Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 192

Văn bản gốc(Tây Tạng)

Trang 22 / 22 (50.000 ký tự/trang)
པའི་ཕྱིར། བདག་ཉིད་ཀུན་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ལ་ཐམས་ཅད་
མཁྱེན་པ་ཉིད་མ་མཐོང་བས་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་སྙམ་དུ་ཆོས་ཐམས་ཅད་ཀྱི་ཤེས་པ་གྲུབ་པར་བྱེད་པ་ན་ཤེས་རབ་ལ་སོགས་པའི་བྱེ་བྲག་མཐོང་བས་གནོད་པའི་ཕྱིར་དེས་ན་དེ་སྒྲུབ་པར་མི་བྱེད་ཀྱི། ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་སྒྲུབ་ན་གང་གིས་གནོད་པ་མེད་པ་དེས་ན་ཧ་ཅང་ཐལ་བར་མི་
འགྱུར་རོ་སྙམ་དུ་སེམས་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། །ཇི་ལྟར་གཏན་ཚིགས་གནོད་པ་མཐོང་བ་སྒྲུབ་པར་བྱེད་པ་མ་ཡིན་པ་བཞིན་དུ་གནོད་པར་དོགས་པ་ཡང་མ་ཡིན་པས་དེས་ན་གནོད་པ་དགོད་པ་ནི་གནོད་པར་འདོད་པ་ལས་ཐ་དད་པ་མ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་སྒྲུབ་པར་
བྱེད་པར་ཡང་འགྱུར་ཏེ་གནོད་པར་དོགས་པའི་ཕྱིར་རོ། །གང་ཡང་། ཤེད་ལ་སོགས་པར་བསྟན་པ་ནི། །གཞན་དུ་ཡང་ནི་འཐད་པ་ཡིན། །ཞེས་སྨྲས་པ་དེ་ལ། རྒྱལ་བའི་མཐོ་རིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བར་བསྟན་པ་གཞན་དུ་མི་འཐད་པ་ཉིད་མ་གྲུབ་སྟེ་མཐོ་རིས་དང་བྱང་གྲོལ་གྱི་ལམ་ཁ་
ན་མ་ཐོ་བ་མེད་པ་ནི་རྨོངས་པ་ལས་སྲིད་པ་སྟོན་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་གསུང་ཁ་ན་མ་ཐོ་བ་མེད་པ་ཉིད་ནི་རྟག་པ་ཐམས་ཅད་ཀྱིས་བསྒྲུབས་ཟིན་ཏོ། །རྨོངས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཀུ་མཱ་ར་རི་ལས་སོ། །འོན་ཀྱང་དེ་ཁོ་ན་དེ་ལྟར་སེམས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སློབ་མ་རྨོངས་དོན་

ནམ། །ཞེས་བྱ་བ་ལ་སོགས་པ་ལ། མཐོང་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོང་ཆོས་ཞེས་བྱ་བ་ནི་སྐྱེ་བ་འདི་ཉིད་ལའོ། །མངོན་མཐོའི་ཞེས་བྱ་བ་ནི་ནད་མེད་པ་དང་ཕྱུག་པ་ལ་སོགས་པའི་མཚན་ཉིད་དོ། །འདི་ཡང་ཐོབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །སྐྱོན་རྣམས་
ཞི་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་སྐྱོན་ཉེ་བར་ཞི་བའོ། །དེ་ལས་ཏེ་སྔགས་དང་བསམ་གཏན་དང་དམ་ཚིག་ལ་སོགས་པ་ཉེ་བར་བསྟན་པ་ལས་སོ། །དེ་མཛད་པ་ཇི་སྐད་དུ་གསུངས་པ་ཉམས་སུ་བླང་བ་ལས་གཞན་སློབ་མ་རྣམས་ཐོས་པས་རྨོངས་པས་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པའི་ཚིག་
ཡིན་ནོ། །གལ་ཏེ་ཁྱེད་ཅག་འདི་འདྲ་བ་ལ་སོགས་པ་ཡིན་ནོ་སྙམ་དུ་བསམས་པ་ནི། དེའི་ཚེ་རྨོངས་པ་མ་ཡིན་པ་རྨོངས་པ་ཉིད་དུ་འཛིན་པ་ན་ཁྱོད་ཉིད་རྨོངས་པར་འགྱུར་རོ། །གལ་ཏེ་རིག་བྱེད་རྩ་ཅན་དུ། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་རྣམས་ཀྱིས་ཉེར་བསྟན་འདི། །ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། གང་གི་ཕྱིར་དྲི་མ་མེད་པར་ཉེ་བར་བསྟན་པའི་རྩ་བ་ནི་དྲི་མ་ཅན་དུ་རིགས་པ་མ་ཡིན་ནོ། །གང་ཕྱིར་དེ་ཡིས་རྨོངས་པ་ཡི། །དམངས་རིགས་རྣམས་ལ་ཉེར་བསྟན་བྱས། །ཞེས་བྱ་བ་འདི་ལ། དེ་དག་གིས་ནི་ཉེར་བསྟན་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་འཕང་ཞེས་བྱ་བ་ནི་ཡོན་
ཏན་ཐམས་ཅད་ཕུན་སུམ་ཚོགས་པ་ལ་གནས་པའི་དོན་གྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་ནི་གོ་འཕང་ཞེས་བྱའོ། །ཤེད་ལ་སོགས་པ་གང་དག་གིས་རིག་བྱེད་སྨྲ་བ་དག་ཁོ་ན་ལ་ཉེ་བར་སྟོན་པ་དེ་དག་རྨོངས་པའི་དོན་སྟོན་པ་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི། གང་དག་ཆགས་འཇིག་
ཅེས་བྱ་བ་ལ་སོགས་པ་སྟེ། ཡང་བཅོམ་ལྡན་འདས་ཀྱིས་བསྟན་པ་གང་ཡིན་པ་དེས་ནི་བྱིས་པའི་བར་དུ་ཡིན་ཏེ། དེ་དག་ནི་བདག་ཉིད་ཆེན་པོ་ཉིད་སྟོན་པར་བྱེད་པ་ཡིན་ནོ་ཞེས་སྟོན་པ་ནི་ཐུག་རྗེའི་གཞན་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱིམ་དུ་འགྲོ་བ་ནི་བག་མར་ཕྱིན་ཟིན་པའི་བུད་མེད་ཁྱོའི་ཁྱིམ་
དུ་འགྲོ་བའོ། །སྨྲས་པ་དེ་ཡང་གང་ཡིན་ཞེ་ན། རིག་པ་དུལ་བས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་། ཁྱོད་ཉིད་ཡང་དག་མ་ཡིན་པའི། །རིགས་ཀྱི་རྒྱགས་པས་ཁེངས་པ་ཡི། །སེམས་ཀྱི་དཔངས་བསྟོད་དེ་དམངས་རིགས། །རྨོངས་པ་རྣམས་ལ་ཞེས་སྨྲས་པ་ནི་ཆེས་

གསལ་བར་བདག་ཉིད་མཁས་པ་རྣམས་ཀྱི་ཚོགས་པ་འདིར་ཆེས་རྨོངས་པ་ཉིད་དུ་གསལ་བར་བྱས་པ་ཡིན་ནོ། །འདི་ལྟར་རེས་འགའ་བྲམ་ཟེ་ཉིད། །ཅེས་བྱ་བའི་སྤྱི་དངོས་པོ་གཞན་ཡོད་པ་ཡིན་ནོ་ཞེས་དེ་ལྟར་རྟོག་པ་ན་ཁྱེད་ཅག་ཁེངས་པའི་ཟུག་རྔུ་འཆང་བ་ཡིན་ནམ། ཡང་ན་སྐྱེས་ནས་
ཆོ་ག་ལ་སོགས་པས་བདག་ཉིད་ལེགས་པར་བྱས་པ་མཐོང་ནས་བྲམ་ཟེའོ་སྙམ་དུ་ང་རྒྱལ་བྱེད་དམ། ཡང་ན་བདག་ཉིད་བྲམ་ཟེ་མོའི་མངལ་དུ་བཙས་པ་ལ་དམིགས་ནས་ཡིན་གྲང་། དེ་ལ་ཕྱོགས་དང་པོ་ལ་ཁྱེད་ཅག་གིས་འདི་ནི་ནམ་མཁའི་མེ་ཏོག་ལ་རྒྱན་བྱེད་པ་འབའ་ཞིག་ཏུ་ཟད་དོ་ཞེས་སྟོན་
པ་ནི། ལན་བརྒྱར་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་རིགས་དེ་ཡོད་དུ་ཆུག་མོད། དེ་ལྟ་ན་ཡང་དེས་བྱས་པའི་ཁྱད་པར་གལ་ཏེ་རྟེན་ལས་དམིགས་པ་དེའི་ཚེ་ཁྱོད་ཀྱི་ང་རྒྱལ་དུ་འགྱུར་བ་ཡིན་ན། གང་གི་ཕྱིར་ཁྱད་པར་ཅུང་ཟད་ཀྱང་མ་མཐོང་ངོ་ཞེས་བྱ་བ་འདི་སྟོན་པ་ནི་དེ་ལས་གཞན་ལས་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། བྲམ་ཟེ་དེ་དག་ལས་གཞན་ནི་དེ་ལས་གཞན་ཏེ་དམངས་རིགས་ལ་སོགས་པའོ། །དེ་ལས་དེའི་ཁྱད་པར་མ་གྲུབ་པོ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལྟར་བྲམ་ཟེ་རྣམས་ནི་དམངས་རིགས་དག་ལས་ཤེས་རབ་དང་ཡིད་གཞུངས་པ་ལ་སོགས་པ་དང་བཤང་བ་དང་གཅི་བ་དང་ཁྲག་
ལ་སོགས་པ་དག་གིས་ཁྱད་པར་དུ་འཕགས་པར་མི་དམིགས་ན། གང་གིས་ན་ཁྱེད་ཅག་རིགས་སྨྲ་བའི་སྟོབས་ཀྱིས་ཁེངས་པ་ཉིད་ཀྱིས། དེ་ཕྱིར་རིག་བྱེད་སྨྲ་རྣམས་ལ། །ཉེ་བར་བསྟན་པ་སྟེར་བར་འགྱུར། །ཞེས་བརྗོད་པར་འགྱུར་བ་དེའི་ཕྱིར་ཇི་ལྟར་དེའི་ཁྱད་པར་མ་གྲུབ་པ་ན་དེ་ལ་བརྟེན་པའི་རིག་བྱེད་
ཀྱང་ཁྱད་པར་དུ་འགྱུར། གལ་ཏེ་བྲམ་ཟེའི་རིགས་ལ་བརྟེན་པས་རང་བཞིན་གྱི་དབང་དུ་གྱུར་པ་དང་། བདག་པོར་གྱུར་པ་དང་། དགའ་མགུར་ལྡན་པ་དང་། སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་། སྡིག་པ་མ་ལུས་པ་སྤངས་པར་གྱུར་ན་དེའི་ཚེ་ཁྱེད་ཅག་ཁྱད་པར་ཅན་དུ་འགྱུར་གྱི། གཞན་དུ་ན་བྱ་བ་དང་ཉ་
པ་དང་ལྷམ་མཁན་ལ་སོགས་པ་ལས་བྲམ་ཟེའི་རིགས་དང་ལྡན་ན་ཡང་བྲམ་ཟེ་ཇི་ལྟར་ཁྱད་པར་ཅན་དུ་འགྲུབ་པར་འགྱུར། ཕྱོགས་གཉིས་པ་ལ་ཡང་སྐྱོན་གང་དག་སྐྱེས་ནས་ཆོ་ག་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལས་གཞན་བཞིན་ཞེས་བྱ་བ་ནི་བཅོས་མར་འདོད་པའི་བྲམ་ཟེ་ལ་སོགས་པ་བཞིན་

ནོ། །ཀུན་རྫོབ་ཅེས་བྱ་བ་ནི་མིང་འདོགས་པ་ལ་སོགས་པ་བཞིན་དུ་དེ་ནི་ཐ་སྙད་དུ་ཡིན་ནོ། །ཕྱོགས་གསུམ་པ་ལ་ཡང་ཁེངས་པ་རིགས་པ་མ་ཡིན་ཏེ། བྲམ་ཟེ་དང་བྲམ་ཟེ་མོའི་ལུས་ནི་དམངས་རིགས་ལ་སོགས་པའི་ལུས་ལས་ཁུ་བ་དང་ཁྲག་ལ་སོགས་པ་མི་གཙང་བའི་རང་བཞིན་དུ་
ཁྱད་པར་ཅུང་ཟད་ཀྱང་མེད་དོ་ཞེས་བསྟན་ཟིན་ནོ། །གཞན་ཡང་ཁྱེད་ཅག་གིས་བྲམ་ཟེ་ཉིད་དུ་ཞེས་བྱ་བ་དེ་ལས་ཀྱང་རྒྱགས་པར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདས་པའི་དུས་ཀྱང་ཤིན་ཏུ་རིང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གཞན་གྱི་ཚེ་རེས་འགའ་བྲམ་ཟེའི་རིགས་མ་ཡིན་
པས་བྲམ་ཟེར་འགྱུར་བ་ཞེས་བྱ་བ་ཡང་སྲིད་པ་ཡིན་ལ། བྲམ་ཟེ་སྔོན་དུ་འགྲོ་བ་ཅན་ཡིན་ན་ཡང་ཁྱེད་ཅག་གི་མའི་སྤྱོད་པའི་ཉེས་པས་ནལ་ཕྲུག་ཉིད་དུ་ཡང་སྲིད་པ་ཁོ་ནའོ། །འདི་ལྟར་བུད་མེད་རྣམས་ནི་ཕལ་ཆེར་འདོད་པས་གཟིར་ཞིང་རྩབ་ཧྲལ་གྱི་སེམས་ཀྱི་རང་གི་རིགས་ཀྱི་བརྟུལ་ཞུགས་ཀྱི་མཐའ་
སྤངས་ནས་འཇུག་པ་མི་དམིགས་པ་ཁོ་ནའོ། །གང་ལས་ངེས་པར་འགྱུར་བ་ཁྱེད་ཅག་གིས་དབང་པོ་ལས་འདས་པའི་དོན་མཐོང་བ་མི་འགའ་ཞིག་ཀྱང་ཁས་ལེན་པར་མི་བྱེད་ཀྱང་། རིགས་མེད་ཀྱང་ཁྱེད་ཅག་གི་རིགས་རྒྱུད་རྣམ་པར་དག་པར་སྟོན་པ་མ་ཡིན་ནོ། །གཞན་ཡང་ཁྱེད་ཅག་གི་བདག་ཉིད་ལ་བྲམ་
ཟེར་མ་ངེས་པར་རིགས་སྨྲ་བའི་སྟོབས་ཀྱིས་ཁེངས་པ་འབའ་ཞིག་ཏུ་མ་ཟད་འོན་ཀྱང་ཤེད་ལ་སོགས་པ་ཡང་བྲམ་ཟེའི་རིགས་མ་ཤེས་པར་སྐྱེ་གཉིས་དག་ཁོ་ན་ལ་ཉེ་བར་སྟོན་པ་ནི་རྨོངས་པ་ལས་ཡིན་ནོ་ཞེས་སྟོན་པ་ནི། དེའི་ཕྱིར་བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་ཤེས་པ་སྟེ་སྐྱེ་གཉིས་མ་ངེས་པ་གང་དག་
ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་མ་ངེས་ཕྱིར་ཞེས་བྱ་བ་སྐྱེ་གཉིས་དེ་དག་མ་ངེས་པའི་ཕྱིར་རོ། །གཞན་ཡང་ཤེད་ལ་སོགས་པ་རྣམས་ཀྱིས་ཁོ་བོ་ཅག་ཁོ་ན་ལ་ཉེ་བར་བསྟན་པ་བྱས་པ་ཡིན་ནོ་ཞེས་བྱ་བ་འདི་ནི། ཁྱེད་ཅག་གིས་ཆེན་པོ་ཉིད་ཀྱི་རྒྱུ་མ་ཡིན་གྱི། འོན་ཀྱང་རྨོངས་པ་ཉིད་དུ་སྟོན་པ་འབའ་
ཞིག་ཏུ་ཟད་དོ་ཞེས་བསྟན་པའི་ཕྱིར་རོ། །རིག་བྱེད་དོན་ལ་རིགས་མེད་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་འདོན་པ་རྨོངས་པ་ཡི། །ཞེས་བྱ་བ་ནི་རིག་བྱེད་འདོན་པས་བྱས་པའི་རྨོངས་པ་ནི་རིག་བྱེད་འདོན་པས་དངོས་པོ་རྟོགས་པར་ནུས་པ་རིང་དུ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལས་

ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ཉིད་ཀྱི་ཕྱིར་ཤེད་ལ་སོགས་པ་རྣམས་ཀྱིས་རིག་བྱེད་ལ་སོགས་པ་རིགས་པ་མེད་པར་རྟོགས་ནས་བཀས་གྲུབ་པ་ཉིད་རྟོགས་པ་ཡིན་ནོ་ཞེས་སྟོན་པ་ནི། གནའ་རབས་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནའ་རབས་ཞེས་བྱ་བ་ནི་བསྟན་བཅོས་སོ། །ཤེད་ཀྱི་
ཆོས་ཞེས་བྱ་བ་ནི་ཡིད་ཀྱིས་བཀོད་པའོ། །རིག་བྱེད་ཡན་ལག་བཅས་ཞེས་བྱ་བ་ནི་བརྡ་སྤྲོད་པ་ལ་སོགས་པའི་ཡན་ལག་དྲུག་དང་ལྷན་ཅིག་འཇུག་པའི་ཕྱིར་རོ། །གསོ་དཔྱད་ཅེས་བྱ་བ་ནི་སྨན་དཔྱད་ཀྱི་བསྟན་བཅོས་སོ། །དེ་དག་ཉིད་ཀྱི་ཞེས་བྱ་བ་ནི་རྒྱུའོ། །གནའ་རབས་ལ་སོགས་པ་འདི་དག་རིགས་
པ་མེད་པ་དང་ཁྱེད་ཅག་ཀྱང་རྨོངས་པ་ཉིད་དུ་ངེས་པར་གཟུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་ལ་འཐད་པས་འཆད་པ་ནི། གཞན་དུ་ཡང་ནི་ངག་ཙམ་གྱིས། །ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་འཇིགས་པ་བཞི་དང་ལྡན་པ་ཉིད་ཀྱི་གསུང་ལ་བཀའ་གྲུབ་
པ་ཉིད་དུ་མི་སྟོན་གྱི་འོན་ཀྱང་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ་ཡིན་ནོ་ཞེས་སྟོན་པ་ནི། བདག་ཉིད་ཆེན་པོ་གང་དག་གིས། །ཞེས་བྱ་བ་ལ་སོགས་པ་སྟེ། མུ་སྟེགས་བྱེད་པ་ངན་པ་ཉིད་གླང་པོ་ཆེ་མྱོས་པ་ཡིན་ལ། དེ་དག་གི་དྲེགས་པ་འཇོམས་པར་མཛད་པའི་ངང་ཚུལ་སེང་གེའི་སྒྲ་
གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ལྟར་རོ། །ཡང་སེང་གེའི་སྒྲ་འདི་ཡང་གང་ཡིན་ཞེ་ན། དགེ་སློང་དག་གོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་བཅོམ་ལྡན་འདས་ཉིད་ཀྱིས་དོན་དམ་པར་བྲམ་ཟེ་དག་ལ་ཉེ་བར་བསྟན་པ་མཛད་ཀྱི་ཤེད་ལ་སོགས་པ་
རྣམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བ་འདི་འཆད་པ་ནི་གང་དག་སྡིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡིག་པའི་ཆོས་སྤངས་པའི་ཕྱིར་བྲམ་ཟེ་ཡིན་ནོ་ཞེས་བྱ་བ་ནི་ངེས་པའི་ཚིག་ཡིན་ནོ། །དེ་དག་ཀྱང་འདིར་བདག་མེད་པ་ལ་གོམས་པ་ཉེ་བར་སྟོན་པའི་ཕྱིར། བཅོམ་ལྡན་འདས་ཐུབ་པའི་བསྟན་པ་ལ་རིགས་པ་
ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། སྡིག་པ་ཟད་པར་བྱེད་པའི་ཐབས་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་ཁོ་ན་ལ་དགེ་སྦྱོང་ཡོད། འདི་ཁོ་ན་ལ་བྲམ་ཟེ་ཡོད་ཀྱི་བསྟན་པ་གཞན་ནི་དགེ་སྤྱོད་དང་བྲམ་ཟེ་དག་གིས་སྟོང་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་རྒྱུན་དུ་ཞུགས་པ་ལ་སོགས་

པའི་འབྲས་བུ་ལ་གནས་པ་བཞི་ནི་དགེ་སྦྱོང་ཡིན་ནོ། །བྲམ་ཟེ་དེ་ཡང་ཞུགས་པ་བཞི་པོ་དག་ཉིད་ཡིན་ནོ། །ཀུན་མཁྱེན་སྐྱེས་བུ་ཡོད་ཅེས་བྱ་བ་ལ་སོགས་པ་ལ། །ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞུང་གང་གིས་བསྒྲུབས་ཤེ་ན། མ་ལུས་དོན་ནི་ཡོངས་ཤེས་པའི། །ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། གཞན་ཡང་ཁོ་བོ་ཅག་གིས་ཐམས་ཅད་མཁྱེན་པས་གསུངས་པ་ཉིད་རྟོགས་ནས་དེ་ཉམས་སུ་བླང་བའི་ཕྱིར་ཐམས་ཅད་མཁྱེན་པ་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་དག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་དེའི་དོན་དུ་ཉེས་པ་ཟད་པ་དང་ཡོན་ཏན་འཕེལ་བ་སྒྲུབ་པར་བྱེད་དེ།
གང་གི་ཕྱིར་བདེ་བར་གཤེགས་པ་པ་རྣམས་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ཁོ་ན་ལས་སྐྱེས་བུའི་དོན་སྒྲུབ་པར་བྱེད་ཀྱི་གྲགས་པ་ཙམ་ནི་མ་ཡིན་ནོ། །གཞལ་བྱ་ཉིད་ལ་སོགས་པ་ཡང་ཇི་ལྟར་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པ་དེ་ལྟར་བཤད་ཟིན་པ་ཉིད་ཡིན་ནོ། །གང་ཡང་། ས་བཅུ་དག་ལ་
གནས་འདི་ཡང་། །ཞེས་སྨྲས་པ་དེ་ཡང་ཁྱེད་ཀྱིས་གྲུབ་པའི་མཐའ་མ་ཤེས་ནས་སྨྲས་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ས་བཅུ་ལ་གནས་པར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཇི་སྲིད་ས་བཅུའི་གནས་སྐབས་ཡིན་ལ། དེ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཡིན་ལ། དེའི་གོང་མ་ནི་སངས་
རྒྱས་ཀྱི་སར་འདོད་པ་ཡིན་ནོ། །གང་ཡང་། ཕྱོགས་གཅིག་ཤེས་པས་གང་བརྗོད་པ། །དེ་ཀུན་མཁྱེན་གྱིས་བཤད་མི་འགྱུར། །ཞེས་སྨྲས་པ་དེ་ཡང་སུན་ཕྱུང་བ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཕྱོགས་གཅིག་ཤེས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་ཡང་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། ཅུང་ཟད་མཐོང་བ་ཞེས་བྱ་བ་ནི་ཚུ་རོལ་མཐོང་བ་སྟེ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་དེའི་ཤེས་པ་བསྐྱེད་པ་ཞེས་བྱ་བ་ནི་དྲོ་བ་ལ་སོགས་པའི་དངོས་པོ་དེའི་ཤེས་པ་ཉམས་སུ་མྱོང་བ་ནི་དངོས་པོ་དེའི་ཉམས་སུ་མྱོང་བའི་ཤེས་པའོ། །དེ་ལས་སྐྱེ་བ་འབྱུང་བའི་
ཚིག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མ་ཡིན་མིན་ཞེས་བྱ་བ་ནི་དགག་པ་གཉིས་ཀྱིས་དངོས་པོའི་དེའི་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་དངོས་པོ་དེའི་ཤེས་པ་སྐྱེ་བ་ཉིད་ཀྱིས་དེ་ཡང་ཚད་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་མཐོང་བའི་ཚིག་ལས་ཐམས་ཅད་མཁྱེན་པའི་གསུང་ལས་

ཁྱད་པར་ཅི་ཞིག་ཡོད་ཅེ་ན། རྒྱུའི་དབྱེ་བས་ཐ་དད་དོ། །ཞེས་སྨྲས་སོ། །འདི་ཉིད་གསལ་བར་བྱེད་པ་ནི། །དངོས་པོ་མ་ལུས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གསུང་གིའོ། །དེའི་ཞེས་བྱ་བ་ནི་ཕྱོགས་གཅིག་ཤེས་པའི་ཚིག་གོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་དག་
ཀླན་ཀ་བྱེད་དེ། གང་གི་ཕྱིར་རྣམ་པར་རྟོག་པ་མེད་པར་བརྗོད་པར་འདོད་པ་སྲིད་པས་ཡིན་ཏེ་དེ་ནི་རྣམ་པར་རྟོག་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་ལ་རྣམ་པར་རྟོག་པ་ཉིད་ཀྱིས་ཁྱབ་པ་ན་དེ་མེད་པར་ཇི་ལྟར་གནས་པ་ཉེ་བར་འགྱུར་ཏེ། ཤིང་མེད་པར་ནི་ཤིང་ཤ་པ་སྲིད་པ་མ་ཡིན་ནོ། །ཐམས་
ཅད་མཁྱེན་པ་ལ་རྣམ་པར་རྟོག་པ་སྲིད་པ་ཡང་མ་ཡིན་ཏེ་དེ་ནི་ཉོན་མོངས་པ་ལ་སོགས་པ་སྒྲིབ་པ་མ་ལུས་པ་སྤངས་པ་ཉིད་ཡིན་པའི་ཕྱིར་ལ། རྣམ་པར་རྟོག་པ་ཡང་རང་བཞིན་གྱིས་འཁྲུལ་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ལ་མངོན་དུ་འགྱུར་ན་འཁྲུལ་པར་འགྱུར་རོ་ཞེ་ན། དེ་མིན་ཞེས་བྱ་བ་ལ་སོགས་
པས་ལེན་འདེབས་པར་བྱེད་དེ། རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་རྗེས་སུ་མཐུན་པའི་ཡིད་ཀྱི་ཉོན་མོངས་པ་ཅན་དང་། མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཀུན་ནས་བསླངས་པས་དགེ་བའོ། །དེ་ལ་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་ཉོན་མོངས་པ་ལ་
སོགས་པའི་སྒྲིབ་པ་སྤང་བ་ལ་མེད་པ་ཉིད་དེ་རྒྱུ་མེད་པའི་ཕྱིར་རོ། །དགེ་བ་གང་ཡིན་པ་དེ་ནི་སྒྲིབ་པ་སྤངས་པ་ལ་ཡང་མི་འགལ་བའི་ཕྱིར། དེས་བཅོམ་ལྡན་འདས་རྣམས་ནི་ཐུགས་རྗེ་གོམས་པ་ལས་འཇུག་པ་འགྲོ་བ་ཐམས་ཅད་ལ་ཕན་པ་བྱེད་པའི་ངོ་བོ་དགེ་བ་དང་བཅས་པའི་རྣམ་པར་རྟོག་པའི་མངོན་དུ་ཕྱོགས་
པར་འགྱུར་བ་ནི་སུ་ཞིག་ལྡོག་པར་བྱེད་པ་འདི་སྙམ་དུ་རྣམ་པར་རྟོག་པ་ཐམས་ཅད་ནི་རང་བཞིན་གྱིས་རང་གི་སྣང་བ་དོན་མེད་པ་ལས་དོན་དུ་མངོན་པར་ཞེན་ནས་འཇུག་པས་འཁྲུལ་པ་ཡིན་པའི་ཕྱིར། ཤེས་བྱའི་སྒྲིབ་པ་སྤངས་པ་ལ་མངོན་དུ་འགྱུར་བ་འགལ་བ་ཡིན་ནོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས།
དེ་ཡིས་རྣམ་པར་རྟོག་པ་དེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡུལ་མེད་པའི་རྣམ་པར་རྟོག་པ་དེ་ཡུལ་དང་ལྡན་པ་ཉིད་དུ་འཛིན་པར་བྱེད་ན་དེའི་ཚེ་འཁྲུལ་པར་འགྱུར་ན་གང་གི་ཕྱིར་སྒྱུ་མ་མཁན་པོ་འདིས་ཤེས་པ་དེ་ཡུལ་མེད་པ་ཉིད་དུ་མཁྱེན་པའི་ཕྱིར་ཇི་ལྟར་འཁྲུལ་པར་འགྱུར། དེ་ལྟ་བུ་སོགས་

བརྗོད་པ་ནི། །དད་པའི་ནོར་ཅན་རྣམས་ལ་མཛེས། །ཞེས་གང་སྨྲས་པ་དེ་ལ། དེ་ལྟ་བུ་སོགས་བརྗོད་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྟེ་འདི་དང་རྗེས་སུ་མཐུན་པར་གང་འགྱུར་བ་སྐབས་སུ་བབ་པ་ཡང་གང་ཡིན་ཞེ་ན། དེ་བཞིན་དོན་རྣམས་ཀྱིས་ཁྱབ་པར། །ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དེ་ཡང་བདག་གིས་ཐལ་བར་སྒྲུབ་པར་བྱེད་པར་སྨྲས་པ་ཡིན་གྱི་རང་གི་རྒྱུད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་རང་གི་ཚིག་ཉིད་ཀྱིས་བརྗོད་པ་ཡིན་ནོ་སྙམ་དུ་སེམས་ན། ཐལ་བ་སྒྲུབ་པ་ཉིད་རེ་ཞིག་འདིའི་སྐབས་སུ་ཡང་བབ་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་དེ་ལ་བློ་བཟང་རྣམས་
ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ཐམས་ཅད་ལ་གཟིགས་པར་འཇུག་པ་ཉེ་བར་སྟོན་པ་ལ་ནུས་པར་མི་འགྱུར་རོ་ཞེས། ཁྱེད་ཀྱིས་སྨྲས་པ་གང་ཡིན་པ་འདི་ལ་རེ་ཞིག་ཁྱེད་ཉིད་ལ་དྲི་བར་བྱ་སྟེ། ཉེ་བར་བསྟན་པ་ལ་དེའི་ནུས་པ་མེད་པར་འགྱུར་རོ། །དེ་ལས་འདིར་སྐྱོན་ཅིར་འགྱུར་ཞེས་དེ་
ལྟར་དྲིས་པ་ན་གཞན་དག་རང་ཉིད་ལན་གསལ་བར་བྱེད་པ་ནི་དེས་ན་ལུང་དུ་མི་འགྱུར་ཞེས་བྱ་བ་ལ་སོགས་པའོ། །འདིར་ཡང་བརྗོད་པ་དེ་ལྟར་དེ་ལུང་མེད་པར་འགྱུར་མོད་འདིར་འགལ་བ་ཅི་ཡོད། གང་གིས་མཐོང་བ་དང་འགལ་བར་འགྱུར་བ་ཁྱེད་ཅག་གིས་འདི་གསུང་བ་དམིགས་པ་ནི་མ་ཡིན་ནོ། །
ཞེས་དྲིས་པས་ཁྱེད་ཀྱི་ཤུགས་ཀྱིས་སོ་ཞེས་བྱ་བ་འདི་བརྗོད་པར་བྱ་བ་ཡིན་ནོ། །གང་གིས་རང་ཉིད་ཀྱིས་ལུང་དེས་བྱས་པ་ཉིད་དུ་དམིགས་ནས་དེའི་སྨྲ་བ་པོ་ཉིད་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཁྱེད་ཅག་ཁོ་ནས་ལུང་དེ་བྱས་པ་ཉིད་དུ་འདོད་པ་ཡིན་ནོ། །དེ་ཡང་གལ་ཏེ་དེ་སྨྲ་བ་པོ་ཉིད་དུ་མི་འདོད་ན་
ཁྱེད་ཅག་གིས་འདོད་པ་མ་ཡིན་ཏེ་དེ་ལྟ་བས་ན་ལུང་དེ་བྱས་པ་ཉིད་དུ་འདོད་པ་རྣམས་ཀྱིས་གདོན་མི་ཟ་བར་སྨྲ་བ་པོ་ཉིད་འདོད་པར་བྱའོ་ཞེས་དེ་ལྟ་བུའི་མི་འདོད་པའི་ཐོག་ཏུ་གཏོང་བའི་ཐལ་བ་བྱེད་པ་ཡིན་ནོ། །དེ་ལྟ་མ་གྲུབ་པ་ཉིད་བསྒྲུབས་ནས། ད་ནི་སྐབས་ཀྱི་དོན་རྗེས་སུ་མཐུན་པ་མ་བརྗོད་པ་ཉིད་དུ་སྦྱར་བའི་ཕྱིར་
གལ་ཏེ་དེ་འདྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཁོ་ན་གཞན་གྱིས་ལུང་ཙམ་ཁས་ལེན་པ་དེ་ཁོ་ན་ཐལ་བར་སྒྲུབ་པར་བྱེད་པས་བརྗོད་པ་ཡིན་ན་ཞེས་བྱ་བར་རིགས་པ་ཡིན་ནོ། །དེ་ལ་གལ་ཏེ་གཞན་གྱིས་སྨྲ་བ་པོ་ཉིད་དང་ལྡན་པས་ལུང་དེ་བྱས་པ་ཉིད་དུ་འདོད་པར་གྱུར་པ་དེའི་ཚེ་སྨྲ་བ་པོ་མེད་པའི་ཕྱིར་

ལུང་དེས་མ་བྱས་པ་ཉིད་དུ་ཐལ་བར་གྱུར་ན། གང་གི་ཕྱིར་བདག་པོ་ཡིན་པ་ཙམ་གྱིས་འདི་ལུང་དེ་བྱེད་པ་པོར་ཁས་ལེན་པར་མི་སྨྲ་བ་ཉིད་ལས་ཁས་ལེན་པར་ནི་མ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་ལུང་ཁས་བླངས་པས་ན་སྨྲ་བ་ཉིད་དུ་འགྱུར་བ་གང་ཡིན་པ་དེ་ཁྱེད་ཅག་གིས་ཐལ་བར་འགྱུར་བའི་དོན་མི་ཤེས་
ནས་བརྗོད་པ་ཡིན་ནོ། །གང་ཡང་། རྩིག་པ་སོགས་ལས་འབྱུང་བའི་ཚིག །ཡིད་ཆེས་པ་ཡིས་བསྟན་མི་འགྱུར། །ཞེས་གང་སྨྲས་པ་དེ་ལ། རྩིག་པ་སོགས་ལས་འབྱུང་བའི་ཚིག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་དག་གིས་ཉེ་བར་བསྟན་པ་དེའི་དབང་གིས་འཇུག་པར་འགྱུར་བ་དེའི་
ཚེ་ཡིད་ཆེས་པས་ཉེ་བར་བསྟན་པ་ཉིད་དུ་མི་འགྱུར་ན། གང་གི་ཚེ་དེའི་དབང་གིས་དེ་དག་འཇུག་པ་ཡིན་ནོ་ཞེས་ཁས་ལེན་པར་བྱེད་པ་དེའི་ཚེ་ཅིའི་ཕྱིར་དེ་དག་ཉེ་བར་བསྟན་པ་ཉིད་དུ་མི་འགྱུར། གང་ཡང་། འདི་དག་སུ་ཡིས་བསྒྲགས་སྙམ་དུ་དེ་དག་ལ་ཡིད་ཆེས་མི་འགྱུར་ཞེས་སྨྲས་པ་དེ་ལ། ངག་
ཀྱལ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཟློས་གར་དང་། གླུ་དང་། འཚེ་བ་དང་། བགྲོད་པར་བྱ་བ་མ་ཡིན་པ་ལ་བགྲོད་པ་ལ་སོགས་པ་བྱ་བ་ཉིད་དུ་དེར་བསྟན་པར་གྱུར་ན་དེའི་ཚེ་རྩེད་མོ་ལ་སོགས་པ་ལ་མངོན་པར་དགའ་བ་དང་ཤ་ལ་སོགས་པའི་བྱ་བ་དམིགས་པའི་ཕྱིར་དེ་དག་གིས་དེ་
རྣམས་སྨྲས་པ། སྙིང་རྗེ་ལ་སོགས་པ་བྱས་པ་ཉིད་ཀྱི་སའི་ལམ་དུ་འཇུག་པར་འགྱུར་ན་དེ་ལྟ་ནི་མ་ཡིན་ཏེ། གང་གི་ཕྱིར་ཚད་མ་དང་མི་འགལ་ཞིང་ཕན་ཚུན་གནོད་པ་མེད་པ་དང་འཕགས་པའི་སྐྱེ་བོ་དང་མཐུན་པར་སྙིང་རྗེ་ལ་སོགས་པའི་ཡོན་ཏན་ལ་སྦྱོར་བར་བྱེད་པ་ཅན་མཐོ་རིས་དང་བྱང་ཆུབ་ཀྱི་འབྲས་
བུ་སྒྲུབ་པར་བྱེད་པ་འདི་བཅོམ་ལྡན་འདས་ཀྱིས་གསུང་བ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྒྲུབས་ཟིན་ཏོ། །དེའི་ཕྱིར་ཇི་ལྟར་འདི་འདྲ་བ་རྩེད་མོའི་ཚུལ་ཅན་དང་ཤ་ཟ་ལ་སོགས་པ་སྲིད་པར་འགྱུར། གལ་ཏེ་དེ་ལྟ་བུར་གྱུར་པའི་གསུང་མཛད་པ་པོ་རྣམས་ལ་ཁྱེད་ཅག་ཤ་ཟ་ཞེས་མི་བྱེད་ན་བྱ་ལ་རག་སྟེ་མིང་བྱས་
པ་ནི་དངོས་པོའི་རང་བཞིན་ཉམས་པར་མི་འགྱུར་གྱི། འོན་ཀྱང་ཁྱོད་ཀྱིས་ཁྱད་པར་ཅན་གྱི་བཅོམ་ལྡན་འདས་ལ་དམན་པའི་ཐ་སྙད་བྱེད་པ་ན་ཡང་དམ་པ་རྣམས་ཀྱིས་སྨོད་པར་འགྱུར་རོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ངག་ཀྱལ་ནི་གླུ་ལ་སོགས་པ་ཉེ་བར་སྟོན་པའོ། །

འཚེ་བ་ནི་སྲོག་ཆགས་གསོད་པའོ། །སྨད་པའི་དོན་ནི་འདོད་པ་ལོག་པར་སྤྱོད་པ་ལ་སོགས་པའོ། །ཚད་མ་གཉིས་ཀྱིས་མི་སླུ་བ། །ཞེས་བྱ་བ་ནི་ཚད་མ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མི་སླུ་བ་སྟེ་དེ་དང་མི་འགལ་བའི་དོན་དེ་ལ་ཡོད་པས་དེ་ལ་དེ་སྐད་
ཅེས་བྱའོ། །འདོད་པ་ཞེས་བྱ་བ་ནི་ངེས་པའོ། །དེ་ཡི་ཡུལ་ཅན་མ་ལུས་ལ། །ཞེས་བྱ་བ་ནི་ཚད་མ་གཉིས་ཀྱིས་ཡུལ་ལ་སྟེ་ཚད་མ་གཉིས་ཀྱིས་མི་སླུ་ཞེས་བྱ་བ་དང་འབྲེལ་ཏོ། །དམ་པའི་ཚུལ་ཁྲིམས་ཞེས་བྱ་བ་ནི་ཐོག་མ་དང་། བར་དང་། ཐ་མར་དགེ་བ་ཚངས་པར་སྤྱོད་པའོ། །བག་ལ་ཉལ་
ཚོགས་ཐམས་ཅད་ནི་མཐོང་བ་དང་བསྒོམ་པས་སྤང་བའི་ཉོན་མོངས་པའི་ཚོགས་རྣམས་སོ། །དེ་ཡང་མཚན་ཉིད་ཀུན་ཡོད་པའི་ཕྱིར་ཞེས་བྱ་བ་ནི། རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད་གནས་པའི་ཕྱིར་ཏེ། ཇི་སྐད་དུ། ཤེས་པར་བྱ་བ་ཤེས་པ་དང་། །བསྒོམ་པར་བྱ་བ་བསྒོམས་པ་དང་། །
སྤང་བར་བྱ་བ་སྤངས་པ་ཡིས། །དེས་ན་སངས་རྒྱས་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟ་བུའོ། །གང་གིས་བ་ལང་གསོད་པ་ལ་སོགས་པ་དང་། བགྲོད་པར་བྱ་བ་མ་ཡིན་པ་ལ་འགྲོ་བ་ལ་སོགས་པའི་སྤྱོད་པ་གསལ་བར་བྱེད་པའི་ཕྱིར་རིག་བྱེད་ཁོ་ན་རྩེད་མོའི་ངང་ཚུལ་ཅན་དང་ཤ་ཟ་ལ་སོགས་པས་
བྱས་པ་སྲིད་པ་ཉིད་དུ་རིགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་གི་ཚིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱང་ངོ་ཞེས་བྱ་བ་ནི་གཡོན་ཅན་ནོ། །གང་ཡང་། དག་དང་མ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་དངོས་པོ་འགའ་ཞིག་ཕན་ཚུན་དུ་གསལ་བ་དེ་ལྟ་ན་ཡང་
དེ་དག་རིགས་པ་དང་སྟེ་ཤེས་པ་དང་ལྷན་ཅིག་མི་འགལ་བ་ཁོ་ན་སྟེ། ཅིག་ཅར་ཤེས་པ་གཅིག་གིས་ཀྱང་འགལ་བའི་དོན་དུ་མི་འཛིན་པར་དམིགས་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར་ཕན་ཚུན་སྤངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་འགལ་བ་ནི་གཉིས་
ཏེ་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་དང་ལྷན་ཅིག་མི་གནས་པའོ། །དེ་ལ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་གང་དག་ཡིན་པ་དེ་དག་ནི་གཅིག་ཉིད་དུ་འགལ་ལ། གང་ཡང་། ལྷན་ཅིག་མི་གནས་པ་དེ་དག་ནི་ཡུལ་གཅིག་ཏུ་གནས་པར་འགལ་བ་ཡིན་ནོ། །འདི་དག་

གཅིག་ཉིད་དམ་ཡུལ་གཅིག་པ་ཉིད་དུ་འགལ་བར་འགྱུར་བ་ནི་མ་ཡིན་ནོ། །དེས་ན་འདི་དག་ཤེས་པ་གཅིག་ལ་སྣང་བ་ཉིད་འགལ་བ་མ་ཡིན་ནོ། །འགལ་བ་རྣམས་ཀྱི་ཤེས་པ་གཅིག་ལ་གནས་པར་མ་མཐོང་སྟེ། དཔེར་ན་མིག་གི་རྣམ་པར་ཤེས་པས་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་
གྱི་གཙང་བ་དང་མི་གཙང་བ་དག་དང་། ལྷན་ཅིག་མི་གནས་པའི་སྦྲུལ་དང་རྨ་བྱ་དག་ཅིག་ཅར་འཛིན་པ་ལྟ་བུའོ། །སོགས་པའི་སྒྲས་ནི་གྲིབ་མ་དང་ཉི་མ་ལ་སོགས་པ་གཟུང་ངོ་། །འོ་ན་གལ་ཏེ་འགལ་བ་རྣམས་ཀྱང་། ཤེས་པ་གཅིག་ལ་གནས་པར་མི་འགལ་བ་དེ་ལྟ་ན་ཡང་། བདེ་བ་དང་སྡུག་
བསྔལ་དག་ལ་ཆགས་པ་དང་སྡང་བ་དག་ཀྱང་ཤེས་པ་གཅིག་ལ་སྣང་བར་འགྱུར་རོ་ཞེས་དོགས་པ་ལ། བདེ་སྡུག་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཤེས་བྱ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་རྣམས་ཅིག་ཅར་མི་རིགས་པ་གང་ཡིན་པ་དེ་ནི། རྒྱུ་མེད་པས་མི་སྐྱེ་བའི་ཕྱིར་བདེ་བ་ལ་
སོགས་པ་རྣམས་མེད་པའི་ཕྱིར་ཡིན་གྱི། འགལ་བའི་ཕྱིར་ནི་མ་ཡིན་ནོ་ཞེས། དེ་ལྟར་ཤེས་པར་བྱ་སྟེ་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། རྒྱུ་མ་ཚང་བ་མེད་པ་ཉིད་རྒྱུ་ཡིན་གྱི་ཕན་ཚུན་འགལ་བ་ནི་མ་ཡིན་ནོ་ཞེས་དེ་ལྟར་བསྟན་པ་ཡིན་ནོ། །གང་དག་དོན་དམ་པར་འགལ་གྱི་དག་པ་དང་།
མ་དག་པ་ལ་སོགས་པ་བཞིན་དུ་བཏགས་པ་ཡིན་པ་དེ་དག་ཀྱང་ཤེས་པ་གཅིག་པ་ལ་སྣང་བ་ཡོད་དེ་ཞེས་སྟོན་པ་ནི། སྔོ་དང་སེར་དང་ཞེས་བྱ་བ་ལ་སོགས་པ་སྟེ་ཡུལ་དང་རང་བཞིན་བྱེ་བྲག་གིས་འགལ་ཞེས་འབྲེལ་ཏོ། །དེ་ལ་ཡུལ་གྱི་བྱེ་བྲག་ནི་དེ་དང་དེ་མ་ཡིན་པའི་ཡུལ་ཉིད་དོ། །རང་བཞིན་གྱི་བྱེ་
བྲག་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་རང་བཞིན་ནམ། ཡང་ན་སྔོན་པོ་དང་སེར་པོ་ལ་སོགས་པའི་ཉེ་བར་ལེན་པའི་རྒྱུ་ཉིད་དོ། །གང་ཡང་བྱུང་དང་འབྱུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ལ། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
འདི་རང་གི་བདེ་བ་ཁ་ཅིག་ཁོ་ན་རྣམ་པར་ཤེས་པ་སྨྲ་བའི་ལུགས་གསལ་བར་བྱེད་ཅེས་ནས་རྩོད་པར་བྱེད་དེ། གལ་ཏེ་ཤེས་པ་མཚན་ཉིད་གཅིག་གིས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ལ་ཁྱབ་པ་དེའི་ཚེ་དངོས་པོ་རྣམས་རིས་སུ་བཅད་པའི་ཕྱིར་མཐའ་མེད་པར་ཁས་བླངས་པ་ལ་གནོད་པར་

འགྱུར་ཏེ། འདི་ལྟར་ཤེས་པ་གཅིག་ལ་སྣང་བའི་དངོས་པོ་ལས་གཞན་པའི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་ཡོངས་སུ་གཅོད་པ་ན་ཇི་ལྟར་མཐའ་དང་ལྡན་པར་མི་འགྱུར། ཤེས་པ་གཅིག་ལ་སྣང་བ་ལས། །གཞན་པའི་དངོས་པོ་ཅུང་ཟད་མེད། །འདི་
ཞེས་སྙམ་དུ་རྣམས་ཤེས་པས། །ཇི་ལྟར་ཁྱོད་ལ་མཐའ་ལྡན་མིན། །ཞེས་ཀྱང་བཤད་དོ། །དེ་ལྟ་ཡིན་དང་རིམ་ཅན་གྱི་ཕྱོགས་ཀྱིས་ཉེས་པ་གང་ཡིན་པ་དེ་ནི་ཤེས་པ་ཅིག་ཅར་བའི་ཕྱོགས་ལ་ཡང་ཡིན་ནོ་ཞེ་ན། དེ་ནི་སྙིང་པོ་མེད་དེ་གལ་ཏེ་རེ་ཞིག་ཤེས་པ་རྣམ་པ་མེད་པར་སྨྲ་བའི་
ལུགས་ལ་བརྟེན་ནས་རྩོད་པར་བྱེད་ན་དེའི་ཚེ་ཐམས་ཅད་འབྲེལ་པ་མེད་པ་ཡིན་ཏེ། འདི་ལྟར་དངོས་པོའི་ལུས་ཅུང་ཟད་ཇི་སྙེད་ཡོད་པ་ཉམས་སུ་མྱོང་བ་དེ་ཐམས་ཅད་ནི་ཡོད་པ་ཙམ་གྱི་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་ཡོངས་སུ་གཅོད་པའི་ཕྱིར་དེ་ལ་ཁྱབ་པོ་ཞེས་བསྟན་པ་ཡིན་ནོ། །འོན་ཏེ་
གཞན་གྱི་བུམ་པ་ལ་སོགས་པ་ནི་ཡུལ་གྱི་མཐའ་ཉིད་དུ་ཁྱབ་པ་མ་ཡིན་ནམ་ཞེ་ན། གང་དག་གིས་དེ་དག་ཤེས་པ་གཅིག་གིས་ཡོངས་སུ་བཅད་པའི་དབང་གིས་མཐའ་མེད་པ་ཉིད་ཀྱིས་རང་བཞིན་ཉམས་པར་འགྱུར་བ་ཤེས་པ་གཅིག་གིས་ཡོངས་སུ་བཅད་པ་ཞེས་བྱ་བ་དེ་ཙམ་གྱིས་དངོས་པོ་
རྣམས་ཀྱི་བདག་ཉིད་ཀྱི་རང་བཞིན་ཉམས་པ་ནི་མ་ཡིན་ནོ། །དེའི་སྔོན་པོ་དང་སེར་པོ་ལ་སོགས་པ་མང་པོ་རྣམས་ཅིག་ཅར་རི་མོ་རྐྱང་པ་ལ་སོགས་པ་ལ་ཤེས་པ་གཅིག་གིས་ངེས་པ་ན་རང་བཞིན་དུ་མ་ཉིད་སྤོང་བར་བྱེད་པའམ་ཕན་ཚུན་རྗེས་སུ་འཇུག་པ་ཡང་ཡིན་གྱི། འོན་ཀྱང་དེ་དག་ཉིད་ཇི་ལྟར་ཡོད་
པ་དེ་ཁོ་ན་ལྟར་ཤེས་པ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཡང་ཇི་ལྟར་ཡོད་པ་ཉམས་སུ་མྱོང་བ་དེ་ཁོ་ན་ལྟར་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་འཛིན་པར་བྱེད་པ་ཡིན་ནོ། །འདི་ལྟར་དེ་འཛིན་པ་ཡིན་ཏེ། །ཕྱོགས་དང་ཕྱོགས་མཚམས་སུ་མཐའ་
མེད་པར་སེམས་ཅན་ལ་སོགས་པའི་འཇིག་རྟེན་གནས་པའི་ཕྱིར་དེ་མཐའ་མེད་པ་ཉིད་དུ་འཛིན་གྱི། མཐའ་དང་ལྡན་པ་ཉིད་དུ་ནི་མ་ཡིན་པས་གང་ལས་མཐའ་དང་ལྡན་པ་ཉིད་དུ་འགྱུར། འདི་སྙམ་དུ་མཐའ་དག་འཛིན་པར་ཁས་ལེན་པ་ནི་ཇི་ལྟར་མཐའ་འཛིན་པར་མི་འགྱུར་སྙམ་དུ་

སེམས་ན་དེ་ནི་ཡོད་པ་མ་ཡིན་ཏེ་གང་དུ་མཐའ་དག་འཛིན་པ་དེར་གདོན་མི་ཟ་བར་མཐའ་འཛིན་པ་ཡིན་ནོ་ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཞིག་ཡོད། འདི་ལྟར་དངོས་པོ་གང་དག་ཇི་སྙེད་ཅིག་ཡོད་པ་དེ་དག་གི་ནང་ནས་གཅིག་ཀྱང་ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱིས་མི་མཁྱེན་པའི་རང་བཞིན་ཡོད་པ་
ཉམས་སུ་མྱོང་བ་ནི་མ་ཡིན་ཏེ། འོན་ཀྱང་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་མཁྱེན་པའི་རང་བཞིན་ཉིད་ཁོ་ནར་སྐྱེ་ཞིང་འཇིག་པ་ཡིན་ཏེ། གཅིག་ཀྱང་ཡོངས་སུ་བཏང་བ་མ་ཡིན་ནོ་ཞེས་བྱ་བ་འདི་ནི། མཐའ་དག་འཛིན་པའི་དོན་ཡིན་ལ། །དེ་དག་ཤེས་པ་གཅིག་གིས་ཁྱབ་པ་ཡང་འདི་ཉིད་
ཡིན་ནོ། །དེ་ལྟར་མ་ཡིན་ན་མཐའ་དང་ལྡན་པ་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་དེ་དག་མཐའ་དག་གི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་ཡང་བརྗོད་པར་མི་བྱ་སྟེ་དེས་ན་འདི་ནི་གྱི་ནའོ། །གང་ཡང་། ཤེས་པ་གཅིག་ལ་སྣང་བའི་དངོས་པོ་ལས་གཞན་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་ཡོངས་སུ་གཅོད་པའི་
ཕྱིར་ཇི་ལྟར་མཐའ་དང་ལྡན་པར་མི་འགྱུར་ཞེས་སྨྲས་པ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར་ཤེས་པ་རྣམ་པ་མེད་པར་སྨྲ་བའི་ཕྱོགས་ལ་ཤེས་པའི་བདག་ཉིད་ལ་དངོས་པོ་སྣང་བ་ཡོད་པ་མ་ཡིན་ཏེ། འོན་ཏེ་ཡོད་པ་ཙམ་གྱིས་དེས་དེ་དག་རིག་པར་འགྱུར་བ་ཡིན་ནོ། །གང་གིས་ཤེས་པར་བྱ་བ་ཉིད་
ཀྱིས་དེ་དག་མཐའ་དང་ལྡན་པར་འགྱུར་བ་དངོས་པོ་རྣམས་ཡོངས་སུ་མ་བཅད་པའི་རང་བཞིན་ཉིད་ཀྱིས་མཐའ་ཡས་པ་ཉིད་དུ་ཁས་ལེན་པ་ནི་མ་ཡིན་ནོ། །འོན་ཀྱང་ཡུལ་ཁྱབ་པ་དང་ལྡན་ཞིང་མཐའ་ཡས་པ་ཉིད་ཀྱི་སྣོད་ཀྱི་འཇིག་རྟེན་མཐའ་ཡས་ཤིང་སེམས་ཅན་གྱི་འཇིག་རྟེན་གངས་མཐའ་ཡས་པ་
ཉིད་ཀྱིའོ། །གང་གིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་གྱུར་པ་ཡུལ་འཛིན་པ་ལ་སོགས་པ་མཐའ་མེད་པ་ཉིད་ཡིན་པ་ན་འགའ་ཡང་གཟུང་བར་བྱ་བ་ཉིད་དུ་འགལ་བ་ནི་མ་ཡིན་ནོ། །གལ་ཏེ་མཐའ་ཡས་པ་དང་ལྡན་པ་ཉིད་དུ་མི་འཛིན་ན་དེ་ཇི་ལྟར་ཐམས་ཅད་མཁྱེན་པར་འགྱུར་ཞེ་ན། དེ་ཉིད་ཀྱི་ཕྱིར་
དེ་གང་ཁོ་ནའི་ཕྱིར་འདི་མཐའ་དང་ལྡན་པ་ཉིད་དུ་མི་འཛིན་པ་དེ་ཁོ་ནའི་ཕྱིར་ཐམས་ཅད་མཁྱེན་པ་ཡིན་གྱི་དེ་ལྟ་མ་ཡིན་ན་མཐའ་མེད་པའི་དངོས་པོ་མཐའ་དང་ལྡན་པ་ཉིད་དུ་འཛིན་པ་ནི་འཁྲུལ་པར་འགྱུར་རོ། །འདི་ལྟར་གང་ཡོད་པ་དེ་ནི་ཡོད་པ་ཉིད་དུ་འཛིན་ལ། གང་མེད་པ་དེ་མེད་པ་ཉིད་དུ་འཛིན་པ་ནི་

ཐམས་ཅད་མཁྱེན་པ་ཞེས་བྱ་ལ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ལ་ཡང་མཐའ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐའ་དང་ལྡན་པས་བྱས་པའི་མེད་པ་ལ་མེད་པ་ཉིད་དུ་འཛིན་ལ་ཡོད་པ་ཡང་ཡོད་པ་ཉིད་དུ་གཟིགས་པ་ལས་ཇི་ལྟར་ཐམས་
ཅད་མཁྱེན་པ་མ་ཡིན་པ་ཞེས་བྱ་བ་འདི་སྙམ་དུ་རྣམ་པ་མེད་པའི་ཕྱོགས་ལ་ཡུལ་འཛིན་པ་མི་འཐད་དེ། དེ་ནི་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་དང་། དེ་ལས་སོ་སོ་ལ་རྣམ་པར་གཞག་པ་མི་འཐད་པའི་ཕྱིར་རོ། །དེ་ནི་རྣམ་པ་མེད་པའི་ཕྱོགས་དགོད་པར་མི་བྱ་བ་ཁོ་ན་ཡིན་ཏེ། དེ་ནི་རྣམ་པ་ཐམས་ཅད་
དུ་སུན་ཕྱུང་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ལས་སོ་སོར་རྣམ་པར་འཇོག་པར་འདོད་པ་མ་ཡིན་ཏེ། དེ་ནི་དངོས་པོ་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ནི་སྔོན་པོ་ཁོ་ན་རིག་པའམ་སེར་
པོ་ཁོ་ན་རིག་པ་ནི་མ་ཡིན་གྱི། འོན་ཀྱང་ཐམས་ཅད་རིག་པ་ཡིན་ནོ། །ཚུ་རོལ་མཐོང་བ་གང་གིས་ཤེས་པ་སོ་སོར་ངེས་པའི་དོན་གྱི་ཡུལ་ཅན་ཡིན་པ་དེ་ལ་ཤེས་པ་རྣམ་པ་མེད་པའི་ཕྱིར་རོ། །ལས་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་ལས་སོ་སོར་རྣམ་པར་འཇོག་པ་མི་འཐད་པའི་སྐྱོན་བརྗོད་
པ་ཡིན་ཏེ། འདི་ལྟར་སྔོན་པོ་རིག་པར་བྱེད་པ་ཡིན་གྱི་སེར་པོའི་ནི་མ་ཡིན་ནོ་ཞེས་ངེས་པ་མེད་པའི་ཕྱིར། སོ་སོའི་སྐྱེ་བོ་ཐམས་ཅད་ཐམས་ཅད་མཁྱེན་པར་ཐལ་བར་འགྱུར་བར་བྱེད་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ལ་ནི་དེ་འདོད་པ་ཉིད་ཀྱི་ཕྱིར་དེ་མི་འདོད་པའི་ཐོག་ཏུ་གཏོང་བ་ཅི་ཞིག་ཡོད།
དེས་ན་ཐམས་ཅན་མཁྱེན་པའི་གནས་སྐབས་ན་རྣལ་འབྱོར་གྱི་སྟོབས་ཀྱིས་རྣམ་པ་མེད་པར་སྐྱེ་བ་འགལ་བ་མེད་པ་ཁོ་ནའོ། །གལ་ཏེ་བླང་བར་བྱ་བ་དང་དོར་བར་བྱ་བའི་དངོས་པོ་རྣམ་པར་ཕྱེ་ནས་ཡོངས་སུ་ཤེས་པར་མི་འགྱུར་རོ་ཞེ་ན་མ་ཡིན་ནོ། །ཅིག་ཅར་མཐའ་མེད་པའི་དངོས་པོ་སྣང་བ་ན་བླང་བ་དང་དོར་
བའི་དངོས་པོ་སྣང་བ་འགལ་བར་འགྱུར་རམ། མི་འགལ་ན་ཡང་གཞན་དང་ལྷན་ཅིག་སྣང་བའི་བླང་བ་དང་དོར་བྱའི་དངོས་པོ་དེའི་དེ་ཁོ་ན་ཉིད་ཉམས་པར་འགྱུར་བ་ཡིན་ནམ། དེ་ཁོ་ན་ཉིད་མི་ཉམས་ན་ཡང་རྣམ་པར་ཕྱེ་སྟེ་སྣང་བར་མི་འགྱུར་བའམ། རྣམ་པར་ཕྱེ་ནས་སྣང་བ་ན་ཡང་གལ་ཏེ་ཡོངས་སུ་གཅོད་པར་བྱེད་པ་རྗེས་ལ་ཐོབ་པ་

དག་པ་འཇིག་རྟེན་པའི་ཤེས་པ་རྣམ་པར་རྟོག་པའི་ཤེས་པ་སྐྱེ་བར་འགྱུར་ན་དེའི་ཚེ་དེ་ཐམས་ཅད་རྗོད་པར་འགྱུར་ན། གང་གི་ཕྱིར་འགྲོ་བ་སྣ་ཚོགས་པ་སྣང་བ་ན་བླང་བ་དང་དོར་བའི་དངོས་པོ་དེ་ཡང་སྣང་བར་མི་འགལ་ཞིང་། བདག་ཉིད་ཀྱི་དེ་ཁོ་ན་ཉིད་མི་ཉམས་ལ་རྣམ་པར་ཕྱེ་ནས་སྣང་ལ་ཕྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་
ཀྱིས་བྱུང་བའི་དག་པ་འཇིག་རྟེན་པའི་རྟོག་པ་དང་བཅས་པའི་ཤེས་པ་ཡོངས་སུ་གཅོད་པར་བྱེད་པའི་ཕྱིར་ཇི་ལྟར་དེ་ཡང་རྣམ་པར་ཕྱེ་ནས་མི་ཤེས་པ་ཞེས་བྱ། དེའི་ཕྱིར་ཇི་ལྟར་ཤེས་པ་རྣམ་པ་མེད་པའི་ཕྱོགས་ལ་རེ་ཞིག་ཀླན་ཀ་འདི་མེད་དོ་ཞེས་བསྟན་ཟིན་ཏོ། །ཅི་སྟེ་ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ལ་རྩོད་པར་བྱེད་ན་
དེ་ལ་ཡང་འགལ་བ་མེད་པ་ཉིད་དེ། འདི་ལྟར་ཇི་ལྟར་མཐའ་མེད་པའི་དངོས་པོ་མཐའ་མེད་པའི་རྣམ་པ་དང་ལྡན་པའི་བདག་ཉིད་དུ་ཡོད་པ་ཉམས་སུ་མྱོང་བ་དེ་ཁོ་ན་ལྟར་ཐམས་ཅད་མཁྱེན་པའི་ཐུགས་དེ་དཔག་ཏུ་མེད་པའི་དངོས་པོ་ལ་ཡོད་པའི་རྣམ་པ་འཛིན་པ་ཉིད་སྐྱེ་བ་འགལ་བ་མེད་པ་ཉིད་དེ། ཤེས་པ་གཅིག་ལ་
དངོས་པོ་དུ་མའི་རྣམ་པ་འཛིན་པར་སྐྱེ་བར་མི་འགལ་བའི་ཕྱིར་རོ། །གལ་ཏེ་ཡོད་པའི་རྣམ་པ་འཛིན་པ་གཅིག་ལ་རྣམ་པ་དུ་མ་ཉིད་འགལ་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ་རྣམ་པ་རྣམས་ནི་མི་བདེན་པའི་ཕྱིར་རོ། །འོ་ན་གལ་ཏེ་གཅིག་ལ་རྣམ་པ་དོན་དམ་པ་པ་རྣམས་ཡོད་པར་གྱུར་ན་དེའི་ཚེ་གཅིག་ལ་སྣ་ཚོགས་པ་ཉིད་འགལ་བར་འགྱུར་
ན། གང་གི་ཕྱིར་རྣམ་པ་རྣམས་ནི་ཡང་དག་པ་མ་ཡིན་པར་འགྱུར་བ་ཁོ་ན་ཡིན་པར་འདོད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་འཁྲུལ་པའི་ཤེས་པ་དང་ལྡན་པའི་ཕྱིར་ཐམས་ཅད་མཁྱེན་པ་འཁྲུལ་པ་ཉིད་དུ་འགྱུར་ཞེ་ན་མ་ཡིན་ཏེ་ཡང་དག་པ་ཇི་ལྟར་གནས་པས་ཡོངས་སུ་ཤེས་པས་ན་སྐྱོན་མེད་དོ། །གང་གི་ཕྱིར་གལ་ཏེ་མི་
བདེན་པ་བདེན་པ་ཉིད་དུ་འཛིན་པར་བྱེད་ན་དེ་ནི་བདེན་པ་ཉིད་དུ་འགྱུར་ན། གང་གི་ཚེ་མི་བདེན་པའི་ངོ་བོའི་རྣམ་པ་རྣམས་མི་བདེན་པ་ཉིད་དུ་མཁྱེན་པ་དེའི་ཚེ་ཇི་ལྟར་འཁྲུལ་པར་འགྱུར། དོན་ལས་ཐ་དད་པའི་ཤེས་པ་ལ་སྣང་བའི་རྣམ་པར་འཛིན་པ་ན་དོན་ལ་མཐོང་བ་ལ་སོགས་པའི་ཐ་སྙད་བྱེད་པས་ན་ཇི་ལྟར་འཁྲུལ་པར་མི་
འགྱུར་ཞེ་ན་མ་ཡིན་ཏེ། ཡང་དག་པའི་ཐབས་མཁྱེན་པའི་ཕྱིར་རོ། །གལ་ཏེ་འཛིན་པར་བྱེད་པའི་ཐབས་སུ་རིགས་པ་སྤངས་ནས་གཙོ་བོ་མ་ཡིན་པས་དོན་འཛིན་པར་བྱེད་པ་དེའི་ཚེ་འཁྲུལ་པར་འགྱུར་རོ། །གང་གི་ཕྱིར་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བའི་ཕྱོགས་ལ་ཤེས་པའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་

བ་ལས་མ་གཏོགས་པ་གཞན་དོན་འཛིན་པའི་བྱ་བ་ཡོད་པ་མ་ཡིན་ན། དེ་ཇི་ལྟར་འཛིན་པའི་ཐབས་སུ་རིགས་པའི་བྱ་བས་དོན་འཛིན་པ་འཁྲུལ་པར་འགྱུར། དེ་བས་ན་ཤེས་བྱ་བཞིན་དུ་ཤེས་པ་གཅིག་ཀྱང་མཐའ་མེད་པའི་དངོས་པོ་ལ་ཡོད་པའི་རྣམ་པ་འཛིན་པ་སྐྱེ་བའི་ཕྱིར་དེས་མཐའ་མེད་པའི་དངོས་
པོ་ལ་ཁྱད་པར་བརྗོད་པ་ཡིན་ནོ། །བདག་ཉིད་གང་གིས་ཤེས་པའི་བདག་ཉིད་ལ་དངོས་པོ་རྣམས་གསལ་བ་དེ་ཉིད་ཀྱིས་དེའི་རྗེས་ལ་ཐོབ་པའི་དཔྱོད་པའི་སེམས་ཀྱིས་ཡོངས་སུ་དཔྱོད་པ་ཡིན་གྱི་ཐམས་ཅད་མཁྱེན་པའི་སེམས་ལ་དངོས་པོ་རྣམས་གཞན་དུ་ཡོད་པའི་བྱེ་བྲག་དང་ལྡན་པ་གསལ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན།
གང་ཇི་སྙེད་ཅིག་ཡོད་པ་ཉིད་དུ་ཉམས་སུ་མྱོང་བ་དེ་ཐམས་ཅད་སྣང་བ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པ་ལ་དམིགས་པའི་རྐྱེན་གྱི་ངོ་བོས་ནུས་པ་ཐོགས་པ་མེད་པ་ཡིན་པའི་ཕྱིར་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དོན་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་
ཀྱིས་གཞན་དུ་ཡོད་པའི་དངོས་པོའི་རྣམ་པ་འཛིན་པ་སྐྱེ་བ་མ་ཡིན་པའི་ཕྱིར། རྗེས་ལ་ཐོབ་པ་དག་འཇིག་རྟེན་པའི་ཡེ་ཤེས་རྣམ་པར་རྟོག་པ་ཡུལ་གྱི་མཐའ་དང་ལྡན་པར་འཛིན་པ་ཉིད་ཀྱིས་ཡོངས་སུ་མ་བཅད་པའི་ཕྱིར། ཇི་ལྟར་འདི་ཙམ་ཞིག་གོ་སྙམ་དུ་ཡོངས་སུ་གཅོད་པར་འགྱུར། གལ་ཏེ་སྣང་བཞིན་པ་ལས་གཞན་མེད་དོ་སྙམ་པ་
དེ་ལྟ་བུའི་རྟོག་པ་སྐྱེ་བ་དེ་ལྟ་ན་ཡང་མཐའ་དང་ལྡན་པ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ཏེ། འདི་ལྟར་གལ་ཏེ་སྣང་བཞིན་པ་ནི་ཐམས་ཅད་མཁྱེན་པའི་ཐུགས་རྟོག་པ་མེད་པ་ལ་མཐའ་དང་ལྡན་པ་ཉིད་ཀྱིས་སྣང་བ་ཡིན་ན་དེའི་ཚེ་རྗེས་ལ་ཐོབ་པའི་དཔྱོད་པའི་ཤེས་པས་དངོས་པོ་རྣམས་མཐའ་དང་ལྡན་པ་ཉིད་དུ་འགྱུར་ལ། དེ་ཡོངས་སུ་
གཅོད་ན་ཡང་མཐའ་མེད་པ་ཉིད་ཉམས་པར་འགྱུར་རོ། །གང་གི་ཕྱིར་ཐམས་ཅད་མཁྱེན་པའི་ཐུགས་ལ་སྣང་བཞིན་པའི་དངོས་པོ་ནི་མཐའ་མེད་པ་ཉིད་དུ་སྣང་བ་ཡིན་ཏེ། ཐམས་ཅད་ནུས་པ་ཐོགས་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུ་སྣང་བ་ནི་མཐའ་དང་ལྡན་པ་ཉིད་ཡིན་ནོ། །དེ་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་རྣམ་པར་
གཅོད་པར་བྱེད་པའི་ཕྱིར་ཁྱེད་ཅག་གིས་དངོས་པོ་རྣམས་ཀྱི་མཐའ་མེད་པ་ཉིད་གསལ་རབ་ཉིད་དུ་བསྒྲུབས་པ་ཡིན་པའི་ཕྱིར་འདི་ནི་གྱི་ནའོ། །གང་ཡང་རྣལ་འབྱོར་པའི་ཤེས་པ་ཐམས་ཅད་དམིགས་པ་མེད་པ་ཡིན་ཏེ། རྨི་ལམ་བདེན་པ་མཐོང་བ་བཞིན་དུ་དངོས་པོ་ལ་མི་སླུ་བ་ཉིད་ཀྱིས་ཚད་མ་ཡིན་ནོ་ཞེས་ཁས་ལེན་པ་དེ་དག་ལས་

མཐའ་དང་ལྡན་པ་ཉིད་ཀྱི་ཀླན་ཀའི་གོ་སྐབས་ཐག་བསྲིངས་པའི་ཕྱིར་ཏེ་མང་དུ་སྨྲས་པས་ཆོག་གོ། །གང་དག་ཐམས་ཅད་མཁྱེན་པ་ལ་འདོད་པ་ཡོད་པར་བརྗོད་པ་དེའི་གཞུང་ཡང་ཐམས་ཅད་མཁྱེན་པ་ཞེས་བསྟན་པའི་ཕྱིར། གང་དང་གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཞེས་བྱ་བ་ལ་སོགས་པས་ཤེས་པ་རིམ་ཅན་གྱི་ཕྱོགས་ལ་ཡང་
འགལ་བ་མེད་པར་འཆད་དེ་ཤེས་པ་ཞེས་བྱ་བ་སྨོས་སོ། །ཤེས་པ་བཅུ་དྲུག་གིས་ཞེས་བྱ་བ་ནི་བཟོད་པ་དང་ཤེས་པ་དག་གིས་ཏེ། བཟོད་པ་ནི་བརྒྱད་དེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ། །ཤེས་པ་ཡང་བརྒྱད་དེ་སྡུག་བསྔལ་ལ་ཆོས་ཤེས་ལ་སོགས་པ་སྟེ། དེ་ལྟར་བདེན་པ་མངོན་རྟོགས་འདི། །སེམས་བཅུ་དྲུག་གོ་ཞེས་
བཤད་པའི་ཕྱིར་རོ། །ཐང་ཅིག་ཙམ་ནི་ཞེས་བྱ་བ་ལ། དུས་ཀྱི་མཐའ་ནི་སྐད་ཅིག་མ་ཡིན་ཏེ། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་ཅིག་གོ། །ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །གྲོགས་པོ་ཞེས་བྱ་བ་ནི་བོད་པའོ། །ལོ་ཞེས་བྱ་བ་ནི་ལོ་སྐོར་གྱི་རྣམ་གྲངས་ཡིན་ནོ། །གང་ཞིག་རྣམ་པར་མ་ཕྱེ་བའི། །ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །འོན་ཏེ་རྣལ་འབྱོར་པ་རྣམས་ཀྱི་ཟག་པ་མེད་པའི་ཤེས་པ་ནི་བསྟན་བཅོས་སུ་སྤྱིའི་ཕྱིར་ཡུལ་ཅན་དུ་བརྗོད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་དུ་མ་ཡིན་པ་མ་ཡིན་ནམ། དེ་ཇི་ལྟར་སྤྱིའི་ཡུལ་ཅན་གྱི་རྣལ་འབྱོར་པའི་ཤེས་པས་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ཉིད་རྟོགས་པ་ཡིན་ཞེ་ན། དེའི་ཕྱིར་བདག་བཅས་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། རང་གི་མཚན་ཉིད་དེ་ཉིད་རིགས་མི་མཐུན་པ་ལས་བཟློག་པའི་ཐ་མི་དད་པའི་རྣམ་པའི་ཤེས་པའི་རྒྱུ་ཉིད་ཀྱིས་བསྟན་བཅོས་སུ་སྤྱིའི་མཚན་ཉིད་ཅེས་བརྗོད་དོ། །དེ་བས་ན་དེ་འཛིན་པར་བྱེད་པའི་རྣལ་འབྱོར་པའི་ཤེས་པ་བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་སྐྱེ་བ་ན་རང་གི་མཚན་ཉིད་ཀྱི་སྤྱོད་ཡུལ་ཅན་ཡིན་
པའི་ཕྱིར་སྤྱིའི་སྤྱོད་ཡུལ་ཅན་ཡིན་པ་དེ་ཇི་ལྟར་རང་གི་མཚན་ཉིད་འཛིན་པར་འགྱུར་ཞེས་བྱ་བ་འདི་མི་འགལ་བ་ཁོ་ནའོ། །གང་ཡང་། རྣམ་པ་གཅིག་ཅན་རྣམ་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཐམས་ཅད་རྣལ་འབྱོར་པའི་ཤེས་པ་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཉིད་ཀྱིས་གསལ་བ་ཡིན་ནོ། །ཅི་
སྟེ་དེ་ཉིད་དང་གཞན་ཉིད་ལ་སོགས་པ་རྣམ་པས་བསྟན་པ་བྱ་བ་མ་ཡིན་པའི་ཀུན་རྫོབ་ཉིད་ཀྱི་སྤྱི་གང་ཡིན་པ་དེ་ཁོ་བོ་ཅག་གིས་བརྗོད་པ་དང་། གང་ཡང་གཞན་མུ་སྟེགས་བྱེད་རྣམས་ཀྱིས་སྤྱིར་དོན་དམ་པ་ཉིད་དུ་རྟོགས་པ་དེ་འཛིན་པ་ཉིད་ཀྱིས་རྣལ་འབྱོར་པའི་ཤེས་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་བསྒྲུབས་པ་དེ་ཡང་མ་

གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་གཞན་གྱིས་ཀུན་བརྟགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་རྟག་པ་ལ་སོགས་པའི་སྒྲས་བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་གཟུང་བར་བྱའོ། །ཅིའི་ཕྱིར་དེས་དེ་འཛིན་པ་མ་ཡིན་ཞེ་ན། རྣལ་འབྱོར་པ་ཡི་དབང་ཕྱུག་ཐུགས། །ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པའི་ཤེས་པ་ནི་རྟོག་པ་དང་བྲལ་ཞིང་མི་འཁྲུལ་པ་ཉིད་ཀྱིས་མངོན་སུམ་གྱི་ཚད་མ་ཉིད་དུ་འདོད་དེ། གལ་ཏེ་ཇི་སྐད་བཤད་པའི་སྤྱིའི་ཡུལ་ཅན་དུ་འགྱུར་ན་དེའི་ཚེ་ཀུན་རྫོབ་པའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་རྟོགས་པས་ནོན་པ་ཉིད་དུ་འགྱུར་ལ། གཞན་གྱིས་ཀུན་ཏུ་བརྟགས་པའི་བརྫུན་པའི་ཡུལ་
ཅན་ཉིད་ཡིན་པའི་ཕྱིར་འཁྲུལ་པས་ནོན་པར་ཡང་འགྱུར་རོ། །ཡང་ན་གཉི་གའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་རེ་རེ་ལ་ཡང་སྐྱོན་གཉི་གར་འགྱུར་རོ། །དེ་ལྟར་སྒྲོ་བཏགས་པ་དང་བརྫུན་པའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་འཁྲུལ་བ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །འདི་ལས་ཀྱང་དེ་འཛིན་པ་ན་རྟོག་པ་དང་འཁྲུལ་པས་
ནོན་པར་ཐལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། རྣམ་པར་རྟོག་པའི་བདག་ཉིད་སྤྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མ་ཐག་ཏུ་བརྗོད་པའི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དང་། གཞན་ལ་སོགས་པ་བསྟན་པར་བྱ་བ་མ་ཡིན་པའི་སྤྱི་གང་ཡིན་པ་དེ་རྣམ་པར་རྟོག་པའི་བདག་ཉིད་ཡིན་ནོ། །གང་གིས་ནི་གཞན་གྱི་ཕྱིར་རོ། །བཤད་
ཅེས་བྱ་བ་ནི་གཞན་སེལ་བ་བརྟག་པ་བསྟན་པར་བྱས་པ་ཡིན་ནོ། །དེའི་ཕྱིར། དེ་འཛིན་ན་ནི་རྣམ་རྟོག་དང་། །འཁྲུལ་པས་གནོད་པ་ཉིད་དུ་འགྱུར། །ཞེས་སྐབས་སུ་བབ་པ་དང་སྦྱར་བར་བྱའོ། །འདི་ལྟར་སྤྱི་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་པ་ཉིད་ཀྱིས་དེ་འཛིན་པ་ན་རྣམ་འབྱོར་པའི་ཤེས་པ་རྣམ་པར་རྟོག་པའི་བདག་ཉིད་དུ་འགྱུར་
ཏེ། དེ་ནི་དེའི་བདག་ཏུ་འཛིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཡང་རང་བཞིན་གྱི་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པའི་ཕྱིར་ཕྱིན་ཅི་ལོག་ཉིད་ཡིན་པའི་ཕྱིར་འཁྲུལ་པས་ནོན་པ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །གང་ཡང་གཞན་གྱིས་ཀུན་དུ་བརྟགས་པའི་ཕྱིར་རྟག་ཏུ་རྗེས་སུ་འགྲོ་བའི་རང་བཞིན་དེ་ཡང་སྤྱི་བརྟག་པར་དངོས་
པོ་མེད་པའི་རང་བཞིན་ཉིད་དུ་བསྟན་ཟིན་པའི་ཕྱིར་དེ་འཛིན་པ་ན་གསལ་རབ་ཉིད་དུ་རྣམ་པར་རྟོག་པ་དང་འཁྲུལ་བ་ཉིད་དུ་ཐལ་བར་འགྱུར་རོ། །གང་ཡང་རྒྱུ་བཅས་འབྲས་བཅས་ལས། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཏིང་ངེ་འཛིན་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་རིམ་མམ་ཅིག་ཅར་གྱིས། །ཞེས་

བྱ་བ་ལ་སོགས་པ་ལ། རིམ་གྱིས་སམ་ཅིག་ཅར་གྱིས་ཞེས་པ་ལ་སོགས་པ་སྨོས་ཏེ་གོ་བར་ཟད་དོ། །ཐུན་མོང་མ་ཡིན་ཐབས་རྙེད་པ། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་ལ་བདག་མེད་ལེགས་གོམས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་བཅོས་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བསྡུས་པ་མ་ལུས་པ་འདིས་སོ། །
འཁོར་བར་མི་འོས་ཤེས་པ་ཅན། །ཞེས་བྱ་བ་ནི་འཁོར་བ་དག་ཏུ་མི་འོས་པ་ལྷན་ཅིག་ཏུ་མ་སྐྱེས་པ་ནི་འཁོར་བར་མི་འོས་པའོ། །དེ་འདྲ་བའི་ཤེས་པ་དེ་བསྟན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྱབ་འཇུག་དབང་ཕྱུག་སོགས་ཡུལ་མིན། །ཞེས་བྱ་བ་ནི་འདི་ནི་རང་གི་རྟག་པ་ཉིད་ཀྱིས་བསྟན་པ་དང་གཞི་མཐུན་པ་ཡིན་ནོ། །ཉོན་མོངས་དགྲ་
བོ་མ་ལུས་པའི། །སྡེ་ཚན་འཇིག་པར་བྱེད་པ་ཅན། །ཞེས་བྱ་བ་ནི་ཉོན་མོངས་པ་ཉིད་དགྲ་ཉིད་ལ་དེ་དག་གི་སྡེ་ཚན་ནི་ཚོགས་སོ། །དེ་འཇིག་པར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །མངོན་མཐོ་སྣ་ཚོགས་རྫོགས་པ་དང་། །མྱ་ངན་འདས་པ་ཐོབ་པའི་རྒྱུ། །ཞེས་བྱ་བ་ལ། རྒྱུའི་སྒྲ་རེ་རེ་དང་སྦྱར་བར་བྱ་སྟེ། མངོན་པར་མཐོ་བ་སྣ་
ཚོགས་པ་རྫོགས་པའི་རྒྱུ་ཡིན་ཞིང་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གང་ཚེ་ཐམས་ཅད་མཁྱེན། །ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་ཅེས་བྱ་བ་ནི་བདེ་བར་གཤེགས་པ་ཉིད་ཡིན་གྱི་སེར་སྐྱ་ལ་སོགས་པ་ནི་མ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ་སྙམ་དུ་
བསམས་པ་ཡིན་ནོ། །གང་ཡང་ཤེས་པ་རྣམ་པ་མེད་པའི་ཕྱོགས་ལ་སྐྱོན་སྨྲས་པ་གང་ཡིན་པ་དེ་ལ་ཡང་ཁོ་བོ་ཅག་གིས་དང་པོ་ཉིད་བརྗོད་ཟིན་ཏོ། །འོན་ཏེ། རྣམ་པ་དང་བཅས་རྣམ་པ་མེད། །གཞན་གྱི་རྣམ་པ་ཉིད་ལ་ཡང་། །རྣམ་པར་ཤེས་པས་ཕྱི་རོལ་དོན། །ནམ་ཡང་ཤེས་པ་མ་ཡིན་ནོ། །ཞེས་བརྗོད་པ་མ་ཡིན་ནམ། དེ་ཇི་ལྟར་ཕྱོགས་གཉི་ག་
ལ་བརྟེན་ནས་ཀྱང་ཉེས་པ་མེད་པར་བརྗོད་ཅེས་དོགས་པ་ལ། རྣམ་པ་མེད་སོགས་བསམ་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་རྣམ་པར་ཤེས་པར་སྨྲ་བ་ལ་གནས་པ་རྣམས་ཀྱིས་སྔར་རྣམ་པ་མེད་པ་ལ་སོགས་པ་བསམ་པ་བྱས་པ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་ལ་ཕྱི་རོལ་གྱི་དོན་ཁས་བླངས་ནས་
ཐམས་ཅད་མཁྱེན་པ་སྒྲུབ་པ་ནི་ཁྱེད་ཅག་ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ལ་ཇི་ལྟར་ཉེ་བར་མཁོ་ཞེ་ན། ཇི་ལྟར་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདོན་མི་ཟ་བར་ཁྱེད་ཅག་གིས་ཕྱི་རོལ་གྱི་དོན་རྣམ་པ་དང་བཅས་པའམ་རྣམ་པ་མེད་པར་ཤེས་པ་འཛིན་པ་བརྗོད་པར་བྱ་བ་ཡིན་ཏེ་དེ་ལྟ་མ་ཡིན་ན་ཕྱི་རོལ་གྱི་དོན་རྒྱུན་ཆད་པར་

འགྱུར་རོ། །དེ་ལྟ་ཡིན་དང་ཅི་ནས་རྣམ་པ་གང་གིས་ཁྱེད་ཅག་དོན་འགའ་ཞིག་ལ་ཤེས་པ་འཇུག་པའི་རྣམ་པ་དེ་ཉིད་ཀྱིས་གཞན་མཆོག་སྟེ་ཁྱད་པར་དུ་འཕགས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འཇུག་པར་འདོད་པར་བྱ་བ་ཡིན་པས་ཀླན་ཀ་འདི་མེད་དོ། །དཔེ་མེད་རང་གི་དཔལ་བདེན་བདེན་པར་ངེས་བྱས་ལས། །
དགེ་བ་ཤིན་ཏུ་དྲི་མེད་བདག་གིས་གང་ཐོབ་དེས། །འཇིག་རྟེན་ཐམས་ཅད་སྐྱེ་བོ་ཀུན་གྱི་ཡིད་ཚིམ་མཛད་པ་ཡི། །མདངས་གསལ་བ་ཅན་བདེ་གཤེགས་པད་མའི་ངང་ཚུལ་འགྱུར་བར་ཤོག །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་
པོ་དེ་བེན་དྲ་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར།། །།བརྩེ་ལྡན་བདེ་བར་གཤེགས་པའི་བཀའ། །ཀུན་ལ་རབ་འབྱམས་རྟོག་གེའི་གཙོ། །ཆོས་ཀྱི་གྲགས་པ་གཉིས་པ་དེས། །གསལ་བའི་ཚིག་གིས་བཀོད་གཞུང་འདི། །བདག་གཞན་གཞུང་ལུགས་རྒྱ་མཚོ་ཡི། །མཐར་སོན་མཁས་
པ་ལྷ་དབང་བློ། །བསྙེན་ལས་གྲུབ་མཐའ་མཐའ་དག་ལ། །བློ་ཡི་སྣང་བ་ཐོབ་ནས་བསྒྱུར། །སྔོན་གྱི་སྒྱུར་བྱེད་མཁས་རྣམས་ཀྱིས། །ཇི་ལྟའི་བགྲོད་ལམ་ཆེ་རྣམས་ཀྱིས། །འབད་པས་མཐོང་བར་མ་གྱུར་གང་། །ཅི་ཞིག་ལྟར་ཏེ་བདག་གིས་ཏེ། །བདག་ནི་བརྩོན་དང་མི་ལྡན་ཞིང་། །ཤེས་རབ་ལྷག་པ་མེད་མོད་ཀྱང་། །འདི་ལྟར་དོན་དང་
རྗེས་མཐུན་ཞིང་། །ཚིག་གི་སྡེབ་སྦྱོར་རབ་གསལ་བ། །རྫོགས་སངས་རྒྱས་ཀྱིས་བྱིན་རླབས་སམ། །སྐྱེ་བ་གཞན་དུ་གོམས་པར་ངེས། །འོན་ཀྱང་བརྩོན་འགྲུས་རྩོམ་རྣམས་ཀྱིས། །ཉེས་པ་དོར་ལ་ལེགས་པ་ལོང་། །དཔལ་ལྡན་རིགས་གསུམ་མགོན་པོའི་རྒྱུད། །སྟོད་རིས་མུན་པའི་སྣང་གྱུར་པ། །རྗེ་རྒྱལ་བྱང་ཆུབ་སེམས་དཔའི་
དཔོན། །བརྟན་ཞིང་མི་འགྱུར་གཟི་བརྗིད་ལྡན། །དགོངས་ཟབ་དམ་པའི་ལམ་ལ་དགྱེས། །མཐའ་བཞིའི་རྒྱལ་ཕྲན་ཟིལ་གནོན་པ། །མངའ་བདག་དབང་ཕྱུག་དམ་པའི་རྗེ། །བསོད་ནམས་རྩེ་ཡི་བཀས་བསྐུལ་ནས། །གཞུང་ལུགས་ངན་པ་ཀུན་འཇོམས་ཤིང་། །བདེ་གཤེགས་བསྟན་པ་གསལ་བྱེད་པ། །དཔལ་ལྡན་པད་མའི་ངང་
ཚུལ་གྱི། །དོན་ཆེན་ལྡན་པའི་བསྟན་བཅོས་འདི། །བསྒྱུར་བའི་དགེ་བས་བདག་གཞན་ཀུན། །ལྟ་ངན་ཐམས་ཅད་རབ་བཅོམ་ནས། །བཀུར་བར་དཀའ་བའི་སངས་རྒྱས་ཀྱི། །བསྟན་པ་ཡུན་རིང་འཛིན་པར་ཤོག །འདི་ལ་ཚིགས་སུ་བཅད་པ་ཁྲི་བརྒྱད་སྟོང་ཡོད། །བམ་པོ་དྲུག་ཅུར་བྱས་སོ།། །།