Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 192

Văn bản gốc(Tây Tạng)

Trang 1 / 22 (50.000 ký tự/trang)
༄༅༅། །དེ་ལ་ཚད་མའི་རང་གི་ངོ་བོ་དང་འབྲས་བུ་དང་སྤྱོད་ཡུལ་དང་རྣམ་གྲངས་ལ་གཞན་དག་གིས་ལོག་པར་རྟོག་པ་རྣམ་པ་བཞི་ཡོད་དེ། དེ་དག་བསལ་བའི་སྒོ་ནས་ཚད་མའི་མཚན་ཉིད་
གསལ་བར་བསྟན་པའི་དོན་དུ། གསལ་བའི་མཚན་ཉིད་དང་ལྡན་པའི་ཚད་མ་གཉིས་ཀྱིས་གཏན་ལ་ཕབ་ཅེས་བྱ་བ་དེ་བསྒྲུབ་པར་བྱ་བའི་ཕྱིར། མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་
གྱིས་ཞེས་བྱ་བ་ནི་བྱེ་བྲག་པ་ལ་སོགས་པ་རྣམས་ཀྱིས་སོ། །ཁྱབ་པར་གྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཡོན་ཏན་དང་རྫས་དང་བྱ་བ་དང་རིགས་དང་འདུ་བ་ལ་སོགས་པའི་ཁྱབ་པར་གྲུབ་པར་བྱ་བའི་ཕྱིར་རོ། །
འདི་ལྟ་བུ་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །དེ་ལ་མངོན་སུམ་གྱིས་རང་གི་ངོ་བོ་ལོག་པར་རྟོགས་པ་ནི་རྟོག་པ་དང་བཅས་པའམ་མིག་ལ་སོགས་པ་ཤེས་པ་མེད་པའི་རང་བཞིན་གྱི་མངོན་སུམ་ནི་ཚད་
མའོ་ཞེས་བྱ་བ་སྟེ། དེ་གསལ་བའི་སྒོ་ནས་དེའི་མཚན་ཉིད་བཤད་པ། མངོན་སུམ་རྟོག་བྲལ་མ་འཁྲུལ་པ། །ཞེས་བྱ་བ་སྟེ། དེ་ལ་ཤེས་པའི་རྟོག་པ་དང་བྲལ་བའམ་མ་འཁྲུལ་པ་ཉིད་རྗེས་སུ་བརྗོད་ནས། མངོན་

སུམ་ཉིད་དུ་གྲུབ་པར་བྱེད་དེ། ཐམས་ཅད་དུ་མཚོན་པར་བྱ་བ་ནི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། དཔེར་ན་གང་གཡོ་བ་དེ་ནི་མྱ་ངན་ཚད་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འདིར་མངོན་སུམ་ནི་མཚོན་པར་བྱ་
བ་ཡིན་ཏེ། དེའི་མཚན་ཉིད་བསྟན་པའི་སྐབས་ཡིན་པའི་ཕྱིར་རོ། །གང་གིས་དེ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བར་འགྱུར་བ་མཚན་ཉིད་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་སྐབས་ནི་མ་ཡིན་ནོ། །རྟོག་པ་བཀག་པས་ཤེས་པ་
ཤུགས་ཀྱིས་ཐོབ་པའི་ཕྱིར། དཔེར་ན་བེའུ་མེད་པའི་བཞོན་མ་འོན་ཅིག་ཅེས་བྱ་བས་བེའུ་བཀག་པས་བ་ལང་བཞོན་མ་རྟོགས་པ་ལྟ་བུ་ཡིན་པས་དེའི་ཕྱིར་ཤེས་པ་ཞེས་བརྗོད་དོ། །ཡང་འདིར་རྟོག་པ་ཡང་གང་ལ་མངོན་པར་འདོད་ཅིང་གང་
དང་བྲལ་བའི་ཤེས་པ་མངོན་སུམ་ཡིན་ཞེ་ན། རྟོག་པ་མངོན་པར་བརྗོད་ཅན་གྱི། །ཤེས་པ་ཞེས་བྱ་བ་སྨོས་ཏེ། ཅི་སྟེ་བཏགས་པའི་རྒྱུ་ཉིད་ལ་སོགས་པའི་བདག་ཉིད་གང་ལ་བདེ་བྱེད་བདག་པོ་ལ་སོགས་པས་རྒྱས་པར་སུན་འབྱིན་པ་
བརྗོད་པ་དེ་ཡང་ཅི་གཟུང་བར་བྱ་བ་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། ཉེ་བར་བཏགས་པའི་རྒྱུ་ཉིད་ལ་སོགས་བདག་ཉིད་མིན། །ཞེས་བྱ་བ་ལ། གཟུང་བར་བྱ་བ་ཞེས་བྱ་བ་ལྷག་མའོ། །དེས་ན་དེ་ལ་བརྟེན་པའི་གཞན་གྱིས་བརྗོད་

པའི་སྐྱོན་གང་དག་ཡིན་པ་དེ་དག་དེའི་ཕྱོགས་ཁས་མ་བླངས་པའི་ཕྱིར་མི་འཇུག་གོ་ཞེས་བསྟན་པ་ཡིན་ནོ། །བཏགས་པ་ནི་ཐ་སྙད་དུ་བྱས་པའོ། །དེའི་རྒྱུ་ཉིད་ནི་རིགས་ལ་སོགས་པ་རྣམས་ཡིན་ནོ་ཞེས་རིགས་པར་བྱ་བ་སྟེ། གང་གི་ཕྱིར་རིགས་ལ་སོགས་པའི་ཁྱད་པར་མེད་པར་ཐ་སྙད་ཡོད་པ་མ་
ཡིན་ནོ། །སོགས་པའི་སྒྲས་སྒྲ་དང་འདྲེས་པ་དང་། སེམས་རྩིངས་པ་དང་ཞིབ་པའི་རྒྱུ་རྟོག་པ་དང་དཔྱོད་པ་དང་། དེ་བཞིན་དུ་གཟུང་བ་དང་འཛིན་པའི་རྟོག་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གཟུང་བར་བྱའོ། །མངོན་པར་བརྗོད་པ་ནི་སྨྲ་བར་བྱེད་པའི་སྒྲའོ། །དེ་ཡང་སྤྱིའི་རྣམ་པ་ཡིན་ཏེ། སྣང་བ་གང་ལ་འདི་
ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ཤེས་པ་འདི་འདྲ་བ་གང་ལས་གྲུབ་ཅེ་ན། སྒྲ་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་ཞེས་བྱ་སོགས་ངོ་བོ་ཡིས། །གང་ཞིག་བརྗོད་དང་མི་ལྡན་ཡང་། །ཞེས་སྦྲེལ་བར་བྱ་བའམ། ཡང་ན། ཤིང་ཞེས་བྱ་སོགས་ངོ་བོ་ཡིས། །སྒྲ་དོན་སྦྱོར་བར་རུང་བ་ཡིས། །ཞེས་
སྔ་མ་དང་སྦྲེལ་བར་བྱའོ། །འདིས་ནི་མངོན་སུམ་ཉིད་ཀྱིས་རྟོག་པ་གྲུབ་པར་བསྟན་པ་ཡིན་ཏེ། རྣམ་པར་རྟོག་པ་ནི་སྲོག་ཆགས་ཐམས་ཅད་ཀྱིས་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རོ། །འདི་ལྟར་བྱིས་པའི་བར་དུ་བྱ་བའི་རྒྱུ་ཉིད་དུ་གྲུབ་བོ་ཞེས་སྟོན་པ་ནི། འདས་པའི་སྲིད་པ་ཞེས་བྱ་བ་ལ་སོགས་པ་སྟེ།
འདས་པའི་སྲིད་པ་ནི་འདས་པའི་སྐྱེ་བའོ། །དེར་མིང་དང་དོན་གོམས་པ་ནི་སྒྲ་དོན་བྱང་བའོ། །དེས་བསྒོས་པའི་བག་ཆགས་ནི་ནུས་པ་སྟེ། དེའི་རྗེས་སུ་འགྲོ་བ་རྗེས་སུ་འཇུག་པ་གང་གི་ཕྱིར་བྱིས་པ་ལ་ཡང་ཡོད་དེ། དེས་ན་མངོན་པར་བརྗོད་པ་ཅན་གྱི་ཤེས་པ་དེ་ལ་ཡང་འགྱུར་བ་ཉིད་ཡིན་ནོ། །རྟོག་པ་
གང་ཞིག་དང་ལྡན་པས་འདི་ལྟར་བྱས་པ་སྟེ། འཛུམ་པ་དང་ངུ་བ་དང་ནུ་མ་འཐུང་བ་དང་དགའ་བ་ལ་སོགས་པའི་མཚན་ཉིད་དག་ལ། སྒྲིན་པོར་ཏེ་གྲིམས་པར་འགྱུར་བ་ཡིན་ཏེ། འབྲས་བུར་འགྱུར་བ་འདིས་ཇི་སྐད་དུ་བཤད་པའི་རྟོག་པ་བྱིས་པ་ལ་ཡང་རྗེས་སུ་དཔག་པར་བྱ་བ་ཁོ་ན་སྟེ། ཇི་སྐད་དུ།
འདི་ལྟར་བྱ་ཉིད་འཇིག་རྟེན་ན། །ཐམས་ཅད་སྒྲ་ལ་བརྟེན་པ་ཡིན། །བྱིས་པ་ལ་ཡང་སྔོན་གོམས་པའི། །འདུ་བྱེད་གང་ཞིག་རབ་ཏུ་རྟོགས། །ཞེས་བཤད་པ་ལྟ་བུའོ། །ཡི་གེ་དང་རྣམ་པར་མ་ཕྱེད་པའི་རྣམ་པ་ཅན་ཏེ། ཡང་སྒྲའི་ཁྱད་པར་ཅན་ནང་ཙམ་དུ་ཡོངས་སུ་གསལ་བ་ཕྱི་རོལ་གྱི་དོན་ལྟ་བུར་ཏེ་སྟོན་

པ་གང་གིས་ཕྱིས་བརྡ་འཛིན་པ་ལ་མཁས་པར་འགྱུར་བ་དེ་ཡང་དེ་དག་ལ་ཉེ་བར་སྐྱེ་བ་ཡིན་ནོ། །སེམས་ཀྱིས་དཔྱོད་སོགས་ཞེས་བྱ་བ་ལ་སོགས་པ་སླར་ཡང་རྟོག་པ་མངོན་སུམ་གྱིས་གྲུབ་པ་ཉིད་བསྟན་ཏོ། །དེ་ལས་ཡང་ཞེས་བྱ་བ་ལ་སོགས་པས་སྒྲའི་ཐ་སྙད་ཅེས་བྱ་བའི་
འབྲས་བུའི་རྟགས་ལས་ཀྱང་གྲུབ་པར་བཤད་དེ། གང་གི་ཕྱིར་སྔར་སྒྲ་དོན་རྣམ་པར་གཞག་པ་དེ་ཁོ་ན་ཉིད་དུ་ཡོད་པ་བཀག་པ་དང་འཁྲུལ་པ་ཡིན་ནོ་ཞེས་ཀྱང་རྣམ་པར་གཞག་པ་ཡིན་ནོ། །གལ་ཏེ་རྟོག་པ་འདི་མེད་པར་གྱུར་ན་དེའི་ཚེ་སྒྲའི་དོན་རྣམ་པར་གཞག་པ་དེ་འདི་འདྲའི་འཁྲུལ་པར་ཡང་མི་
འགྱུར་རོ། །དེའི་བསམ་པའི་དབང་གིས་དེ་རྣམ་པར་གཞག་པའི་ཕྱིར་དང་། ཕྱི་རོལ་གྱི་རང་གི་མཚན་ཉིད་ལ་སོགས་པ་གཞན་དག་ཀྱང་བརྗོད་བྱ་ཉིད་དུ་མི་རིགས་པ་ནི་བསྒྲུབས་ཟིན་པའི་ཕྱིར་རོ། །འོན་ཏེ་གཞན་དག་ཀྱང་མངོན་པར་བརྗོད་པ་ཅན་གྱིས་ཤེས་པ་རྟོགས་པར་བརྗོད་པ་འབའ་ཞིག་
ཏུ་མ་ཟད། འོན་ཀྱང་རིགས་དང་ཡོན་ཏན་དང་བྱ་བ་ལ་སོགས་པ་དང་འབྲེལ་པར་རུང་བ་ཡང་ཡིན་ན། ཅིའི་ཕྱིར་མི་གཟུང་ཞེ་ན། རིགས་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་སྣང་ཕྱིར་ན་ཞེས་བྱ་བ་ནི་རིགས་ལ་སོགས་པ་ཞེས་འབྲེལ་ཏོ། །འདི་ཡང་རིགས་ལ་སོགས་པ་ཁས་
བླངས་ནས་ལན་གདབ་པ་བཤད་པ་ཡིན་ནོ། །རིགས་ལ་སོགས་པས་མི་འདོད་པས། །ཞེས་བྱ་བ་ལ་སོགས་པས་མི་སྣང་བ་དེ་ཉིད་སྒྲུབ་པར་བྱེད་དོ། །ཆུ་དང་འོ་མ་ལ་སོགས་བཞིན། །ཞེས་བྱ་བ་ནི་དཔེར་ན་ཆུ་དང་འོ་མ་ལ་སོགས་པ་འདྲེས་པར་གྱུར་པ་རྣམ་པར་ཕྱེ་ནས་མི་སྣང་བའི་ཕྱིར་རྣམ་པར་གཞག་
པར་མི་ནུས་པ་དེ་བཞིན་དུ་རིགས་ལ་སོགས་པ་རྣམས་འབྲེལ་པ་ཡོད་པ་ཡིན་ན་ཡང་རྟེན་ལས་རྣམ་པར་ཕྱེ་ནས་མི་སྣང་བའི་ཕྱིར་རྟེན་དེ་དང་ལྷན་ཅིག་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །འོ་ན་གལ་ཏེ་རིགས་ལ་སོགས་པ་དང་སྦྱོར་བ་རྟོགས་པ་ཉིད་དུ་མི་རིགས་པ་ཡིན་ན། དེ་ཇི་ལྟར་མཚན་ཉིད་མཛད་པས་
མིང་དང་རིགས་སོགས་དང་འབྲེལ་པས་རྟོགས་པ་ཞེས་བཤད་ཅེ་ན། བླང་བར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དོར་བར་བྱ་བ་ནི་རིགས་ལ་སོགས་པ་དང་སྦྱོར་བ་སྟེ། གཞན་དག་ལ་གྲགས་པའི་རྟོག་པའོ། །བླང་བར་བྱ་བ་ནི་རང་ལ་གྲགས་པ་སྟེ་མིང་དང་སྦྱོར་བའི་རྟོག་པའོ་ཞེས་

བསྟན་པའི་ཕྱིར། རྟོག་པ་རྣམ་པ་གཉིས་བསྟན་ཏོ། །ཇི་ལྟར་རྟོགས་པར་བྱ་ཞེ་ན། བཤད་པ། གཉིས་སུ་བཤད་པའི་ཕྱིར་ཏེ། གང་གི་ཕྱིར་མིང་དང་རིགས་ལ་སོགས་པ་ནི་མིང་དང་རིགས་ལ་སོགས་པ་སྟེ། དེ་དག་སྦྱོར་བ་ཞེས་བྱ་བ་དེ་ལྟ་བུའི་སྡེ་ཚན་གཉིས་བཤད་དེ། དེ་ལྟ་མ་ཡིན་ན་མིང་ལ་སོགས་པ་
སྦྱོར་བ་ལ་ཡང་ན་རིགས་ལ་སོགས་པ་དང་སྦྱོར་བ་ཞེས་བྱ་བ་ཉིད་བརྗོད་པར་བྱ་བར་འགྱུར་རོ། །འདི་ཡོངས་སུ་བགྲང་བ་ཡང་མ་ཡིན་ཏེ། སོགས་པའི་སྒྲ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་རྟོགས་པ་ནི་ཤེས་པའི་ཆོས་ཡིན་ལ། མངོན་སུམ་གྱི་དབང་དུ་བྱས་པའི་ཕྱིར་དེ་དང་བྲལ་བ་
བསྟན་པའི་སྐབས་ཡིན་གྱི། དོན་གྱི་ཆོས་དང་བྲལ་བར་བསྟན་པ་ནི་མ་ཡིན་པ་ཡིན་ནམ། མིང་དང་རིགས་ལ་སོགས་པ་ནི་མིང་དང་རིགས་ལ་སོགས་པ་དེ་དང་ལྡན་པ་དང་སྦྱོར་བ་གང་ཡིན་པ་དེ་ནི་དོན་གྱི་ཆོས་ཡིན་གྱི་ཤེས་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་མཚན་ཉིད་བྱེད་པ་སྐབས་མ་ཡིན་པ་བརྗོད་པ་པོར་བྱེད་པ་
ཡིན་ནོ་ཞེས་བྱ་བའི་རྒོལ་བའི་དོགས་པ་བསུ་ནས་མིང་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། དེ་མ་ཐག་པ་ནི་བར་མ་ཆོད་པའོ། །རྒྱུ་མཚན་ནི་དེའི་རྒྱུ་གང་ཡིན་པ་སྟེ། དེ་ཡང་མངོན་པར་བརྗོད་པ་འཇུག་པའི་ཤེས་པ་ཡིན་ལ། དེ་ཡང་དངོས་པོ་གཉིས་ཉིང་མཚམས་སྦྱོར་བའི་རྣམ་པ་བསྐྱེད་པ་ལས་དེ་ལྟར་
སྦྱར་རོ་ཞེས་བསྟན་པ་ཡིན་གྱི། འབའ་ཞིག་ཅུང་ཟད་སྦྱོར་བ་ནི་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ནི་བྱ་བ་མེད་པ་ཡིན་པའི་ཕྱིར་རོ། །དེ་བླངས་པ་ནི་རྣམ་པ་གཉིས་ཀྱིས་ཏེ། མིང་ལ་སོགས་པ་སྦྱོར་བ་གང་ལས་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །གཞི་ཐ་དད་པ་ཡིན་ན་ཡང་གོ་བར་བྱེད་པའི་ཕྱིར་འབྲུ་མང་པོ་
པའམ་རྒྱུ་ལས་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་ཏེ་ཉེ་བར་བཏགས་པའི་དགོས་པ་ཡང་། དེ་ལས་གཞན་པའི་རྒྱུ་ལས་ཁྱད་པར་ཅན་གྱི་འབྲས་བུ་བྱེད་པའི་རང་བཞིན་བརྗོད་པར་བྱ་བའི་དོན་དུའོ། །རྣམ་པ་གཅིག་ཏུ་ན་འདིས་སྦྱོར་བར་བྱེད་པས་ནི་སྦྱོར་བ་སྟེ། མིང་དང་རིགས་ལ་སོགས་པ་སྦྱོར་བའོ་ཞེས་བསྡུ་བ་བྱས་ནས། མངོན་
པར་བརྗོད་པ་ཅན་ཉིད་རྟོགས་པར་བསྟན་པའི་ཕྱིར་སྐྱོན་མེད་དོ་ཞེས་སྟོན་པ་ནི། ཡང་ན་མིང་དང་རིགས་སོགས་ཀུན། །ཞེས་བྱ་བ་ལ་སོགས་པའོ། །ཡང་ན་རང་གཞུང་ཞེས་བྱ་བ་ལ་སོགས་པས་ལན་གཞན་བཤད་དོ། །གལ་ཏེ་དེ་ལྟ་ན་སློབ་དཔོན་གྱིས་འབྲེལ་པའི་གཞུང་ཇི་ལྟར་དྲང་། འདི་ལྟ་སྟེ་དཔེར་ན།

འདོད་རྒྱལ་བའི་སྒྲ་དག་ལ་མིང་གི་ཁྱད་པར་ཅན་གྱི་དོན་བརྗོད་པ་ནི་ཁོ་བོ་ཞེས་བྱ་བ་ལྟ་བུ་དང་རིགས་ཀྱི་སྒྲ་དག་ལ་རིགས་ཀྱིས་ཏེ་བ་ལང་ཞེས་བྱ་བ་ལྟ་བུ་དང་། ཡོན་ཏན་གྱི་སྒྲ་དག་ལ་ཡོན་ཏན་གྱིས་ཏེ་དཀར་པོ་ཞེས་བྱ་བ་ལྟ་བུ་དང་། བྱ་བའི་སྒྲ་དག་ལ་བྱ་བས་ཏེ་འཚེད་པ་ཞེས་བྱ་བ་ལྟ་
བུ་དང་། རྫས་དག་ལ་རྫས་ཀྱིས་ཏེ། རྭ་ཅན་དང་དབྱིག་པ་ཅན་ཞེས་བྱ་བ་ལྟ་བུ་ཞེས་བྱ་བའི་གཞུང་འདིས་རིགས་ལ་སོགས་པའི་ཁྱད་པར་དང་ལྡན་པའི་དོན་བརྗོད་པ་ན་ལོགས་ཤིག་ཏུ་བརྗོད་དོ་ཞེ་ན། དེའི་ཕྱིར་ཀུན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་དུ་ཞེས་བྱ་བ་ནི་རིགས་ལ་སོགས་པའི་
སྒྲ་དག་ལ་ཡང་ངོ་། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟར་འདོད་རྒྱལ་བའི་སྒྲ་སྦྱར་བ་དག་ལ་མིང་གི་ཁྱད་པར་ཅན་གྱི་དོན་བརྗོད་པ་དེ་བཞིན་དུ་བ་ལང་ཞེས་བྱ་བ་ལ་སོགས་པའི་རིགས་ལ་སོགས་པའི་སྒྲ་དག་ལས། ཡང་མིང་གི་ཁྱད་པར་ཅན་གྱི་དོན་བརྗོད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་གཞུང་
ཐམས་ཅད་དུ་སྦྱར་བར་བྱའོ། །འོ་ན་ཇི་ལྟར་རིགས་དང་ཡོན་ཏན་དང་བྱ་བ་དང་རྫས་ཀྱིས་ཞེས་བྱ་བ་གསུམ་པའི་མཐའ་ཅན་གཞན་འདི་སྦྱར་བར་བྱ་བ་ཡིན་ཞེ་ན། འདི་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་ཞེས་བྱ་བས་རིགས་ཀྱིས་ཏེ་བྱེད་པར་གྱུར་པས་མིང་གི་ཁྱད་པར་ཅན་གྱི་དོན་
ཅན་བརྗོད་པ་དེ་བཞིན་དུ་ཡོན་ཏན་ལ་སོགས་པ་དག་གིས་ཡིན་ནོ། །དེ་བཞིན་དུ་རིགས་ལ་སོགས་པ་དེ་དག་གིས་བྱེད་པའི་རྣམ་པར་དབྱེ་བ་དང་འབྲེལ་པའི་ཕྱིར། འབྲས་བུ་དང་བཅས་པ་ཉིད་དུ་བསྒྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་མིང་དང་རིགས་སོགས་སྦྱོར་བ་ཡིན། མདོ་འདིར་ཇི་ལྟར་འབྲེལ་
པར་བྱ་ཞེ་ན། མིང་དང་རིགས་ལ་སོགས་རྣམས་ཀྱིས་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་ཞེས་བྱ་བ་ལྷག་མའོ། །འདི་ཞེས་བྱ་བ་འདིས་ནི་བསྡུ་བའི་དོན་གྱིས་ཐོབ་པའི་རྟོག་པ་ཉིད་བསྟན་ཏེ། རིགས་ལ་སོགས་པ་དག་གིས་སྦྱོར་བ་ནི་རིགས་ལ་སོགས་པ་སྦྱོར་བ་ཡིན་ལ། མིང་དང་རིགས་ལ་སོགས་པ་
སྦྱོར་བ་འདི་ནི་མིང་དང་རིགས་ལ་སོགས་པ་སྦྱོར་བ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྡུ་བའི་དོན་གྱིས་གནས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་འདོད་རྒྱལ་བའི་སྒྲ་དག་ལ། འཇུག་པའི་རྒྱུ་མཚན་རིགས་ལ་སོགས་པ་མེད་པའི་ཕྱིར་རྣམ་པར་གཞག་པ་མ་ཁྱབ་པ་ཅན་དུ་འགྱུར་རོ་ཞེས་དོགས་པ་བསུ་

ནས། འདོད་རྒྱལ་སྒྲ་ཡིས་བརྗོད་བྱ་ལ། ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། གང་ཡང་ཁྲ་བོ་ལ་སོགས་པའི་སྒྲ་དེ་དག་འདོད་རྒྱལ་བའི་སྒྲ་ཉིད་དུ་གྲགས་པ་དེ་དག་ཀྱང་སྐྱེ་བ་ནས་བརྩམས་ནས། འཆི་བའི་བར་དུ་རྗེས་སུ་འཇུག་པ་སྐད་ཅིག་རེ་རེའི་དབྱེ་བས་ཐ་དད་པ། ཐུན་མོང་མ་ཡིན་པ་
འདི་ནི་དངོས་པོ་ཐ་དད་པར་གོ་བར་མི་ནུས་པ་རྣམས་དུས་ཀྱི་ཁྱད་པར་མཚམས་བཅད་པའི་དངོས་པོ་དང་ལྡན་པའི་རིགས་བརྗོད་པ་ཉིད་ཀྱིས་ལེན་པར་བྱེད་དེ། གཞན་དུ་ན་བྱིས་པ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་ཡོངས་སུ་བཅད་པའི་དངོས་པོའི་ཆའི་ཡུལ་ཅན་ཉིད་ཀྱིས་ཡོད་པ་ཇི་ལྟར་རྒན་
པོ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་སྟོན་པར་འགྱུར། གང་དག་གི་ལྟར་ན་ལུས་སྐད་ཅིག་མ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དུས་གཞན་དུ་གནས་པ་ཡིན་ནོ་ཞེས་ལྟ་བ་དེ་དག་གི་ལྟར་ན་ཡང་དུས་ཇི་ལྟ་བ་བཞིན་དུ་བསམ་པའི་ཡན་ལག་དང་འབྲེལ་པའི་ཕྱིར། གནས་སྐབས་ཐ་དད་པ་
དག་ཏུ་རྫས་གཞན་དང་གཞན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཡོངས་སུ་འགྱུར་བའི་ལྟ་བ་ལ་ཡང་གང་ཞིག་གནས་སྐབས་ཀྱི་ཁྱད་པར་དང་འབྲེལ་པའི་དངོས་པོ་དེ་ནི་སྒྲའི་བརྗོད་བྱ་ཉིད་དུ་དམ་བཅའ་སྟེ། དེ་ལྟ་ཡིན་དང་གནས་སྐབས་གཞན་ལ་བརྟེན་པ་ན་དངོས་པོ་དེ་ཉིད་སྒྲ་དེས་བརྗོད་པར་མི་འགྱུར་
རོ། །དཔེར་ན་འོ་མ་ལ་ངེས་པའི་བརྗོད་པ་ཅན་གྱིས་བརྗོད་པའི་ནུས་པའི་འོ་མའི་སྒྲ་ཞོ་ལ་མི་འཇུག་པ་དེ་བཞིན་དུ་ལུས་ལ་ཡང་གནས་སྐབས་གཞན་དུ་འཇུག་པར་མི་འགྱུར་བའི་ཕྱིར་གདོན་མི་ཟ་བར་རིགས་ཁས་བླང་བར་བྱའོ། །ཅི་སྟེ་རིགས་དངོས་པོར་འགྱུར་བ་མེད་མོད་ཀྱི། དེ་ལྟ་ན་ཡང་མ་ཁྱབ་
པར་རྣམ་པར་གཞག་པ་མ་ཡིན་ཏེ། འདི་ལྟར་ཐ་དད་པ་དེ་དག་ཉིད་བརྗོད་པར་མི་འདོད་པ་ལས་ཐ་དད་པ་ནི་སྤྱི་ཡིན་པས་ཐ་དད་པ་ཉིད་ཐམས་ཅད་དུ་རིགས་ཀྱི་སྒྲས་ལེན་པར་བྱེད་པའི་ཕྱིར་འདོད་རྒྱལ་བའི་སྒྲ་ཡང་རིགས་རྗོད་པར་བྱེད་པ་ཡིན་ནོ། །དེ་སྐད་དུ་ཡང་། རིགས་ནི་ཚིག་གི་དོན་ཡིན་ན། །
རིགས་སམ་རིགས་ལྡན་ཁྱད་པར་ནི། །སྒྲ་ཡིས་བྱེད་ཅེས་གང་གི་ཕྱིར། །དེ་ཕྱིར་དེ་དག་རིགས་རྗོད་བྱེད། །ཅེས་བཤད་པ་ཡིན་ནོ། །འོ་ན་ཅིའི་ཕྱིར་མཚན་ཉིད་མཛད་པས་འདོད་རྒྱལ་བའི་སྒྲ་རྣམས་རིགས་ཀྱི་སྒྲ་དག་ལས་ལོགས་ཤིག་ཏུ་བསྟན་ཅེ་ན། རབ་ཏུ་གྲགས་ཕྱིར་ཞེས་བྱ་བ་སྨོས་ཏེ།

འཇིག་རྟེན་ན་བ་ལང་ལ་སོགས་པའི་སྒྲ་རྣམས་ནི་རིགས་བརྗོད་པ་ཉིད་དུ་གྲགས་ལ། དཔུང་རྒྱན་བཟང་ལ་སོགས་པ་ནི་མིང་གི་སྒྲ་ཉིད་དུ་གྲགས་པའི་ཕྱིར་ལོགས་ཤིག་ཏུ་བརྗོད་དོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་དག་རྩོད་པར་བྱེད་ལ། བདེན་ཏེ་ཞེས་བྱ་བ་ལ་
སོགས་པས་ལན་འདེབས་པར་བྱེད་དེ། འདི་ལྟར་འདི་ཙམ་ཞེས་བྱ་བ་ནི་མིང་དང་རིགས་དང་ཡོན་ཏན་དང་བྱ་བ་དང་རྫས་ཀྱི་སྒྲའི་ཁྱད་པར་དག་གིས་རྣམ་པ་ལྔ་ཡིན་ནོ། །གལ་ཏེ་རང་གི་ལུགས་ལ་གྲགས་པ་ཉིད་ཀྱི་རྟོགས་པ་མངོན་པར་འདོད་པ་མ་ཡིན་ནམ། འོ་ན་ཅིའི་ཕྱིར། གཞན་དག་དོན་
གྱིས་སྟོང་པའི་སྒྲས། །ཁྱད་པར་ཅན་གྱི་དོན་རྗོད་བྱེད། །ཅེས་བྱ་བའི་གཞུང་འདིས་སློབ་དཔོན་གྱིས་རང་གི་གཞུང་ལ་གྲགས་པའི་རྟོགས་པ་ཕྱིས་ལོགས་ཤིག་ཏུ་བརྗོད་ཅེ་ན། རིགས་སོགས་དེ་དག་ཀྱང་ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། དོན་དམ་པར་ཁྲ་བོ་ལ་སོགས་པའི་
གསལ་བ་ལས་མ་གཏོགས་པའི་རིགས་ལ་སོགས་པ་ཡོད་པ་མ་ཡིན་ཏེ། འདི་དག་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་བསྟན་པའི་དོན་དུ། མཚན་ཉིད་མཛད་པས་འདི་བརྗོད་ཀྱི་རྟོགས་པ་གཞན་ལོགས་ཤིག་ཏུ་བསྟན་པ་ནི་མ་ཡིན་ནོ་ཞེས་བྱའོ། །གཞན་དག་ཅེས་བྱ་བ་ནི་
སངས་རྒྱས་པའོ། །དོན་གྱིས་སྟོང་པ་ཞེས་བྱ་བ་ནི་རིགས་ལ་སོགས་པ་ལྟོས་པ་མེད་པའི་གཞན་སེལ་བ་ཙམ་གྱི་སྤྱོད་ཡུལ་ཅན་གྱི་སྒྲས་ཞེས་བྱ་བ་ནི་སློབ་དཔོན་གྱི་གཞུང་གི་དོན་ཡིན་ནོ། །ཁོ་བོ་ཅག་གིས་ནི་མངོན་པར་བརྗོད་པ་ཙམ་གྱིས་ཤེས་པ་ནི་རྟོགས་པར་ཁས་བླངས་པ་འབའ་ཞིག་ཏུ་མ་ཟད།
གཞན་དག་གིས་ཀྱང་གདོན་མི་ཟ་བར་ཁས་བླང་བར་བྱ་དགོས་ཏེ། གཞན་དུ་ན་འགྲོ་བའི་ཐ་སྙད་མེད་པ་ཉིད་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཡང་རིགས་སོགས་སྦྱོར་བ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་དང་ཡོན་ཏན་རྫས་སྦྱོར་བའི་རྟོག་པ་གཞན་གྱིས་ཁས་བླངས་པ་ན་ཡང་
མི་སྦྱོར་བ་ཉིད་རྟོག་པ་ཡིན་ཏེ། འདི་ལྟར་དེ་ལ་རིགས་ལ་སོགས་པ་རྣམ་པར་གཅད་པའི་དངོས་པོ་མིང་ཉིད་ཀྱིས་ཁྱད་པར་དུ་བྱས་པ་གཟུང་སྟེ། གཞན་དུ་ན་རང་དབང་དུ་དངོས་པོ་དུ་མ་འཛིན་པ་དེ་བཞིན་དུ་སྦྱོར་བ་མེད་པའི་ཕྱིར་ཇི་ལྟར་རྟོགས་པར་འགྱུར། དེ་ལྟ་ཡིན་དང་འགྲོ་བ་ལྐུགས་པ་ཉིད་དུ་

འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དབྱིག་པ་དང་ལྡན་པའི་སྐྱེས་བུ་མཐོང་བ་ན་ཡང་ཇི་སྲིད་དུ་མིང་གི་ཁྱད་པར་མི་འདྲ་བ་དེ་སྲིད་དུ་དབྱིག་པ་ཅན་ཞེས་བྱ་བར་མི་བྱེད་དོ། །གང་གི་ཕྱིར་དེ་ལྟར་སྦྱོར་བ་ཐམས་ཅད་ལ་སྒྲ་སྦྱོར་བས་ཁྱབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་བ་ལང་ངོ་ཞེས་བྱ་བ་ལ་
སོགས་པའི་སྒྲ་དག་ལ་རིགས་ཀྱིས་ཁྱད་པར་དུ་བྱས་པའི་དོན་བརྗོད་པ་ཡིན་ནོ་ཞེས་གང་བརྗོད་པའི་ཚིག་འདི་འབྲས་བུ་དང་བཅས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། མིང་མེད་ན་ཇི་ལྟར་བརྗོད་དོ་ཞེས་བྱ་བར་འགྱུར་རོ། །བརྗོད་པའི་བྱ་བ་ནི་སྒྲའི་ཆོས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་
པས་རྟོགས་པ་གྲུབ་པ་མཇུག་སྡུད་པར་བྱེད་དོ། །ཡང་ན་མཚན་ཉིད་མཛད་པའི་གྲུབ་པའི་ངོ་བོ་རྟོག་པ་རྣམས་བསྟན་པའི་དགོངས་པ་བཤད་པ་འདི་དག་ཐམས་ཅད་ཅེས་བྱ་བ་ནི་བླང་བར་བྱ་བ་དང་དོར་བར་བྱ་བའི་ཡུལ་སྟོན་པའོ། །རིགས་ལ་སོགས་པའི་སྦྱོར་བ་ནི་མི་སྦྱོར་བ་མེད་ན་མི་འབྱུང་བ་
ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ། མིང་དང་རིགས་ལ་སོགས་བརྗོད་པ། །ཞེས་བྱ་བ་ནི་བྱས་ཞེས་བྱ་བ་དང་འབྲེལ་ཏོ། །རང་དང་གཞན་གྱི་ཡུལ་སྟོན་པ་ན། བླང་བྱ་དང་དོར་བྱའི་ཡུལ་བསྟན་པའི་དོན་དུའོ། །འོ་ན་རིགས་པའི་སྒོའི་གཞུང་ཇི་ལྟར་དྲང་ཞེ་ན། དེ་བཞིན་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དེ་ལ་ཤེས་པ་གང་ཞིག་གཟུགས་ལ་སོགས་པའི་དོན་ལ་ཁྱད་པར་རྗོད་པར་བྱེད་པ་ཐ་མི་དད་པ་ཉེ་བར་བརྟགས་པས་རྟོགས་པ་མེད་པ་དབང་པོ་དང་། དབང་པོ་ལ་བརྟེན་ནས་འཇུག་པ་དེ་ནི་མངོན་སུམ་མོ་ཞེས་བྱ་བ་འདི་ནི་རིགས་པའི་སྒོའི་གཞུང་ཡིན་ནོ། །ཁྱད་པར་ནི་
རིགས་ལ་སོགས་པའོ། །རྗོད་པར་བྱེད་པ་ནི་མིང་ངོ་། །དེ་དག་གིས་ཐ་མི་དད་པར་ཉེ་བར་བརྟགས་པ་ནི་རིགས་ལ་སོགས་པ་དང་ལྡན་པ་དག་དང་མིང་དག་གོ། །ཐ་མི་དད་པར་ཉེ་བར་བརྟགས་པ་ནི་མཚོན་པ་སྟེ། གང་ལ་ཐ་དད་དུ་འཛིན་པ་འདིའི་བ་ལང་ཉིད་འདིའི་ཞེས་བྱ་བ་འདི་ལ་ཡང་རྟོག་པར་
འདོད་པ་ཁོ་ནའོ། །འོན་ཏེ་འདིར་རྟོག་པ་ཤེས་པའི་ཞེས་མ་བརྗོད་པ་མ་ཡིན་ནམ། དེ་ལྟར་ཇི་སྐད་དུ་བཤད་པའི་རྣམ་པར་རྟོག་པ་ལས་རྙེད་ཅེ་ན། ཤེས་པ་ཞེས་བྱར་འབྲེལ་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། རྟོག་པ་ལས་བཟློག་པའི་ཤེས་པ་མངོན་སུམ་ཉིད་

དུ་བསྟན་པ་ན། རྟོག་པ་ཤེས་པའི་ཆོས་ཉིད་དུ་བསྟན་པ་ཡིན་ཏེ། དེ་ལྟ་ཡིན་དང་དོན་འདི་ཡིན་ཏེ། ཤེས་པ་གང་ཞིག་མིང་ལ་སོགས་པ་དང་ཐ་མི་དད་པ་དང་བཏགས་པའི་སྒོ་ནས་རྟོག་པ་མེད་པ་དེ་ནི་མངོན་སུམ་ཡིན་ལ། རྣམ་པ་དེ་ལྟ་བུའི་རྟོག་པའི་ཤེས་པ་གང་ཡིན་པ་དེ་
ནི་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་མངོན་སུམ་མ་ཡིན་པ་ཤུགས་ཀྱིས་མངོན་པར་བརྗོད་པ་ཅན་གྱིས་ཤེས་པ་ནི་རྟོག་པ་ཡིན་ནོ་ཞེས་མངོན་སུམ་ལས་བཟློག་པ་ཉིད་དུ་གྲུབ་པོ། །དེ་ལྟར་ན་བདག་དང་གཞན་གྱི་གཞུང་བསྡུས་ཏེ་བསྟན་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་སློབ་དཔོན་གྱིས་
གཞུང་བརྗོད་པ་འབའ་ཞིག་མཛད་པ་ཡིན་ནོ་ཞེས་སྟོན་པ་ནི། ཡང་ན་གང་ཡིན་ཞེས་བྱ་བའི། །ཐ་དད་ཁྱད་པར་དེ་ལྡོག་པ། །ཞེས་བྱ་བའི་དོན་ཏོ། །དེའི་རྗོད་པར་བྱེད་པ་ཡིན་གྱི་རིགས་ལ་སོགས་པ་ནི་མ་ཡིན་ནོ། །དེའི་ཐ་མི་དད་པ་བཏགས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་
མངོན་པར་བརྗོད་པ་ཅན་གྱི་རྟོགས་པ་ནི་ཤེས་པ་ཡིན་ལ། དེ་ཡང་ཆོས་ཅན་མ་ཡིན་ནམ། གང་གིས་དེའི་ཆོས་ཉིད་ཀྱང་དེ་འགེགས་པར་བྱེད་པ་དེ་ལྟར་འབྲེལ་པ་མེད་པ་རྗོད་པའི་ཕྱིར་ཆོས་ཅན་གཞན་དུ་ཐལ་བར་འགྱུར་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་མངོན་སུམ་རྟོག་པ་དང་བྲལ་བ་ཡིན་
ན། དེ་ཇི་ལྟར་མངོན་སུམ་གྱི་སྒྲས་བརྗོད་ཅེས་རྟོག་པ་དང་། བྲལ་བའི་དོན་བརྗོད་པར་བྱ་བ་མ་ཡིན་པའི་དོན་ཡིན་ནོ་སྙམ་དུ་བསམས་ནས་བྷ་ཏྲེ་དང་བྷ་ར་དྷྭ་ཛ་ལ་སོགས་པ་གཞན་ཀླན་ཀ་བྱེད་དོ་ཞེས་གྲགས་ཏེ། འདི་ཐམས་ཅད་ཀྱང་གསལ་བ་ཡིན་ནོ་ཞེས་སྦྱར་བར་བྱ་བའི་ཕྱིར། དེ་ལྟར་གང་ཚེ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་དགག་པ་ཞེས་བྱ་བ་ནི་གང་ལ་རྟོག་པ་འདི་མེད་པ་དེ་ནི་མངོན་སུམ་ཡིན་ནོ་ཞེས་བྱ་བའི་གཞུང་འདིས་མཚན་ཉིད་མཛད་པ་དེའི་བདག་ཉིད་འགེགས་པར་མཛད་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་རྟོག་པའི་བདག་ཉིད་ཤེས་པ་གང་ལ་མེད་པ་
ཞེས་བྱ་བའི་དོན་ཡིན་གྱི། བརྟེན་པ་འགེགས་པ་མ་ཡིན་པའི་ཕྱིར་རེ་ཞིག་དང་པོར་ཀླན་ཀ་མ་ཡིན་ནོ། །གཉིས་པ་ཡང་ཀླན་ཀ་མ་ཡིན་པ་ཉིད་དེ། རྟོག་པ་དང་བྲལ་བའི་དོན་བརྗོད་པར་བྱ་བ་མ་ཡིན་པའི་དོན་དུ་བརྗོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྟོག་པ་མེད་པའི་དོན་ཡིན་ནོ། །གལ་

ཏེ་ཡང་རྟོག་པ་མེད་པར་ཞེས་བྱ་བའི་ཤེས་རབ་མངོན་པར་ཞེན་པའི་ངོར་བྱས་ནས་སྒྲས་བརྗོད་པ་དེ་ལྟ་ན་ཡང་གཟུགས་ལ་སོགས་པ་བཞིན་དུ་རྟོག་པ་དང་བཅས་པར་འགྱུར་བ་མ་ཡིན་པའི་ཕྱིར་འདི་ནི་ཅིར་ཡང་མ་ཡིན་ནོ་འདི་སྙམ་དུ། ཇི་སྐད་དུ་བཤད་པའི་རྟོག་པ་དེ་ལྟ་བུ་ཡིན་པ་ནི་བླ་
སྟེ་ཤེས་པ་ཅི་ལྟར་རྟོག་པ་དང་བྲལ་བར་འགྱུར་ཞེ་ན། མངོན་སུམ་རྟོག་པ་དང་བྲལ་བར་ཞེས་བྱ་བ་སྨོས་ཏེ། འདིས་ནི་རང་རིག་པའི་མངོན་སུམ་གྱིས་རྟོག་པ་དང་བྲལ་བར་གྱུར་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་སྙམ་དུ་གཞན་ལ་སྤངས་པའི་རྣམ་པར་རྟོག་པས་འདི་ཉིད་མདུན་ན་
གནས་པ་སྔོན་པོ་ལ་སོགས་པ་རྟོགས་པ་ཡིན་ནོ་སྙམ་དུ་སེམས་ན། རྣམ་པར་རྟོག་པ་འདི་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྣམ་པར་རྟོག་པ་དེ་ཉིད་དོན་དེ་རྟོགས་པར་བྱེད་པ་ཡིན་ནོ། །དེའི་ཚེ་འདས་པ་ལ་སོགས་པ་དོན་རྗོད་པར་བྱེད་པ་འགགས་པས་སྔོན་པོ་ལ་སོགས་པ་དེ་ཉིད་མིང་དང་
སྦྱོར་བར་བྱེད་དེ། གཅིག་ལ་བརྗོད་པས་གཉིས་དང་འདྲེས་པར་རྟོགས་པ་མེད་པའི་ཕྱིར་འདས་པ་ལ་སོགས་པའི་བརྗོད་པ་འགག་པ་ཞེས་བཤད་དོ། །མངོན་དུ་གྱུར་པ་དེའི་མིང་ནི་དེ་མིང་ངོ་། །དེ་སྦྱོར་བ་ན་བསྲེ་བ་སྟེ་དེར་འགྱུར་བ་ནི་ཐོབ་པ་སྟེ་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྙམ་དུ་
རྣམ་པར་རྟོག་པ་གཞན་ཉིད་དེའི་ཚེ་དོན་དེ་རྟོགས་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུར་ཅིའི་ཕྱིར་ཤེས་པར་བྱེད་སྙམ་ན། དེའི་མིང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྣམ་པར་རྟོག་པ་གཉིས་ཅིག་ཅར་འབྱུང་བ་དམ་བཅས་ནི་གོ་རིམས་བཞིན་དུ་མངོན་སུམ་དང་འགལ་བ་དང་ཁས་བླངས་པ་
དང་འགལ་བར་བཤད་དོ། །གཉིས་ཞེས་བྱ་བ་ལ་རྣམ་པར་རྟོག་པར་ཞེས་བྱ་བ་ལྷག་མའོ། རྣམ་རྟོག་ཅེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །རྣམ་པར་རྟོག་པ་ལྷན་ཅིག་ཏུ་འབྱུང་བ་ཉིད་མ་གྲུབ་པོ་སྙམ་དུ་རེས་འགའ་ཕ་རོལ་པོ་སྨྲ་བ་དེའི་ཕྱིར་དེའི་དོགས་པ་བསུ་ནས། རྣམ་
པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རིམ་གྱིས་སྐྱེ་བ་ཡིན་ན་ཇི་ལྟར་དེ་ཅིག་ཅར་རིགས་པར་འགྱུར་ཞེ་ན། མགལ་མེ་བཞིན་དུ་མགྱོགས་པར་འབྱུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མགལ་མེ་ལྟ་བུའི་མགལ་མེ་བཞིན་ཏེ། དཔེར་ན་མགལ་མེ་ལ་མྱུར་དུ་

བསྐོར་བའི་ཕྱིར་ཅིག་ཅར་འཁོར་ལོའི་རྣམ་པར་ཤེས་ཏེ། དེ་ལ་ལྟ་བ་རྣམས་སྦྱོར་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཤེས་པ་རྣམས་མགྱོགས་པར་འབྱུང་བའི་ཕྱིར་ཅིག་ཅར་འབྱུང་བ་རློམ་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་མགལ་མེའི་སྒྲས་ཡུལ་ཅན་གྱི་ཤེས་པ་ལ་ཡུལ་ཉེ་བར་
བཏགས་པའི་ཕྱིར་དེའི་ཡུལ་ཅན་གྱི་ཤེས་པ་བརྗོད་ལ་གཞན་ནི་སྔ་མ་བཞིན་ནོ། །མ་ཡིན་ཞེས་བྱ་བ་ནི་ཕྱོགས་སྔ་མ་སྤོང་བར་བྱེད་པ་ཡིན་ནོ། །འདི་སྙམ་དུ་སེམས་ཏེ། འདིར་ཅིག་ཅར་འབྱུང་བ་སྒྲུབ་པར་བྱེད་པའི་སྐབས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བློ་རྟོག་པ་དང་བྲལ་བར་འགྲུབ་པའི་སྐབས་
ཡིན་ནོ། །དེ་ཡང་ཡིད་གཞན་དུ་སོང་བ་ལ་ཡང་མངོན་དུ་གྱུར་པའི་དངོས་པོ་ཉམས་སུ་མྱོང་བའི་དུས་ན་དེའི་མིང་དང་བསྲེ་བའི་རྣམ་པར་རྟོག་པ་དམིགས་པ་མཚན་ཉིད་ཀྱི་རྒྱུར་གྱུར་པ་མ་དམིགས་པས་འགྲུབ་པ་ཞེས་བྱ་བ་འདི་ལ་སྐྱོན་ཅུང་ཟད་མ་བརྗོད་དེ། འདི་ལྟར་གལ་ཏེ་ཉེས་པར་རིམ་གྱིས་རིག་
པར་བྱ་བ་ཡིན་གྱི། རྣམ་པར་རྟོག་པ་ནི་རིག་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་སྐབས་ལ་གནོད་པ་མེད་དོ། །ཅིག་ཅར་འབྱུང་བར་རློམ་པ་འདི་ཡང་འཁྲུལ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ནི་རློམ་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྲུལ་པ་མ་ཡིན་ཞེས་སྐབས་དང་སྦྱར་བར་བྱའོ། །
དེ་ནི་རློམ་པ་ཞེས་བྱ་བ་ནི་ཅིག་ཅར་འབྱུང་བ་དེའི་རློམ་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གནོད་པར་བྱེད་པའི་ཚད་མའི་དབང་གིས་འཁྲུལ་པར་རྣམ་པར་གཞག་ལ་གང་གིས་འཁྲུལ་པར་འགྱུར་བ་འདི་ལ་གནོད་པ་བྱེད་པའི་ཚད་མ་ཡོད་པ་ཡང་མ་ཡིན་ནོ། །ཇི་ལྟར་མེད་ཅེ་ན། དེ་ནི་བར་མེད་པར་
གསལ་ཏེ་ཞེས་བྱ་བ་སྨོས་ཏེ། དེ་ནི་སྟེ་མངོན་དུ་གྱུར་པའི་དོན་རིག་པ་བར་མེད་པ་སྟེ། ཡུལ་གཞན་ལ་ཡེངས་པའི་སེམས་དང་དུས་མཚུངས་པར་གསལ་བར་ཉམས་སུ་མྱོང་ལ་དེ་ཉིད་སྣང་བའི་དོན་རྣམ་པར་ཤེས་པ་ནི་མངོན་སུམ་དུ་རྗོད་པའི་ཕྱིར་ག་ལས་འཁྲུལ་པ་ཡིན་ཅིག་ཅར་འབྱུང་བ་འཁྲུལ་པ་
ཉིད་དུ་རྣམ་པར་གཞག་པ་ལ་གྲུབ་པར་བྱེད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། སླར་ཡང་གནོད་པར་བྱེད་པ་ཉིད་ཡོད་དོ་ཞེས་བསྟན་པའི་ཕྱིར། གར་མཁན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་རེ་རེ་བློ་ལྔས་བར་དུ་བཅད་པ་ན་ཡང་གར་མཁན་ལ་བལྟ་བ་ལ་སོགས་པའི་གནས་

སྐབས་ན་བར་མ་ཆོད་པ་ཉིད་དུ་སྣང་སྟེ། འདི་ལྟར་གང་ཁོ་ནའི་ཆེ་གར་མཁན་མཐོང་བ་དེ་ཁོ་ནའི་ཚེ་གླུ་ལ་སོགས་པའི་སྒྲ་ཐོས་པ་དང་། ག་པུར་ལ་སོགས་པའི་རོ་མྱང་བ་དང་སྣ་བུག་ཏུ་ཆུད་པའི་མེ་ཏོག་ལ་སོགས་པའི་དྲི་སྣོམ་པ་དང་རླུང་ཡབ་ལ་སོགས་པའི་རེག་བྱ་ལ་རེག་པ་དང་། གོས་དང་
རྒྱན་སྦྱིན་པ་ལ་སོགས་པ་སེམས་པར་བྱེད་དེ། དེ་ལྟ་ཡིན་དང་མང་པོ་དག་གིས་བར་དུ་ཆོད་ན་ཡང་མགྱོགས་པར་འབྱུང་བའི་སྟོབས་ཀྱིས་བློ་རྣམས་ཅིག་ཅར་འབྱུང་བ་འཁྲུལ་པ་སྐྱེ་བ་དེའི་ཚེ་ལྕུག་མ་དང་ཏ་ལ་དང་མཚོ་དང་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལ་ཤེས་པ་རེ་རེས་བར་དུ་ཆོད་པའི་ཕྱིར་ཡི་གེ་
ཐོས་པ་རྣམས་ཤིན་ཏུ་མྱུར་བར་འཇུག་པ་ཡོད་པའི་ཕྱིར་ཡི་གེ་ཅིག་ཅར་སྣང་བར་འགྱུར་ལ། དེ་ལྟ་ཡིན་དང་མཚོ་དང་རོ་ཞེས་བྱ་བ་ལ་སོགས་པའི་སྒྲ་ཐོས་པ་ན་ཐོས་པ་ཐ་དད་པའི་རྟོག་པ་ཐ་དད་པར་མི་འགྱུར་རོ། །གཞན་ཡང་རིགས་མི་མཐུན་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་བར་མ་ཆོད་
པའི་རྣམ་པ་དུ་མའི་རྟེན་སེམས་པའི་ངོ་བོའི་རྣམ་པར་རྟོག་པ་ལ་འབའ་ཞིག་སྐྱེ་བ་ན་མགྱོགས་པར་འཇུག་པ་ཡོད་པའི་ཕྱིར། རིམ་གྱིས་ངེས་པར་མི་འགྱུར་ཏེ། བློ་ཐམས་ཅད་སྐད་ཅིག་མ་ཉིད་ཀྱིས་ཡུན་རིང་དུ་མི་གནས་པའི་ཕྱིར་མགྱོགས་པར་འཇུག་པ་ཡོད་པས་དོན་འགའ་ཡང་རིམ་པ་དང་ལྡན་
པར་རྟོགས་པར་མི་འགྱུར་རོ། །སྒྲ་ལ་སོགས་པའི་བློ་བཞིན་དུ་ཞེས་བྱ་བ་ནི་གར་མཁན་ལ་ལྟ་བའི་གནས་སྐབས་ན་སྒྲ་ལ་སོགས་པ་རིག་པ་བཞིན་ནོ། །གང་ཡང་མགལ་མེ་བཞིན་ནོ་ཞེས་བྱ་བའི་དཔེ་འདི་ནི་བསྒྲུབ་བྱས་སྟོང་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མགལ་མེ་ཡང་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། གང་གི་ཕྱིར་འདི་ནི་རིམ་པ་དང་ལྡན་པར་མཐོང་བར་སྦྱོར་བ་སྐྱེ་བའི་ཡིད་ཀྱི་འཁྲུལ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཅིག་ཅར་དབང་པོ་ལས་སྐྱེས་པའི་འཁོར་ལོའི་རྣམ་པ་ཅན་གྱི་འཁྲུལ་པ་ཚོགས་པའི་ཁྱད་པར་གྱི་སྟོབས་ཀྱིས་གཅིག་ཉིད་སྐྱེ་བ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར་རོ། །
རྣམ་པར་རྟོག་པའི་རྗེས་སུ་འབྲེལ་པ་ལ་གསལ་བར་སྣང་བ་ཉིད་རིགས་པ་མ་ཡིན་ཏེ། འདི་ལྟར་སྦྱོར་བར་བྱེད་པ་ནི་དྲན་པ་ཉིད་ཀྱིས་བྱེད་ཀྱི་དབང་པོའི་ཤེས་པས་ནི་མ་ཡིན་ཏེ། དེ་ནི་དངོས་པོ་ཉེ་བའི་སྟོབས་ཀྱིས་འབྱུང་བས་འདས་པའི་དོན་འཛིན་པའི་ནུས་པ་མེད་པའི་ཕྱིར་རོ། །དྲན་པ་འདི་ཡུལ་གང་ཡིན་

པ་དེ་ནི་གསལ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཞིག་པའི་ཕྱིར་རོ། །དེ་ལྟ་བས་ན་མི་གསལ་བར་སྣང་བར་ཐལ་བར་འགྱུར་བའི་ཕྱིར་འདི་ཡིད་ཀྱི་འཁྲུལ་བ་ནི་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་ཞེ་ན། དབང་པོ་ལས་སྐྱེས་པ་སྟེ། དེའི་ཕྱིར་དཔེ་བསྒྲུབ་བྱས་སྟོང་པ་ཡིན་
ནོ། །དེ་ལྟར་མངོན་སུམ་གྱིས་བློ་རྟོགས་པ་དང་བྲལ་བར་བསྒྲུབས་ནས། ད་ནི་རྗེས་སུ་དཔག་པས་སྒྲུབ་པར་བྱེད་པ་ནི། ཡང་ན་ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བ་ནི་གང་ཞིག་གང་གི་ངོ་བོར་རྣམ་པར་གཞག་པའི་རྒྱུ་མཚན་མེད་པ་དེ་ནི་ཐ་སྙད་འདོགས་པ་པོ་རྟོག་པ་དང་ལྡན་པ་རྣམས་ཀྱིས་དེ་ལྟར་
རྣམ་པར་གཞག་པར་བྱ་བ་མ་ཡིན་ཏེ། དཔེར་ན་བ་ལང་དུ་ཐ་སྙད་གདགས་པའི་རྒྱུ་མཚན་དུ་གྱུར་པའི་ལྐོག་ཤལ་ལ་སོགས་པ་མེད་པ་རྟ་དང་བ་ལ་བ་ལང་ཉིད་བཞིན་ནོ། །སྔོན་པོ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཡུལ་གྱི་སྟོབས་ལས་བྱུང་བའི་མངོན་སུམ་ལ་ཡང་རྣམ་པར་རྟོག་པ་གཞན་པའི་རྒྱུ་མཚན་
ཁྱད་པར་དང་ཁྱད་པར་ཅན་གྱི་དོན་འཛིན་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་རྒྱུ་མི་དམིགས་པའོ། །ཆོས་མི་མཐུན་པ་ནི་ཁྲ་བོ་དང་ཁུ་ཡུ་ལ་སོགས་པའོ། །རྣམ་པ་ཐམས་ཅད་དུ་ཐམས་ཅད་རྣམ་པར་འཇོག་པར་ཐལ་བར་འགྱུར་བ་དང་རྣམ་པར་འཇོག་ན་ཡང་རྟོག་པ་སྔོན་དུ་གཏོང་བ་ཉིད་མ་ཡིན་པར་ཐལ་བར་
འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ངང་པ་ནི་རྟ་དཀར་པོའོ། །རིགས་ལ་སོགས་པ་བཀག་པའི་ཕྱིར་ཞེས་བྱ་བ་ནི་ཁྱད་པར་ཞེས་བྱ་བ་ལྷག་མའོ། །རིགས་ལ་སོགས་པ་དངོས་པོར་གྱུར་པ་ཡོད་ཀྱང་བླ་སྟེ། དེ་ལྟ་ན་ཡང་མ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐ་དད་དུ་ནི་མ་བཅད་ཕྱིར། །
ཞེས་བྱ་བ་སྨོས་ཏེ། ཁྱད་པར་ཉིད་དུ་མངོན་པར་འདོད་པའི་གཟུགས་ལ་སོགས་པ་ལས་ཞེས་ཁོང་ནས་དྲང་ངོ་། །གལ་ཏེ་རིགས་ཐ་དད་དུ་མ་བཅད་པ་དེ་ལྟ་ན་ཡང་ཅིའི་ཕྱིར་ཁྱད་པར་དུ་མི་འགྱུར་ཞེ་ན། དེ་ལྟར་ཁྱད་པར་ཡོད་མ་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ཐ་སྙད་དུ་མ་བཅད་ནའོ། །དེ་ལྟ་
བས་ན་ཁྱད་པར་ཁྱད་པར་ཅན་གྱི་དོན་འཛིན་པ་ཡོད་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཉིད་མ་ཡིན་ནོ། །འདི་སྙམ་དུ་རིགས་ལ་སོགས་པ་ཁྱད་པར་མ་ཡིན་མོད། སྒྲའི་རང་བཞིན་ཉིད་ཁྱད་པར་དུ་འགྱུར་བ་ཡིན་ནོ་སྙམ་དུ་སེམས་ན། སྒྲའི་རང་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་

སྨོས་ཏེ། རང་གི་མཚན་ཉིད་ལ་བརྡ་བྱེད་པ་མ་ཡིན་ལ་སྒྲ་རང་གི་མཚན་ཉིད་ལ་ཡང་མ་ཡིན་ཏེ། དེ་དག་ན་ཐ་སྙད་ཀྱི་དུས་སུ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །རང་གི་མཚན་ཉིད་ལས་མ་གཏོགས་པ་སྒྲའི་རང་གི་ངོ་བོ་གཞན་ཡོད་པ་མ་ཡིན་ལ། བརྡ་མ་བྱས་པའི་དོན་ལ་སྒྲས་སྦྱར་བར་བྱ་བ་ཡང་མ་
ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་སྦྱར་བ་མེད་པའི་རྣམ་པར་རྟོག་པ་ཡང་མེད་དེ། དེ་ལྟ་བས་ན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོ་ནི་སྒྲོ་བཏགས་པ་ཉིད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །འདི་སྙམ་དུ་འོ་ན་མངོན་སུམ་གྱིས་སྒྲོ་བཏགས་པ་ཉིད་
ཀྱི་དོན་རྟོགས་པ་ནི་རྟོག་པ་དང་བཅས་པ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན། མངོན་སུམ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་མེད་པ་ལས་ཞེས་བྱ་བ་ནི་དེ་ཡང་ལྡོག་པ་ཡིན་ཕྱིར་ཞེས་བྱ་བ་དང་འབྲེལ་ཏོ། །དེ་སྟེ་རང་གི་མཚན་ཉིད་མེད་པ་ལས་དེ་ཡང་སྟེ་མངོན་སུམ་གྱིས་
ལྡོག་པ་ཡིན་ཏེ། མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་རང་གི་མཚན་ཉིད་མེད་ཅེ་ན། ཆོད་པ་ལ་སོགས་པ་སྲིད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་ཡུལ་དང་དུས་ཀྱིས་བསྐལ་པ་ལ་སོགས་པའོ། །གཞན་ལ་བརྟེན་མིན་ཞེས་བྱ་བ་ལ་
སོགས་པས་ཚད་མ་གཞན་ཡང་འཆད་དེ། སྔོན་པོ་ལ་སོགས་པའི་བདག་ཉིད་ཀྱི་རང་བཞིན་ལ་བརྡ་མི་ནུས་པ་ནི་བརྡ་བྱ་བར་མི་ནུས་པའོ། །ཇི་ལྟར་ཞེས་འདྲི་ན་རྒྱུ་བཤད་པ། གཞན་ལ་བརྟེན་མིན་ཞེས་བྱ་བ་སྟེ། གཞན་ལ་བརྟེན་མིན་ནི་ཐུན་མོང་མ་ཡིན་པ་སྟེ། ཐ་སྙད་ཀྱི་དུས་སུ་མི་གནས་པ་ཞེས་
བྱ་བའི་ཐ་ཚིག་གོ། །བརྡ་ནི་ཐ་སྙད་ཀྱི་དོན་དུ་ཡིན་པའི་ཕྱིར་འདི་ལ་སྒྲར་བྱེད་པ་མ་ཡིན་ནོ། །གཞན་ཡང་བརྡ་འདི་ཡུལ་དུ་བྱས་པ་མ་ཡིན་ནམ་ཡུལ་དུ་མ་བྱས་པ་ཡིན་ལ། ཡིན་ན་རེ་ཞིག་མངོན་སུམ་མ་སྐྱེས་པ་ནི་སྔོན་པོ་ལ་སོགས་པའི་བདག་ཉིད་ཡུལ་དུ་བྱེད་པ་མ་ཡིན་ལ། སྐྱེས་པ་ན་ཡང་
བརྗོད་པ་བླངས་ནས་སྦྱོར་བ་མ་ཡིན་ཏེ། སྐྱེ་བའི་དུས་དང་མངོན་པར་བརྗོད་པ་འཛིན་པའི་དུས་ན་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཡུལ་མ་ཡིན་ལ། མངོན་སུམ་ཡུལ་ཅན་ཡང་མ་ཡིན་པའི་ཕྱིར། གང་གིས་གང་དུ་སྦྱོར་བར་བྱེད། །ཅེས་བྱ་བ་འདི་ལས་ཀྱང་སྔོན་པོ་ལ་སོགས་པའི་

བདག་ཉིད་ལ་བརྡ་བྱ་བར་མི་ནུས་སོ། །དེ་དག་ཅེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། །ཞེས་བྱ་བ་ནི་བརྗོད་པ་དང་མི་ལྡན་པའོ། །དེ་ལ་སྦྱོར་བ་ནི་གང་ཞིག་གང་ལ་བརྡ་མ་བཟུང་བ་དེ་ནི་དེ་ལ་རྟོག་པ་དང་བཅས་པར་འགྱུར་བ་མ་ཡིན་ཏེ། དྲི་ལ་
མིག་གི་རྣམ་པར་ཤེས་པ་བཞིན་ནོ། །མངོན་སུམ་གྱིས་ཀྱང་སྔོན་པོ་ལ་སོགས་པའི་བདག་ཉིད་ལ་བརྡ་གཟུང་བ་མ་ཡིན་ནོ་ཞེས་བྱ་བ་ནི། ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཅེར་བུ་པ་ལེགས་པའི་བློ་གྲོས་ཀྱི་ལུགས་ཀྱིས་གཏན་ཚིགས་དང་པོ་མ་
གྲུབ་པར་རྟོགས་པར་བྱེད་པ་ཡིན་ཏེ། དེ་ནི་དངོས་པོ་ཐམས་ཅད་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཀྱིས་གཉི་གའི་ངོ་བོར་བརྗོད་ལ། སྤྱིའི་ངོ་བོ་ཡང་གཉིས་ཏེ། ཁྱབ་པ་རྣམ་པར་ཆད་པ་ནི་དཔེར་ན་བ་ལང་ཉིད་ལ་སོགས་པ་བཞིན་ནོ། །རྣམ་པར་མ་ཆད་པ་ནི་དཔེར་ན་ཡོད་པ་དང་དངོས་པོ་ཉིད་ལ་
སོགས་པ་བཞིན་ནོ། །དེ་ལ་མ་ཆད་པ་གཅིག་གི་ངོ་བོ་གང་ཡིན་པ་དེ་ནི་ཏོག་པ་མེད་པ་ལྟ་བ་ཙམ་གྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ལ། གཅིག་ཤོས་ནི་རྟོག་པ་དང་བཅས་པའོ་ཞེས་བྱ་བ་འདི་ནི་དེ་དག་གི་ལུགས་ཡིན་ནོ། །གཞོན་ནུ་མ་ལེན་གྱིས་ནི་ལྟ་བའི་ཤེས་པ་རྟོག་པ་མེད་པ་གསལ་བ་རང་གི་
མཚན་ཉིད་ཀྱི་ཡུལ་ཅན་ཡིན་ལ། སྤྱིའི་ཡུལ་ཅན་ནི་རྟོག་པ་དང་བཅས་པའི་མངོན་སུམ་དུ་བརྗོད་དོ། །འདིར་ལེགས་པའི་བློ་གྲོས་དང་གཞོན་ནུ་མ་ལེན་ལ་སོགས་པས་མངོན་པར་འདོད་པའི་ལྟ་བ་ཙམ་གྱིས་མངོན་སུམ་དགག་པའི་ཕྱིར། གལ་ཏེ་དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དེ་སྐད་དུ་སྨྲས་པ་ལ་དབང་པོའི་མདུན་ན་གནས་པའི་དོན་ཙམ་པོ་དེ་ཅི་རང་གི་ངོ་བོས་དོན་གཞན་མེད་པས་ཁྱད་པར་དུ་བྱས་པ་འཛིན་ནམ། འོན་ཏེ་མ་ཡིན་ཞེས་བྱ་བ་འདི་དྲི་བར་བྱའོ། །གལ་ཏེ་འདི་མ་ཡིན་ནོ་ཞེས་སྨྲ་ན། འདིར་བརྗོད་པ། གལ་ཏེ་དོན་གཞན་རྣམ་གཅོད་པའི། །ངོ་བོས་འཛིན་པ་མ་
ཡིན་ན། །བརྗོད་པར་འདོད་པའི་དོན་གཞན་གང་ཡིན་པ་དེ་ལས་རྣམ་པར་གཅད་པ་དེ་ལ་ཡོད་པ་མ་ཡིན་ནོ། །བརྗོད་པར་འདོད་པའི་དོན་ལ་གནས་པའི་ངོ་བོ་གང་ཡིན་པ་སྟེ། རང་བཞིན་ཁྱད་པར་ཅན་གྱི་དོན་དེ་གལ་ཏེ་འཛིན་པར་འདོད་ན། དེའི་ཚེ་དོན་ཙམ་འཛིན་པར་འགྱུར་བ་ལས་དོན་ཙམ་

གང་ཡིན་པ་དེ་ནི་དོན་གཞན་མི་སྲིད་པར་རང་བཞིན་དང་བྲལ་བ་དེ་ཉིད་འཛིན་པར་འགྱུར་བ་འམ། ཅི་སྟེ་དེ་ཡང་མི་འཛིན་པ་དེའི་ཚེ་འཛིན་པར་མི་འགྱུར། མི་འཛིན་པ་ཁོ་ནར་འགྱུར་རོ། །བུམ་པ་བཞིན་ཞེས་བྱ་བ་ནི་དཔེར་བརྗོད་པའོ། །དེ་ཉིད་ཚིགས་སུ་བཅད་པ་གཞན་གྱིས་བསྟན་
པའི་ཕྱིར། གལ་ཏེ་བུམ་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྡོག་པའི་མཚན་ཉིད་ཀྱིས་བྱས་པའི་བུམ་པ་མེད་པའི་ངོ་བོས་གལ་ཏེ་བུམ་པ་དེ་མི་འཛིན་ན། དེའི་ཚེ་བུམ་པ་ཙམ་ཞིག་འཛིན་པའམ། དངུལ་དང་ཟངས་མ་ལ་སོགས་པའི་ཁྱད་པར་འགའ་ཞིག་གིས་ཁྱད་པར་དུ་
མ་བྱས་པའི་བུམ་པ་ཙམ་ཞིག་འཛིན་པར་འགྱུར་བའམ། ཅི་སྟེ་བུམ་པ་ཙམ་ཡང་འཛིན་པར་མི་འགྱུར་བ་དེའི་ཚེ་མངོན་པར་འདོད་པ་འགའ་ཞིག་ཀྱང་མི་འཛིན་པར་འགྱུར་བས་བུམ་པ་འཛིན་པར་མི་འགྱུར་གྲང་། དེ་བཞིན་དུ་ཁྱད་པར་མ་བཟུང་བའི་དཔེ་དོན་འདི་ལ་ཡང་དོན་ཙམ་འཛིན་པའམ་
མི་འཛིན་པར་འགྱུར་ཞེས་བྱ་བར་ངེས་སོ། །ཅི་སྟེ་ཕྱོགས་དང་པོ་ཡིན་ན། འདིར་སྨྲས་པ། གཟུང་བར་བྱ་བ་གཞན་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་དབང་པོའི་ཤེས་པ་གཞན་ལ་མེད་པའི་རང་བཞིན་ངོ་བོས་ཁྱད་པར་དུ་བྱས་པའི་དོན་འཛིན་པར་འདོད་ན། དེའི་ཚེ་རྟོག་པ་དང་བཅས་པ་ཉིད་
དུ་འགྱུར་ཏེ། ངོ་བོ་འགའ་ཞིག་གིས་ཁྱད་པར་དུ་བྱས་པའི་དོན་འཛིན་པའི་ཕྱིར་འདི་ནི་ཤིང་ངོ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་བཞིན་ནོ། །འདི་སྙམ་དུ་གང་ཞིག་རང་གི་ངོ་བོས་ཁྱད་པར་ཅན་དུ་གཟུང་བར་བྱ་བ་དོན་ཙམ་ཞེས་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཁྱོད་ཀྱིས་ཁྱད་པར་དུ་
མངོན་པར་འདོད་པ་ཁྱད་པར་ཅན་གྱི་ངོ་བོ་གང་ཡིན་པ་དེ་ཉིད་ཡོད་པ་ཡང་ཡིན་ལ་འཛིན་པ་ཡང་ཡིན་ནོ་སྙམ་ན། དེའི་ཕྱིར། སྤྱི་ཡིས་རེག་པ་མ་ཡིན་པའི། །ཁྱད་པར་འགའ་ཡང་ཡོད་མ་ཡིན། །ཞེས་བྱ་བ་སྨོས་ཏེ། གང་ཞིག་ཡོད་པ་ཞེས་བྱ་བས་བརྗོད་པ་དོན་ཙམ་ཞེས་བྱ་བ་སྤྱིར་བརྗོད་དེ།
གང་ཞིག་གཟུང་བར་བྱ་བ་དེ་ལ་ལྟོས་པ་མེད་པའི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་ཁྱོད་ཀྱི་ལུགས་ཀྱིས་གལ་ཏེ་སྤྱི་དེ་ཡོད་ན་ཡང་འཛིན་པའི་དུས་སུ་དེ་ལ་མི་རེག་གོ་ཞེ་ན། གལ་ཏེ་འཛིན་ཚེ་དེ་མ་རེག །དངོས་པོར་མེད་ཕྱིར་གཟུང་བྱའམ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་

ཡོད་པ་ཞེས་བྱ་བའི་ཕྱིར་དེ་འཛིན་པའི་དུས་ན་དབང་པོའི་ཤེས་པས་མི་རེག་གི་ཁྱད་པར་ཙམ་ཉིད་འཛིན་པ་དེའི་ཚེ། ཁྱད་པར་ཙམ་འཛིན་པ་དེ་ནི་ཡོད་པ་ཞེས་བྱ་བའི་དངོས་པོ་དང་བྲལ་བར་རང་བཞིན་གྱིས་སྟོང་པ་རང་བཞིན་མེད་པར་འགྱུར་བའི་ཕྱིར་དབང་པོའི་ཤེས་པའི་གཟུང་
བར་བྱ་བར་མི་འགྱུར་རོ། །དངོས་པོ་མེད་པའི་ཕྱིར་ཏེ། དངོས་པོ་དང་བྲལ་བའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བའོ། །དེ་ལྟ་བས་ན་ཁྱད་པར་ཅན་གྱི་ཡུལ་ཅན་གྱི་བློ་ཡིན་ཞིང་ཡང་རྟོག་པ་ཡང་མ་ཡིན་ནོ་ཞེས་ཚད་མས་གནོད་པ་ཁས་ལེན་པ་ན་ཁྱོད་ཀྱི་འདི་གཟུ་ལུམས་ཡིན་ནོ་ཞེས་མཇུག་
སྡུད་པ་ཡིན་ནོ། །འདི་ཉིད་ལ་འཐད་པ་བཤད་པ། ཁྱད་པར་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱིག་པ་དང་འབྲེལ་པ་མེད་པར་དེ་དང་ལྡན་པར་འགྱུར་བ་མ་ཡིན་པ་དེ་བཞིན་དུ་ཁྱད་པར་དང་འབྲེལ་པ་ཅན་ཡང་རིགས་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་བས་ན་གང་ཞིག་
ཁྱད་པར་དང་འབྲེལ་པ་འཛིན་པ་དེ་ནི་རྟོག་པ་དང་བཅས་པ་ཞེས་བྱའོ། །སྦྱོར་བ་ནི་རྩོད་པའི་གཞིར་གྱུར་བའི་ཁྱད་པར་ཅན་གྱི་ཡུལ་ཅན་གྱི་ཤེས་པ་ནི་རྟོག་པ་དང་བཅས་པ་ཡིན་ཏེ། ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར་འདི་བུམ་པའོ་སྙམ་པ་སོགས་པའི་ཤེས་པ་བཞིན་ནོ། །རིགས་མཐུན་
རིགས་མ་མཐུན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེའི་ཕྱིར་འདིར་གལ་ཏེ་ཐ་དད་པའི་ཕྱིར་ཁྱད་པར་དང་འབྲེལ་པ་ལས་ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡིན་ན། དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། འདི་ལྟར་གང་
གིས་དེ་དང་འབྲེལ་པ་གཟུང་བ་ལས་ཁྱད་པར་ཅན་གྱི་ཡུལ་ཅན་གྱི་ཤེས་པར་འགྱུར་བ་སངས་རྒྱས་པ་ལ་ཁྱད་པར་ཞེས་བྱ་བ་ཅུང་ཟད་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞིག་ན། རིགས་མཐུན་པ་དང་རིགས་མི་མཐུན་པ་དག་ལས་ལྡོག་པའི་དོན་ཙམ་འཛིན་པས་ཁྱད་པར་གྱི་ཡུལ་ཅན་གྱི་ཤེས་པ་
འཛིན་པར་འདོད་པ་དེ་ཁས་ལེན་པ་ཡིན་ནོ། །འོ་ན་འདི་ནི་ཁྱད་པར་ཡིན་ནོ། །འདི་ནི་ཁྱད་པར་ཅན་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དང་ཐ་དད་པ་ཇི་ལྟར་ཡིན་ཞེ་ན། ཐ་དད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་ནི་རིགས་མཐུན་པ་དང་རིགས་མི་མཐུན་པ་དག་ལས་ལྡོག་པ་ཡིན་ལ།

དེ་ཡང་ལོག་པ་ལས་གཞན་མ་ཡིན་ནོ། །དངོས་པོ་ཉིད་ཁྱད་པར་གཞན་སྤངས་ནས་དེ་ཙམ་ཤེས་པར་འདོད་པ་ན་དེ་སྐད་ཅེས་བྱའོ། །འདི་སྙམ་དུ་གལ་ཏེ་རིགས་མཐུན་པ་དང་རིགས་མི་མཐུན་པ་དག་ལས་ཐ་དད་པའི་དངོས་པོ་འཛིན་ན་འོ་ན་འཛིན་པ་ངེས་པར་རྟོགས་པ་དང་བཅས་པར་འགྱུར་ཏེ།
འདིར་ཐ་དད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་འཇུག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཇི་ལྟར་འདིའི་ཡུལ་དུ་འགྱུར། གལ་ཏེ་གཞན་གྱི་རྣམ་པས་འཇུག་པར་འགྱུར་ན། གཞན་གྱི་རྣམ་པས་འཇུག་པ་ནི་དེའི་ཡུལ་ཅན་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཞེས་
དོགས་པ་བསུ་ནས། དེ་ནི་ཐ་དད་ཅེས་སྒྲ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་ཇི་ལྟར་ཐ་དད་ཅེས་བརྗོད་ཅེ་ན། རང་བཞིན་ལས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ལས་གཞན་པ་དངོས་པོ་མ་ལུས་པ་གང་དག་ཡིན་པ་དེ་དག་ལས་ལྡོག་པ་ཐ་དད་པ་གཟུང་བ་ན་ཐུན་
མོང་མ་ཡིན་པའི་སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བའི་ཕྱིར་ཕྱིས་ཐ་དད་པར་ངེས་པའི་སྒྲའི་རྣམ་པའི་རྗེས་སུ་བྱེད་པ་ཐ་དད་པ་ཞེས་བརྗོད་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བ་ཡིན་ནོ། །གང་གིས་ཐ་དད་པ་ཞེས་མིང་སྦྱོར་བ་མ་བཟུང་བ་ན་མི་འཛིན་པར་འགྱུར་བ་དངོས་པོ་བརྗོད་པའི་རང་བཞིན་ནམ་
དེ་དང་ལྡན་པའི་བདག་ཉིད་ཀྱང་མ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ། །ཅི་སྟེ་དོགས་པའི་དབང་གིས་ཁྱད་པར་དུ་བྱས་པའི་ཁྱད་པར་ཅན་གྱི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡིན་ན། ཁྱད་པར་དོན་གཞན་དང་འབྲེལ་པ་མེད་པའི་ཕྱིར།
དེའི་ཚེ་ཡང་རང་ཉིད་ཀྱིས་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་གྱི་སྤྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིའི་ངོ་བོ་ནི་གཉིས་ཏེ། ཁྱད་པར་གྱི་རྣམ་པར་བཅད་པའི་ངོ་བོ་དང་། རྣམ་པར་མ་བཅད་པའི་ངོ་བོའོ། །དེ་ལ་རྣམ་པར་བཅད་པའི་ངོ་བོ་གང་ཡིན་པ་དེ་ནི་རྣམ་པར་
རྟོག་པ་མེད་པའི་ཤེས་པའི་གཟུང་བར་བྱ་བ་འདོད་དོ། །དེ་ལ་ཡང་ནི་སྤྱི་ལའོ། །འདི་དང་རྣམ་པར་རྟོག་པ་ནི་ཤེས་པས་གཟུང་བར་བྱ་བ་འདི་དང་མཚུངས་སོ། །ཇི་ལྟར་ཞེ་ན། ཅི་དེ་ཁྱད་པར་ཉིད་ལས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཁྱད་པར་ལས་ཁྱད་པར་ཅན་དེ་ལྡོག་པའི་

ཕྱིར་རྟོགས་ཏེ། དེ་ལྟ་མ་ཡིན་ཏེ། གལ་ཏེ་དེས་མི་ལྡོག་ན་ནི་སྤྱི་ཉིད་དུ་མི་འགྱུར་རོ། །དེ་ལྟ་ཡིན་དང་སྤྱི་འདི་ཁྱད་པར་ལས་ལྡོག་པར་འཛིན་པའི་ཤེས་པ་རྟོག་པ་དང་བཅས་པར་འགྱུར་ཏེ། ཁྱད་པར་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཁྱེད་ཀྱི་ལུགས་ཀྱིས་འགྱུར་བ་ཡང་
མ་ཡིན་ཏེ། དེ་ལྟ་བས་ན་རང་ཉིད་ཀྱིས་མ་ངེས་པ་ཡིན་ནོ། །འདིར་ལེགས་པའི་བློ་གྲོས་དེ་ཉིད་ཀྱིས་རང་ཉིད་ཀྱི་དོགས་པ་བསུ་ནས། ཕྱིས་གཏན་ཚིགས་མ་ངེས་པ་ཉིད་ཀྱིས་ལན་འདེབས་པར་བྱེད་པར་གྲག་གོ། །དེ་ཉིད་སྟོན་པ་ནི། གལ་ཏེ་ཁྱད་པར་མེད་ཅེས་བྱ་བ་ལ་སོགས་པའོ། །
གང་ཞིག་རང་གི་ངོ་བོའི་ཁྱད་པར་ཅན་བཟུང་བ་ན་རྟོག་པ་དང་བཅས་པའི་ཤེས་པའི་སྤྱོད་ཡུལ་དུ་འགྱུར་བ་ཁྱད་པར་དག་ལས་མ་གཏོགས་པའི་རང་གི་ངོ་བོ་སྤྱི་ཞེས་བྱ་བ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་གྱི་འོན་ཀྱང་ཁྱད་པར་མེད་པར་གཟུང་བའི་ཐ་དད་པ་ཉིད་སྤྱི་ཞེས་བྱའོ། །སོ་སོར་ངེས་པའི་རང་
གི་ངོ་བོ་ལ་ལྟོས་པ་མེད་པར་རྟོགས་པ་ནི་སྤྱིའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ཡིན་དང་གང་གིས་ཏེ་འཛིན་པར་བྱེད་པ་རྟོག་པ་དང་བཅས་པར་འགྱུར་བ་ཁྱད་པར་དེ་ལས་སྤྱི་ཁྱད་པར་ཅན་ཉིད་ག་ལས་ཡིན། འོ་ན་ཇི་ལྟར་སྤྱི་དང་ཁྱད་པར་དག་མ་འཆོལ་བ་ཉིད་དུ་རྣམ་པར་གཞག་ཅེ་ན།
མི་འདྲ་བ་དང་མཚུངས་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་དེ་དག་ཉིད་འདྲ་བ་དང་མི་འདྲ་བ་ཉིད་ཀྱིས་ཤེས་པར་བྱ་བ་གོ་རིམས་བཞིན་དུ་སྤྱི་དང་ཁྱད་པར་ཉམས་སུ་མྱོང་བ་བརྗོད་པ་ཉམས་སུ་མྱོང་ནས་སྤྱི་དང་ཁྱད་པར་གྱི་ཐ་སྙད་དག་ཡུལ་ཐ་དད་པར་རྟོགས་པར་བྱེད་དོ། །གལ་ཏེ་
འདྲ་དང་མི་འདྲ་བའི། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །ཐ་དད་པ་ཞེས་བྱ་བར་ནི་མ་འདྲེས་པའོ། །སྤྱི་ཡང་གཞན་ཉིད་ཡིན་ལ། ཁྱད་པར་ཡང་གཞན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྤྱི་ཁྱད་པར་ལས་ཁྱད་པར་ཅན་ཡིན་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་
ཡིན་ཏེ། དེ་བཞིན་དུ་ཁྱད་པར་ཡང་སྤྱི་ལས་ཁྱད་པར་ཅན་ཉིད་ཡིན་ནོ། །གཉི་ག་ཡང་ཕན་ཚུན་རང་གི་ངོ་བོས་དབེན་པས་ཐ་དད་པའི་ཕྱིར་རོ། །མ་འཆོལ་བར་གནས་ཞེས་བྱ་བ་མ་འདྲེས་པར་གྱུར་པའོ། །ཇི་སྐད་དུ་ལེགས་པའི་བློ་གྲོས་དེ་ཉིད་ཀྱིས་ཡོད་པ་ལ་སོགས་པའི་ཕྱིར་སྤྱིའི་རང་བཞིན་

དང་ལྡན་པ་ཉིད་ཀྱིས་ཁྱད་པར་མངོན་སུམ་དུ་བྱེད་ཀྱི། རྣམ་པ་གཞན་དུ་མ་ཡིན་ཏེ། དེའི་ཕྱིར་ཁྱད་པར་རྣམ་པར་རྟོག་པའི་ཡུལ་ཉིད་ཀྱི་ངོ་བོར་རིགས་ཀྱི་སྤྱི་ནི་ཁྱད་པར་མ་ལུས་པ་ལས་ལྟོས་པ་མེད་པར་མངོན་སུམ་དུ་བྱ་བར་ནུས་པའི་ཕྱིར་འདི་རྟོག་པ་མེད་པའི་ཡུལ་ཉིད་དུ་འགལ་བ་མེད་དོ་
ཞེས་བཤད་པ་ལྟ་བུ་སྟེ། འདིར་མ་འཆོལ་བར་གནས་པར་མི་འགྱུར་རོ། །ཐ་དད་པར་ཡང་མ་ཡིན་ལ་དབྱེར་མེད་པར་ཡང་མ་ཡིན་པར་འདོད་དོ་ཞེ་ན། ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་རྣམས་ནི་རང་བཞིན་གཅིག་དགག་པ་
རང་བཞིན་གཞན་སྒྲུབ་པ་མེད་ན་མི་འབྱུང་བའི་ཕྱིར་ཕུང་པོ་གཞན་ཡོད་པ་མ་ཡིན་ནོ། །གཞན་ཡང་ཁྱད་པར་མེད་པ་གཟུང་བ་དང་ཐ་དད་པ་ཞེས་བྱ་བ་ཕན་ཚུན་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཁྱད་པར་བདག་ཉིད་མ་གཏོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་དག་
ལས་ཁྱད་པར་གཞན་མ་ཡིན་ཏེ། ཁྱད་པར་དེ་ཡང་སྤྱི་འཛིན་པའི་ཤེས་པས་མ་རེག་ན་ཇི་ལྟར་ཐ་དད་པ་དག་ངེས་པར་འཛིན་པར་འགྱུར། མ་བཟུང་ན་ནི་དངོས་པོ་ཐ་མི་དད་པའི་ཕྱིར་དེ་དག་ཀྱང་མི་འཛིན་པ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་འཛིན་པ་ཞེས་བྱ་བར་འདོད་ན་དེའི་ཚེ་དེའི་ངོ་བོས་
རེག་ན་སྟེ། ཐ་དད་པའི་ངོ་བོས་རེག་ན་བཟུང་ན་གཟུང་བ་དང་ཐ་མི་དད་པའི་ཕྱིར་བཟུང་བའི་རང་གི་ངོ་བོ་བཞིན་དུ་ཁྱད་པར་ཡང་བཟུང་བ་ཉིད་ཡིན་པའི་ཕྱིར་ཐ་དད་པ་འདི་དག་ལ་སྤྱི་དང་ཁྱད་པར་ཉིད་དུ་མངོན་པར་འདོད་པའི་ཤེས་པ་གང་ཡིན་པ་དེ་རྣམ་པར་རྟོག་པར་འགྱུར་རོ། །གཞན་ཡང་སྤྱིའི་ཁྱད་
པར་དང་ཐ་མི་དད་པའི་ཕྱིར་ཏེ་དེ་ལས་ཁྱད་པར་ཅན་ཉིད་དུ་མ་གྱུར་མོད། དེ་ལྟ་ན་ཡང་རི་བོང་གི་རྭ་ལ་སོགས་པ་ཉེ་བར་བརྗོད་པ་མེད་པ་ལས། དེ་ཁྱད་པར་ཅན་ཉིད་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་ཤེས་པ་གཟུང་བར་བྱ་བར་འགྱུར་བ་མ་ཡིན་ཏེ། དེ་ལྟ་བས་ན་མ་ངེས་པ་ཉིད་ཡིན་ནོ་ཞེས་བསྟན་
པའི་ཕྱིར། གང་ཕྱིར་ཉེ་བར་རྗོད་བྱེད་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སྤྱི་དེ་དངོས་པོ་མེད་པ་ལས་ཁྱད་པར་ཡོད་པ་མ་ཡིན་ལ་འདྲ་བ་ཡང་མ་ཡིན་ཏེ། འདི་ལྟར་མེད་པ་གང་ཡིན་པ་དེ་ནི་ཅི་ཡང་མ་ཡིན་པར་བརྟག་པ་དེ་འདྲ་བ་དེ་ཡང་སྤྱི་ལས་ཁྱད་པར་ཅན་ཉིད་མ་ཡིན་ལ་

མཚུངས་པ་ཡང་མ་ཡིན་ཏེ། དངོས་པོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་སྟོང་པ་ཞེས་དེ་སྤྱི་ལས་ཁྱད་པར་ཅན་དུ་འགྱུར་བ་དེ་ཡང་དངོས་པོ་ཉིད་དུ་འགྱུར་ཏེ། དངོས་པོ་མེད་པ་ལ་ནི་ཁྱད་པར་དུ་བརྗོད་པའི་རང་བཞིན་ཉིད་སྲིད་པ་མ་ཡིན་ནོ། །ཁྱད་པར་དུ་བརྗོད་
པའི་རང་བཞིན་མེད་པ་ཡང་ཁྱད་པར་ཅན་དུ་བརྗོད་པར་མི་ནུས་ཤིང་། དངོས་པོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་མེད་པ་ལ་ནི་སྤྱིའི་ངོ་བོ་འགའ་ཞིག་ཡོད་པ་མ་ཡིན་ལ། སྤྱིའི་ངོ་བོ་མེད་པ་ལས་མཚུངས་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་
སྟོང་པ་སྤྱིའི་ལྡོག་མཚམས་སུ་བྱས་ནས་མཚུངས་པ་འམ། ཁྱད་པར་ཅན་ཉིད་རིགས་པ་མ་ཡིན་ཏེ། འདི་ལྟར་གང་ཞིག་འདི་ལྡོག་མཚམས་སུ་བྱས་ནས་མཚུངས་པའམ། ཁྱད་པར་ཅན་དུ་འགྱུར་བ་དེས་ན་དེ་ཡང་ལྡོག་མཚམས་དང་མཚུངས་པ་དང་མི་འདྲ་བར་སྣང་བར་འགྱུར་རོ། །གལ་ཏེ་
ལྡོག་མཚམས་དེ་དེས་མཚུངས་པའམ་མི་འདྲ་བར་སྣང་བར་མ་གྱུར་ན། ཅིག་ཤོས་ལྡོག་མཚམས་དང་ལྡན་པ་ཡང་མཚུངས་པའམ་མི་འདྲ་བར་སྣང་བར་མི་འགྱུར་རོ། །གཞན་ཡང་མེད་པ་ཞེས་བྱ་བ་དངོས་པོ་ལས་ཐ་དད་པ་འགའ་ཡང་ཡོད་པ་མ་ཡིན་གྱི། དངོས་པོ་ཉིད་དངོས་པོ་གཞན་མ་
ཡིན་པའི་ཕྱིར་དངོས་པོ་མེད་པར་བརྗོད་པ་ཡིན་ནོ། །དེས་ན་འདི་དག་ལས་ཁྱད་པར་ཅན་ཡིན་ཞེས་ལེགས་པའི་བློ་གྲོས་ཀྱིས་སྨྲས་པ། དེ་ཐམས་ཅད་ཞེ་ལ་བཞག་ནས། དངོས་པོས་ཁྱད་པར་ཞེས་བྱ་བ་སྨོས་སོ། །དངོས་པོ་གང་ཞིག་དངོས་པོ་ལས་ཁྱད་པར་ཅན་ཉིད་ཡིན་ཏེ། དེ་ནི་ཅུང་ཟད་ཀྱང་
གཞན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ཉིད་ཡིན་ཏེ། དེའི་བདག་ཉིད་མ་ཡིན་པ་མཚན་ཉིད་ཐ་དད་པ་ཞེས་བྱ་བའི་ཐ་ཚིག་གོ། །སྤྱི་དེ་ཡང་རི་བོང་གི་རྭ་ལ་སོགས་པ་མེད་པ་ལས་མཚུངས་པ་ཉིད་ཡིན་ཏེ། འདི་ལྟར་རི་བོང་གི་རྭ་ལ་སོགས་པ་དོན་གྱི་བྱ་བ་བྱེད་པ་ཐམས་ཅད་བྲལ་བའི་མཚན་ཉིད་མེད་པ་
ཡིན་ལ། སྤྱི་ནི་འདི་ལྟར་མི་འདོད་པའི་ཕྱིར་འདི་དེ་ལས་ཁྱད་པར་ཅན་ཡིན་པར་གསལ་རབ་པ་ཡིན་ནོ། །དེ་བས་མེད་པ་ལས་ཀྱང་ཁྱད་པར་ཅན་དུ་ཞུགས་ལ་མེད་པ་དངོས་པོ་ཉིད་དུ་ཐལ་བར་ཡང་མི་འགྱུར་བའི་ཕྱིར་འདི་ནི་སྤྱི་ཡང་མ་ཡིན་ནོ། །གང་ཡང་མེད་པ་ཞེས་པ་གཞན་ནི་མ་ཡིན་གྱི་ཞེས་བྱ་བ་ལ་

སོགས་པ་དེ་ལ། དེས་རང་གིས་སྨྲས་པའི་དོན་རྣམ་པར་མ་དཔྱོད་པ་ཡིན་ཏེ། འདི་ལྟར་དངོས་པོ་ཉིད་དངོས་པོ་གཞན་མ་ཡིན་ནོ་ཞེས་སྨྲས་པ་ན། དེ་དངོས་པོ་གཞན་ལས་ཁྱད་པར་ཅན་དུ་བསྟན་པ་ཡིན་ཏེ། དེ་ལས་ལྡོག་པར་བརྗོད་པའི་ཕྱིར་རོ། །འདི་ནི་རྨོངས་པའི་རྣམ་རོལ་པ་ཡིན་པས་ཧ་ཅང་
ཐལ་བར་འགྱུར་བས་ཆོག་གོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཚད་མའི་འབྲས་བུ་ཉེ་བར་སྡུད་པ་ཡིན་ནོ། །དང་པོར་ཡོད་པའི་ལྟ་བ་པོ། །ཞེས་བྱ་བ་ལ་སོགས་པ་པས་གཞོན་ནུ་མ་ལེན་གྱི་ལུགས་བསྟན་པའི་སྒོ་ནས་གང་ཞིག་གང་གི་ངོ་བོར་རྣམ་པར་གཞག་པའི་རྒྱུ་མཚན་མེད་དོ་ཞེས་བྱ་བ་ལ་སོགས་
པའི་གཏན་ཚིགས་ཀྱི་སྦྱོར་བ་ལ་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པའི་དོགས་པ་བསུ་བ་ཡིན་ནོ། །འདི་ལྟར་མངོན་སུམ་ཐམས་ཅད་ཕྱོགས་སུ་བྱས་པ་དེ་ལ་མངོན་སུམ་ཞེས་བྱ་བའི་ཆོས་ཅན་ཐམས་ཅད་རྟོག་པ་དང་བཅས་པ་ཉིད་དུ་རྣམ་པར་གཞག་པའི་རྒྱུ་མཚན་ཁྱད་པར་དང་ཁྱད་པར་ཅན་
གྱི་དོན་འཛིན་པ་མེད་དོ་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་སྟེ། ལྟ་བ་ལས་མ་གཏོགས་པའི་མངོན་སུམ་གཞན་ལ་སྤྱི་ལ་སོགས་པའི་ཁྱད་པར་དང་ཁྱད་པར་ཅན་གྱི་དོན་འཛིན་པ་ཡོད་པའི་ཕྱིར་རོ། །ཅི་སྟེ་ལྟ་བའི་ཤེས་པ་ཉིད་ཕྱོགས་སུ་བྱས་ནས་གཏན་ཚིགས་སུ་བརྗོད་ན། དེའི་ཚེ་གྲུབ་
པ་ལ་སྒྲུབ་པ་ཡིན་ནོ་སྙམ་དུ་གཞན་དག་སེམས་སོ། །བྱིས་དང་ལྐུགས་སོགས་བློ་འདྲ་བ། །ཞེས་བྱ་བ་ནི་བྱིས་པའི་ཤེས་པ་དང་འདྲ་ཞིང་ལྐུགས་པ་ལ་སོགས་པའི་ཤེས་པ་དང་འདྲའོ། །སོགས་པའི་སྒྲས་བརྒྱལ་བ་ལ་སོགས་པ་གཟུང་ངོ་། །འདྲ་བ་ནི་མངོན་པར་བརྗོད་པའི་ཁྱད་པར་དང་
བྲལ་བ་ཙམ་དུའོ། །དག་པའི་དངོས་པོ་ཡང་སྤྱི་གཉིས་ཀྱིས་དབེན་པའི་ཕྱིར་རོ། །དེ་ཉིད་ཚིགས་སུ་བཅད་པ་གཉིས་པས་གསལ་བར་བྱེད་པ་ནི་ཁྱད་པར་ཅན་མ་ཡིན་ཞེས་བྱ་བ་སྨོས་ཏེ། ཁྱད་པར་ནི་ཉི་ཚེ་བའི་སྤྱི་སྟེ་བ་ལང་ཉིད་ལ་སོགས་པའོ། །སྤྱི་ཞེས་བྱ་བ་ནི་སྤྱི་ཆེན་པོ་སྟེ། དངོས་པོ་ཉིད་ལ་
སོགས་པའོ། །དེ་དག་ནི་གཞིར་གྱུར་པ་ཞེས་བྱ་བ་འདིས་ནི་དག་པའི་དངོས་པོ་བསྟན་ཏེ། །དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་དེ་ཉིད་གསལ་བར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དག་པའི་དངོས་པོ་འཛིན་པའི་དུས་ཕྱིས་སོ། །

བློ་གང་གིས་དངོས་པོ་ངེས་པའི་རིགས་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་སོ། །དེ་ཡང་མངོན་སུམ་ཉིད་དུ་འདོད། །ཅེས་བྱ་བ་དང་། རིགས་ལ་སོགས་པ་ཞེས་བྱ་བ་འདིས་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་དོན་འཛིན་པ་བསྟན་ཏེ། འདིས་ནི་མ་རྟོགས་པའི་དོན་རྟོགས་པ་པོ་
ཉིད་དང་། གཏན་ཚིགས་ཀྱང་མ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་སྐད་ཅིག་མ་གསུམ་པ་ལ་སོགས་པར་རོ། །དེ་དང་འབྲེལ་པའི་རྗེས་འབྲངས་པ། །ཞེས་བྱ་བ་ནི་དབང་པོ་དེ་དང་འབྲེལ་པའི་རྗེས་སུ་འབྲང་བས་སོ། །ཇི་སྙེད་ཅེས་བྱ་བ་ལ་མ་རྟོགས་པའི་དོན་རྟོགས་པ་ཞེས་བྱ་བ་ལྷག་མའོ། །
འདི་སྙམ་དུ་གལ་ཏེ་དང་པོར་དབང་པོའི་བྱེད་པ་དང་ལྡན་པའི་དུས་སུ་རིགས་ལ་སོགས་པའི་ཆོས་དང་ལྡན་པའི་དངོས་པོ་ཐམས་ཅད་མི་སྣང་ན་འོ་ན་དེ་དུས་ཕྱིས་ཀྱང་སྣང་བར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་སྙམ་དུ་སེམས་ན། སྣང་བ་ནས་ནི་ཁྱིམ་ཕུགས་སུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
སྣང་བ་ཞེས་བྱ་བ་ནི་འོད་ཀྱིས་གསལ་བ་ལས་ཏེ། ཞུགས་པའི་མོད་ལ་ཞེས་བྱ་བ་དང་སྦྱར་རོ། །དབང་པོ་ཡིས། མ་རྟོགས་པ་ནི་མ་ཡིན་ནམ། །ཞེས་བྱ་བ་ལ། འོན་ཀྱང་རྟོགས་པ་ཁོ་ནའོ་ཞེས་བྱ་བ་དྲི་བར་བལྟ་བར་བྱའོ། །དེ་ལྟར་དཔེ་བསྒྲུབས་ནས་དཔེའི་དོན་ལ་ཉེ་བར་བསྡུ་བའི་ཕྱིར། ཇི་ལྟར་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཁྱིམ་ཕུགས་སུ་སྣང་བ་ཙམ་རྟོགས་ན་ཕྱིས་སྔོན་པོ་ལ་སོགས་པ་བྱེ་བྲག་ཏུ་རྟོགས་པ་དེ་བཞིན་དུ་སྔར་རང་གི་ངོ་བོས་ཤེས་ནས་ཕྱིས་རིགས་ལ་སོགས་པའི་ཆོས་བྱིས་མངོན་སུམ་དང་ལྡན་པར་འགྱུར་བའི་ཕྱིར་སྐྱོན་མེད་དོ། །འོ་ན་དེ་ལྟ་ན་གལ་ཏེ་ལྟ་བའི་ཤེས་
པ་ལས་ཕྱིས་ཡང་ནས་ཡང་དུ་ཇི་སྙེད་རྟོགས་པ་དེ་ཚད་མ་ཉིད་ཡིན་ན། དེའི་ཚེ་གལ་ཏེ་ལྟ་བའི་ཤེས་པས་འགའ་ཞིག་གིས་བལྟས་ནས་ཕྱིས་མིག་བཙུམས་ཏེ་རིག་ལ་སོགས་པའི་ཆོས་ཀྱིས་རྣམ་པར་རྟོག་པར་བྱེད་པ་དེ་འདི་སྔ་ན་མེད་པའི་རྟོག་པ་ཡོད་པའི་ཕྱིར་དེ་ཡང་མངོན་སུམ་ཉིད་དུ་
འགྱུར་རོ་ཞེ་ན། གལ་ཏེ་འགའ་ཞིག་གིས་བལྟས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བལྟས་ནས་ཞེས་བྱ་བ་ནི་ལྟ་བའི་ཤེས་པས་ཤེས་ནས་སོ། །མིག་ཅེས་བྱ་བ་ནི་བཙུམ་བྱ་དང་རིག་ཅེས་བྱ་བ་ནི་བཙུམས་ཞེས་བྱ་བ་དང་སྦྱར་རོ། །འབྲེལ་པའི་རྗེས་སུ་མི་འབྲང་ཕྱིར། །ཞེས་བྱ་བ་ནི་

དབང་པོ་དང་འབྲེལ་པའི་སྒོ་ནས་མ་སྐྱེས་པའི་ཕྱིར་རོ། །ཇི་སྐད་དུ། ཀུ་མཱ་ལ་རི་ལ་ནི་དེ་ཉིད་ཀྱིས། །དེ་ལྟར་རྣམ་རྟོག་ལམ་དུ་མཚུངས་ན་ཡང་། །གང་དུ་དབང་པོ་དང་འབྲེལ་རྗེས་སུ་འབྲང་། །དེ་ནི་མངོན་སུམ་དེ་བཞིན་འཇིག་རྟེན་ན། །འདི་ནི་མཚན་ཉིད་མེད་ཀྱང་རབ་ཏུ་གྲགས་པ་ཡིན། །ཞེས་སྨྲས་པ་
བཞིན་ནོ། །དེ་ནི་མི་རིགས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། འཛིན་པ་ཡང་ཞེས་བྱ་བའི་ཡང་གི་སྒྲས་ནི་ཁས་ལེན་པ་མ་ཡིན་ཏེ། རེ་ཞིག་འགའ་ཞིག་གི་ཚེ་རིགས་ལ་སོགས་པ་གསལ་བའི་ཕྱིར་དེ་དག་ནི་མེད་པ་ཉིད་ཡིན་པའི་ཕྱིར་དེ་འཛིན་པ་ཚད་མ་ཉིད་དུ་གོ་
བར་ག་ལ་འགྱུར། ཡོད་དུ་ཆུག་མོད་དེ་ལྟ་ན་ཡང་དེ་བཟུང་བ་ན་ལྟ་བའི་ཤེས་པ་ལས་དུས་ཕྱིས་འབྱུང་བའི་ཤེས་པ་རྣམས་རང་གི་མཚན་ཉིད་དུ་མངོན་པར་འདོད་པའི་ཤེས་པ་ཕྱི་མ་ཡང་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རྟོག་པ་མེད་པ་ཉིད་ཡིན་ཏེ། རིགས་ལ་སོགས་པ་རྣམས་རང་གི་མཚན་
ཉིད་ལས་ཐ་མི་དད་པར་ཁས་བླངས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་རང་གི་མཚན་ཉིད་འཛིན་པ་དེ་ནི་རྟོག་པ་མེད་པ་ཡིན་ཏེ། བལྟ་བའི་ཤེས་པ་བཞིན་ནོ། །མངོན་སུམ་ཉིད་དུ་མངོན་པར་འདོད་པའི་ཤེས་པ་ཕྱི་མ་ཡང་རང་གི་མཚན་ཉིད་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་
རང་བཞིན་གྱི་གཏན་ཚིགས་ཏེ། འདི་ནི་ཐལ་བར་སྒྲུབ་པར་བྱེད་པ་ཡིན་ནོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། །གང་གི་ཕྱིར་རང་གི་མཚན་ཉིད་འདི་ནི་བརྗོད་བྱ་མ་ཡིན་ནོ་ཞེས་སྔར་གཞན་སེལ་བར་བསྒྲུབས་ཟིན་ཏོ།། །།མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་
ཡིན་ནོ། །འདི་སྙམ་དུ་རིགས་ཙམ་ཡུལ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ་སྙམ་དུ་སེམས་ན། རིགས་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་གཅིག་ཏུ་ཐ་དད་པ་ཉིད་དུ་འགྱུར་ཏེ་ཞེས་བྱ་བ་ལ་ཁྱད་པར་ཅན་ལས་ཞེས་བྱ་བ་ལྷག་མའོ། །གཞན་གྱིས་འདི་འདོད་པ་
ཡང་མ་ཡིན་ཞེས་བྱ་བ་ནི་ཁྱད་པར་དང་ཁྱད་པར་ཅན་གཅིག་ཏུ་ཐ་དད་པ་ཉིད་དུ་ཅི་ལྟར་མི་འདོད་ཅེ་ན། ཇི་སྐད་བཤད་ཅེས་བྱ་བ་སྨོས་ཏེ། དེ་ཉིད་ཀྱིས་ཞེས་བྱ་བ་ལྷག་མའོ། །དེ་གང་ཡིན་ཞེ་ན། གལ་ཏེ་ཁྱད་པར་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་གྲངས་ཀྱི་ཐ་དད་པ་ཡང་ཁས་ལེན་པའི་

ཕྱིར་གཅིག་ཏུ་ཞེས་བཤད་དོ། །འདི་ལྟར་དེ་ནི་རིགས་ལ་སོགས་པ་ཐ་དད་པ་དང་ཐ་མི་དད་པའི་རང་བཞིན་དུ་འདོད་ཀྱི་གཅིག་ཏུ་ཐ་དད་པ་མ་ཡིན་ལ་ཐ་མི་དད་པ་ཡང་མ་ཡིན་ནོ། །དེ་སྐད་དུ་ཡང་བློ་ཐ་དད་ཕྱིར་གཟུགས་ལ་སོགས་པ་གཅིག་ཏུ་ཐལ་བར་འགྱུར་བའམ། གཅིག་དང་དུ་
མ་ཉིད་འདོད་མིན། །ངོ་བོ་ཡོད་སོགས་ཐ་དད་ཕྱིར། །ཞེས་བཤད་དོ། །ཡང་སྨྲས་པ། རིག་འདི་གསལ་བ་དག་ལས་འདི། །གཞན་ཉིད་དུ་ནི་གནས་པ་མིན། །ཞེས་སོ། །གཞན་ཉིད་ཅེས་བྱ་བ་ནི་ཕ་རོལ་ཉིད་དོ། །རང་དང་རྗེས་མཐུན་ཞེས་བྱ་བ་ནི་ཁྱད་པར་གྱི་རང་གི་ངོ་བོ་བསྒྲུབ་པའོ། །གང་གི་ཕྱིར་ཉེ་
བར་བསྒྲུབ་པའི་ཁྱད་པར་ཅན་འཛིན་པར་བྱེད་པ་ནི་ཁྱད་པར་ཞེས་བྱ་སྟེ། གཞན་དུ་ན་ཁྱད་པར་དུ་མི་འཐད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་སྐད་དུ། གང་གིས་རང་བློས་ཁྱད་པར་ཅན། །སྒྱུར་བྱེད་དེ་ནི་ཁྱད་པར་ཡིན། །ཞེས་བཤད་པ་བཞིན་ནོ། །ཡང་ཅི་སྟེ། ཤེས་པ་ཕྱི་མ་རྣམས་
ནི་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་ཀྱིས་གཉི་ག་ཡང་ཡུལ་ཡིན་པའི་ཕྱིར་རང་གི་མཚན་ཉིད་ཙམ་འབའ་ཞིག་ཡུལ་ཉིད་དུ་མ་གྲུབ་བོ་སྙམ་ན། ཤེས་པ་གཅིག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་གཅིག་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དག་གིས་རིགས་པར་བྱེད་པ་མ་
ཡིན་ཏེ། འདི་ལྟར་ཤེས་པ་གཅིག་པོ་དེ་རྟོག་པ་དང་བཅས་པ་ཡིན་ནམ་རྟོག་པ་མེད་པ་ཡིན་གྲང་། དེ་ལ་རྟོག་པ་དང་བཅས་པ་ཡིན་ན་སྔ་མ་སྟེ་སྔར་བཤད་པའི་རང་གི་མཚན་ཉིད་རིགས་པ་དེ་ཤེས་པར་མི་འགྱུར་རོ། །གཞན་དངོས་ལ་ཞེས་བྱ་བ་ནི་རྟོག་པ་མེད་པའི་ཕྱོགས་ལའོ། །ཕྱི་
མའི་ཞེས་བྱ་བ་ནི་སྤྱིའི་བདག་ཉིད་རིགས་པར་མི་འགྱུར་རོ། །དེ་ལྟ་ཡིན་ན་རེ་ཞིག་རང་གི་མཚན་ཉིད་ཡུལ་ཡིན་པའི་ཕྱིར་ཤེས་པ་ཕྱི་མ་རྣམས་རྟོག་པ་དང་བཅས་པ་ཉིད་དུ་མི་འགྱུར་བར་བསྒྲུབས་ནས། ད་ནི་རྟོག་པ་དང་བཅས་པ་ཉིད་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་བཟུང་ཟིན་པ་འཛིན་པའི་ཕྱིར་དེ་དག་
ཚད་མ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཅིག་ཏུ་གཞན་ཉིད་མེད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རིགས་ལ་སོགས་པ་གཅིག་ཏུ་གསལ་བ་ལས་གཞན་ཉིད་དུ་མི་འདོད་དེ། ཇི་སྐད་དུ། རིགས་སོགས་གསལ་བ་དག་ལས་ནི། །གཞན་ཉིད་དུ་ནི་

གནས་པ་མིན། །ཞེས་བཤད་པ་ལྟ་བུའོ། །དེ་ལྟ་ཡིན་དང་དང་པོ་ཉིད་ཀྱིས་ལྟ་བའི་ཤེས་པས་རིགས་ལ་སོགས་པ་གཟུང་བའི་ཕྱིར་དྲན་པའི་ཤེས་པ་བཞིན་དུ་བཟུང་ཟིན་པའི་དོན་འཛིན་པའི་ཕྱིར་ཕྱིས་རིགས་ལ་སོགས་པའི་ཆོས་ངེས་པའི་ཤེས་པ་ནི་ཚད་མ་མ་ཡིན་པ་ཉིད་དུ་རིགས་སོ། །སྦྱོར་བ་ནི་
གང་བཟུང་ཟིན་པ་འཛིན་པའི་ཤེས་པ་དེ་ནི་ཚད་མ་མ་ཡིན་ཏེ། དྲན་པ་བཞིན་ནོ། །མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ཡང་བཟུང་ཟིན་པ་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་སོ། །དེའི་ཕྱིར་འདིར་གལ་ཏེ་སྒྲོ་བཏགས་པའི་ཡུལ་རྣམ་པར་དཔྱད་
པས་བཟུང་ཟིན་པ་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡིན་ན་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཅི་སྟེ་ཅི་ཞིག་ལྟ་བ་བཟུང་ཟིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་ཡིན་ན་དེའི་ཚེ་རྗེས་སུ་དཔག་པས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྤྱིའི་ངོ་བོ་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། འདི་ལྟར་དང་པོར་ལྟ་བའི་ཤེས་པས་འདྲེས་པའི་ངོ་བོར་རྟོགས་ཀྱི། ངེས་པའི་ངོ་བོས་ནི་མ་ཡིན་ནོ། །ཕྱི་མ་ཕྱི་མ་ནི་ངེས་པའི་ཚད་མ་ཡིན་ཏེ་རྗེས་སུ་དཔག་པ་བཞིན་དུ་སྒྲོ་འདོགས་རྣམ་པར་དཔྱོད་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་མངོན་སུམ་གྱིས་བཟུང་ཟིན་པའི་སྒྲ་
ལ་སོགས་པའི་ཆོས་ཅན་ལ་བྱས་པ་ལ་སོགས་པའི་རྟགས་ཀྱིས་མི་རྟག་པ་ཉིད་ངེས་པ་ན་ཚད་མར་འགྱུར་བ་དེ་བཞིན་དུ་ངེས་པར་སྒྲོ་འདོགས་པ་རྣམ་པར་དཔྱོད་པའི་ཡུལ་ཅན་དུ་གྱུར་པ་ཡིན་ཏེ། འདི་ལྟར་ངེས་པར་སྒྲོ་འདོགས་པ་རྣམ་པར་དཔྱོད་པའི་ཡུལ་ཅན་ཡིན་ནོ་ཞེས་བྱ་བ་འདི་ཡང་ཁྱེད་ཅག་དང་
ཡང་རྩོད་པ་མེད་དེ། ཇི་སྐད་དུ། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་བཤད་པ་བཞིན་ནོ། །མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། སྒྲོ་འདོགས་པ་
ཞུགས་པ་རྣམ་པར་གཅོད་པས་རྗེས་སུ་དཔག་པ་ཚད་མ་ཡིན་གྱི་སྒྲོ་འདོགས་པའི་ཡུལ་རྣམ་པར་གཅོད་པ་ཙམ་གྱིས་ནི་མ་ཡིན་ཏེ། དྲན་པ་ཡང་ཚད་མར་ཐལ་བར་འགྱུར་བའི་ཕྱིར་རོ། །མངོན་སུམ་གྱི་རྗེས་ཐོགས་སུ་འབྱུང་བའི་བ་ལང་དཀར་པོ་འགྲོ་བར་ཞེས་བྱ་བ་ལ་སོགས་པའི་རྣམ་པར་

རྟོག་པ་སྒྲོ་འདོགས་པ་ཞུགས་པ་བཟློག་པ་དེ་ནི་ཡོད་པ་མ་ཡིན་ཏེ། བ་ལང་དུ་སྒྲོ་འདོགས་པ་མ་སྐྱེས་པའི་ཕྱིར་རོ། །ཇི་ལྟར་མ་སྐྱེས་ཤེ་ན། མངོན་སུམ་གྱི་ནི་མཇུག་ཐོགས་སུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་ཡང་དག་པར་མ་རིག་པ་སྐྱེ་བ་མེད་
པའི་ཕྱིར་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པར་སྒྲོ་བཏགས་པ་མ་སྐྱེས་པ་ཉིད་དུ་གྲུབ་པོ། །དེ་ལྟར་རིགས་འདི་ཐམས་ཅད་རིགས་ལ་སོགས་པ་ཁས་བླངས་ནས་བརྗོད་ལ། ད་ནི་རིགས་ལ་སོགས་པའི་དོན་དམ་པར་ཡོད་པ་ཉིད་མ་ཡིན་ན་དེའི་ཡུལ་ཅན་ཡིན་པ་ཉིད་ཀྱི་མངོན་
སུམ་རྟོག་པ་དང་བཅས་པ་ཉིད་དུ་ག་ལ་འགྱུར་ཞེས་བསྟན་པའི་ཕྱིར། གང་གིས་རྣམ་པར་རྟོག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ལ་སོགས་པ་གསལ་བ་དག་ལས་རེས་འགའ་ཐ་དད་པའམ། ཐ་མི་དད་པའམ། ཐ་དད་པ་དང་ཐ་མི་དད་པ་ཉིད་ཀྱིས་གཉི་གའི་བདག་ཉིད་
གཅིག་ཡིན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྗེས་འགྲོ་མེད་ཕྱིར་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དངོས་པོ་དུ་མ་ལ་རྗེས་སུ་འཇུག་པའི་ངོ་བོ་ནི་སྤྱིར་བརྗོད་ལ། གང་གིས་དེ་དག་ཉིད་སྤྱིར་འགྱུར་བ་བསལ་བ་འདི་དག་ཕན་ཚུན་རྗེས་སུ་འཇུག་པར་ནི་མ་ཡིན་ནོ། །རྗེས་སུ་འཇུག་
ན་ཡང་སྣ་ཚོགས་ངོ་བོ་གཅིག་ཏུ་འགྱུར་པའི་ཕྱིར་སྤྱི་ཉིད་མེད་པར་ཐལ་བར་འགྱུར་ཏེ། དེའི་རྟེན་ནི་དུ་མ་ཡིན་པའི་ཕྱིར་རོ། །ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། ཐ་དད་ལས་ཐ་དད་པར་མི་སྣང་བའི་ཕྱིར་རོ། །ཐ་དད་ལས་ཞེས་བྱ་བ་ནི་གསལ་བ་ལས་སོ། །མི་སྣང་བ་ནི་མངོན་སུམ་དུ་གྱུར་
པ་ཡང་མ་ཡིན་ཏེ། ཇི་སྐད་དུ། གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །ཤེས་དང་ཐ་དད་མ་ཡིན་པ། །ཇི་ལྟར་འདོད་བཞིན་འབྲང་བར་འགྱུར། །ཞེས་བཤད་པ་བཞིན་ནོ། །ཕྱོགས་གསུམ་པ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་དག་ནི་ཕན་ཚུན་སྤངས་ཏེ་
གནས་པའི་ཕྱིར་རོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དེ་དག་ནི་གཅིག་དགག་པ་ནི་གཞན་སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་ཏེ། དེ་ཉིད་དང་གཞན་དག་ནི་ཕན་ཚུན་སྤངས་ནས་གནས་པའི་ཕྱིར་དང་། གང་ཡང་རུང་བའི་ངོ་བོ་རྣམ་པར་བཅད་ནས་གང་ཡང་རུང་བ་ཡོངས་སུ་

གཅོད་པའི་ཕྱིར་རོ། །དེ་ལྟ་བས་ན་ཕུང་པོ་གསུམ་པ་སྲིད་པ་མ་ཡིན་ནོ། །གལ་ཏེ་མངོན་སུམ་རྟོག་པ་མེད་པ་ཡིན་ན། ཇི་ལྟར་དེས་ཐ་སྙད་དུ་བྱེད། འདི་ལྟར་འདི་ནི་བདེ་བ་སྒྲུབ་པར་བྱེད་པའོ། །འདི་ནི་སྡུག་བསྔལ་སྒྲུབ་པར་བྱེད་པ་ཞེས་བྱ་བ་གལ་ཏེ་ངེས་པ་དེའི་ཚེ་དེ་དག་ཐོབ་པ་དང་སྤངས་པའི་དོན་དུ་
འཇུག་པར་འགྱུར་རོ། །གཞན་ཡང་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱེད་པའི་ཐ་སྙད་ཀྱང་མེད་པར་འགྱུར་ཏེ་འདི་ལྟར་རྗེས་སུ་དཔག་པའི་དུས་སུ་གདོན་མི་ཟ་བར་ཆོས་ཅན་ནམ། ཆོས་ཚད་མ་གཞན་གྱིས་ངེས་པར་གཟུང་བར་བྱ་དགོས་ལ་དེ་ཡང་མ་ངེས་པའི་བདག་ཉིད་ཀྱིས་མངོན་སུམ་
གྱིས་ནི་ངེས་པར་གཟུང་བར་བྱ་བར་མི་ནུས་ལ་རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། ཐུག་པ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཚད་མ་གཞན་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཐ་སྙད་ཐམས་ཅད་ཆད་པར་ཐལ་བར་འགྱུར་ན་དེ་ལྟ་ན་ཡང་མ་ཡིན་ཏེ། དེ་ལྟ་བས་ན་རྗེས་སུ་དཔག་པ་ལ་སོགས་པའི་
ཐ་སྙད་འཇུག་པའི་རྟག་ལས་རྟོག་པ་མེད་པའོ་ཞེས་བྱ་བ་འདི་དམ་བཅས་པ་འདི་རྗེས་སུ་དཔག་པས་གནོད་པ་ཡིན་ནོ་ཞེས་གང་རྩོད་པར་བྱེད་པ་དེ་ལ། དེའི་ཕྱིར་རྣམ་དག་སྐྱེད་ནུས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྒོ་ནས་ཞེས་བྱ་བ་རྣམ་པར་རྟོག་པའི་སྒོ་ནས་སོ། །རྟོག་པ་མེད་ཀྱང་
ངེས་པའི་རྒྱུ་ཡིན་པ་ཉིད་ཀྱིས་ཐ་སྙད་ཐམས་ཅད་ཀྱི་ཡན་ལག་ཏུ་འགྱུར་བ་ཡིན་ཏེ། འདི་ལྟར་མངོན་སུམ་རྟོག་པ་དང་བྲལ་བ་ཡང་རིགས་མཐུན་པ་དང་མི་མཐུན་པ་ལས་ལོག་པའི་མེ་ལ་སོགས་པའི་དོན་དེའི་རྣམ་པར་སྣང་བ་སྐྱེ་བ་ལས་རྣམ་པར་གཅོད་པ་སྐྱེ་བ་ཡིན་ཏེ། དེ་ཡང་ངེས་པའི་ངོ་བོར་རྣམ་
པར་གནས་པའི་དངོས་པོ་འཛིན་པའི་ཕྱིར་དང་། རིགས་མི་མཐུན་པ་ལས་ལྡོག་པའི་དངོས་པོའི་རྣམ་པའི་རྗེས་སུ་བྱེད་པའི་ཕྱིར་དངོས་པོ་དེ་ཉིད་ལ་འདི་ནི་མེ་ཡིན་གྱི་ཤིང་མྱ་ངན་མེད་ཀྱི་མེ་ཏོག་ཁ་འབུས་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་སྒྲུབ་པ་དང་དགག་པའི་རྣམ་པ་སྐྱེ་བ་ཡིན་ནོ། །རྣམ་
པར་རྟོག་པ་དེ་དག་ཀྱང་བརྒྱུད་ནས་དངོས་པོ་དང་འབྲེལ་པའི་ཕྱིར་མི་སླུ་བ་ཉིད་ཡིན་ན་ཡང་ཚད་མ་ཉིད་དུ་མི་འདོད་དེ། སྣང་བ་དང་རྣམ་པར་བརྟག་པ་དག་གཅིག་ཏུ་ཞེན་ནས་འཇུག་པས་དངོས་པོའི་ངོ་བོ་མ་རྟོགས་པ་རྟོགས་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་གཉིས་ཀྱི་རྒྱུ་ཡིན་

པའི་ཕྱིར། རྣམ་པ་གསུམ་པ་མེད་པར་སྟོན་པའི་ཡང་རྒྱུ་མཚན་དུ་འགྱུར་བ་ཡིན་ནོ། །འདི་ལྟར་དེ་གང་ལ་འཇུག་པ་མེད་དེ་སྣང་བའི་ཕྱིར་དེ་ཡོངས་སུ་གཅོད་ལ་འདིར་དེ་ལས་གཞན་མི་དམིགས་པར་དེའི་ཕྱིར་དེ་རྣམ་པར་གཅོད་ལ་དངོས་པོ་ཐམས་ཅད་ཀྱང་སྣང་བ་དང་དེ་ལས་
གཞན་པ་ཕུང་པོ་གཉིས་སུ་རྣམ་པར་གཞག་པའི་ཕྱིར། རྣམ་པ་གཞན་མེད་པར་སྟོན་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་མངོན་སུམ་གྱི་སྒྲ་ལ་སོགས་པའི་ཆོས་ཅན་བཟུང་ཟིན་པའི་ཕྱིར་དེ་ལས་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་འཇུག་པ་ནི་ཚད་མ་ཉིད་དུ་མི་འགྱུར་རོ་ཞེ་ན། སྐྱོན་
འདི་ནི་མེད་དེ། མངོན་སུམ་སྐྱེས་ན་ཡང་ཆ་གང་ལ་ཞེན་པ་སྐྱེད་པར་བྱེད་པའི་ཆ་དེ་ཉིད་ལས་ཐ་སྙད་དུ་རུང་བར་གཟུང་བར་བྱེད་ཀྱི། གང་དུ་འཁྲུལ་པའི་རྒྱུ་མཚན་གྱི་དབང་གིས་སྒྲོ་བཏགས་པ་འཇུག་པའི་ཕྱིར་ཞེན་པ་སྐྱེད་པར་ནུས་པ་ནི་མ་ཡིན་ཏེ། དེ་ནི་ཐ་སྙད་དུ་མི་རུང་བའི་ཕྱིར་གཟུང་ན་
ཡང་མ་བཟུང་བ་དང་མཚུངས་པའི་ཕྱིར་དེ་ལ་སྒྲོ་བཏགས་པ་ཞུགས་པ་རྣམ་པར་གཅད་པའི་དོན་དུ་རྗེས་སུ་འཇུག་པ་ནི་ཚད་མ་ཉིད་དུ་འགྱུར་གྱི། མངོན་སུམ་གྱི་མཇུག་ཐོགས་སུ་འབྱུང་བའི་རྣམ་པར་རྟོག་པ་ནི་མ་ཡིན་ཏེ། དེ་ལ་སྒྲོ་བཏགས་པ་ཞུགས་པ་གཅོད་པ་མེད་པའི་ཕྱིར་རོ། །ཡང་རྒྱུ་ཅིའི་
ཕྱིར་རྣམ་པ་ཐམས་ཅད་ལས་ལོག་པའི་དངོས་པོའི་ངོ་བོ་ཉམས་སུ་མྱོང་བ་སྐྱེས་པ་ན་ཡང་དེ་ཁོ་ན་ལྟར་དྲན་པའི་ངེས་པ་མི་འབྱུང་ཞེ་ན། རྒྱུ་གཞན་ལ་ལྟོས་པའི་ཕྱིར་ཏེ། འདི་ལྟར་ཉམས་སུ་མྱོང་ཞེས་ཏེ། ངེས་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ལྟར་གོམས་པ་དང་དོན་དུ་གཉེར་བ་དག་གཡེར་
བག་ལ་སོགས་པའི་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ། །ཇི་ལྟར་སྐྱེད་པ་དང་འདོན་པར་བྱེད་པར་ཁྱད་པར་མེད་ན་ཡང་ཕ་འོང་བ་མཐོང་ནས་བདག་གི་ཕ་འོང་ངོ་སྙམ་དུ་ངེས་ཀྱི་མཁན་པོའོ་སྙམ་དུ་མ་ཡིན་པ་བཞིན་ནོ། །འདིར་དངོས་པོ་རྣམ་པར་བྱེད་པ་ལ་སོགས་པ་རྣམ་པར་རྟོག་པ་སྐྱེད་པའི་སྒོ་
ནས་ཀྱང་ཐ་སྙད་ཀྱི་ཡན་ལག་ཉིད་འཇིག་པར་བྱེད་པ་དང་གང་ཡིན་པའི་ཚད་མ་དེ་སྟོན་པ་ནི། རྟོག་མེད་རྟོག་པ་སྐྱེད་ནུས་མིན། །ཞེས་བྱ་བ་ལ་སོགས་པ་སྟེ། དབང་པོའི་རྣམ་པར་ཤེས་པ་ནི་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་ཏེ། ཡུལ་ཐ་དད་པའི་ཕྱིར་གཟུགས་

དང་རེག་པ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ། །རྟོག་པ་མེད་པའི་ཡང་ཕྱིར་ཏེ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ། །ཡུལ་ཐ་དད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདིའི་དཔེ་ནི་གཟུགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །རྟོག་པ་མེད་པའི་ཕྱིར་ཞེས་བྱ་
བ་འདི་མིག་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །དེས་འདིར་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དོ། །གཏན་ཚིགས་གཉི་ག་ཡང་མ་ངེས་པ་ཡིན་ཏེ། གཏན་ཚིགས་བསྒྲུབ་བྱ་ལས་ལྡོག་པ་དང་ལྷན་ཅིག་འགལ་བ་མ་བསྟན་པའི་ཕྱིར་རོ། །འདི་དག་ཅེས་བྱ་བ་ནི་
གཏན་ཚིགས་དག་གོ། །ཡུལ་ཐ་དད་པ་ཡང་མ་ཡིན་ཞེས་བྱ་བ་འདིས་ནི་ཡུལ་དང་བཅས་པ་ཉིད་ཡིན་ན་ཡང་རྣམ་པར་རྟོག་པའི་ཡུལ་ཐ་དད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པར་བསྟན་ཏོ། །དོན་དམ་པར་རྣམ་པར་རྟོག་པ་ཡུལ་མེད་པ་ཡིན་པ་དེའི་ཚེ་ཡང་མ་གྲུབ་པ་
ཉིད་གསལ་རབ་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། དངོས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་སྒྲ་ལ་སོགས་བློ་རྣམས་ནི། །ཞེས་བྱ་བ་ལ་སོགས་པས། གཟུགས་ལ་སོགས་པའི་ཤེས་པ་བཞིན། །ཞེས་བྱ་བའི་དཔེ་འདི་བསྒྲུབ་པར་བྱ་བ་མ་ཚང་བར་བསྟན་ཏོ། །གཟུགས་དང་སྒྲ་
ལ་སོགས་པའི་ཤེས་པ་རྣམས་ཕན་ཚུན་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ངོ་བོས་རྒྱུ་ཉིད་ཡོད་པའི་ཕྱིར་རོ། །ཡང་ཡུལ་ཐ་དད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མི་མཐུན་པའི་ཕྱོགས་ལ་ཡོད་པར་བསྟན་པའི་སྒོ་ནས་གཏན་ཚིགས་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། འདི་ལ་མེ་དང་དུ་བ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་ཡུལ་ཐ་དད་པ་ཞེས་བྱ་བའི་གཏན་ཚིགས་འདི་ལའོ། །ཇི་ལྟར་མེ་ལ་སོགས་པའི་རྟགས་ཅན་གྱི་བློ་དང་དུ་བ་ལ་སོགས་པ་རྟགས་ཀྱི་བློ་ཡུལ་འདོད་པ་ཡིན་ཡང་རྒྱུ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་འགྱུར་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་
ཡིན་ནོ། །དེ་ལྟར་ན་མངོན་སུམ་རྟོག་པ་དང་བྲལ་བ་ཉིད་དུ་བསྒྲུབས་ནས། མ་འཁྲུལ་པ་སྨོས་པའི་དགོས་པ་བསྟན་པའི་ཕྱིར་མ་འཁྲུལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་མ་འཁྲུལ་པ་ཉིད་ནི་མི་སླུ་བ་ཉིད་དུ་བལྟ་བར་བྱའོ། །དངོས་པོ་ཇི་ལྟར་གནས་པའི་རྣམ་པ་དམིགས་པ་ཉིད་ཀྱི་

ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་དམིགས་པ་མ་གྲུབ་པའི་ཕྱིར་ལ་ལུགས