་པ་གཞན་སེལ་བྱེད། །ཅེས་ཉམས་ཏེ། གང་གི་ཕྱིར་གཞན་སེལ་བར་བྱེད་དོ་ ཞེས་པ་ནི་རྗོད་པར་བྱེད་དོ་ཞེས་པའི་དོན་ཏེ། ཇི་ལྟར་དགག་ཚིག་གིས་འགོག་པར་བྱེད་དོ་ཞེས་པ་འདི་ལ་བཞན་ནོ། །སྒྲའི་བྱེད་པ་གཞན་སྲིད་པ་ནི་མ་ཡིན་ནོ། །དེ་ལྡན་གྱི་ཕྱོགས་ཀྱང་ཕྱོགས་གཞན་དུ་མི་འགྱུར་ཏེ། དེའི་ཕྱིར་དེ་ལྡན་གྱི་ཕྱོགས་ལ་བརྗོད་པའི་སྐྱོན་རྣམས་འདི་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། སྐྱོན་འདི་མེད་དེ། གཞན་སེལ་བ་ཁོ་ན་སྒྲའི་དོན་ཡིན་པས་སོ་འགལ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་གང་འདི་རང་གི་དོན་ཡིན་པ་དེ་ཁོ་ན་གཞན་སེལ་བྱེད་ཅེས་འདིར་གཞན་སེལ་གྱི་སྒྲས་བརྗོད་པས་སོ། །གཞན་སེལ་བས་ནི་རྗོད་པར་བྱེད། །ཅེས་པ་འདིའི་དགོས་པ་ནི་བཤད་ཟིན་ ཏོ། །གཞན་ཡང་ཁྱད་པར་གཅིག་བསྐུལ་ན་ཡང་གཞན་ལས་ལྡོག་པ་རྟོགས་པ་ལ། རྗེས་སུ་འགྲོ་བ་དང་ལྡོག་པས་བསྐུལ་བའི་ཐ་སྙད་རྟོགས་པར་སྒྲ་རྣམས་སྟོན་ཅིང་གཞན་སེལ་བས་རྗོད་པར་བྱེད་དེ། དངོས་པོ་དེའི་ཆ་འགའ་ཞིག་དོན་གཞན་ལས་ལྡོག་པས་རྟོགས་པར་ བྱའོ། །སྒྲ་ནི་དོན་གཞན་ལས་ལྡོག་པའི་ཁྱད་པར་ཅན་ཁོ་ནའི་དངོས་པོ་རྣམས་རྗོད་པར་བྱེད་དོ་ཞེས་པ་ལ་སོགས་པ་གསུངས་པའོ། །ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ནི་མ་ཡིན་ནོ། །འོ་ན་རྗེས་སུ་འགྲོ་བ་ཙམ་སྟོན་པ་ཁོ་ནས་སམ་ལྡོག་པ་ཙམ་སྟོན་པ་ཁོ་ ནས་སྒྲའི་ཐ་སྙད་རྟོགས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་གཅིག་པུ་ལ་ནི་ཡོངས་སུ་སྤང་བར་བྱ་བ་མེད་ན་འབྲས་བུ་མེད་པའི་སྟོན་པ་ཡིན་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་ཡོངས་སུ་སྤང་བར་བྱ་བ་གཅིག་ལ་འགའ་ཞིག་ལ་གནས་པ་མེད་ནའོ། །ལྡོག་པ་ མེད་པ་ཅན་གྱི་རྗེས་སུ་འགྲོ་བ་ཡང་མེད་ལ་རྗེས་སུ་འགྲོ་བ་མེད་པ་ཅན་གྱི་ལྡོག་པ་ཡང་མེད་དེ། རང་གི་དོན་རྟོགས་པར་བྱེད་པ་ནི་རྗེས་སུ་འགྲོ་བ་ཡིན་ཞིང་འདི་ནི་ལྡོག་པ་མེད་པར་སྲིད་པ་ཡང་མ་ཡིན་ནོ། །རང་གི་དོན་ལས་དོན་གཞན་རྣམ་པར་གཅོད་པ་ནི་ལྡོག་པ་སྟེ། དེ་ཡང་རྗེས་སུ་འགྲོ་བ་མེད་པར་ བརྟག་པར་འོས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྲ་ལས་དེ་ལས་གཞན་ཟློག་པ་དང་། གང་གི་དོན་བརྗོད་པའི་བྱ་བ་གཉིས་ནི་མེད་དེ། རང་གི་དོན་ནི་ཐ་དད་པའི་ངོ་བོ་ཉིད་ཀྱི་ཕྱིར་ན། དེ་བརྗོད་པ་ཁོ་ན་ལས་དེ་ལས་གཞན་པ་བཟློག་པ་རྟོགས་པའི་ཕྱིར་རོ། །ཇི་ལྟར་འདི་འདིའི་སྤུན་དྲུང་ངོ་ཞེས་བརྗོད་པ་ན་ སྤུན་དྲུང་ཉིད་ནི་གཉིས་ཀར་གྱུར་པ་ཉིད་ཀྱི་ཕྱིར་ན། གཅིག་ལ་སྤུན་དྲུང་དུ་བརྗོད་ན་ཡང་། མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་ཅིག་ཤོག་ཀྱང་སྤུན་དྲུང་ཉིད་དུ་རྟོགས་པ་དེ་ལྟར་དབྱེ་བར་བྱ་བ་གཉིས་དག་ལ། དབྱེ་བ་ནི་གཉིས་ཀར་གྱུར་པ་ཉིད་ཀྱི་ཕྱིར་དབྱེ་བ་གཅིག་བསྐུལ་བ་ན་ཡང་མེད་ན་མི་ འབྱུང་བ་ཉིད་ཀྱི་ཕྱིར་དེ་གཞན་ལས་ལྡོག་པའོ། །དེའི་ཕྱིར་ཡང་གང་ཞིག་མཉན་པས་དོན་གཞན་སེལ་བར་བྱེད་ན། དེ་དགག་པ་ཁོ་ན་དོན་སྤྱད་ཟིན་པ་ཅན་ཉིད་ཀྱི་ཕྱིར་རང་གི་དོན་རྟོགས་པའི་ཆེད་དུ་སྒྲ་གཞན་བཙལ་བར་བྱའོ་ཞེས་བརྗོད་པ་དེ་ཡང་མི་འཐད་དེ། གང་གི་ཕྱིར་སྒྲ་ནི་རང་གི་དོན་ ཁོ་ན་རྟོགས་པར་བྱེད་ཅིང་། རྟོགས་པར་བྱ་བའི་དོན་དེ་ལ་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་དོན་གཞན་ལྡོག་པ་རྟོགས་སོ་ཞེས་པས་སོ། །དེས་ན་དེ་ལྟར་སེལ་བ་ཁོ་ན་སྒྲའི་དོན་ཏེ་འགལ་བ་ཅི་ཡང་མེད་དོ་ཞེས་པའོ། །ཡང་སྒྲའི་དོན་འདི་ཅི་ཞེ་ན། གང་བརྗོད་འདོད་ཀྱི་སྤྱིའི་རྣམ་པ་འདི་ཡིན་ ཏེ། དེ་ཡང་བརྗོད་འདོད་ལ་མི་འཁྲུལ་ཞེས་པས་བརྗོད་འདོད་ལ་སྒྲ་ཚད་མ་ཉིད་དུ་བཤད་དོ། །འོ་ན་སྤྱི་སྒྲའི་དོན་ཡིན་ན་དེས་ན་ཇི་ལྟར་བློའི་སྣང་བ་སྒྲའི་ཡུལ་དུ་བརྗོད་ཅེ་ན། དེ་ཁོ་ན་སྤྱིར་གཞག་པར་བྱ་སྟེ། ཅི་ལྟར་ཞེ་ན། འདིར་དབང་པོ་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་སམ། བདག་ དང་དབང་པོ་དང་ཡིད་དང་དོན་དང་ཕྲད་པ་རྣམས་སྤྱི་མེད་པར་ཐ་དད་པ་ཡིན་ཀྱང་གཟུགས་ཀྱི་ཤེས་པ་གཅིག་སྐྱེད་པར་བྱེད་པ་ཇི་ལྟ་བ་དེ་ལྟར་ཤིང་ཤ་པ་ལ་སོགས་པའི་ཁྱད་པར་རྣམས་ཀྱང་། ཕན་ཚུན་རྗེས་སུ་འགྲོ་བ་མེད་ན་ཡང་རང་ཉམས་སུ་མྱོང་བའི་སྒོ་ནས་རྣམ་པར་རྟོག་པའི་བག་ཆགས་སད་པར་ བྱེད་པ་རྣམས་ཀྱིས་ཐ་མི་དད་པར་སྣང་བའི་རྣམ་པར་རྟོག་པའི་ཤེས་པ་གཅིག་སྐྱེད་པར་བྱེད་དོ། །དེ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གཅིག་པ་ཉིད་ཀྱིས་ན། གཞན་ལས་ཐ་དད་པ་རྣམས་དང་རྣམ་པར་རྟོག་པའི་བག་ཆགས་ཀྱི་རང་བཞིན་གང་ཡིན་པ་དེ་ནི། གང་དེའི་དབང་གིས་དེ་ རྣམས་ཀྱི་དེར་སྐྱེ་བཞིན་པའི་ངོ་བོ་ཐ་དད་པ་བསྒྲིབས་ཏེ། བདག་ཉིད་ཀྱི་སྣང་བ་ཐ་མི་དད་པ་དེ་རྣམས་ལ་སྒྲོ་བཏགས་ནས། དེ་རྣམས་ངོ་བོ་ཐ་མི་དད་པ་བཞིན་དུ་རྣམ་པ་འགའ་ཞིག་གིས་སྟོན་ཏོ། །དེའི་སྣང་བ་ཐ་མི་དད་པ་གང་ཡིན་པ་ནི་ཕྱི་རོལ་བཞིན་དང་། དོན་བྱ་བ་བྱེད་པ་བཞིན་དང་། གསལ་བ་ ཐ་དད་ལ་རྗེས་སུ་འགྲོ་བ་བཞིན་ཏེ། རྟོགས་པ་པོ་འཁྲུལ་པ་རྣམས་ཀྱིས་ཕྱི་རོལ་ཉིད་དུ་ཞེན་པར་བྱས་པའོ། །བློ་ལ་ཡོངས་སུ་འཇུག་པའི་དངོས་པོ་རྣམས་ཀྱི་ཕྱི་རོལ་ལྟ་བུར་ཀུན་དུ་འཕྲོ་བ་ཉིད་དེ་ནི་རྟོགས་པ་པོས་བསམ་པའི་ངོར་སྤྱིར་རྣམ་པར་གཞག་གོ། །ད་ནི་ཅི་ལྟར་གཞན་སེལ་བའི་སྤྱི་སྒྲའི་ དོན་ནོ་ཞེས་བརྗོད་ཅེ་ན། དེ་ཁོ་ན་ནི་གཞན་སེལ་བ་ཡིན་ནོ། །ཅི་ལྟར་ཇི་ཙམ་པས་ཕྱི་རོལ་རྣམས་ཀྱི་དོན་གཞན་ལས་ལྡོག་པ་དེ་ཁོ་ན་གཞན་སེལ་བ་ཡིན་ཏེ། ལྡོག་པ་དང་གཞན་སེལ་བ་དང་དོན་གཞན་རྣམ་པར་གཅོད་པ་ཞེས་པ་ལ་སོགས་པ་རྣམས་ནི་རྣམ་གྲངས་རྣམས་ཡིན་ཞིང་། ལྡོག་པ་ ནི་ལྡོག་ལྡན་ལས་གཞན་དུ་འདོད་པ་ཡང་མ་ཡིན་ཏེ། དེས་ན་ཕྱི་རོལ་གྱི་རང་གི་མཚན་ཉིད་ཀྱི་བདག་ཉིད་ཅི་ལྟར་གཞན་སེལ་བ་ཤེས་པའི་རྣམ་པའི་རང་བཞིན་དུ་འགྱུར་ཞེ་ན་སྐྱོན་མེད་དེ། དེ་ཁོ་ན་ཉིད་དཔྱོད་པར་བྱེད་པ་འཆད་པར་བྱེད་པ་རྣམས་དེ་ལྟར་རྣམ་པར་འབྱེད་པར་བྱེད་ཀྱི་ཅིག་ ཤོས་རྣམས་ནི་མ་ཡིན་ཏེ། དེ་རྣམས་ནི་བློ་ལ་ཡོད་པའི་རྣམ་པ་དེ་ཁོ་ན་དོན་བྱ་བར་རུང་བ་ཡིན་པར་སེམས་ཤིང་། བརྡ་དང་ཐ་སྙད་ཀྱི་དུས་དག་ཏུ་སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཉིད་དུ་ཞེ་ན། དེའི་ཕྱིར་དེ་རྣམས་ཀྱི་བསམ་པའི་དབང་ ལས་གཞན་སེལ་བ་ཕྱི་རོལ་གྱི་དོན་གྱི་ཡུལ་ལོ་ཞེས་བརྗོད་ཀྱི། དེ་ཁོ་ན་ཉིད་སེམས་པ་ན་མཁས་པ་རྣམས་ནི་སྣང་བ་ཐ་དད་པ་ལ་སོགས་པ་རྣམས་ཀྱི་ཕྱིར་ཐ་དད་པ་མེད་པར་མི་སེམས་སོ། །གཞན་ཡང་གང་ཐ་མི་དད་པའི་རྣམ་པ་ཅན་གྱི་བློ་སྐྱེ་བ་དེའི་རྟེན་ནི་གཞན་སེལ་བ་ཁོ་ ནའོ་ཞེས་བསྟན་པའི་ཆེད་དུ་སྒྲའི་ཡུལ་གཞན་སེལ་བའོ་ཞེས་བཤད་དེ། དེ་ནི་དངོས་པོ་རྣམས་ལ་ཡོད་པའི་ཕྱིར་དང་མི་འགལ་བའི་ཕྱིར་རོ། །མཚུངས་པའི་བློའི་རྟེན་གྱི་དངོས་པོ་ནི་གཞན་སེལ་བར་མི་འགལ་ཏེ། དེ་ལྟར་ནི་འབྲས་བུ་གཅིག་པ་ཉིད་ཀྱིས་དེའི་འབྲས་བུ་ཅན་མ་ཡིན་ པ་རྣམས་ལས་ལྡོག་པའི་ཁྱད་པར་རྣམས་ནི་རང་ཉམས་སུ་མྱོང་བའི་སྒོ་ནས་འཁྲུལ་བའི་འབྲས་བུ་ཅན་གྱི་བག་ཆགས་ཀྱི་རྒྱུ་རྣམས་སུ་འགྱུར་ཞིང་སྤྱིའི་རྣམ་པ་རྗེས་སུ་འབྲེལ་པའི་བློ་སྐྱེད་པར་བྱེད་དོ་ཞེས་པ་འདི་བསྟན་ཏོ། །འདི་ལ་སྤྱི་སྨྲ་བ་རྣམས་རྒོལ་བར་བྱེད་དེ། གལ་ཏེ་ཤིང་ནི་ཤིང་མ་ཡིན་ པ་དག་ལས་ཐ་དད་པ་ཡིན་ན། དེ་ནི་བརྡའི་དུས་སུ་ཤིང་མིན་འཛིན་པ་མེད་པར་དེ་ལྟར་གཟུང་བར་མི་ནུས་པ་ཉིད་ཀྱི་ཕྱིར་དང་། ཤིང་མི་ཤེས་པ་ཅན་གྱིས་དེ་རྣམ་པར་གཅོད་པའི་ངོ་བོ་ཤིང་མིན་ཡང་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ཤིང་མིན་ཅི་ཞིག་ཅེས་དྲིས་པ་ན་སྨྲས་པ་གང་ཤིང་མ་ཡིན་ པའོ་ཞེས་དང་། ཤིང་ཅི་ཞིག་གང་ཤིང་མིན་མ་ཡིན་པའོ་ཞེས་ཕན་ཚུན་བསྟེན་པའི་ཉེས་པ་སྟེ། འདིའི་ཕྱིར་བློ་ལ་མི་གནས་པའི་དོན་ལ་གཞན་རྣམ་པར་གཅོད་པས་བརྡ་བྱ་བར་མི་ནུས་སོ་ཞེའོ། །དེ་རྣམས་ཀྱི་སྤྱི་ལ་བརྡ་བྱེད་པ་ན་ཡང་ཤིང་མིན་རྣམ་པར་བཅད་དམ་འོན་ཏེ་མ་ཡིན། གལ་ཏེ་རྣམ་གཅོད་ན་སྔར་ཤིང་། །འཛིན་པ་མེད་ན་ཅི་ལྟར་ཤེས། །དེའི་ཚེ་རྟོགས་པ་པོས་ཤིང་ཤེས་པ་མ་ཡིན་པས་ཏེ། ཤིང་དང་ཤིང་མིན་ཤེས་པ་ཁོ་ནའི་ཆེད་དུ། དེ་དོན་དུ་གཉེར་བ་ཉིད་དུ་ཉེ་བར་འགྲོ་བའི་ཕྱིར་རོ། །མི་ཤེས་པ་དེས་ཅི་ལྟར་བརྡ་ལ་ཤིང་མིན་རྣམ་པར་གཅོད་པ་རྟོགས་ པར་འགྱུར། མི་རྟོགས་ན་ཡང་གཞན་རྣམ་པར་མ་བཅད་པས་བཀོད་པའི་སྒྲ་ལས། དེ་ཡོངས་སུ་སྤངས་ནས་ཐ་སྙད་ལ་འཇུག་པ་མི་རིགས་ཏེ། ཤིང་ཤ་པ་ལ་སོགས་པའི་ཁྱད་པར་བཞིན་ནོ། །གང་རྣམ་པར་མ་བཅད་པས་གང་ལ་བརྡར་བྱས་པའི་སྒྲ་ནི་དེ་ལ་དེ་ཡོངས་སུ་སྤངས་པས་ འཇུག་པ་མ་ཡིན་ཏེ། འདི་ལྟ་སྟེ། ཤིང་ཉིད་ལ་ཤིང་ཤ་པ་ལ་སོགས་པ་ཁྱད་པར་རྣམ་པར་མ་བཅད་པར་བརྡར་བྱས་པའི་ཤིང་གི་སྒྲ་ནི་དེ་ཡོངས་སུ་སྤངས་པས་འཇུག་པ་མ་ཡིན་པ་བཞིན། ཤིང་གི་སྒྲ་ཡང་ཤིང་ཉིད་ལ་ཤིང་མིན་རྣམ་པར་མ་བཅད་པས་བརྡར་བྱས་པའོ། །འགལ་ བས་ཁྱབ་པའོ། །དེ་ལྟར་འགྱུར་མོད། སྤྱི་དངོས་པོར་སྨྲ་བ་ནི། འགའ་ཞིག་རྣམ་པར་བཅད་པས་ཅུང་ཟད་སྒྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མདུན་ན་གནས་པའི་དངོས་པོ་གཅིག་ཅིག་ཡང་དག་པར་བསྟན་ནས། འདི་ཤིང་ཡིན་ཞེས་བརྡར་བྱེད་ལ་དེ་ལྟར་བརྡའི་དུས་སུ་ མཐོང་བ་ཁོ་ནའི་སྤྱིའམ་དེ་དང་འབྲེལ་པ་ཅན་ནི་ཐ་སྙད་ཀྱི་དུས་སུ་ཡང་རྟོགས་སོ་ཞེས་པས་ཐལ་བར་འགྱུར་བ་མཚུངས་པ་མ་ཡིན་ནོ་ཞེ་ན། མི་མཚུངས་པ་མ་ཡིན་ཏེ་གང་གི་ཕྱིར་གཅིག་རབ་ཏུ་བསྟན་ནས་འདི་ཤིང་ངོ་ཞེས་སྨྲ་བ་ཡང་། ངེས་པར་བཟུང་ནས་བརྡ་བྱེད་དམ། འོན་ཏེ་ངེས་ པར་མ་བཟུང་བ་ཡིན། གལ་ཏེ་འདི་ཁོ་ན་ཤིང་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ངེས་པར་བཟུང་ནས་ཡིན་ན། སྔར་ཤིང་འཛིན་པ་མེད་པས་ཤིང་མིན་ཡོངས་སུ་མི་ཤེས་པ་ནི་ཅི་ལྟར་བརྡ་ལ་དེ་ཡོངས་སུ་བཅད་པ་རྟོགས་པར་བྱེད། ཅི་སྟེ་འདི་ཡང་ཤིང་སྟེ་གཞན་ཡང་ཡིན་ནོ་ཞེས་ ངེས་པར་མ་བཟུང་བ་ཡིན་ན། ཅི་ལྟར་རྟོགས་པ་པོ་ཐ་སྙད་ཀྱི་ཚེ་གཞན་ཡོངས་སུ་སྤངས་པས་འཇུག་ཅེས་པ་སྐྱོན་དེ་ཁོ་ནའོ། །ཅི་སྟེ་མཐོང་བ་ལས་བཟློག་པ་ནི་ཤེས་པར་སླ་བའི་ཕྱིར་སྐྱོན་མེད་དེ། གཅིག་འགའ་ཞིག་མཐོང་བ་དང་ལྡན་ཞིང་གཞན་ལ་དེ་དང་མི་མཐུན་པའི་རྣམ་ པ་ཅན་གྱི་བློ་ཉམས་སུ་མྱོང་བ་ལ་ནི་བརྡའི་དུས་ན་གཟུང་བའི་དངོས་པོ་དེ་ལས། དེ་ལས་བཟློག་པའི་རྣམ་པ་ཅན་འདི་ནི་གཞན་ནོ་ཞེས་ཆོས་མི་མཐུན་པ་ཉིད་ཀྱི་ངེས་པར་འགྱུར་རོ། །དེས་ནི་འདི་ཁོ་ན་ཤིང་ངོ་ཞེས་རབ་ཏུ་རྟོགས་པར་བྱས་ཏེ། གང་ཁོ་ན་ལ་དེ་མི་སྣང་བ་དེ་ཁོ་ན་ཤིང་མ་ཡིན་པར་ རང་ཉིད་ཀྱིས་རྟོགས་པར་འགྱུར་རོ། །རྣམ་པར་གཅོད་པ་སྨྲ་བ་ལ་འདི་མི་སྲིད་དེ། གཅིག་ཏུ་མཐོང་བའི་ངོ་བོ་ནི་འགའ་ཞིག་ལ་ཡང་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །མངོན་སུམ་གྱི་བརྡའི་དུས་བཟུང་བ་ནི་ཕྱིས་མི་རྟོགས་པའི་ཕྱིར་ཏེ། རྟོགས་པ་ཡོད་ན་ཡང་བརྡའི་དུས་སུ་གཟུང་བའི་ ཤིང་གི་གསལ་བ་ནི་གསལ་བ་གཞན་ལ་ཡང་དེ་ཁོ་ན་འདིའོ་ཞེས་རྟོགས་པར་མི་འགྱུར་ཏེ། དེ་ལྟར་ནི་ཇི་ལྟར་བུམ་པ་དེ་ལས་མཚན་ཉིད་མི་མཐུན་པ་དེ་ལྟར་པ་ལ་ཤ་ལ་སོགས་པའི་ཁྱད་པར་ཡང་སྟེ། རྗེས་སུ་འགྲོ་བའི་ངོ་བོ་ཁས་མ་བླངས་པའི་ཕྱིར་རོ་ཞེ་ན། དེ་ལྟར་ན་འོ་ན་འདི་ན་སེལ་བ་སྨྲ་བ་ལ་ཡང་ མཚུངས་ཏེ། གང་གི་ཕྱིར་དངོས་པོ་འདི་རྣམས་ཐ་དད་ཀྱང་འགའ་ཞིག་རྣམས་ནི་ངོ་ཤེས་ལ་སོགས་པའི་འབྲས་བུ་གཅིག་རང་བཞིན་གྱིས་བྱེད་ཀྱི་གཞན་རྣམས་ནི་མ་ཡིན་ཏེ། དེ་རྣམས་མཐོང་ནས་རྟོགས་པ་པོས་འདི་རྣམས་ནི་དེའི་རྒྱུ་སྟེ་གཞན་རྣམས་ནི་མ་ཡིན་ནོ་ཞེས་བློས་རྣམ་པར་ཕྱེ་ནས་ཕུང་པོ་གཉིས་སུ་ རྣམ་པར་འཇོག་གོ། །དེ་ལ་འདི་ནི་བརྒྱུད་པས་འབྲས་བུ་གཅིག་པ་ཅན་གྱི་དངོས་པོ་ལས་སྐྱེ་བའི་ཕྱིར། ཐ་མི་དད་པའི་དོན་འཛིན་པ་ཅན་ཡང་སྟེ། དེ་ཉམས་སུ་མྱོང་བ་ལས་སྐྱེ་བའི་རང་བཞིན་ལས་ཕྱི་རོལ་གྱི་དོན་དུ་ལྷག་པར་ཞེན་པའི་ངོ་བོ་ཅན་སྤྱིའི་རྣམ་པ་དང་ལྡན་པ་ངོ་ཤེས་པ་ལ། གང་འབྲས་བུ་གཅིག་ པའི་རྒྱུ་ཉིད་ཀྱིས་རྣམ་པར་ཕྱེ་བ་རྣམས་ཕྱི་རོལ་བཞིན་དང་དོན་བྱ་བ་བྱེད་པ་བཞིན་དང་། རྗེས་སུ་འགྲོ་བ་ཅན་གྱི་ངོ་བོ་འགའ་ཞིག་གི་རྗེས་སུ་སོང་བ་བཞིན་དུ་སོ་སོར་སྣང་ངོ་། །ཕྱི་རོལ་གྱི་དོན་གྱི་རང་བཞིན་དུ་ཞེན་པར་བྱས་པ་དེ་རྣམས་རྟོགས་ནས། རྟོགས་པ་པོའི་རྣམ་པར་རྟོག་པ་རྣམས་ལ་ཐ་མི་དད་པར་ རབ་ཏུ་སྣང་བ་རྣམས་རབ་རིབ་ཅན་གྱིས་ཟླ་བ་གཉིས་མཐོང་བ་བཞིན་དུ་རང་རང་གི་སྣང་བ་ཉམས་སུ་མྱོང་ན་ཡང་གཅིག་ཉིད་དུ་ལྷག་པར་ཞེན་པའི་ཕྱིར། དེ་རྣམས་བསྟན་ནས་འདི་རྣམས་ཤིང་ངོ་ཞེས་བརྡ་བྱས་པ་ན། འཁྲུལ་པ་དེས་དེ་ལ་རྗེས་སུ་འགྲོ་བའི་ངོ་བོ་གཅིག་བཞིན་དུ་མཐོང་ནས། དེའི་ རྒྱུ་མ་ཡིན་པ་ཉིད་དུ་རྣམ་པར་ཕྱེ་བ་དེ་ལས་བཟློག་པའི་རྣམ་པ་ཅན་རྣམས་ལ་ཤིང་མིན་ཉིད་དུ་བདེ་བླག་ཏུ་ལྷག་པར་ཞེན་པར་བྱེད་དོ། །དེ་ལ་ཐ་དད་པ་མཐོང་ཡང་གང་ཞིག་མཐོང་བ་དང་མ་མཐོང་བ་དག་གིས་འདི་ཤིང་དང་ཤིང་མིན་པ་རྣམ་པར་འབྱེད་པར་བྱེད་པ་དངོས་པོ་ཐ་མི་དད་པ་བལྟར་རུང་བ་ གཅིག་ནི་མེད་དེ། དེ་ནི་རྣམ་པར་ཕྱེ་བས་དབྱུག་པ་དང་དབྱུག་པ་ཅན་བཞིན་དུ་མི་འཛིན་པའི་ཕྱིར་རོ། །མ་བཟུང་བ་ཡང་ཉེ་བར་མ་མཚོན་པའི་ཕྱིར་རོ། །གཅིག་ལ་མཐོང་བའི་རྣམ་པ་ཡང་གཞན་ལ་ལྟ་བར་མི་ནུས་པའི་ཕྱིར་དེ་དང་དེ་མ་ཡིན་པ་དང་ལྡན་པ་དག་ཤིང་དང་ཤིང་མ་ཡིན་པ་ཉིད་ཡིན་ན་ གསལ་བ་གཅིག་ཁོ་ན་ཤིང་ཡིན་པར་འགྱུར་རོ། །འདིར་ཡང་སེལ་བའི་རང་གི་ངོ་བོ་མི་ཤེས་པ་རྣམས་ཀྱིས་དངོས་པོ་མེད་པ་ཙམ་གཞན་སེལ་བའོ་ཞེས་སྒྲོ་བཏགས་ནས་སུན་འབྱིན་བྱེད་པར་འདོད་པས་ཕ་རོལ་པོ་རྣམས་ཀྱིས་གང་སྨྲས་པ་དེ་གཞན་སེལ་བའི་རང་གི་ངོ་བོ་ལེགས་པར་བཤད་པ་ཁོ་ ནས་གསལ་ཞིང་ཕ་རོལ་མནན་ཏེ། དེ་སེལ་བའི་ཆེད་དུ་བདག་ཉིད་ཆེན་པོ་རྣམས་ཀྱིས་སོ་ཞེས་པ་ཤིན་ཏུ་འཕྲོས་པས་ཆོག་གོ། །བཤད་དོ་ཞེས་པ་དོན་གྱི་རྟོགས་པར་བྱ་བའི་ཆ་ཡང་དག་པར་བསྟན་པས་གཞན་སེལ་བ་ཁོ་ན་སྒྲའི་དོན་དུ་གཞུང་འཛུགས་པར་བྱེད་དོ། །རྣམ་མང་ཞེས་པ། ཤིང་ ཤ་པ་ལ་སོགས་པའི་ཁྱད་པར་གྱིས་དང་། མེ་ཏོག་ཅན་དང་འབྲས་བུ་ཅན་ལ་སོགས་པའི་ཁྱད་པར་གྱིས་རྣམ་པ་དུ་མ་ཉིད་ན་ཡང་ཞེས་པའི་དོན་ཏོ། །བརྗོད་པར་བྱ་བ་ཞེས་པ་ཤིང་ལ་སོགས་པའི་དོན་ཏོ། །དེ་ནི་ཉིད་རྣམ་པ་དུ་མ་ཉིད་ན་ཡང་སྒྲ་ལས་རྣམ་པ་ཐམས་ཅད་རྟོགས་པ་མེད་ དོ། །རང་དང་འབྲེལ་པ་རྗེས་མཐུན་ལས། །ཞེས་པ་ལ་རང་གི་འབྲེལ་པ་ནི་མེད་ན་མི་འབྱུང་བ་ཉིད་དེ་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཅན་ནོ། །དེ་ཡང་དེའི་སྤྱི་ལ་ལྟོས་ནས་ཡིན་གྱི་ཁྱད་པར་ལ་ལྟོས་ནས་ནི་མ་ཡིན་ནོ། །དེའི་ཕྱིར་འབྲེལ་པ་གང་འདྲ་བ་རྟོགས་པར་བྱེད་པ་ཉིད་ ཀྱང་དེ་འདྲ་བ་ཁོ་ནར་རིགས་སོ། །འདི་སྐད་བཤད་པར་འགྱུར་ཏེ། སྤྱི་ལ་ལྟོས་ནས་འདིའི་འབྲེལ་པ་ཡིན་ཞིང་། སྤྱི་ཡང་རྣམ་པར་གཅོད་པའི་ངོ་བོ་ཁོ་ནར་ཇི་སྐད་བཤད་པ་བཞིན་ཏེ། ལྟོས་ནས་ཡིན་གྱི་ཁྱད་པར་ལ་གཞན་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་གཅོད་པ་ཁོ་ན་བྱེད་ཅིང་ རྟོགས་པར་བྱེད་དོ་ཞེས་པའོ། །ཅི་སྟེ་སྒྲ་ཡིས་ཆ་ཅི་ཞིག་རྟོགས་པར་བྱེད་ཅེ་ན་གསུངས་པ། སྒྲ་ཡང་དུ་མའི་ཆོས་ལྡན་པ། །ཞེས་པ་ལ་སོགས་པ་སྟེ། རང་དང་སྤྱིའི་ཆོས་རྣམས་ཀྱི་ཆོས་དུ་མའོ། །གང་གི་དོན་ནི་འདའ་མིན་པ། །ཞེས་པ་སྤྱིའི་ཆོས་ཤིང་དང་སྒྲ་ཉིད་ལ་སོགས་པ་གང་གིས་ འཁྲུལ་བར་བྱེད་པ་མིན་ཞིང་རྟོགས་པར་བྱེད་པ་དེ་ཉིད་ཀྱིས་ཞེས་པ་འདིས་ཆོས་དེ་ཁོ་ན་རྟོགས་པར་བྱེད་དོ་ཞེས་པའི་དོན་ཏོ། །ཉིད་ཀྱི་སྒྲས་ནི་གང་རྣམ་པར་བཅད་པ་དེ་བསྟན་ཏོ། །སྒྲ་ཡི་ཡོན་ཏན་སོགས་ཀྱིས་མིན། །ཞེས་པ་སོགས་ཀྱི་སྒྲས་སྒྲའི་ཤེས་བྱ་ཉིད་ ལ་སོགས་པ་རྣམས་གཟུང་ངོ་། །རྟོགས་བྱེད་མ་ཡིན་པ་ཉིད་ནི་དེ་རྣམས་ལ་འཁྲུལ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་དེ་རྣམས་ནི་ཤིང་གི་དོན་མེད་ཀྱང་རོ་ལ་སོགས་པ་རྣམས་ལ་མཐོང་གི །ཤིང་གི་སྒྲ་ཉིད་ལ་སོགས་པའི་སྤྱི་ནི་མ་ཡིན་ནོ། །གལ་ཏེ་གཞན་སེལ་བ་ཙམ་ཞེས་པ་ལ་སོགས་པ་སྟེ། འདིར་བསམ་པ་ནི་འཆད་པར་འགྱུར་བའོ། །ཅི་ལྟར་ཞེས་པ་ལ་སོགས་པ་འདི་ནི་ཚད་མའི་འབྲས་བུའོ། །དྲི་བས་བསམ་པ་བསལ་བར་བྱ་བའི་ཆེད་དུ་གསུངས་པ། ཅི་ལྟར་མི་འགྱུར་ཞེ་ན་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཐ་དད་ཅེས་པ་ལ་སོགས་པ་སྟེ། བསལ་བར་བྱ་བ་ཐ་དད་ པས་ནི་ལྷན་ཅིག་སྤྱོད་པ་ལས་དོན་ཐ་དད་པ་སྟོན་ཏོ། །འདི་ནི་གཏན་ཚིགས་ཏེ་གང་རྣམས་དོན་ཐ་དད་པ་དེ་རྣམས་ནི་གཞི་མཐུན་པ་མ་ཡིན་ཞིང་། ཁྱད་པར་དང་ཁྱད་པར་དུ་བྱ་བར་གྱུར་པ་ཡང་མ་ཡིན་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་བཞིན། སྔོན་པོ་དང་ཨུཏྤ་ལ་ལ་སོགས་པའི་ སྒྲ་རྣམས་ཀྱང་དེ་ལྟ་བུའོ། །ཁྱབ་པར་བྱེད་པ་དང་འགལ་བའོ། །དེ་རྣམས་ཀྱང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་། བསལ་བའི་དབྱེ་བས་དོན་ཐ་དད། །དེ་ལྟ་ན་ཡང་ཁྱད་པར་ཡོད་དེ། གང་གི་ཕྱིར། རང་དོན་དབྱེ་བ་རྟོགས་ལ་རྨོངས། །སོ་སོར་ཞེས་པ་ལྷག་མའོ། །རང་གི་དོན་ནི་སྤྱི་ སྟེ། ཨུཏྤ་ལའི་སྒྲ་ནི་ཨུཏྤ་ལ་ཙམ་མོ། །དེའི་དབྱེ་བ་ནི་ཨུཏྤ་ལ་དམར་པོ་ལ་སོགས་པ་རྣམས་སོ། །སྔོན་པོ་ཙམ་སྟེ། དེའི་དབྱེ་བ་བུང་བ་ལ་སོགས་པ་རྣམས་སོ། །དེ་རྟོགས་ལ་བླུན་པ་ནི་ཐེ་ཚོམ་གྱི་རྒྱུ་རྣམས་སོ། །འདིས་ནི་སོ་སོར་རང་གི་དོན་གྱི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུ་ཉིད་དེ། དོན་གྱིས་ གོ་བས་ལྷན་ཅིག་པ་རྣམས་ལ་ངེས་པའི་རྒྱུ་ཉིད་དུ་བྱེ་བྲག་སྨྲས་སོ། །གང་གི་ཕྱིར་འདི་ལྟར་ཨུཏྤ་ལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཕན་ཚུན་གྱི་དོན་ལ་རང་གི་དོན་གྱི་བྱེ་བྲག་ལ་སོ་སོར་ཐེ་ཚོམ་གྱི་རྒྱུ་ཉིད་དེ། ལྷན་ཅིག་ཏུ་གྱུར་པ་རྣམས་ཁོ་ན་ལ་ནི་ངེས་པའི་རྒྱུ་ཉིད་ཡིན་པ་དེའི་ཕྱིར་ཨུཏྤལ་ སྔོན་པོ་ཞེས་པ་བྱ་བ་དངོས་པོ་གཅིག་ལ་འབྲས་བུ་ཐ་མི་དད་པ་ཉིད་ཡིན་ཞིང་། ཁྱད་པར་དུ་བྱས་པའི་དོན་མངོན་པར་གསལ་བའི་མཚན་ཉིད་ཅན་དུ་རིགས་ཏེ། དེའི་ཕྱིར་གཅིག་འབྲས་བུ་ཐ་དད་མེད་པ་ཉིད་ཀྱི་ཕྱིར་གཞི་མཐུན་པ་ཉིད་དེ་དེའི་ཕྱིར་ཡང་ཁྱད་པར་བྱེད་པ་དང་ཁྱད་པར་བྱ་བའི་དངོས་ པོར་འཐད་དོ། །ཅི་ལྟར་བྱས་ནས་ཤེ་ན། ཨུཏྤ་ལའི་སྒྲ་རང་གི་དོན་གྱི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུས། རང་གི་དོན་སྤྱི་བློས་སྒྲོ་བཏགས་པ་ལ། དོན་དེ་ནི་གཞན་གྱི་རྣམ་པ་ཡོངས་སུ་མ་བཅད་པ་ཅན་ཉིད་ཀྱི་ཕྱིར་ན་རྣམ་པ་གཞན་དུ་འདོད་པ་དང་བཅས་པའི་བློས་ཡོངས་སུ་གཅད་པར་བྱ་བ་ སྟེ། གང་ཨུཏྤལ་འདི་ཅི་སྔོན་པོ་ཡིན་ནམ་འོན་ཏེ་གཞན་དམར་པོ་ལ་སོགས་པ་ཡིན་ཞེས་དེའི་ཕྱིར་དོགས་པ་གཅད་པའི་ཆེད་དུ་སྔོན་པོའི་སྒྲ་སྦྱར་བཞིན་པ་ནི་གང་ཨུཏྤ་ལ་འདི་ནི་སྔོན་པོ་སྟེ། དམར་པོ་ནི་མ་ཡིན་ནོ་ཞེས་དེ་ལ་རང་གི་དོན་ཉེ་བར་སྡུད་ཅིང་ཨུཏྤ་ལའི་དོན་ཁྱད་པར་དུ་བྱེད་དོ་ཞེས་ པས་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོར་འགྱུར་རོ། །འདིར་དོན་ནི་འདི་ཡིན་ཏེ། གང་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་ནི་བློ་ལ་སྣང་བའི་བདག་ཉིད་ཡིན་ཡང་ལྷག་པར་ཞེན་པས་ཕྱི་རོལ་གྱི་དོན་གྱི་རང་བཞིན་ནོ། །དེས་ན་སྒྲའི་དོན་ཐ་དད་པ་ཉེ་བར་སྡུད་པ་ན་ཡང་ཆོས་དུ་མ་རྗེས་སུ་སོང་ བ་ནི་ཐ་མི་དད་པ་ལྟར་སྣང་སྟེ། དེ་ལས་ཀྱང་ཨུཏྤ་ལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་དོན་གྱི་གཟུགས་བརྙན་བློ་ལ་གཏོད་པར་བྱེད་ཅིང་དངོས་པོ་གཅིག་ཁོ་ན་ཨུཏྤ་ལ་དང་སྔོན་པོ་ཉིད་ལ་སོགས་པའི་ཆོས་དུ་མར་རབ་ཏུ་གསལ་བར་བྱེད་དོ་ཞེས་པས། ཐ་སྙད་བྱེད་པ་པོ་ འཁྲུལ་པ་རྣམས་ཀྱིས་རྟོགས་པར་བྱེད་དེ། དེའི་ཕྱིར་དེ་རྣམས་ཀྱི་རྟོགས་པ་ཇི་ལྟ་བ་བཞིན་དུ་གཞི་མཐུན་པ་ཉིད་འགལ་བ་མེད་དོ། །དེ་ལྟར་བློ་ལ་ཡོད་པའི་སྒྲའི་དོན་དེ་ཁོ་ན་ནི་སྔོན་པོ་ལ་སོགས་པའི་སྒྲ་གང་རུང་ཅིག་སྦྱར་བ་ལས་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་ངེས་ཀྱང་བྱེ་བྲག་གཞན་ མ་ངེས་པ་ཉིད་ཀྱི་ཕྱིར། གང་སྔོན་པོ་འདི་ཅི་གང་ཨུཏྤ་ལ་འམ། འོན་ཏེ་བུང་བ་ལ་སོགས་གཞན་ཡིན་ཞེས་པ་འདི་ལྟ་བུ་ལ་སོགས་པས་བྱེ་བྲག་གཞན་དུ་དོགས་པ་དང་བཅས་པའི་བློས་ཡོངས་སུ་གཅོད་པར་བྱེད་དེ། དེའི་ཕྱིར་དོགས་པ་གཅད་པའི་ཆེད་དུ་སྔོན་པོའི་སྒྲ་དང་ལྷན་ཅིག་ཏུ་སྦྱར་བཞིན་ པ་ཨུཏྤལ་ལ་སོགས་པའི་སྒྲ་སྦྱར་བཞིན་པ་རྣམས་ཨུཏྤལ་སྔོན་པོ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་ཅིང་། སྔོན་པོ་ལ་སོགས་པའི་རྣམ་པ་ཅན་གྱི་དངོས་པོ་ནི་ཨུཏྤལ་མ་ཡིན་པ་ལ་སོགས་པ་དོན་གཞན་ལ་རྣམ་པར་གཅོད་པར་བྱེད་དོ་ཞེས་ལྷག་པར་ཞེན་པར་བྱེད་དོ། ། དེའི་ཕྱིར་རྟོགས་པའི་ངོར་བྱས་པས་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ཡང་འཐད་དོ་ཞེས་པའོ། །བསལ་བར་བྱ་བ་ཐ་དད་པ་ཡོད་ན་ཡང་ཞེས་པ་འདི་ཡང་སྔར་བཞིན་དུ་བསལ་བྱ་ཐ་དད་པས་དོན་ཐ་དད་པར་སྟོན་ཏོ། །རང་གི་དོན་གྱི་ཁྱད་པར་གསལ་བར་བྱ་བའི་དོན་དུ་ཞེས་པ། རང་གི་དོན་གྱི་ཁྱད་ པར་ནི་ཨུཏྤལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཀྱི་ནི་ཨུཏྤ་ལ་སྔོན་པོ་ལ་སོགས་པའོ། །དེ་མངོན་པར་གསལ་བའི་དོན་དུ་སྟེ། འདིས་ནི་འབྲས་བུ་ཐ་དད་མེད་པ་ཉིད་གསུངས་སོ། །འགྲེང་བ་དང་བྱ་རོག་གནས་པ་བཞིན་དུ་རང་བསལ་བའི་དོན་དུ་ཞེས་པ། སྔོན་པོའི་སྤྱི་དང་ཨུཏྤ་ལའི་སྤྱིའོ། །གཅིག་ ལ་སྡུད་པར་བྱེད་པ་རྣམས་ཞེས་པ། ཨུཏྤ་ལ་སྔོན་པོ་ལ་སོགས་པའི་དོན་གྱི་ཁྱད་པར་ལ་ཁྱད་པར་དུ་བྱེད་པ་ཉིད་དུ་བཤད་པའི་ཨུཏྤལ་སྔོན་པོ་ལ་སོགས་པའི་སྒྲ་ལྷན་ཅིག་སྦྱར་བ་རྣམས་ནི་ཨུཏྤ་ལ་སྔོན་པོ་ལ་སོགས་པར་སྣང་བ། རྣམ་པར་ཤེས་པ་ལ་གཏོད་པར་བྱེད་ཅིང་། ཨུཏྤ་ལ་སྔོན་པོ་ལ་ སོགས་པའི་དོན་ལ་རང་གི་དོན་གྱི་སྤྱི་ཨུཏྤལ་སྔོན་པོ་ལ་སོགས་པ་ནི་ཁྱད་པར་དུ་བྱེད་པ་ཉིད་དུ་ཉེ་བར་སྡུད་པར་བྱེད་པ་པོ་རྣམས་རྟོགས་པ་པོ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱེད་དེ། དེའི་ཕྱིར་དེའི་རྟོགས་པའི་དབང་ལས་དེ་སྐད་དུ་བཤད་པའོ། །འགྲེང་བ་ཉིད་ནི་འགྲེང་བ་མ་ཡིན་པ་རྣམ་པར་གཅོད་ པས་བསྒྲེང་བའི་སྤྱི་རྟོགས་པར་བྱེད་ཅིང་། ཐོ་ཡོར་དང་མི་ལ་སོགས་པ་འགྲེང་བའི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུ་སྟེ། བྱ་རོག་གནས་པ་ཡང་བྱ་རོག་གི་རྟེན་དུ་མི་རུང་བའི་དངོས་པོ་རྣམ་པར་གཅོད་པས་བྱ་རོག་གནས་པར་རུང་བའི་དངོས་པོ་ཙམ་རྟོགས་པར་བྱེད་ཅིང་། དེའི་ཁྱད་པར་ཐོ་ཡོར་ དང་ཐང་ལ་སོགས་པ་རྣམས་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ཞིང་། དེ་དག་ལྷན་ཅིག་བྱས་པ་དག་ནི་སྐྱེས་བུའི་གཟུགས་མ་ཡིན་པའི་འགྲེང་བ་ཉིད་ཀྱི་བྱེ་བྲག་ལ་ངེས་པའི་རྒྱུ་ཉིད་ཀྱི་ཕྱིར་གཞི་མཐུན་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། ཨུཏྤལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་དོན་གཅིག་ལ་སྔར་ བརྗོད་པའི་རྣམ་པས་དེར་འགྱུར་རོ། །དེ་ལྟར་ནི་དེ་རྣམས་ཞེས་པ་སོ་སོ་བ་ནི་རང་གི་དོན་གྱི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུ་སྟེ། དོན་གྱིས་གོ་བས་ལྷན་ཅིག་བྱས་པ་རྣམས་ནི་ངེས་པའི་རྒྱུ་ཉིད་དུ་གསུངས་སོ། །གང་གི་ཕྱིར་ཨུཏྤ་ལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་སོ་སོ་བ་ནི་རང་གི་དོན་གྱི་བྱེ་བྲག་ལ་ཐེ་ཚོམ་ གྱི་རྒྱུ་རྣམས་ཏེ། ལྷན་ཅིག་བྱས་པ་རྣམས་ཁོ་ན་ནི་ངེས་པའི་རྒྱུ་ཡིན་པ་དེའི་ཕྱིར་ལྷན་ཅིག་པ་རྣམས་ནི་རང་གི་དོན་གྱི་ཁྱད་པར་དོན་གཅིག་གསལ་བར་བྱེད་པ་རྣམས་གཞི་མཐུན་པར་འགྱུར་རོ། །སྒྲ་གཞན་དང་ལྷན་ཅིག་པའི་གསལ་བར་བྱ་བའི་དོན་མི་སྲིད་པའི་ཕྱིར་ཡང་ཞེས་པ་ལ་སོགས་པ། སྒྲ་གཞན་སྔོན་པོའི་ སྒྲ་དང་ལྷན་ཅིག་པའི་ཨུཏྤ་ལའི་སྒྲའི་གསལ་བར་བྱ་བའི་གང་ཁྱད་པར་ཅན་གྱི་དོན་དེ་ནི་ཨུཏྤ་ལའི་སྒྲ་འབའ་ཞིག་པ་ལ་སྲིད་པ་མ་ཡིན་ནོ། །དེ་བཞིན་དུ་སྔོན་པོའི་སྒྲ་ལ་ཡང་ཨུཏྤ་ལའི་སྒྲ་དང་ལྷན་ཅིག་པའི་གསལ་བར་བྱ་བ་གང་ཡིན་པ་དེ་འབའ་ཞིག་པ་ལ་མི་སྲིད་དོ་ཞེས་པའོ། །སྒྲ་གཞན་ཉེ་བས་ཁྱད་ པར་དུ་བྱས་པའི་དོན་ལ་འཇུག་པའི་ཕྱིར་ཕན་ཚུན་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོའོ། །དཔེར་ན་འགྲེང་བ་ཉིད་དང་བྱ་རོག་གནས་པ་དག་ནི་ལྷན་ཅིག་པ་དག་ཁོ་ན་ཁྱད་པར་དུ་བྱས་པའི་དོན་རྟོགས་པར་བྱེད་པ་དག་ཡིན་པ་བཞིན་ནོ། །དོན་རྣམས་ཁོ་ནའི་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོར་འཇིག་ རྟེན་ན་གྲགས་ཀྱི། སྒྲ་རྣམས་ལ་ནི་མ་ཡིན་ཏེ། དེས་ན་ཅི་ལྟར་དེ་རྣམས་ལ་དེ་ཅི་ལྟར་རྣམ་པར་གཞག་ཅེས་དོགས་པར་བྱས་ནས་གྱུར་པ་སྨོས་པ་སྟེ། གྱུར་པའི་སྒྲ་ནི་དཔེ་རྗོད་པར་བྱེད་པ་དོན་དུ་གྱུར་པ་ཁོ་ནའི་ཆོས་ཏེ། དེ་རྗོད་པར་བྱེད་པའི་སྒྲར་ཉེ་བར་གདགས་པར་བྱའོ་ཞེས་གྱུར་པའི་སྒྲའི་ དོན་ཏོ། །དེས་ན་འདིས་ནི་གཞི་མཐུན་པ་ཉིད་ཡོད་ན་ཡང་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་དག་ཀྱང་བསྒྲེང་བ་དང་བྱ་རོག་གནས་པ་ལ་སོགས་པ་རྣམས་ལ་མཐོང་བའི་ཕྱིར་གཏན་ཚིགས་འཁྲུལ་པར་གསུངས་སོ། །འོ་ན་གཞི་གཅིག་པ་ཅན་གང་ཡིན་པ་དེ་ཞེས་པ། ཚིག་རྣམ་པར་སྦྱོར་ བའི་དུས་ན་སྔོན་པོ་ཡང་དེ་ཡིན་ལ་ཨུཏྤ་ལ་ཡང་ངོ་ཞེས་བྱེད་དེ། དེའི་ཕྱིར་དྲི་བའོ། །འདིས་ནི་གང་བརྗོད་པ་སྒྲ་གཞན་དང་ལྷན་ཅིག་པ་ཁོ་ནའི་སྒྲ་ཡིས་ཁྱད་པར་དུ་བྱས་པའི་དོན་གསལ་བར་བྱའོ་ཞེས་པ་འདི་ལ་ཁས་བླངས་པས་གནོད་པ་གསུངས་སོ། །དེ་ནི་སྔོན་པོ་འབའ་ཞིག་མིན། །ཞེས་པ་ སྔོན་པོ་འབའ་ཞིག་པ་བཀག་པས་སྔོན་པོའི་སྒྲ་ཙམ་གྱི་བརྗོད་པར་བྱ་བ་ཉིད་འགེགས་སོ། །དེ་བཞིན་དུ་ཨུཏྤལ་འགའ་ཞིག་ཀྱང་མ་ཡིན་ཞེས་པས་ཨུཏྤ་ལའི་སྒྲ་ཙམ་གྱི་བརྗོད་པར་བྱ་བ་ཉིད་འབའ་ཞིག་པའོ། །དེ་ལྟར་ན་སྔོན་པོའི་སྒྲ་འབའ་ཞིག་པ་དང་ཨུཏྤ་ལའི་སྒྲ་ འབའ་ཞིག་པ་གང་བརྗོད་པར་བྱ་བ་དེ་འཇིག་རྟེན་ན་སྔོན་པོ་འབའ་ཞིག་པ་དང་ཨུཏྤ་ལ་འབའ་ཞིག་པའོ་ཞེས་གྲགས་སོ། །ཡང་ཅིའི་ཕྱིར་སྔོན་པོ་དང་ཨུཏྤ་ལའི་སྒྲ་འབའ་ཞིག་པ་དག་གིས་དེ་བརྗོད་པར་བྱ་བ་མ་ཡིན་ཞེ་ན་གསུངས་པ། ཚོགས་པ་བརྗོད་བྱ་ཉིད་ཡིན་ཕྱིར། །ཞེས་པ་གང་གི་ཕྱིར་ལྷན་ཅིག་ བྱས་པ་དག་ཁོ་ནའི་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་གིས་དོན་དེ་བརྗོད་པར་བྱ་བ་སྟེ། འབའ་ཞིག་པ་དག་གིས་མ་ཡིན་པས་ཏེ། གཞན་དུ་ན་གཅིག་གིས་དོན་དེ་རྗོད་པར་བྱེད་པ་ཉིད་ན་རྣམ་གྲངས་པའི་སྒྲ་ལྟར་དེ་དག་ལྷན་ཅིག་སྦྱོར་བ་མི་འཐད་དོ། །དེས་ན་འདིས་ནི་ཚིག་རྣམ་པར་སྦྱོར་བའི་དུས་ ན་ཡང་ལྷན་ཅིག་པ་ཁོ་ནའི་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་གིས་དེ་བརྗོད་པར་བྱའོ་ཞེས་ཁས་བླངས་པའི་ཕྱིར་ཁས་བླངས་པས་གནོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །འོ་ན་འབའ་ཞིག་པ་དག་གིས་ཅི་ཞིག་རྟོགས་ཤེ་ན། ཅུང་ཟད་ཀྱང་མ་ཡིན་ནོ། །གང་གི་ཕྱིར། ཡི་གེ་བཞིན་དུ་དེ་དོན་མེད་ཡང་ཆ་ ཤས་རྣམས་ལ་དོན་མེད་པ་ཉིད་ན་ཅི་ལྟར་དེ་ཚོགས་པ་དོན་དང་ལྡན་པ་ཉིད་ཡིན་ཞེ་ན་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །མི་མཐུན་པ་ཉེ་བར་བཀོད་པ་ཞེས་པས། དཔེ་མི་མཚུངས་པ་ཉིད་སྨྲས་སོ། །ཅི་ལྟར་མི་མཚུངས་པ་ཡིན་ཞེ་ན་སྨྲས་པ་མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདིས་ནི་ཁས་བླངས་པ་ཉམས་པ་ཉིད་སྨྲས་ཏེ། སྔོན་པོའི་སྒྲ་འབའ་ཞིག་པ་ཡང་དོན་དང་ལྡན་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཡིག་ལ་དོན་འགའ་མེད་པ་སྟེ། །ཚིག་གཉིས་པ་ནི་རྟོགས་ཤེ་ན། །སྐྱོན་འདི་མེད་དེ་གང་གི་ཕྱིར། །དེ་ཡིས་བརྗོད་བྱ་ཞེས་དེར་ཡང་། །འབའ་ཞིག་ཡང་དག་ རྟོགས་པར་བྱ། །སྔོན་པོའི་སྒྲ་དེར་ཡང་དོན་གང་རྟོགས་པར་བྱ་བ་དེ་སྔོན་པོའི་སྒྲའི་བརྗོད་པར་བྱ་བའོ་ཞེས་པ་འབའ་ཞིག་པ་རྟོགས་ཀྱི། ཚོགས་པའི་དོན་ནི་སྔོན་པོའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་རྟོགས་པར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཚོགས་པའི་དོན་གྱིས་སྟོང་པ་ཉིད་དུ་འབའ་ ཞིག་པ་དག་སྟོན་པ་གསུངས་པ། ཇི་ལྟར་ཁོ་ནར་ཞེས་པ་ལ་སོགས་པའོ། །གང་བཤད་པ་ཞེས་པ་ལ་སོགས་པས་ཕྱོགས་སྔ་མ་སོ་སོར་བརྗོད་ནས། དེ་ལ་ཡང་ཞེས་པ་ལ་སོགས་པས་དེའི་བརྗོད་བྱ་ཞེས་པ་ལ་སོགས་པ་ཕྱེད་ཕྱི་མའི་དོན་འཆད་དོ། །རིགས་ནི་སྔོན་པོའི་ཡོན་ཏན་དང་འཕྲོད་པ་འདུ་བ་ ཅན་གྱི་སྔོན་པོ་ཉིད་དོ། །འབའ་ཞིག་པ་སྨོས་པས་ཚོགས་པའི་དོན་གྱིས་སྟོང་པ་ཉིད་གསུངས་སོ། །སྔོན་པོའི་སྒྲས་བརྗོད་པར་བྱ་བས་ནི། གང་ལ་དེ་འཕྲོད་པ་འདུས་པ་རིགས་དང་སྦྱར་བའི་ཡོན་ཏན་ནམ། གང་ལ་སྔོན་པོའི་ཡོན་ཏན་འཕྲོད་པ་འདུས་པ་རིགས་དང་སྦྱར་བའི་ཡོན་ཏན་དང་ སྦྱར་བའི་རྫས་ཏེ། འདི་ཐམས་ཅད་ཀྱང་ཚོགས་པའི་དོན་མ་ཡིན་ནོ། །དེ་ལྟར་ན་གཉིས་ཀར་ཡང་ཚོགས་པའི་བརྗོད་པར་བྱ་བའི་དོན་གྱིས་དོན་མེད་པ་ཉིད་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་མི་མཐུན་པ་ཉེ་བར་བཀོད་པ་ཉིད་མེད་ཅིང་དམ་བཅའ་བ་ལ་ཁས་བླངས་པས་གནོད་པ་མ་ཡིན་ནོ། །དེའི་ ཕྱིར་དོན་གྱིས་སྟོང་པ་རྣམས་ཀྱིས་ཞེས་པ། ཚོགས་པའི་དོན་གྱིས་སྟོང་པ་རྣམས་ཀྱིས་སོ། །ཚོགས་པ་རྣམས་ཀྱིས་ཞེས་པ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཀྱིས་སོ། །འོ་ན། བསལ་བྱའི་དབྱེ་བས་དོན་ཐ་དད། །ཅེས་པ་བརྗོད་པར་བྱ་བ་རྣམས་སོ་ཞེས་པ་ཅི་ལྟར་ཞེ་ན་གསུངས་ པ། སྒྲ་ཐ་དད་པའི་བརྗོད་པར་བྱ་བས་ཞེས་པ་ལ་སོགས་པ་སྟེ། ཐ་དད་པར་ནི་སོ་སོར་གྱུར་པ་སྟེ། འབའ་ཞིག་པ་ཞེས་པའི་ཐ་ཚིག་གོ། །འདི་སྐད་བཤད་པར་འགྱུར་ཏེ། སྔོན་པོ་ལ་སོགས་པའི་འབའ་ཞིག་པའི་སྒྲའི་བརྗོད་པར་བྱ་བའི་དོན་གྱིས་ཐ་དད་ཅེས་པ་བརྗོད་པར་བྱའི། ཚོགས་ པའི་དོན་གྱིས་ནི་མ་ཡིན་ནོ་ཞེས་པའོ། །གལ་ཏེ་དེ་ལྟ་ན་ཚོགས་པའི་བརྗོད་པར་བྱ་བ་ཁོ་ན་ཁྱད་པར་དུ་བྱས་པའི་དོན་ཡིན་ན། དེ་ཅི་ལྟར་གཞི་མཐུན་པ་ཉིད་དམ་ཁྱད་པར་དང་ཁྱད་པར་དུ་བྱས་པའི་དངོས་པོའི་བར་ཡིན་ཏེ། འདི་གཉིས་ཀ་ནི་ཐ་དད་པའི་རྟེན་ཅན་ཡིན་ཞིང་། ཚོགས་པ་ཡང་གཅིག་ཡིན་ ནོ་ཞེ་ན། ཡོངས་སུ་བརྟགས་ནས་སྒྲོ་བཏགས་པའི་ཆ་ཤས་ཡོད་པར་གྱུར་པའི་ཕྱིར་གཉིས་ཀ་རྣམ་པར་གཞག་པར་བྱ་སྟེ། འདི་ནི་སེལ་བའི་སྒོ་ལ་གང་འདིའི་འདི་དག་ལས་དོན་དུ་བརྟགས་པའོ་ཞེས་འཆད་པར་འགྱུར་རོ། །རྟོགས་པ་པོའི་བསམ་པའི་དབང་ལས་ཡང་ན་སྟེ། རྟོགས་པ་པོ་ རྣམས་ནི་ཁྱད་པར་དང་ཁྱད་པར་ཅན་གཉི་ག་ཅན་གྱི་དོན་གཅིག་ཁོ་ན་ལ་སྒྲ་གཉིས་པོ་འདི་དག་ནི་སོ་སོར་རྗོད་པར་བྱེད་པ་དག་གོ་ཞེས་སེམས་པར་བྱེད་དེ། དེའི་ཕྱིར་དེ་རྣམས་ཀྱི་བསམ་པའི་དབང་ལས་དེ་ལྟར་རྣམ་པར་གཞག་པར་བྱའོ། །དོན་གཞན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ གཞན་སེལ་བ་ལས་གཞན་རིགས་ལ་སོགས་པ་བརྗོད་པར་བྱ་བར་འདོད་ནའོ། །ཡན་ལག་གི་དོན་དག་ཅེས་པ་སྔོན་པོ་ལ་སོགས་པའི་སྒྲ་འབའ་ཞིག་པའི་བརྗོད་པར་བྱ་བ་དག་གོ། །དེ་དག་གི་གཞི་ནི་ཚོགས་པའི་བརྗོད་པར་བྱ་བའི་དོན་གང་ཡིན་པའོ། །དེ་ལས་ཞེས་པ་ཡན་ལག་གི་དོན་དེ་དག་ལས་སོ། ། ཐ་དད་པར་འགྱུར་བའམ་ཐ་མི་དད་པ་ཞེས་པ་རྫས་སུ་ཡོད་པ་ལ་རྣམ་པར་རྟོག་པ་གསུམ་པ་མེད་པའི་ཕྱིར་རོ། །དེ་ལ་ཐ་མི་དད་པའི་ཕྱོགས་ལ་སྐྱོན་ཉེ་བར་བསྟན་པའི་ཆེད་དུ་གསུངས་པ། ཚོགས་པ་གཅིག་ཉིད་ཡོད་མ་ཡིན། །ཞེས་པ་སྟེ་ཅིའི་ཕྱིར་ཞེ་ན། ཕན་ཚུན་ཁྱད་པར་མེད་ཐལ་ཕྱིར། །ཚོགས་པ་ ཅན་དག་ཕན་ཚུན་ཐ་དད་མེད་པར་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །གལ་ཏེ་ཞེས་པ་ལ་སོགས་པས་ཚིག་ལེའུར་བྱས་པའི་དོན་དུ་གསུངས་པའོ། །འདི་ནི་འདིར་བསྡུས་པའི་དོན་ཏོ། །གང་ཚོགས་པ་གཅིག་ལས་གཞན་མ་ཡིན་པ་དེ་ནི་ཐ་མི་དད་པ་སྟེ། ཚོགས་པའི་རང་གི་ངོ་བོ་བཞིན། །ཡོན་ཏན་སྔོན་ པོ་དང་རིགས་ཨུཏྤ་ལ་དག་ཀྱང་ཨུཏྤ་ལ་སྔོན་པོ་ཞེས་པའི་ཚོགས་པ་གཅིག་ལས་གཞན་མ་ཡིན་ནོ། །རང་བཞིན་གྱིས་ཐལ་བར་འགྱུར་བ་སྟེ། དེ་ལྟར་ཡང་མ་ཡིན་ནོ་ཞེས་པ་བཟློག་པའོ། །གང་དག་ཕན་ཚུན་ཐ་དད་པ་དེ་དག་ཨུཏྤ་ལ་སྔོན་པོ་ལས་གཞན་མ་ཡིན་པ་མ་ཡིན་ཏེ་བ་ལང་དང་རྟ་བཞིན་ཡོན་ཏན་ སྔོན་པོ་དང་རིགས་ཨུཏྤ་ལ་དག་ཀྱང་ཕན་ཚུན་ཐ་དད་པ་དག་གོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །ཚོགས་པ་དུ་མ་ཉིད་ཐལ་ཕྱིར། །ཞེས་པ་ཚོགས་པ་གཅིག་གི་བདག་ཉིད་ཡོད་པ་མ་ཡིན་ནོ་ཞེས་དཀྱུས་མའོ། །ཚོགས་པ་སྟེ་རིགས་དང་ཡོན་ཏན་ཚོགས་ལ་ཡན་ལག་དུ་མ་ལས་ཐ་མི་དད་པའི་ཕྱིར་དུ་ མ་ཉིད་དུ་ཐལ་བར་འགྱུར་རོ། །གང་དུ་མ་ཚོགས་པ་དེ་ནི་དངོས་པོ་བ་མ་ཡིན་གྱི། བརྟགས་པ་པ་ཁོ་ན་སྟེ་གྲོང་དྲུག་བཞིན་ནོ། །སྔོན་པོ་དང་ཨུཏྤ་ལའི་དོན་ཅན་དག་གི་ཞེས་པ་འབྲུ་མང་པོ་པ་སྟེ། སྔོན་པོ་དང་ཨུཏྤ་ལ་རྗོད་པར་བྱེད་པའི་སྒྲ་དག་གི་ཞེས་པའི་དོན་ཏོ། །གཅིག་ལ་ཡང་འཇུག་བཞིན་ པ་དག་ནི་ཞེས་པ་སྒྲའི་ཚོགས་པ་གཅིག་ལ་ཡན་ལག་གི་དངོས་པོས་འཇུག་བཞིན་པ་དག་ཅེས་པའི་དོན་ཏོ