Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 191

Văn bản gốc(Tây Tạng)

Trang 18 / 25 (50.000 ký tự/trang)
ས་འབར་བ་ལ་སོགས་པའི་ངོ་བོར་སྐྱེ་ལ། ཡང་སྔོན་པོ་ལ་སོགས་པའི་ངོ་བོར་སྐྱེ་བ་དེ་བཞིན་དུ་དཀར་པོ་ལ་སོགས་པའི་གཟུགས་གཞན་ཉིད་སྐྱེ་བའི་ཕྱིར་འགལ་བ་མེད་དོ། །འདི་སྙམ་དུ་གཟུགས་གཞན་ཁོ་ན་སྐྱེའི་སྔ་མའི་རང་བཞིན་ཟིལ་གྱིས་མནན་པའི་ཕྱིར་སྔ་མ་མི་དམིགས་པ་ཡིན་ལ།
ཕྱིས་ཟིལ་གྱིས་གནོན་པ་མེད་པའི་ཕྱིར་དམིགས་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་བྱ་སྙམ་དུ་སེམས་ན། གཟུགས་ནི་གནས་སྐབས་དེ་ཉིད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་ཞིག་ཟིལ་གྱིས་མ་མནན་པའི་རང་བཞིན་ཡོངས་སུ་མ་དོར་བ་དེ་ནི། གཞན་གྱི་ཟིལ་
གྱིས་གནོན་པ་ནི་མ་ཡིན་ཏེ། སྔར་གྱི་གནས་སྐབས་དེ་ཉིད་བཞིན་ནོ། །ཟིལ་གྱིས་གནོན་པའི་གནས་སྐབས་ཀྱི་གཟུགས་ཀྱང་ཟིལ་གྱིས་མ་མནན་པའི་རང་བཞིན་ཡོངས་སུ་མ་དོར་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཟིལ་གྱིས་མ་མནན་པའི་རང་བཞིན་ཡང་ཡོངས་སུ་
འདོར་བ་ཁས་ལེན་པར་བྱེད་ན་འདི་གཞན་ཉིད་དུ་གྲུབ་པོ། །པདྨ་སོགས་ལ་གཟུགས་ལ་སོགས། །ཞེས་བྱ་བ་ལ། ཐ་དད་ཚིག་དང་དྲུག་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དྲུག་པ་ལ་སོགས་པ་རྣམས་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པར་གྱུར་ན་དེའི་ཚེ་ལས་དངོས་པོ་གྲུབ་པར་འགྱུར་ན།
ཇི་སྲིད་དུ་རང་དབང་གི་འདོད་པ་ཙམ་གྱིས་འབྱུང་བ་འདི་དག་ཕྱི་རོལ་གྱི་དངོས་པོར་གཏོགས་པའི་ཐ་དད་པ་ལ་སོགས་པ་ལ་ལྟོས་པ་མ་ཡིན་ན་དེ་ཇི་ལྟར་འདི་དག་ལས་དོན་འགྲུབ་པ་ཡིན། དེ་ལ་ཚིག་ཐ་དད་པ་ནི་གཟུགས་ལ་སོགས་པ་རྣམས་ཞེས་བྱ་བའོ། །དྲུག་པ་ནི་སྣམ་བུའི་ཞེས་བྱ་བའོ། །སོགས་པ་སྨོས་

པས་སྣམ་བུ་འདི་ལ་གཟུགས་ལ་སོགས་པ་ཞེས་བྱ་བ་བདུན་པ་དང་། སྣམ་བུའི་དངོས་པོ་ནི་སྣམ་བུ་ཉིད་དོ་ཞེས་བྱ་བ་དེ་ལ་ཕན་པ་ཞེས་བྱ་བ་ལ་སོགས་པ་བཟུང་ངོ་། །འདི་ལྟར་གཞན་གྱིས་ཞེས་བྱ་བ་ལ་སོགས་པས་མ་ངེས་པ་ཉིད་སྒྲུབ་པར་བྱེད་དེ། འདི་ལྟར་ཚིག་གི་དོན་དྲུག་པོ་རྣམས་ཀྱི་ཡོད་པ་ཉིད་དང་དྲུག་པོ་དེ་
དག་གི་སྡེ་ཚན་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོའི་ཐ་དད་པ་མེད་ན་ཡང་དྲུག་པ་ལ་སོགས་པར་འགྱུར་བ་ཁོ་ནའོ། །ཁྱེད་ཅག་གིས་ནི་ཚིག་གི་དོན་དྲུག་ལས་མ་གཏོགས་པའི་ཡོད་པ་ཉིད་མི་འདོད་དོ། །འདི་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ། བཙུན་མོ་རྣམས་བྱེ་མ་རྣམས་ཞེས་བྱ་བ་ལ་སོགས་པ་མང་པོའི་ཚིག་ཡོད་ན་ཡང་དོན་ཐ་
དད་པ་མ་མཐོང་ངོ་། །ནམ་མཁའི་རང་བཞིན་ནམ་མཁའ་ཉིད། །ཅེས་བྱ་བ་ལ་ཡང་རང་བཞིན་གཞན་དུ་མི་འདོད་དོ། །ཡོད་པར་ཤེས་བྱེད་ཅེས་བྱ་བ་ལ་སོགས་པས་གཞན་གྱི་ལེན་གྱི་དོགས་པ་བསུ་བ་ཡིན་ཏེ། ཡོད་པར་ཤེས་པར་བྱེད་པའི་ཚད་མའི་ཡུལ་ནི་དངོས་པོའི་དེ་ཁོ་ན་ཉིད་ཡིན་ཏེ། ཡོད་པ་ལ་དམིགས་པའི་བྱེད་
པའི་ཚད་མའི་ཡུལ་ཉིད་ཅེས་བྱ་བ་ནི་དྲུག་པོ་རྣམས་ལ་ཆོས་གཞན་ཡོད་པ་ཉིད་འདོད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འཁྲུལ་པ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །འདིར་ལན་བཤད་པ། ཁྱེད་ལ་དྲུག་ལས་གཞན་ཚིག་གི་དོན་ཁྱེད་ལ་ཐལ་ཞེས་བྱ་བ་ལྷག་མ་སྟེ། ཚིག་གི་དོན་བདུན་པར་འགྱུར་རོ། །དེ་ལྟ་
ཡིན་དང་ཚིག་གི་དོན་དྲུག་ཏུ་ཁས་བླངས་པ་ཉམས་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་ཇི་ལྟར་ཚིག་གི་དོན་དྲུག་གོ་ཞེས་བརྗོད་ཅེ་ན། དེ་དྲུག་ཆོས་ཅན་དུ་བརྗོད་དེ། །ཞེས་བྱ་བ་སྨོས་ཏེ། དངོས་པོ་གང་དག་ཆོས་ཅན་གྱི་ངོ་བོ་ཉིད་ཡིན་པ་དེ་དག་ཚིག་གི་དོན་
དྲུག་གོ་ཞེས་བརྗོད་དེ། ཆོས་ཀྱི་ངོ་བོ་ནི་ཚིག་གི་དོན་དྲུག་ལས་མ་གཏོགས་པ་འདོད་པ་ཁོ་ནའོ། །ཇི་སྐད་དུ་ཚིག་གི་དོན་ལ་འཇུག་པའི་གཞུང་ལས། དེ་ལྟར་ཆོས་ལས་མ་གཏོགས་པའི་ཆོས་ཅན་དག་བསྟན་པར་བྱས་སོ་ཞེས་བཤད་པ་ལྟ་བུའོ། །དེ་དང་དེ་འབྲེལ་ཞེས་བྱ་བ་ལ་སོགས་པས་ལན་བཤད་དོ། །དེ་དང་
ཞེས་བྱ་བ་ནི་ཚིག་གི་དོན་དྲུག་པོ་དག་དང་ངོ་། །དེ་ཞེས་བྱ་བ་ནི་ཡོད་པ་ཉིད་ལ་སོགས་པའི་ཆོས་སོ། །གང་གིས་ཆོས་འདི་དེ་དག་གི་ཡིན་པར་འགྱུར་བ་འབྲེལ་པ་གང་ཞིག་ཡིན། འབྲེལ་པ་མེད་པར་ནི་ཆོས་དང་ཆོས་ཅན་གྱི་དངོས་པོར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་

ཡིན་ན་ནི་ཐམས་ཅད་ཐམས་ཅད་ཀྱི་ཆོས་སུ་འགྱུར་རོ། །དེ་དག་དང་ལྷན་ཅིག་འབྲེལ་པ་འགའ་ཡང་མེད་དེ་འདི་ལྟར་འབྲེལ་བ་ནི་གཉིས་ཁོ་ན་སྟེ། །ལྡན་པའི་མཚན་ཉིད་དང་འདུ་བའི་མཚན་ཉིད་དོ། །དེ་ལ་རེ་ཞིག་ལྡན་པའི་མཚན་ཉིད་ནི་མ་ཡིན་ཏེ། དེ་ནི་ཡོན་ཏན་ཡིན་པ་ཉིད་ཀྱིས་རྫས་
ཁོ་ན་ལ་ངེས་པའི་ཕྱིར་རོ། །འདུ་བའི་བདག་ཉིད་ཀྱང་མ་ཡིན་ཏེ། དེ་ནི་དངོས་པོ་བཞིན་དུ་གཅིག་ཉིད་དུ་འདོད་པའི་ཕྱིར་རོ། །འདུ་བའི་བདག་ཉིད་ལ་ཡང་འདུ་བས་འབྲེལ་པ་ཡིན་ན་འདུ་བ་གཉིས་པ་ཁས་བླང་བར་བྱ་བར་འགྱུར་རོ། །འབྲེལ་པ་མེད་པར་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོར་འགྱུར་རོ་ཞེ་ན།
འབྲེལ་པ་མི་འཐད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བཤད་ཟིན་ཏོ། །ཅི་སྟེ་ཚིག་གི་དོན་དྲུག་པོ་དེ་དག་གིས་ཆོས་སྐྱེད་པའི་ཕྱིར་དེ་དག་གི་ཆོས་འདི་འབྲེལ་པར་བརྗོད་དོ་ཞེ་ན། འོ་ན་གལ་ཏེ་དེ་ལྟ་ན་དེ་ལས་བྱུང་བའི་འབྲེལ་པ་ཙམ་ཉིད་ལས་ཆུ་ལ་སོགས་པ་གཞན་ལ་ཡང་
འཁར་གཞོང་རྣམ་པ་དེ་ལྟ་བུ་ལ་སོགས་པ་དང་འབྲེལ་པར་འགྱུར་རོ། །དེ་ལྟ་ཡིན་དང་དེ་དག་ལ་ལྡན་པ་དང་འདུ་བ་ཞེས་བྱ་བའི་འབྲེལ་པ་གཞན་བརྟགས་པ་དོན་མེད་པར་འགྱུར་རོ། །གཞན་ཡང་། དྲུག་པོ་དག་ལ་ཡོད་པ་ཉིད། །ཅེས་བྱ་བའི་ཆོས་གཞན་ཡོད་དུ་ཆུག་མོད། །དེ་ལྟ་ན་ཡང་འཁྲུལ་པ་ཁོ་ན་སྟེ།
འདི་ལྟར་དེ་ལ་ཡང་སྟེ་ཡོད་པ་ཉིད་ལ་ཡོད་པ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དེ་ལ་ཐ་དད་པའི་རྒྱུ་མཚན་གྱི་རྣམ་པར་དབྱེ་བར་ཇི་ལྟར་འགྱུར། ཅི་སྟེ་དེ་ལ་ཡང་ཡོད་པ་ཉིད་གཞན་ཁས་ལེན་པར་བྱེད་ན་དེའི་ཚེ་ཐུག་པ་མེད་པར་འགྱུར་རོ། །འདོད་པའི་ཕྱིར་ཐུག་པ་མེད་པ་མི་གནོད་དོ་ཞེ་ན།
ཆོས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཕྱི་མ་ཕྱི་མའི་ཆོས་དང་ལྡན་པའི་ཕྱིར་ཆོས་ཅན་ཉིད་དུ་འགྱུར་རོ། །དེ་ལྟ་ན་ཡང་དྲུག་པོ་འདི་དེ་དག་ནི་ཆོས་ཅན་ཁོ་ནར་བརྗོད་པ་ཞེས་བྱ་བ་འདི་མི་འཐད་དེ། ཚིག་གི་དོན་དྲུག་ལས་ཐ་དད་པའི་ཆོས་ཅན་གཞན་དག་ཀྱང་ཡོད་པའི་ཕྱིར་རོ་སྙམ་དུ་
བསམས་པ་ཡིན་ནོ། །ཡང་ཅི་སྟེ་ཆོས་ཅན་གྱི་ངོ་བོ་གང་དག་ཡིན་པ་དེ་དག་ཁོ་ན་དྲུག་ཉིད་དུ་ངེས་པར་བཟུང་ངོ་སྙམ་པ་འདི་ཡང་སྙིང་པོ་མེད་དོ། །དེ་ལྟ་ན་ནི་ཡོན་ཏན་དང་ལས་དང་སྤྱི་དང་ཁྱད་པར་དང་། འདུ་བ་རྣམས་མི་སྟོན་པར་འགྱུར་ཏེ། འདི་དག་ནི་ཆོས་ཅན་གྱི་ངོ་བོ་ཁོ་ན་ནི་མ་ཡིན་ནོ། །འོ་ན་ཅི་

ཞེ་ན། ཆོས་ཀྱི་ངོ་བོ་ཉིད་ཀྱང་ཡིན་ཏེ། འདི་དག་ནི་རྫས་ལ་བརྟེན་པའི་ཕྱིར་རོ། །འདི་ཉིད་ལས་ཞེས་བྱ་བ་ནི་ཆོས་གཞན་དང་ལྡན་པ་ལས་སོ། །ཡང་གཞན་གྱི་དྲུག་པོ་རྣམས་ཡོད་པ་ཉིད་ཡིན་ཏེ། ཡོད་པ་དམིགས་པར་བྱེད་པའི་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །རྟོགས་པར་བྱ་བ་ཡང་ཚིག་གི་
དོན་དྲུག་གི་ཡུལ་ཅན་གྱི་ཤེས་པ་གང་ཡིན་པ་སྟེ། དེ་ཡོད་པའི་ཐ་དད་འཇུག་པའི་ཕྱིར་རོ། །དེ་བཞིན་དུ། ཤེས་བྱས་བསྐྱེད་པའི་ཤེས་པ་ནི། །ཞེས་བྱ་བ་ཉིད་ཡིན་ལ་རྗོད་པར་བྱེད་པས་བསྐྱེད་པ་ནི་བརྗོད་པར་བྱ་བ་ཉིད་ཡིན་ནོ། །དེའི་ཕྱིར་ཐ་དད་པའི་རྒྱུ་མཚན་གྱི་དྲུག་པར་འགྱུར་བ་ཡིན་ལ། ཐུག་པ་
མེད་པ་ཡང་མ་ཡིན་ཞིང་ཚིག་གི་དོན་དྲུག་ལས་མ་གཏོགས་པའི་ཚིག་གི་དོན་གཞན་དུ་ཐལ་བར་འགྱུར་བ་ཡང་མ་ཡིན་ནོ་ཞེས་ཟེར་བ་དེ་ལ་ཡང་འདི་ནི་རྣམ་པར་རྟོག་པ་ཙམ་ཉིད་ཡིན་ཏེ། གལ་ཏེ་ཚིག་གི་དོན་དྲུག་པོ་དག་ལ་དོན་བྱེད་པར་ནུས་པའི་དངོས་པོའི་བདག་ཉིད་ཀྱི་བདག་གི་དེ་ཁོ་ན་ཉིད་མེད་པར་འགྱུར་ན་དེའི་
ཚེ་དེ་དག་ནམ་མཁའི་པདྨ་ལྟ་བུར་འགྱུར་ཏེ། དོན་བྱེད་པ་དག་ལ་ནུས་པ་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཡོད་པ་དམིགས་པར་བྱེད་པའི་ཚད་མས་རྟོགས་པར་བྱ་པར་མི་འགྱུར་རོ། །ཅི་སྟེ་འདི་དག་ལ་རྣམ་པ་དེ་ལྟ་བུར་གྱུར་པའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ཡོད་པ་ཡིན་པ་དེའི་ཚེ་དོན་བྱེད་པར་ནུས་པ་དེ་དག་དངོས་པོ་ཉིད་ཁྱད་
པར་གཞན་སྤངས་པ་ཙམ་ཤེས་པར་འདོད་པ་ལ་དེ་དག་གི་ཡོད་པ་ཉིད་ཅེས་བྱ་བ་དེ་ལྟ་བུ་གལ་ཏེ་ཐ་དད་པའི་རྣམ་པར་དབྱེ་བས་སྟོན་པར་འགྱུར་བ་དེའི་ཚེ་འགལ་བ་ཅི་ཡོད། རང་གི་ངོ་བོ་ཐ་དད་པ་མེད་པ་དེ་ཡང་བློས་དེ་ལ་བརྟེན་ནས་ཐ་དད་པ་ལྟ་བུར་བརྗོད་པ་འགལ་བ་མེད་པ་ཉིད་དེ། ཚིག་ནི་འདོད་པ་ཙམ་གྱིས་འཇུག་
པའི་ཕྱིར་རོ། །བཅོས་མའི་གཏམ་ཉེ་བར་སྦྱར་བ་རྣམས་ལ་བྱིས་པ་དང་དཔའ་བོ་ལ་སོགས་པའི་ཆོས་ཡོངས་སུ་བརྟགས་པ་ལྟ་བུ་ཡིན་པའི་ཕྱིར་འདི་ནི་ཅིར་ཡང་མི་འགྱུར་རོ། །བྱེད་པར་ནུས་སོགས་ཐ་དད་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དང་པོའི་སྣལ་མ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། གལ་ཏེ་སྣམ་བུའི་མིང་ཡང་དག་པར་ཐོས་པའི་གནས་སྐབས་དང་པོར་བྱུང་བའི་སྣལ་མ་དག་ལས་སྣམ་བུ་ཐ་དད་པར་སྒྲུབ་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་སྟེ། དངོས་པོ་ཐམས་ཅད་སྐད་ཅིག་མ་ཉིད་ཀྱིས་རྫས་སྣལ་མ་དག་ལས་སྣམ་བུའི་སྒྲས་བརྗོད་པར་བྱ་བའི་སྣལ་མ་རྣམས་དེ་དང་མི་འདྲ་བའི་དངོས་པོ་མེད་

ན་ཡང་སྐྱེ་བར་ཁས་ལེན་པའི་ཕྱིར་རོ། །ཅི་སྟེ་གང་དག་སྣམ་བུ་དང་དུས་མཚུངས་པར་འབྱུང་བའི་སྣལ་མ་དེ་དག་ལས་སྣམ་བུ་གཞན་ཉིད་དུ་སྒྲུབ་ན། དེའི་ཚེ་གཏན་ཚིགས་རྣམས་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱ་བ་ཉིད་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེའི་
དུས་སུ་སྣལ་མ་ལས་མ་གཏོགས་པ་དེ་དང་དུས་མཚུངས་པར་འབྱུང་བའི་སྣམ་བུ་གྲུབ་པར་གྱུར་ན། དེའི་ཚེ་དེ་སྣལ་མ་ལ་ལྟོས་ནས་བྱེད་པ་པོ་ཐ་དད་པ་ལ་སོགས་པའི་ཆོས་འགྲུབ་པར་འགྱུར་ན། གང་གི་ཕྱིར་སྣལ་མ་ལས་ཐ་དད་པའི་སྣམ་བུ་དེ་ཉིད་འདིར་མ་གྲུབ་སྟེ། དེ་དག་ལས་ཐ་དད་པ་ཉིད་བསྒྲུབ་པར་
བྱ་བ་ཡིན་པའི་ཕྱིར་རོ། །སྣམ་བུ་དང་སྣལ་མ་རྣམས་ཞེས་བྱ་བའི་མིང་ཙམ་ལས་དངོས་པོ་རྣམས་ཐ་དད་པ་ཡང་མ་ཡིན་ཏེ། དགོས་པ་གཞན་གྱི་དབང་གིས་ཀྱང་མིང་གཞན་སྦྱོར་བའི་ཕྱིར་རོ། །འདི་ལྟར་སྣལ་མ་ཁ་ཅིག་ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པ་ནི་གྲང་བ་ལ་སོགས་པ་དོན་གཅིག་བྱེད་པར་
ནུས་པ་ཡིན་གྱི། གང་དག་བྱེད་པ་པོ་ཅུང་ཟད་ཡིན་པ་གཞན་ནི་མ་ཡིན་ནོ། །དེ་ལ་ཐ་སྙད་འདོགས་པ་པོ་རྣམས་ཀྱིས་ཐ་སྙད་མ་འཆོལ་བར་བྱ་བའི་ཕྱིར། དོན་གཞན་མེད་ན་ཡང་དོན་གཅིག་བྱེད་པ་ལ་ཉེ་བར་མཁོ་བའི་སྣལ་མ་ཁྱད་པར་ཅན་རྣམས་བསྟན་པར་འདོད་ནས་སྣམ་བུ་ཞེས་སྒྲ་གཅིག་ཉེ་བར་
སྦྱོར་རོ། །ཡང་ཅིའི་ཕྱིར་སྒྲ་གཅིག་ཉེ་བར་སྦྱོར་ཞེ་ན། སྒྲ་རེ་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོར་སྒྲ་རེ་རེར་བརྗོད་ན་དཀའ་བའི་སྐྱོན་ཡོད་དེ། འདི་ལྟར་དེ་ལ་བརྗོད་པར་འདོད་པའི་དངོས་པོ་འབྲས་བུ་གཅིག་སྒྲུབ་པར་བྱེད་པར་རུང་བའི་དངོས་པོ་ཇི་སྙེད་པ་ལ་སྒྲ་དེ་སྙེད་སྦྱར་བར་བྱ་བ་ཡིན་པའི་ཕྱིར་
དཀའ་བའི་སྐྱོན་ནོ། །འདི་དག་གི་ཐུན་མོང་མ་ཡིན་པའི་ངོ་བོ་བསྟན་པར་མི་ནུས་པའི་ཕྱིར་ཡང་མི་ནུས་པའི་སྐྱོན་ནོ། །རློམས་ཏེ་སྤྱིའི་རྣམ་པས་སྟོན་པ་ན། སྒྲ་གཅིག་ཉིད་བསྟན་པ་མཆོག་ཡིན་གྱི། སོ་སོ་སོ་སོར་སྟོན་པའི་སྦྱོར་བ་འདི་ལ་འབྲས་བུ་འགའ་ཡང་མ་དམིགས་པའི་ཕྱིར་འབྲས་བུ་མེད་པའི་སྐྱོན་
ནོ། །དངོས་པོ་མཐའ་དག་བརྗོད་པར་འདོད་པ་ན་དོན་མ་ལུས་པ་བརྗོད་པར་བྱས་ན་ཐ་སྙད་སླ་བ་ཡོན་ཏན་ཡིན་ཏེ། འགྲོ་བ་དང་། སྲིད་པ་གསུམ་དང་། སྣ་ཚོགས་པའི་སྒྲ་བཞིན་ནོ། །བརྗོད་པ་གཅིག་ཅེས་བྱ་བ་ནི་སྣམ་བུ་ཞེས་བྱ་བ་ཚིག་གཅིག་ཅེས་བྱ་བའི་དོན་ཏེ། བྱེད་པ་པོ་དང་ནུས་པ་དང་།

ཡོངས་སུ་གྱུར་པ་ལ་སོགས་པའི་ཆོས་ཀྱང་ཡིན་པས་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཐ་དད་པའི་སྒྲ་དང་ཁྱད་པར་གྱི་བསྡུ་བ་བྱས་ནས་བསྟན་པར་བྱའོ། །གང་ཡང་རགས་པའི་དོན་ཡོད་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དེ་ལ། གང་དག་རྡུལ་ཕྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡུལ་ཕྲ་རབ་རྣམས་
དབང་པོ་ལས་འདས་པ་ཉིད་མ་གྲུབ་སྟེ། ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པ་རྣམས་ཀྱི་དབང་པོ་ས་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་རྡུལ་ཕྲ་རབ་རྣམས་རྟག་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་དེ་ལ་རྡུལ་ཕྲ་རབ་རྣམས་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་དུ་དབང་པོ་ལས་འདས་པ་ཉིད་དུ་འགྱུར་
གྱི་ཁོ་བོ་ཅག་ལ་ནི་མ་ཡིན་ནོ། །ཕན་ཚུན་དུ་ལྷན་ཅིག་ཅེས་བྱ་བ་ནི་གཅིག་ལ་གཅིག་གྲོགས་བྱས་པ་ཞེས་བྱ་བའི་དོན་ཏོ། །སྔོན་པོ་ལ་སོགས་ཞེས་བྱ་བ་ལ་སོགས་པ་དབང་པོ་སྤྱོད་ཡུལ་དེ་ཉིད་སྟོན་པར་བྱེད་དོ། །འོན་ཏེ་རྡུལ་ཕྲ་རབ་རྣམས་ཤར་དང་ནུབ་ལ་སོགས་པའི་ཕྱོགས་ཀྱི་དབྱེ་བས་གནས་པར་
འདོད་ཀྱི་དེ་དག་དེའི་ངོ་བོས་མཚོན་པ་ནི་མ་ཡིན་ན། དེའི་ཕྱིར་ཇི་ལྟར་འདི་དག་མངོན་སུམ་ཉིད་ཡིན་ཞེ་ན། གལ་ཏེའང་འདི་དག་ཤར་ནུབ་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་གྱི་གནོད་པ་མེད་པ་ནི་མངོན་སུམ་གནོད་པ་མེད་པའི་ཞེས་བསྡུ་བའམ། འདི་བསྡུ་བ་མེད་པ་ཡིན་ཏེ། གནོད་པ་ཡོད་པ་
མ་ཡིན་པའི་ཕྱིར་གནོད་པ་མེད་པ་སྟེ། སྦྱར་བའི་བཏུང་བ་ལ་སོགས་པ་བཞིན་དུ་མངོན་སུམ་ཉིད་དུ་གནས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་སྦྱར་བའི་བཏུང་བ་དང་། རྡོ་ཚན་དང་ཆུ་དང་གསེར་ལ་སོགས་པ་ལ་འདྲེས་པའི་རྡུལ་ཕྲ་རབ་རྣམས་དེ་ལྟར་དམིགས་ཏེ། རིགས་མི་མཐུན་པ་རྣམས་རྫས་མི་
རྩོམ་པའི་ཕྱིར་དེ་ལ་ཡན་ལག་ཅན་གྱི་རྫས་ཡོད་པ་མ་ཡིན་ལ་རྡུལ་ཕྲ་རབ་ལས་ཐ་དད་པའི་ལྡན་པ་མཐོང་བ་ཡང་མི་འཐད་དེ། རྟེན་མ་མཐོང་བའི་ཕྱིར་རོ། །གང་དུ་ལྡན་པ་ཅན་གཅིག་ཀྱང་མ་མཐོང་བ་དེ་ལ་ལྡན་པ་མཐོང་བ་མ་ཡིན་ཏེ། དཔེར་ན་ཤ་ཟ་དང་བུམ་པའི་ལྡན་པ་དང་ཟླ་བའི་དཀྱིལ་འཁོར་
དང་། ནམ་མཁའི་ཕྱོགས་དང་ཡུལ་གྱི་ལྡན་པ་བཞིན་ནོ། །ཡང་གང་དུ་རྡུལ་ཕྲ་རབ་ཀྱི་བདག་ཉིད་ཀྱི་ཐམས་ཅད་ཀྱི་ལྡན་བཅད་མ་མཐོང་བ་དེར་ཇི་ལྟར་དེ་ལ་བརྟེན་པའི་ལྡན་པ་མཐོང་བར་འགྱུར། གལ་ཏེ་དེ་ལྟ་ན་རྣམ་པ་ཐམས་ཅད་ཀྱིས་མ་ངེས་ན། ཇི་ལྟར་འདི་དག་མངོན་སུམ་ཉིད་དུ་རིགས་པ་

དང་ལྡན་པ་ཡིན་ཞེ་ན། ཀུན་ལས་ལོག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱི་དངོས་པོ་མངོན་སུམ་གྱིས་བཟུང་ན་ཡང་རྣམ་པ་ཐམས་ཅད་དུ་ངེས་པ་ནི་གང་ན་ཡང་མེད་དེ། ཇི་ཙམ་དུ་དངོས་པོ་དོན་གཞན་ལས་ལྡོག་པས་བྱས་པའི་ངོ་བོས་དེ་ངེས་པ་དེ་ཙམ་དུ་
མངོན་སུམ་མོ་ཞེས་རྣམ་པར་འཇོག་པ་ཡིན་གྱི་རྣམ་པ་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །རྣམ་པ་གཞན་བཟུང་དུ་ཟིན་ཀྱང་ངེས་པ་མི་འཐད་པས་ཐ་སྙད་དུ་མི་རུང་བ་ཉིད་ཀྱིས་མ་བཟུང་བ་དང་འདྲ་བའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་དངོས་པོ་ཉམས་སུ་མྱོང་བ་བཞིན་དུའོ། །འོན་ཏེ་དངོས་པོ་ནི་ཆ་མེད་པ་ཉིད་ཀྱིས་
བདག་ཉིད་ཐམས་ཅད་ཀྱིས་མངོན་སུམ་གྱིས་ཉམས་སུ་མྱོང་བའི་ཕྱིར་ཅིའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་ངེས་མི་འགྱུར་ཞེ་ན། རང་གི་མཚན་ཉིད་ཆ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ལ་ཡོད་པ་ནི་དབང་པོ་ཅན་ཏེ། དབང་པོའི་ཤེས་པ་ཞེས་བྱ་བའི་དོན་ཏོ། །རྟོག་པ་ཡོད་པ་མ་ཡིན་པ་སྟེ་རྟོག་པ་མེད་པ་
དེ་ཡིན་ལ་དབང་པོ་ཅན་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེས་རྟོགས་བྱ་ནི་རྟོག་པ་མེད་པའི་དབང་པོའི་ཤེས་པས་རྟོག་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །གང་ལས་ཐ་དད་ངེས་པ་ཞེས་བྱ་བ་ནི་གང་ལས་ཐ་དད་པ་སྟེ་ལྡོག་པ་ནི་གང་ལས་ཐ་དད་པའོ། །དེར་ངེས་པ་ནི་གཏན་ལ་ཕབ་པའོ། །དེའི་རྒྱུ་ནི་གོམས་པ་
དང་། ཉེ་བ་དང་ཆེས་ཆེར་ཉེ་བ་དང་བློ་གསལ་བ་ཞེས་བྱ་བ་ལ་སོགས་པའོ། །ཉམས་སུ་མྱོང་བ་ཙམ་ཁོ་ན་ངེས་པའི་རྒྱུ་ནི་མ་ཡིན་གྱི། འོན་ཀྱང་གོམས་པ་ལ་སོགས་པ་ཡང་ཡིན་ནོ། །དེས་ན་གང་ན་དེ་དག་ཡོད་པ་དེར་ངེས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཐམས་ཅད་ཀྱང་རྡུལ་ཕྲ་རབ་རྣམས་
གྲུབ་ཅིང་ཕྱི་རོལ་གྱི་དོན་མངོན་སུམ་གྱིས་གྲུབ་པ་ཉིད་དུ་ཁས་བླངས་ནས་བརྗོད་དེ། རྣམ་པར་ཤེས་པར་སྨྲ་བ་གང་གི་ལྟར་ན་ཕྱི་རོལ་གྱི་དོན་སྔོན་པོ་ལ་སོགས་པའི་ངོ་བོར་མངོན་སུམ་གྱིས་མ་གྲུབ་སྟེ། རྨི་ལམ་ལ་སོགས་པའི་ཕྱི་རོལ་གྱི་དོན་མེད་པར་ཡང་རྣམ་པ་དེ་ལྟ་བུའི་སྔོན་པོ་ལ་སོགས་པ་སྣང་བར་
དམིགས་པས་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པའི་ངོ་བོ་དེ་ཡང་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་འཁྲུལ་པའི་ཤེས་པ་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་ཀྱང་གྲུབ་པ་མ་ཡིན་ཏེ། དེ་དག་ཤར་དང་གཞན་དུ་གནས་པ་ཉིད་ཀྱིས་ཕྱོགས་ཆ་ཐ་དད་པས་

གཅིག་ཏུ་མི་འགྲུབ་པའི་ཕྱིར་རོ། །དེ་ལ་ཇི་ལྟར་སྔོན་པོ་ལ་སོགས་པའི་ངོ་བོས་རྡུལ་ཕྲ་རབ་རྣམས་མངོན་སུམ་ཉིད་ཡིན། ཤར་དང་གཞན་དུ་ཡང་ཤེས་པར་མི་ནུས་ཏེ། འཁྲུལ་པའི་རྒྱུ་མཚན་གྱིས་དོན་གཞན་སྒྲོ་བཏགས་པའི་ཕྱིར་རོ་ཞེས་བརྗོད་པར་ནུས་སོ། །འདི་སྙམ་དུ་གལ་ཏེ་ཡན་ལག་ཅན་མེད་པར་
འགྱུར་ན། དེའི་ཚེ་ཇི་ལྟར་རྡུལ་ཕྲ་རབ་མང་པོ་དག་ལ། མིག་བྱེད་པ་དག་དང་ལྡན་པ་རོ་གཅིག་ཅེས་ངེས་པར་འགྱུར་སྙམ་དུ་སེམས་ན། ཇི་ལྟར་འབར་མཚུངས་འབྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མར་མེ་ལ་སོགས་པ་ཐ་དད་པ་ཡིན་ན་ཡང་འབར་བ་ལ་སོགས་པའི་དངོས་པོ་བར་མེད་པ་འདྲ་
བ་གཞན་དང་གཞན་འབྱུང་བའི་ཕྱིར། གཅིག་ཉིད་དུ་འཁྲུལ་པར་འགྱུར་བ་དེ་བཞིན་དུ་ཆེས་ཕྲ་བའི་དངོས་པོ་དུ་མ་བར་མེད་པར་རིགས་པས་གཅིག་ཉིད་དུ་འཁྲུལ་པ་དེའི་ཕྱིར་སྐྱོན་འདི་མེད་དོ། །གལ་ཏེ་དེ་ལྟ་ན་ཐ་དད་དུ་མི་དམིགས་པ་ན་ཇི་ལྟར་རྡུལ་ཕྲ་རབ་རྣམས་མངོན་སུམ་གྱིས་གྲུབ་པར་འགྱུར་བ་ཡིན་
ཞེ་ན། རྣམ་དབྱེ་མི་ལྡོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྣམ་པར་ཕྱེ་ནས་ངེས་པར་མ་བཟུང་ན་མངོན་སུམ་དུ་མི་འདོད་ན། དེའི་ཚེ་མར་མེ་ལ་སོགས་པ་སྔ་མ་དང་ཕྱི་མའི་རྣམ་པར་དབྱེ་བ་མ་ཤེས་པ་ན། དེ་ཇི་ལྟར་མངོན་སུམ་ཉིད་དུ་མཐོང་བ་ཡིན། ཡན་ལག་ཅན་ཡང་ཡན་ལག་རྣམ་པར་དབྱེ་བས་མ་
བཟུང་བ་གང་ཡང་ཡོད། དེ་བཞིན་དུ་ཅིའི་ཕྱིར་མངོན་སུམ་ཉིད་དུ་འདོད། དེའི་ཕྱིར་འདི་ནི་མ་ངེས་སོ། །འདི་ཙམ་ཞིག་ཏུ་འགྱུར་ཞེས་བྱ་བ་ལ་སོགས་པས་རྒོལ་བར་འདོད་པ་གཞན་དག་ལ་སློབ་པར་བྱེད་པའོ། །འདི་དག་ཅེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་སོ། །དེ་ཡང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་རྣམ་པར་ཕྱེ་ནས་མི་
ཤེས་པ་གང་ཡིན་པ་དེ་ཡང་རྡུལ་ཕྲ་རབ་ཏུ་གཏོགས་པའི་སྔོན་པོ་ལ་སོགས་པ་མི་འཛིན་པའི་རྒྱུ་མ་ཡིན་ཏེ་གཞན་ལས་ཀྱང་ངེས་པ་སྐྱེ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་རེ་ཞིག་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་པས་ཤེས་པ་འདི་ཡུལ་མེད་པར་འདོད་པར་མི་བྱ་སྟེ། གཞན་དུ་ན་རྣམ་པར་ཤེས་པ་ཙམ་ཉིད་དུ་ལྟ་བ་ཁོ་
ནར་འགྱུར་རོ། །རགས་པའི་ངོ་བོ་ཉིད་ཀྱིས་སྣང་བའི་གཟུགས་ལ་སོགས་པའི་ཡུལ་འདི་ཡང་གཅིག་ཡིན་ནམ་དུ་མ་ཡིན་གྲང་། གཅིག་ཡིན་ན་ཡང་ཡན་ལག་རྣམས་ཀྱིས་བརྩམས་པ་ཞིག་ཡིན་ནམ། མ་བརྩམས་པ་ཞིག་ཡིན་དེ་ལ་རེ་ཞིག་འདི་ནི་གཟུགས་སོགས་གཉི་གའི་བདག་གཅིག་ཏུ་

རིགས་པ་མ་ཡིན་ཏེ། མངོན་སུམ་ལ་སོགས་པ་དང་འགལ་བའི་ཕྱིར་རོ། །འགལ་བ་འདི་གང་ཞེ་ན། རགས་པ་གཅིག་གི་རང་བཞིན་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རགས་པ་གཅིག་ཡིན་ན། དེའི་ཚེ་ཕྱོགས་གཅིག་བསྒྲིབས་པ་ན་ཐམས་ཅད་བསྒྲིབས་པ་དང་།
ཕྱོགས་གཅིག་ཁ་བསྒྱུར་བ་ན་ཐམས་ཅད་ཁ་བསྒྱུར་བར་འགྱུར་ཏེ། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། ཁ་བསྒྱུར་བ་དང་། མ་བསྒྱུར་བ་དག་ལ་ཁྱེད་ཅག་གི་འདོད་པས་ཐ་མི་དད་པའི་ཕྱིར་རོ། །གཅིག་ལ་ཕན་ཚུན་འགལ་བའི་ཆོས་དང་ལྡན་པ་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་
འགྱུར་བའི་ཕྱིར་རོ། །དེ་ལྟར་ན། སྣ་ཚོགས་རྫས་གཅིག་ཏུ་འགྱུར་ལ། །དེའི་ཕྱིར་ལྷན་ཅིག་སྐྱེ་བ་ལ་སོགས་པར་ཐལ་བར་འགྱུར་རོ། །ཕྱོགས་གཅིག་བསྒྲིབས་པ་ན་ཐམས་ཅད་བསྒྲིབས་པར་མཐོང་བ་ཡང་མ་ཡིན་པའི་ཕྱིར་མངོན་སུམ་དང་འགལ་ལོ། །དེ་བཞིན་དུ་རྗེས་སུ་དཔག་པ་དང་འགལ་བ་
ཡང་ཡིན་ཏེ། འདི་ལྟར་གང་ཞིག་ཕན་ཚུན་འགལ་བའི་ཆོས་དང་ལྡན་པ་དེ་ནི་གཅིག་མ་ཡིན་ཏེ། དཔེར་ན་བ་ལང་དང་མ་ཧེ་བཞིན་ནོ། །རགས་པ་ཡང་དམིགས་པ་དང་མི་དམིགས་པའི་ངོ་བོ་དང་། བསྒྲིབས་པ་དང་མ་བསྒྲིབས་པའི་ངོ་བོས་འགལ་བའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་
འགལ་བ་དམིགས་པའོ། །ཐམས་ཅད་གཅིག་ཉིད་དུ་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །གསལ་བྱེད་པ་ན་རེ་གཅིག་ལ་ཐ་དད་པ་མེད་པའི་ཕྱིར་ཐམས་ཅད་ཀྱི་སྒྲ་སྦྱོར་བ་མི་འཐད་དོ་ཞེས་ཟེར་ཏེ། དེ་འདི་འོན་ཏེ་གཅིག་གི་རང་བཞིན་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་སྟེ།
འདི་ལྟར་ཐམས་ཅད་ཀྱི་སྒྲ་དོན་དུ་མའི་ཡུལ་ཅན་ཡིན་ཞིང་ཡན་ལག་ཅན་ནི་དུ་མའི་བདག་ཉིད་མ་ཡིན་པའི་ཕྱིར། དེ་ལ་ཇི་ལྟར་གང་གིས་ཐམས་ཅད་བསྒྲིབས་པར་ཐལ་བར་འགྱུར་རོ་ཞེས་བརྗོད་པ་ཐམས་ཅད་ཀྱི་སྒྲ་སྦྱོར་བར་བྱེད། གང་དག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འཇིག་
རྟེན་ན་གོས་དང་ལུས་ལ་སོགས་པ་གྲུབ་པ་གང་ཡིན་པ་དེ་ཁོ་ན་ཁྱེད་ཅག་གིས་ཡན་ལག་ཅན་ཉིད་དུ་བརྟགས་ཏེ། དེ་ལ་ཡང་འཇིག་རྟེན་ན་ཐམས་ཅད་དང་ཕྱོགས་གཅིག་གི་སྒྲ་དག་འཇུག་པར་གྲུབ་པ་ཁོ་ནའོ། །དེ་སྐད་དུ་ཡང་གོས་ཐམས་ཅད་དམར་པོར་ཞེས་བྱ་བ་ལ་སོགས་པར་སྨྲ་བ་པོར་འགྱུར་

བ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་བརྗོད་པར་འདོད་པའི་འཇིག་རྟེན་གང་ཡིན་པ་འདི། ཡུལ་ཤིན་ཏུ་ཆེས་ཡངས་པ་ནོན་པར་གནས་པའི་རས་ཡུག་ལ་སོགས་པའི་དངོས་པོར་རྟོགས་པའི་དམར་པོ་ལ་སོགས་པར་བསྟན་པར་འདོད་པ་དེ་ལ་ཡང་ཁོ་བོ་ཅག་གིས་ཀྱང་གྲགས་པའི་རྗེས་སུ་འབྲངས་ནས་ཁྱེད་ཅག་
ལ་འགལ་བ་བསྒྲུབ་པའི་ཕྱིར། ཐམས་ཅད་ལ་སོགས་པའི་སྒྲ་སྦྱོར་བར་བྱེད་པ་ཡིན་ནོ། །ཁྱེད་ཅག་རགས་པ་གཅིག་ཉིད་དུ་ཁས་ལེན་པ་ལ་སྐྱོན་འདི་འོང་གི། ཁོ་བོ་ཅག་ལ་ནི་མ་ཡིན་ནོ། །ཁོ་བོ་ཅག་གིས་ནི་རགས་པ་གཅིག་ཉིད་དུ་འདོད་པ་མ་ཡིན་ནོ། །འདི་སྙམ་དུ་ཁོ་བོ་ཅག་ལ་ཡང་སྐྱོན་མེད་པ་ཁོ་
ན་སྟེ། འདི་ལྟར་བཏགས་ནས་ཏེ། འདི་ནི་ཉེ་བར་བཏགས་པ་ཡིན་ཏེ། སྣལ་མ་ལ་སོགས་པའི་ཡན་ལག་རྣམས་ལ་དེའི་རྒྱུ་ཉིད་ཀྱི་སྣམ་བུ་ལ་སོགས་པར་བརྗོད་དེ། དེས་ན་ཐམས་ཅད་ལ་སོགས་པའི་སྒྲ་སྦྱོར་བར་འགྱུར་རོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་ཚིག་ཐ་དད་དེ། ཐམས་ཅད་རྣམས། གོས་རྣམས་
དམར་པོ་རྣམས་ཞེས་ཐམས་ཅད་དུ་མང་པོའི་ཚིག་ཏུ་ཐལ་བར་འགྱུར་ཏེ། ཁྱེད་ཅག་ནི་མང་པོ་རྣམས་ལ་ཚིག་གཅིག་འདོད་པ་མ་ཡིན་ནོ། །ཅི་སྟེ་ཡང་ཡན་ལག་ཅན་དུ་གཏོགས་པའི་གྲངས་གཅིག་བླངས་ནས་ཡན་ལག་རྣམས་ལ་རང་གི་བརྗོད་པར་བྱ་བ་ལ་གནས་པའི་རྟགས་ཀྱི་གྲངས་གོས་ལ་སོགས་པའི་སྒྲ་
མ་དོར་བ་ཁོ་ནར་འཇུག་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར། དངོས་དང་བཏགས་པར་འདོད་པ་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བསྟན་པ་འདི་བརྟགས་པ་ཡིན་ན་དེའི་ཚེ་དངོས་དང་བཏགས་པའི་ཡུལ་ལ་བློ་ཐ་དད་པའི་བློ་སྟེ། མི་འདྲ་བ་འཁྲུལ་
པའི་རྟོགས་པ་དང་། མ་འཁྲུལ་པའི་རྟོགས་པ་ཉིད་དུ་འགྱུར་ན་ཐ་དད་པ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་གོས་ཐམས་ཅད་དམར་པོ་ཞེས་བྱ་བ་འདི་ལ་གོས་དམར་བ་ཡིན་གྱི། འོན་ཀྱང་དེའི་རྒྱུར་གྱུར་པའི་སྣལ་མ་རྣམས་ལ་དམར་པོའོ་ཞེས་བྱ་བ་དེ་ལྟ་བུའི་བློ་འཇུག་པ་མ་ཡིན་ནོ། །ཡང་གི་སྒྲ་ལས་ཁྱེད་ཅག་
གིས་གོས་ལ་ཐམས་ཅད་ཀྱི་སྒྲས་བརྗོད་པར་བྱ་བར་འདོད་པ་མ་ཡིན་ཏེ། དེ་གཅིག་ཡིན་པའི་ཕྱིར་དེ་ཇི་ལྟར་དེའི་གྲངས་བླངས་ནས་ཐམས་ཅད་ཀྱི་སྒྲ་གོས་ལ་སོགས་པ་དང་ལྷན་ཅིག་ཡན་ལག་རྣམས་ལ་འཇུག་པར་འགྱུར། ཡང་ན་དངོས་དང་བཏགས་པར་འདོད་པ་དག་གི་བློ་ཐ་དད་པ་ནི་སྣ་ཚོགས་པ་

ཉིད་དེ། དེ་ནི་འདི་ལ་ཡོད་པ་མ་ཡིན་ཏེ། གཟུགས་དང་རོ་ལ་སོགས་པ་བཞིན་དུ་སྣལ་མ་དང་སྣམ་བུ་དག་ངོ་བོ་ཐ་དད་པར་མི་དམིགས་པའི་ཕྱིར་རོ། །ངོ་བོ་ཐ་དད་དག་ཏུ་མི་དམིགས་པ་དག་ལ་ནི་དངོས་དང་བཏགས་པ་ཉིད་ཡོད་པ་མ་ཡིན་ནོ། །འོན་ཏེ་ལྡན་པ་ཞེས་བྱ་བ་ལ་སོགས་པས་
བདེ་བྱེད་བདག་པོས་ལན་འདེབས་པའི་དོགས་པ་བསུ་བ་སྟེ། དེས་སྨྲས་པ་ངུར་སྨྲིག་དང་གུར་གུམ་ལ་སོགས་པའི་རྫས་དང་ལྡན་པའི་གོས་ནི་དམར་པོར་བརྗོད་ལ། ལྡན་པ་ཡང་མ་ཁྱབ་པར་འཇུག་སྟེ། དེས་ན་གཅིག་དམར་བ་ན་ཐམས་ཅད་དམར་བར་ནི་མི་འགྱུར་ལ། གོས་ལ་སོགས་པས་
ཀྱང་ལུས་ཀྱི་ཕྱོགས་གཅིག་བསྒྲིབས་པ་ན་ཐམས་ཅད་བསྒྲིབས་པ་མ་ཡིན་ནོ་ཞེའོ། །དེ་འདི་ནི་མི་རིགས་སོ་ཞེས་བསྟན་པ་ནི། ཅི་སྟེ་ཆ་ཤས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་སྣམ་བུ་ལ་སོགས་པ་རྫས་གཅིག་ཉིད་ཡིན་ན་དེའི་ཚེ་གང་གིས་ལྡན་པ་མ་ཁྱབ་པར་འཇུག་པར་འགྱུར་བ་ཆ་ཤས་མེད་
པའི་རྫས་དེ་ལ་ངུར་སྨྲིག་ལ་སོགས་པས་མ་ཁྱབ་པ་ཅི་ཞིག་ཡོད། ཅི་སྟེ་མ་ཁྱབ་པའི་རང་བཞིན་གྱི་གནས་སྐབས་རྣམས་ཁས་ལེན་པར་བྱེད་ན། དེའི་ཚེ་དེའི་གནས་སྐབས་ན། དེ་ཉིད་ཀྱི་ཕྱིར་ཐ་དད་པར་གྲུབ་སྟེ། ཁྱབ་པ་དང་མ་ཁྱབ་པ་དག་འགལ་བས་རང་བཞིན་གཅིག་ཉིད་དུ་མི་རུང་བའི་ཕྱིར་
རོ། །གཅིག་ཡུལ་ཤིན་ཏུ་ཆེས་ཡངས་པར་གནས་པ་ཡང་རིགས་པ་མ་ཡིན་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །གཞན་དུ་ཆུའི་སྐྱེ་བོ་དང་གླང་པོ་ཆེ་ལ་སོགས་པ་ཐམས་ཅད་གཅིག་པ་ཉིད་ཀྱིས་ཁྱད་པར་མེད་པའི་ཕྱིར། རགས་པ་དང་ཕྲ་བ་ལ་སོགས་པའི་བྱེ་བྲག་ཏུ་མི་འགྱུར་རོ། །ཡན་ལག་ཉུང་
ངུ་དང་ཆེས་མང་བས་བརྩམས་པ་ལ་སོགས་པས་བྱས་པའི་ཁྱད་པར་ཡོད་དོ་ཞེ་ན། འོ་ན་ཡན་ལག་རྣམས་ཉིད་ཉུང་ངུ་དང་ཆེས་མང་བ་དག་དེ་ལྟ་དེ་ལྟར་སྐྱེ་བ་ན་རགས་པ་དང་ཕྲ་བའི་རྣམ་པར་གཞག་པའི་རྒྱུ་མཚན་ཡིན་ལ་རག་མོད། དེ་བརྩམས་པའི་ཡན་ལག་ཅན་གྱིས་ཅི་ཞིག་བྱ་སྟེ། དེའི་ནུས་པ་
མ་མཐོང་བའི་ཕྱིར་རོ། །ཡན་ལག་རྣམས་ལ་ཉུང་བ་ཉིད་དང་མང་བ་ཉིད་ཡོད་ན་ཡང་གང་གིས་རགས་པ་དང་ཕྲ་བ་ལ་སོགས་པའི་བྱེ་བྲག་ཏུ་འགྱུར་བ་ཡན་ལག་ཅན་རྣམས་ཆ་ཤས་མེད་པ་ཉིད་ཀྱིས་ཕན་ཚུན་དུ་ཁྱད་པར་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །དེ་དག་ལ་ཡན་ལག་མང་བ་དང་ཉུང་བ་ཉིད་

བཟུང་བས་བྱས་པའི་ཁྱད་པར་ཡོད་ན་ཡང་ཡན་ལག་ཅན་ཉིད་དུ་ཁས་བླངས་པར་འགྱུར་ཏེ། དེ་ཉིད་ལ་རགས་པ་ལ་སོགས་པར་ཐ་སྙད་བྱས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྡུལ་ཕྲ་རབ་ཙམ་ཉིད་མཐོང་བ་ཉིད་དུ་ཁས་བླངས་པར་འགྱུར་ཏེ། རགས་པ་དང་ཕྲ་བ་ལ་སོགས་པ་ལས་མ་གཏོགས་པ་གཞན་
མ་མཐོང་བའི་ཕྱིར་རོ། །གཞན་ཡང་ལྡན་པ་མ་ཁྱབ་པར་འཇུག་པ་ཡིན་ནོ་ཞེས་བྱ་བ་དོན་ཅི་ཡིན། གལ་ཏེ་རྫས་ཐམས་ཅད་ལ་མ་ཁྱབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ན། དེ་མི་རིགས་ཏེ་རྫས་ལ་ཐམས་ཅད་ཀྱི་སྒྲའི་ཡུལ་མ་ཡིན་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་དོན་གྱི་ཕྱོགས་གཅིག་ལ་
འཇུག་པའོ་ཞེས་བྱ་བ་ཡིན་ན་དེ་ཡང་མི་རིགས་ཏེ། དེ་ལ་ཕྱོགས་གཅིག་མེད་པའི་ཕྱིར་རོ། །དེ་རྩོམ་པར་བྱེད་པའི་ཡན་ལག་ལ་འཇུག་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ཡན་ལག་རྣམས་ཉིད་དམར་པོ་ཡིན་པའི་ཕྱིར་ལ། ཡན་ལག་ཅན་གྱི་ངོ་བོ་དམར་པོ་མ་ཡིན་པའི་ཕྱིར་དམར་པོ་དང་དམར་པོ་མ་ཡིན་
པ་མཚུངས་པར་མཐོང་བར་འགྱུར་རོ། །གཞན་ཡང་གང་ཡང་དེའི་རྩོམ་པར་བྱེད་པའི་ཡན་ལག་འདི་གལ་ཏེ་ཡན་ལག་ཅན་གྱི་ངོ་བོ་ཡིན་ན། དེའི་ཚེ་དེ་ལ་ཡང་ལྡན་པའི་ཕྱོགས་གཅིག་ཏུ་འཇུག་པ་ཉིད་དོ་ཞེས་བརྒལ་ཞིང་བརྟགས་པ་མཚུངས་སོ། །ཅི་སྟེ་རྡུལ་ཕྲ་རབ་ཀྱི་ངོ་བོ་ཡིན་ན་དེའི་ཚེ་
རྡུལ་ཕྲ་རབ་རྣམས་དབང་པོ་ལས་འདས་པ་ཡིན་པའི་ཕྱིར། དེ་ལ་བརྟེན་པའི་ལྡན་པ་ཡང་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་དམར་པོར་དམིགས་པར་མི་འགྱུར་རོ། །འདི་སྙམ་དུ་དཔེར་ན་སོར་མོའི་གཟུགས་ཁྱབ་པ་རྟེན་དམིགས་པ་ཁོ་ན་ན་དམིགས་པར་འདོད་པ་དེ་བཞིན་དུ་ལྡན་པ་ནི་རྟེན་
དམིགས་པ་ཁོ་ན་ན་དམིགས་པ་མ་ཡིན་པས་དེས་ན་འདི་མ་ཁྱབ་པར་འཇུག་པར་བརྗོད་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། དཔེར་ན་བུམ་པ་དང་ཤ་ཟ་བའི་ལྡན་པ་བཞིན་དུ་རྟེན་དམིགས་པའི་ལྡན་པ་དམིགས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་དམར་པོ་ཡང་རྟེན་མ་
དམིགས་པར་མི་མཐོང་ལ་རྟེན་དམིགས་པ་ཉིད་ན་དམིགས་པ་ཡིན་པའི་ཕྱིར། དེ་ལྟར་དེ་ཡང་ཁྱབ་པར་འཇུག་པར་འགྱུར་རོ། །འདི་སྙམ་དུ་དམར་པོ་མ་ཡིན་པའི་ཡན་ལག་གཞན་ལ་འདུ་བའི་རྫས་དམིགས་ན་ཡང་ལྡན་པའི་བདག་ཉིད་ཀྱི་དམར་པོ་དམིགས་པ་མ་ཡིན་ནོ། །དེས་ན་འདི་རྟེན་དམིགས་

པ་ན་དམིགས་པ་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ཡང་མི་རིགས་ཏེ། དེ་ལྟར་ན་དམར་པོ་དང་དམར་པོ་མ་ཡིན་པ་ལ་འདུ་བའི་ཡན་ལག་ཅན་ནི་གཅིག་ཡིན་པའི་ཕྱིར་དམར་པོའི་ཡན་ལག་ལ་ཡང་དེའི་སྒོ་ནས་དམར་པོ་མི་དམིགས་པར་ཐལ་བར་འགྱུར་ཏེ། རྟེན་དམིགས་ན་ཡང་དེ་མ་དམིགས་
པའི་ཕྱིར་རོ། །རྟེན་དམིགས་པ་ལས་གཞན་པའི་ལྡན་པ་འཛིན་པའི་ཐབས་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་ངོ་བོ་གཅིག་པ་ཡུལ་ཡིན་པར་རིགས་པ་མ་ཡིན་ནོ། །དུ་མའི་ངོ་བོ་ཡིན་ན་ཡང་ཤུགས་ཀྱིས་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཁོ་ནར་གནས་པ་ཡིན་ཏེ། ཡན་ལག་གི་ཡོད་པ་ནི་གཅིག་ཉིད་དུ་
མི་རུང་བའི་ཕྱིར་རོ། །དེའི་ཕྱིར་བུམ་པ་ལ་སོགས་པ་རྣམས་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་དུ་གྲུབ་ལ། དེས་ན་སྔོན་པོ་ལ་སོགས་པ་རྡུལ་ཕྲ་རབ་ཀྱི་རྣམ་པ་ཡིན་པར་གྲུབ་སྟེ། གཞན་ཡུལ་གཅིག་མེད་པའི་ཕྱིར་རོ། །གང་ཡང་། རྡུལ་ཕྲན་བརྗོད་པ་ལའང་མེད་པར་འགྱུར། །ཞེས་སྨོས་པ་དེ་ལ། དེ་ཉིད་དོན་ནི་མི་ཤེས་
པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟགས་པ་དེ་ལ་ལྟོས་པ་ཅན། །ཞེས་བྱ་བ་ནི་བརྟགས་པའི་རགས་པ་དེ་ལ་ལྟོས་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ལན་གཞན་བཤད་པ་ནི་ཡང་ན་རྒྱུ་མཚན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་འདྲའི་ཞེས་བྱ་བ་ནི་ཆ་མེད་པ་ལ་ཐོགས་པ་དང་བཅས་པ་ལ་སྟེ།
དཔེར་ན་དབུལ་པོ་ལ་ཡང་ཕྱུག་པོའི་མིང་སྒྲ་བརྡའི་དབང་གིས་ཕྱུག་པོར་བརྗོད་པའི་རྒྱུ་མཚན་མེད་པར་ཡང་འཇུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་སྒྲ་འདི་ཡང་ཞེས་བྱ་བ་ལ་སྐྱོན་མེད་དོ། །རེ་ཞིག་དེ་ལྟར་སྤྱིར་ཡན་ལག་རྣམས་ཀྱིས་བརྩམས་པའམ་མ་བརྩམས་པ་ཡང་རུང་སྟེ། རགས་པའི་རྫས་གཅིག་
མི་འཐད་དོ་ཞེས་བསྒྲུབས་ནས་ད་ནི་གང་གིས་ཡན་ལག་དག་གིས་བརྩམ་པར་འདོད་པ་དེའི་ཁྱད་པར་སུན་དབྱུང་བའི་ཕྱིར། སྣལ་མ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དུ་མ་ཡིན་པ་དེ་ནི་རྫས་གཅིག་གིས་རྗེས་སུ་འཇུག་པ་མ་ཡིན་ཏེ། དཔེར་ན་རྩིག་པ་ལ་སོགས་པ་མང་པོ་རྣམས་རྫས་
གཅིག་གིས་རྗེས་སུ་འཇུག་པ་མ་ཡིན་པ་བཞིན་ནོ། །སྣལ་མ་དང་ལག་པ་ལ་སོགས་པ་འདི་ཡང་དུ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པའོ། །ཡང་ན་གང་གཅིག་ཡིན་པ་དེ་ནི་རྫས་དུ་མ་ལ་བརྟེན་པ་མ་ཡིན་ཏེ། རྡུལ་ཕྲ་རབ་གཅིག་བཞིན་ནོ། །ཡན་ལག་ཅན་གྱི་མིང་ཅན་གྱི་རྫས་

ཀྱང་གཅིག་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་ནི་ཐལ་བ་བསྒྲུབ་པ་ཡིན་ནོ། །སྦྱོར་བ་གཉིས་ཀ་ལ་ཡང་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་བཤད་པ་ནི། འཇུག་པར་ནི་མི་རིགས་གནོད་པའི་ཚད་མ་ཡིན་ཞེས་བྱ་བའོ། །ཡན་ལག་རྣམས་ལ་ཡན་ལག་ཅན་
འཇུག་པ་གང་ཡིན་པ་དེ་མི་རུང་བར་ཚད་མ་དག་གིས་བསྒྲུབས་པ་དེ་ནི་འདིར་གནོད་པ་ཅན་གྱི་ཚད་མའོ། །ཡང་ཇི་ལྟར་མི་རུང་ཞེ་ན། དེ་གཅིག་ལ་འཇུག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་གཅིག་པོ་དེ་ཡན་ལག་གཅིག་གིས་བཟུང་བ་དེའི་གང་ཡིན་དེ་ཉིད་ཀྱི་ཡན་ལག་ལས་ཡན་ལག་གཞན་དག་ལ་
འཇུག་པར་འགྱུར་བའམ། གཞན་གྱིས་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །དངོས་པོ་ལ་ནི་དེ་ཉིད་དང་གཞན་དག་ལས་མ་གཏོགས་པའི་རྣམ་པ་གཞན་ཡོད་པ་མ་ཡིན་ནོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྫས་དེ་ནི་ཡན་ལག་གཅིག་གིས་བཟུང་བའི་ཕྱིར། རྫས་འདི་ཉིད་ཀྱི་ཚེ་ཡན་
ལག་གཞན་ལ་འཇུག་པའི་གོ་སྐབས་ཡོད་པར་ག་ལ་འགྱུར། གཞན་དུ་ན་གལ་ཏེ་གཞན་ལ་འཇུག་པར་འགྱུར་བ་དེའི་ཚེ་འདིར་མངོན་པར་འདོད་པའི་རྫས་ཉིད་དུ་བདག་ཉིད་ཐམས་ཅད་ཀྱིས་འཇུག་པར་མི་འགྱུར་ཏེ། གང་གིས་གཞན་ལ་ཡང་འཇུག་པར་འགྱུར་བ་དེ་ལ་རང་བཞིན་གཞན་ཡོད་
པ་ནི་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཚད་མ་དགོད་པའི་ཕྱིར། དཔེར་ན་བུ་ཆུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དངོས་པོ་གཅིག་གིས་བཟུང་བའི་དངོས་པོ་དེ་ནི་དེ་ཉིད་ཀྱི་ཚེ་གཞན་དུ་འཇུག་པ་མ་ཡིན་ཏེ། དཔེར་ན་མ་མ་གཅིག་གིས་པང་དུ་
བློངས་པའི་བུ་ཆུང་མ་མ་གཞན་གྱིས་པང་དུ་བླངས་པ་མི་བསྟེན་པ་བཞིན་ནོ། །རྫས་ཀྱང་ཡན་ལག་གཅིག་གིས་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །རྫས་ནི་གཞན་ལ་རྟེན་མ་ཡིན། །ཞེས་བྱ་བ་ནི་ཚད་མའི་འབྲས་བུ་སྟོན་པའོ། །བསྒྲུབ་བྱ་ལས་བཟློག་པ་ལ་
གནོད་པར་བྱེད་པའི་ཚད་མ་འདི་བཤད་པ་དེ་དང་འབྲེལ་པའི་རང་བཞིན་ཅན་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་འདོད་པའི་ཡན་ལག་དང་འབྲེལ་བའི་རང་བཞིན་གྱི་རྫས་དེ་མིན་ཡུལ་དུ་སྟེ་ཡན་ལག་ཅན་ལ་གལ་ཏེ་འཇུག་པར་འགྱུར་ན། དེའི་ཚེ་ཡན་ལག་དེ་དག་ཡུལ་གཅིག་པ་ཉིད་དུ་འགྱུར་

རོ། །དེ་ལྟ་ཡིན་དང་གཅིག་བདག་ཉིད་དེ་ཡན་ལག་རྣམས་རང་བཞིན་གཅིག་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དབྱེར་མེད་ཕྱིར་ཏེ། རྣམ་པར་མ་ཕྱེ་བའི་ངོ་བོ་ཉིད་ཀྱིས་གནས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྣམ་པར་ཕྱེ་བའི་ངོ་བོར་གནས་པ་ན་ཡུལ་གཅིག་པ་ཉིད་དུ་མི་འགྱུར་རོ། །
ཅི་སྟེ་རང་བཞིན་གཞན་གྱིས་ཞེས་བྱ་བ་ཕྱོགས་གཉིས་པ་ཡིན་ན། དེའི་ཚེ་གཅིག་དུ་མ་ལ་གནས་པ་ཞེས་བྱ་བ་འགྲུབ་པར་མི་འགྱུར་ཏེ། རང་བཞིན་གཞན་དུ་འཇུག་པའི་ཕྱིར་ཏེ། དངོས་པོ་ཐ་དད་པ་ནི་རང་བཞིན་ཐ་དད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གསལ་བྱེད་པ་ན་རེ་ཡན་ལག་རྣམས་ཡན་
ལག་ཅན་འཇུག་གོ་ཞེས་བྱ་བ་འདི་ནི་རྟེན་དང་བརྟེན་པའི་ཆོས་བསྟན་པ་ཙམ་ཡིན་ཏེ། ཁྱབ་པར་འཇུག་པ་ནི་བརྟེན་པའི་དངོས་པོའི་མཚན་ཉིད་འདུ་བའི་ངོ་བོ་ལ་བརྗོད་དོ་ཞེས་ཟེར་བ་དེ་ལ། དེ་དེ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡང་སྟེ་རྣམ་པ་དེ་ལྟ་བུའི་འཇུག་པ་ལ་ཅི་ཡན་ལག་གཅིག་ལ་
འདུ་བའི་རང་བཞིན་དེ་ཉིད་ཀྱིས་ཡན་ལག་གཞན་དག་ལ་འཇུག་གམ་འོན་ཏེ་གཞན་གྱིས་ཡིན་ཞེས་བྱ་བ་དེ་མ་ཐག་ཏུ་བསྟན་པའི་རྣམ་པར་དཔྱད་པ་འདི་བློ་གྲོས་ངན་པས་བཀོད་པའི་སྐྱོན་གྱི་དྲ་བ་འདི་མི་བཟོད་པ་ན་ཁྲོས་པ་བཞིན་དུ་སྙེག་གོ། །དེ་ལྟར་རེ་ཞིག་མ་ལུས་པ་དང་ཕྱོགས་གཅིག་གི་རྣམ་པར་རྟོག་པ་
བྱས་ནས་འཇུག་པ་བསལ་ནས། ད་ནི་ཉེ་བར་བཏགས་པ་སྒྲུབ་པའི་རྣམ་པས་འཇུག་པ་དགག་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེས་འགའ་རྫས་དེ་ཡན་ལག་རེ་རེ་ལ་བདག་ཉིད་ཐམས་ཅད་ཀྱིས་སམ། ཕྱོགས་གཅིག་གིས་འཇུག་པར་འགྱུར་གྲང་གལ་ཏེ་བདག་ཉིད་ཐམས་
ཅད་ཀྱིས་ན་དེའི་ཚེ་ཡན་ལག་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་དེའི་བདག་ཉིད་ཐོབ་པར་འགྱུར་རོ། །ཡན་ལག་རེ་རེ་ལ་དེའི་རང་བཞིན་ཐ་དད་པ་ན་བདག་ཉིད་ཐམས་ཅད་ཀྱིས་འཇུག་པ་ཡོད་པ་མ་ཡིན་ནོ། །ཡོད་པ་མ་ཡིན་པའི་བདག་ཉིད་ཀྱིས་འཇུག་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་བདག་ཉིད་ཐམས་ཅད་ཀྱིས་ཅིག་
ཅར་འཇུག་པའི་ཕྱིར་འཁར་གཞོང་ལ་སོགས་པ་དུ་མ་ན་གནས་པའི་ཨུཏྤ་ལ་ལ་སོགས་པ་བཞིན་དུ་ཡན་ལག་ཅན་རྣམས་དུ་མར་འགྱུར་རོ། །ཡང་ཕྱོགས་གཅིག་གིས་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་ཕྱོགས་གཅིག་པ་རྣམས་ཐུག་པ་མེད་པར་འགྱུར་ཏེ། འདི་ལྟར་རྫས་དེ་ཕྱོགས་གཅིག་

པོ་གང་དག་གིས་ཡན་ལག་རྣམས་ལ་འཇུག་ལ། དེ་དག་ཀྱང་དེའི་ཕྱོགས་གཅིག་ལ་ཞེས་བྱ་ལ། དེ་དག་ལ་ཡང་འདིས་འཇུག་པར་བྱ་དགོས་ལ། དེ་ཁོ་ན་བཞིན་དུ་གཞན་དག་ལ་ཡང་ཡིན་པའི་ཕྱིར་མཐའ་མེད་དོ། །ཡང་ཅི་སྟེ་འདི་ཕྱོགས་གཅིག་པོ་གང་དག་གིས་ཡན་ལག་རྣམས་ལ་
འཇུག་པ་དེ་དག་དེའི་རང་གི་བདག་ཉིད་དུ་གྱུར་པ་ཁོ་ན་ཡིན། དོན་གཞན་དུ་གྱུར་པ་མ་ཡིན་ལ། དེ་ལས་མ་གཏོགས་པའི་ཕྱོགས་གཅིག་པོ་གཞན་མེད་པས་དེས་ན་མཐར་ཐུག་པར་མི་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས། དེ་གཅིག་མིན་པའམ་ཞེས་སྨོས་ཏེ། དེ་ལྟ་ཡིན་ན་ཡན་ལག་ཅན་གཅིག་
ཅེས་བྱ་བར་མི་འགྱུར་ཏེ། དེའི་ཡན་ལག་འདུས་པ་ཙམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འདི་མ་མཐོང་བའི་ལག་པ་ལ་སོགས་པའི་ཚོགས་འདུས་བ་ཙམ་གྱི་བདག་ཉིད་ཡིན་ལ་རག་མོད། དེའི་བདག་ཉིད་དུ་གྱུར་བའི་ཡན་ལག་ཅན་གཞན་ཀུན་དུ་བརྟགས་པས་ཅི་ཞིག་བྱ། སྐྱོན་གཞན་
ཡང་བཤད་པ། གང་དུའང་མིན་ཞེས་བྱ་བ་སྟེ། འཇུག་པར་གྱུར་པ་ཞེས་བྱ་བ་ལྷག་མའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་ཡན་ལག་ཅན་རེ་རེ་ཕྱོགས་གཅིག་ཏུ་གྱུར་ན། དེའི་ཚེ་ཡན་ལག་རྣམས་ལ་ཡན་ལག་ཅན་འཇུག་པར་འགྱུར་རོ། །གང་གི་ཕྱིར་ཡན་ལག་ཅན་རེ་རེ་ཕྱོགས་གཅིག་
པ་མ་ཡིན་ན། དེ་དག་གི་ཕྱོགས་གཅིག་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡན་ལག་ཅན་གཞན་གྱི་ངོ་བོས་ཀྱང་ཡོད་པ་མ་ཡིན་ན་དེའི་ཕྱིར་ཇི་ལྟར་འདི་ཡན་ལག་རྣམས་ལ་འཇུག་པ་ཞེས་བྱ་བ། འོན་ཏེ་རང་རྒྱུད་ཅེས་བྱ་བ་ལ་སོགས་པས་བདེ་བྱེད་བདག་པོའི་དོགས་པ་བསུ་བ་སྟེ།
དེས་སྨྲས་པ། རང་རྒྱུད་དམ་ཐལ་བར་འགྱུར་བའི་སྒོ་ནས་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་རང་ཉིད་དམིགས་པ་ཡིན་ན་འཐད་པར་འགྱུར་གྱི་དེ་ལྟ་མ་ཡིན་ན་མ་གྲུབ་པའི་སྐྱོན་དུ་འགྱུར་རོ། །ཁྱེད་ཅག་གིས་ནི་གཅིག་དུ་མ་ལ་མ་ལུས་པ་དང་ཕྱོགས་གཅིག་དག་གིས་འཇུག་པ་གང་དུ་ཡང་མི་དམིགས་
ཏེ། གང་གི་འཇུག་པ་ཡོད་པ་མ་ཡིན་པའི་ཕྱིར་ཡན་ལག་ཅན་གྱི་རྫས་མེད་པར་འགྱུར་བའམ་ཡོད་པ་ཡིན་ན་གཞན་དུའང་སྟེ། ཡན་ལག་གམ་ཡན་ལག་ཅན་དུ་ཡང་འགྱུར་རོ། །ཁ་ཅིག་ཏུ་གང་གི་ཡོད་པ་མ་ཡིན་པའི་ཕྱིར་ཞེས་འདོན་པ་དེར་ནི་འདི་ལྟར་སྦྱར་ཏེ། ཅི་རིགས་པར་གང་གི་

འཇུག་པ་ཡོད་པ་དང་གང་གི་འཇུག་པ་ཡོད་པ་མ་ཡིན་པ་ན་རྫས་མེད་པར་འགྱུར་བའམ། དེ་གཞན་དུའང་སྟེ་ཡན་ལག་གམ་ཡན་ལག་ཅན་དུ་འགྱུར་རོ་ཞེའམ། ཅི་སྟེ་ལ་ལར་རྣམ་པ་དེ་ལྟ་བུའི་འཇུག་པ་དམིགས་པར་གྱུར་ན། དེའི་ཚེ་དེ་བཞིན་དུ་དེའི་རྫས་ལ་སོགས་པ་ལ་
ཡང་འགྱུར་བའི་ཕྱིར་དགག་ཏུ་མེད་དོ། །འོན་ཏེ་ཡང་འཇུག་པ་མ་མཐོང་ན་དེའི་ཚེ་ཅི་ཕྱོགས་གཅིག་གིས་སམ། འོན་ཏེ་བདག་ཉིད་ཐམས་ཅད་ཀྱིས་ཞེས་བྱ་བ་དེ་ལྟ་བུ་ཕྱེ་སྟེ་དྲི་བར་མི་རིགས་སོ། །ཆོས་ཅན་གྲུབ་ན་ཁྱད་པར་འགག་པར་རིགས་ཀྱི། གང་གི་ཚེ་ཆོས་ཅན་ཉིད་མ་གྲུབ་པ་དེའི་ཚེ་དེ་ཉིད་
དགག་པ་བཟང་ངོ་། །དེས་ན་འཇུག་པ་ཉིད་མེད་དོ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པར་བྱའི། ཁྱད་པར་དགག་པ་ནི་མ་ཡིན་ནོ། །དེ་ཡང་མི་རིགས་ཏེ། མངོན་སུམ་ཁོ་ནས་ཡན་ལག་རྣམས་ལ་ཡན་ལག་ཅན་འཇུག་པར་གྲུབ་པའི་ཕྱིར་རོ། །མངོན་སུམ་ཅི་འདྲ་བ་ལས་ཞེ་ན། འདི་ལ་འདི་ཞེས་
པའི་མངོན་སུམ་བློ་ཡིས་ཞེས་བྱ་བ་སྨོས་ཏེ། སྣལ་མ་འདི་ལ་སོགས་པ་འདི་ཞེས་བྱ་བའི་དེ་ལྟ་བུར་གྱུར་པའི་མངོན་སུམ་ལས་ཞེས་བྱ་བའི་དོན་ཏོ། །ཡང་ཅི་སྟེ་བློ་འདི་མངོན་སུམ་ཉིད་དུ་མ་གྲུབ་པོ་སྙམ་ན། གལ་ཏེ་དེ་ལྟ་ན་གང་ལས་མངོན་སུམ་ཉིད་མ་ཡིན་པར་འགྱུར་བ་འདི་ལ་གནོད་པར་བྱེད་པའི་ཚད་
མ་ཅུང་ཞིག་བརྗོད་དགོས་སོ། །ཅི་སྟེ་གནོད་པར་བྱེད་པའི་ཚད་མ་མེད་པར་ཡང་མངོན་སུམ་ཉིད་དུ་མི་འགྱུར་ན། འོ་ན་དེ་ལྟ་ན་ཁྱེད་ཅག་གི་གཟུགས་ལ་སོགས་པའི་ཤེས་པ་ཡང་མངོན་སུམ་ཉིད་དུ་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་
བྱེད་དེ། དེ་གཅིག་ལ་འཇུག་རྟེན་ཞེས་བྱ་བ་ལ་སོགས་པས་སྤྱིར་གཅིག་དུ་མ་ལ་འཇུག་པ་སྔར་བསལ་ཟིན་ཏེ། །གང་ཡང་འདི་ལ་འདིའོ་སྙམ་པའི་བློའི་མངོན་སུམ་ཉིད་ཀྱིས་འཇུག་པ་གྲུབ་བོ་ཞེས་འདི་བརྗོད་པ་དེ་ཡང་འཇིག་རྟེན་དང་མི་མཐུན་ཏེ། འཇིག་རྟེན་ན་རྭ་ཅན་འདི་ལ་བ་ལང་སྣལ་མ་འདི་ལ་སྣམ་
བུ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་རྟོག་པའི་བློ་ཡང་ཇི་ལྟར་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། །བ་ལང་འདི་ལ་རྭ་སྣམ་བུ་འདི་ལ་སྣལ་མ་རྣམས་སྙམ་པ་ཡིན་ནོ། །མངོན་སུམ་གྱི་བློ་ལ་སྣལ་མ་ལ་སོགས་པ་འདུ་བ་དེ་ལས་ཐ་དད་པའི་གོས་ལ་སོགས་པའི་རང་བཞིན་སྣང་བ་ཡང་མ་ཡིན་ལ། རྣམ་པར་

ཕྱེ་ནས་མི་སྣང་བ་ནི་འདི་འདི་ལས་འཇུག་གོ་ཞེས་བྱ་བའི་བློར་འགྱུར་བ་ཡང་མ་ཡིན་ནོ། །ཁར་གཞོང་ལ་སོགས་པ་ལ་ཆུ་ཕྱེ་ནས་མི་སྣང་བ་ན་འདི་ན་ཆུའོ་ཞེས་ཤེས་པར་འགྱུར་བ་མ་ཡིན་ནོ། །གང་ཡང་མ་ལུས་པའམ། ཕྱོགས་གཅིག་གིས་འཇུག་པ་གང་དུའང་མ་དམིགས་ཉིད་ཅེས་སྨྲས་པ་དེ་ལ། མ་
ལུས་ཕྱོགས་གཅིག་སྒྲ་དག་གིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ལུས་པའི་སྒྲས་དཔེར་ན་སྣོད་འགའ་ཞིག་ཏུ་བཞག་པའི་དཔལ་གྱི་འབྲས་བུ་ལ་སོགས་པ་དམིགས་པ་བཞིན་དུ། ཅི་རང་གི་ངོ་བོ་ཆ་ཤས་མེད་པ་ཅི་འདྲ་བ་དེ་ལྟ་བུ་ཁོ་ནའི་ཆ་ཤས་མེད་པའི་ཡན་ལག་ཐམས་ཅད་ཉིད་ཀྱིས་དེ་ལ་
འཇུག་པ་ཞེས་བྱ་བའི་དོན་འདི་བསྟན་པ་ཡིན་ནམ། འོན་ཏེ་ཕྱོགས་གཅིག་གི་སྒྲས་དཔེར་ན་གནས་མལ་དུ་མ་ན་ཉལ་བའི་ནག་པ་ལ་སོགས་པ་དམིགས་པ་བཞིན་དུ་རྣམ་པ་གཞན་དུ་ཞེས་བྱ་བ་འདི་བསྟན་པ་ཡིན་ཞེས་བྱ་བ་ཡིན་པས་འདི་ནི་ཅིར་ཡང་མི་རུང་ངོ་། །གང་ཡང་གསལ་བྱེད་པ་ན་རེ་ཡན་ལག་
ཅན་གཅིག་ལ་མ་ལུས་པ་དང་ཕྱོགས་གཅིག་གི་སྒྲ་འཇུག་པ་མི་སྲིད་པའི་ཕྱིར་ཅི་ཕྱོགས་གཅིག་གིས་འཇུག་གམ། འོན་ཏེ་མ་ལུས་པས་འཇུག་ཅེས་བྱ་བའི་དྲི་བ་འདི་རིགས་པ་མ་ཡིན་ནོ། །མ་ལུས་པ་ཞེས་བྱ་བ་ནི་མཐའ་དག་རྗོད་པར་བྱེད་ལ། ཕྱོགས་གཅིག་ཅེས་བྱ་བ་ཡང་དུ་མ་ཉིད་ཡིན་ན་ཡང་
འགའ་ཞིག་བརྗོད་པ་ཡིན་ནོ། །མ་ལུས་པ་དང་ཕྱོགས་གཅིག་གི་སྒྲ་དེ་དག་ཡན་ལག་ཅན་གཅིག་ལ་མི་འཐད་དོ་ཞེས་ཟེར་བ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ནོ། །དེ་སྐད་དུ་འཇིག་རྟེན་ན་སྣམ་བུ་འདི་མ་ལུས་པའམ། ཕྱོགས་གཅིག་གིས་གཞོང་པ་ན་གནས་སོ་ཞེས་བྱ་བར་སྣམ་བུ་ལ་
སོགས་པ་ལ་མ་ལུས་པ་དང་ཕྱོགས་གཅིག་པའི་སྒྲ་འཇུག་པ་མཐོང་བ་ཉིད་ཡིན་ནོ། །འདི་ཉེ་བར་བཏགས་པ་ཡིན་ནོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ། འཁྲུལ་པ་མེད་པར་འཇུག་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་སྔར་བཤད་ཟིན་ཏོ། །དེ་ལྟར་རླུང་གི་མཐར་ཐུག་པའི་རྫས་རྣམ་པ་བཞི་པོ་བསལ་
ཏེ། བདག་ཅེས་བྱ་བ་ནི་བདག་རྟག་པར་དང་པོ་ཉིད་དུ་བསལ་ནས། ད་ནི་ནམ་མཁའ་དང་དུས་དང་ཕྱོགས་དང་ཡིད་རྣམས་དགག་པའི་ཕྱིར། འཇིག་པ་ལ་སོགས་གཏན་ཚིགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རེ་ཞིག་གཞན་དག་གིས་ནམ་མཁའ་ཞེས་བྱ་བའི་རྫས་སྒྲུབ་

པར་བྱེད་དེ། ནམ་མཁའ་ཞེས་བྱ་བའི་རྫས་རྟག་པ་གཅིག་པུ་སྒྲའི་རྟགས་ཅན་ཡོད་དོ། །འདིའི་རྟགས་ནི་སྒྲ་ཡིན་ཏེ་ཡོན་ཏན་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་དག་འཇིག་པ་དང་སྐྱེ་བ་དང་ལྡན་པ་ལ་སོགས་པའི་ཆོས་དང་ལྡན་པ་དེ་དག་འགའ་ཞིག་ལ་བརྟེན་པ་ཡིན་ཏེ།
བུམ་པ་དང་མར་མེ་ལ་སོགས་པ་བཞིན་ནོ། །སྒྲ་འདི་དག་ཀྱང་དེ་བཞིན་ཏེ། དེ་ལྟ་བས་ན་འདི་དག་གིས་འགའ་ཞིག་ལ་བརྟེན་པར་འགྱུར་བར་བྱ་དགོས་སོ། །གང་འདི་དག་གི་རྟེན་དེ་ནི་ཤུགས་ཀྱིས་ནམ་མཁའ་སྟེ་ནམ་མཁར་འགྱུར་བ་ཡིན་ནོ། །དེ་ལྟར་སྒྲ་འདི་ནི་ས་ལ་སོགས་པ་བཞི་པོ་
རྣམས་ཀྱི་ཡོན་ཏན་དུ་རིགས་པ་ནི་མ་ཡིན་ཏེ། མངོན་སུམ་ཉིད་ཡིན་པ་ན་ཡོན་ཏན་གྱི་རྒྱུ་སྔོན་དུ་འགྲོ་བ་ཅན་མ་ཡིན་པའི་ཕྱིར་དང་། རྫས་ཇི་སྲིད་དུ་འབྱུང་བ་མ་ཡིན་པའི་ཕྱིར་དང་། རྟེན་ལས་གཞན་དུ་དམིགས་པའི་ཕྱིར་རོ། །རེག་པ་དང་ལྡན་པའི་ཡོན་ཏན་དག་ནི་ཇི་སྐད་དུ་བཤད་པའི་ཆོས་ལས་
བཟློག་པ་ཡིན་པར་མཐོང་ངོ་། །མངོན་སུམ་ཉིད་ཡིན་པ་ན་ཞེས་བྱ་བའི་ཁྱད་པར་ནི་རིམ་པར་འབྱུང་བའི་རྡུལ་ཕྲ་རབ་ཏུ་གཏོགས་པས་མ་ངེས་པ་ཉིད་བསལ་བའི་དོན་དུའོ། །ཕྱིའི་དབང་པོའི་མངོན་སུམ་ཡིན་པའི་ཕྱིར་དང་། བདག་གཞན་གྱིས་གཟུང་བར་བྱ་བ་ཡིན་པའི་ཕྱིར། ང་རྒྱལ་གྱིས་
རྣམ་པར་ཕྱེ་ནས་འཛིན་པའི་ཕྱིར་བདག་གི་ཡོན་ཏན་མ་ཡིན་ཏེ། བདག་གི་ཡོན་ཏན་བདེ་བ་ལ་སོགས་པ་རྣམས་ནི་དེ་ལས་བཟློག་པར་མཐོང་བའི་ཕྱིར་རོ། །རྣ་བས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཕྱོགས་དང་དུས་དང་ཡིད་ཀྱི་མ་ཡིན་ནོ། །དེས་ན་ལྷག་པར་གྱུར་པས་ཡོན་ཏན་དུ་གྱུར་པའི་ནམ་མཁའི་
རྟགས་ཡིན་ནོ། །ནམ་མཁའ་དེ་ཡང་སྒྲའི་རྟགས་ཅན་དུ་ཁྱད་པར་གྱི་རྟགས་མེད་པའི་ཕྱིར་གཅིག་ཡིན་ན། ཡོན་ཏན་ཐམས་ཅད་དུ་དམིགས་པའི་ཕྱིར་ཁྱབ་པ་ཡིན་ནོ། །ཡོན་ཏན་ཅན་ཡིན་པའི་ཕྱིར་དང་བརྟེན་པ་མ་ཡིན་པའི་ཕྱིར་རྫས་སོ། །མ་བྱས་པའི་ཕྱིར་རྟག་པའོ་ཞེས་བྱ་བ་འདི་ནི་གཞན་
དག་གི་ཐ་སྙད་ཡིན་ནོ། །སྔོན་དང་ཕྱིས་སོགས་ཞེས་བྱ་བ་ལ་སོགས་པས་དུས་དགག་པའི་ཕྱིར་བཤད་པ་སྟེ། རྫས་ཀྱི་སྒྲས་གཉེར་མ་དང་སྐྲ་དཀར་ལ་སོགས་པ་གཟུང་བར་བྱའོ། །སྔོན་ནི་ཕའོ། །ཕྱི་མ་ནི་བུའོ། །ཅིག་ཅར་དང་། ཡུན་རིང་མོ་དང་མྱུར་དུ་དང་བྱེད་པ་དང་། བྱས་པ་དང་།

བྱེད་པར་འགྱུར་བ་ཞེས་བྱ་བ་གང་ཡིན་པ་འདི་སྔོན་དང་ཕྱིས་ལ་སོགས་པའི་ཤེས་པ་དེ་ནི་ཉི་མ་ལ་སོགས་པའི་བྱ་བ་དང་། རྫས་ལས་ཐ་དད་པའི་རྒྱུ་མཚན་ཅན་ཡིན་ཏེ། གཉེར་མ་དང་སྐྲ་དཀར་ལ་སོགས་པའི་ཤེས་པ་དང་མི་འདྲ་བའི་ཕྱིར། བུམ་པ་ལ་སོགས་པའི་ཤེས་པ་བཞིན་ནོ། །འདིའི་རྒྱུ་གང་
ཡིན་པ་དེ་ཡང་ཤུགས་ཀྱིས་དུས་ཡིན་ནོ། །འདི་ལྟར་རེ་ཞིག་སྔོན་དང་ཕྱི་མའི་ཤེས་པ་འདི་ཡུལ་གྱིས་བྱས་པ་མ་ཡིན་ཏེ། ཕྱི་མའི་ཕྱོགས་ཆ་ན་གནས་པའི་རྒན་པོ་ལ་སྔོན་ཞེས་ཤེས་པ་སྐྱེ་བའི་ཕྱིར་དང་། དེ་བཞིན་དུ་སྔ་མའི་ཕྱོགས་ཆ་ན་གནས་པའི་གཞོན་ནུ་མ་ཡང་ཕྱི་མ་ཞེས་བྱ་བ་ཡིན་པས་སོ། །སྐྲ་
དཀར་དང་གཉེར་མ་ལ་སོགས་པས་བྱས་པ་ཡང་མ་ཡིན་ཏེ། དེའི་ཤེས་པ་དང་འདྲ་བའི་ཕྱིར་རོ། །བྱ་བ་བྱས་པ་ཡང་མ་ཡིན་ཏེ། དེའི་ཤེས་པ་དང་མི་འདྲ་བ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་ལས་འཕྱི་བ་དང་། སྔ་བ་དང་ཅིག་ཅར་པ་དང་ཅིག་ཅར་མ་ཡིན་པ་དང་། ཡུན་རིང་པོ་དང་། མྱུར་དུ་ཞེས་
བྱ་བ་ནི་དུས་ཀྱི་རྟགས་དག་ཡིན་ནོ་ཞེས་འབྱུང་ངོ་། །འདིའི་མི་རྟག་པ་ཉིད་དང་གཅིག་ཉིད་ལ་སོགས་པའི་ཆོས་རྣམས་ནི་ནམ་མཁའ་བཞིན་དུ་རྟོགས་པར་བྱའོ། །ཕྱོགས་བསྒྲུབ་པའི་དོན་དུ་ཤར་དང་ནུབ་ལ་སོགས་བློ་རྣམས་ལས་ཞེས་བྱ་བ་སྨོས་ཏེ། ལུས་ཅན་གྱི་རྫས་ཀྱི་དབང་དུ་བྱས་ནས་ལུས་ཅན་
གྱི་རྫས་དག་ཁོ་ན་ལ་དེ་ལས་འདི་ནི་ཤར་རོ། །ལྷོ་དང་། ནུབ་དང་། བྱང་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། བྱང་ཤར་དང་། འོག་དང་སྟེང་ལ་སོགས་པ་ཞེས་བྱ་བ་ཤེས་པ་བཅུ་པོ་འདི་དག་ལས་བྱུང་བ་དེ་ནི་ཕྱོགས་ཞེས་བྱའོ། །དེ་སྐད་དུ་ཡང་མདོ་ལས། འདིའོ་སྙམ་པ་གང་ལས་ཡིན་
པ་དེ་ནི་ཕྱོགས་ཀྱི་རྟགས་ཡིན་ནོ་ཞེས་འབྱུང་ངོ་། །གང་ལས་འདིའོ་ཞེས་བྱ་བ་ནི་ཁྱད་པར་གྱི་ཤེས་པ་ཡིན་ལ། ཁྱད་པར་གྱི་ཤེས་པ་ཡང་གློ་བུར་བར་རིགས་པ་མ་ཡིན་ནོ། །ཕན་ཚུན་དུ་ལུས་ཅན་གྱི་རྫས་ལ་ལྟོས་པ་ཡང་མ་ཡིན་ཏེ། ཕན་ཚུན་བསྟེན་པ་ཉིད་ཀྱིས་གཉི་ག་མེད་པར་ཐལ་བར་འགྱུར་
བའི་ཕྱིར་རོ། །དེའི་རྒྱུ་མཚན་གཞན་མེད་པའི་ཕྱིར་རྟགས་འདི་དག་ནི་ཕྱོགས་ཀྱི་ཡིན་ནོ། །ཕྱོགས་དེའི་ཡང་གཅིག་པ་ཉིད་དང་། རྟག་པ་ཉིད་དང་། ཁྱབ་པ་ཉིད་ལ་སོགས་པའི་ཡོན་ཏན་རྣམས་ནི་དུས་གཞན་དུ་ཤེས་པར་བྱའོ། །ཕྱོགས་གཅིག་ཡིན་ན་ཡང་འབྲས་བུའི་ཁྱད་པར་ལས་

ཤར་ལ་སོགས་པའི་བྱེ་བྲག་གིས་སྣ་ཚོགས་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་འདི་ཤར་དང་ནུབ་ལ་སོགས་པའི་ཤེས་པ་དེ་ནི་ལུས་ཅན་གྱི་རྫས་ལས་ཐ་དད་པའི་དངོས་པོའི་རྒྱུ་མཚན་ཅན་ཡིན་ཏེ། དེའི་ཤེས་པ་དང་མི་འདྲ་བའི་ཕྱིར་བདེ་བ་ལ་སོགས་པའི་ཤེས་པ་བཞིན་ནོ། །ཡིད་ཀྱི་
རྟགས་བཤད་པ། ཤེས་པ་རིམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་དང་དོན་དུ་མ་ཕྲད་པ་ཅིག་ཅར་ཉེ་བར་ཡོད་ན་ཡང་ཤེས་པ་རིམ་གྱིས་སྐྱེ་བར་མཐོང་བའི་ཕྱིར་རོ། །གང་ཞིག་ཉེ་བ་དང་མི་ཉེ་བ་དག་ལས་ཤེས་པ་སྐྱེ་བ་དང་། མི་སྐྱེ་བར་འགྱུར་བ་དབང་པོ་དང་དོན་ལས་མ་གཏོགས་པའི་རྒྱུ་གཞན་
ཡོད་པ་ཡིན་ནོ། །དེའི་ཕྱིར་ཤེས་པ་རིམ་གྱིས་སྐྱེ་བ་ན་སྟེ་ཤེས་པ་འབྱུང་བས་ཡིད་རྗེས་སུ་དཔོག་པར་བྱེད་དོ། །དེ་སྐད་དུ་ཡང་མདོ་ལས་ཤེས་པ་ཅིག་ཅར་མི་སྐྱེ་བ་ནི་ཡིད་ཀྱི་རྟགས་སོ་ཞེས་འབྱུང་ངོ་། །སྦྱོར་བ་ནི་གང་འདི་གཟུགས་ལ་སོགས་པ་རྟོགས་པ་དེ་ནི། མིག་ལ་སོགས་པ་ལས་མ་གཏོགས་པའི་
རྒྱུ་ལ་ལྟོས་པ་ཡིན་ཏེ། རིམ་གྱིས་སྐྱེ་བའི་ཕྱིར། ཤིང་རྟ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའོ། །ཟིན་སོགས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གལ་ཏེ་སྤྱིར་སྒྲ་འདི་དག་བརྟེན་པ་ཡིན་པ་ཙམ་ཞིག་སྒྲུབ་ན་དེའི་ཚེ་གཏན་ཚིགས་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་སྒྲ་རྣམས་ནི་ཟིན་
པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་དུ་འདོད་པ་ཡིན་ཏེ། དེ་དག་ཀྱང་འབྱུང་བ་རྣམས་ལ་དེའི་འབྲས་བུ་ཉིད་ཀྱིས་བརྟེན་པ་ཁོ་ན་ཡིན་ཏེ། དེ་དག་ལ་ཞེས་བྱ་བ་ནི་ཟིན་པ་ལ་སོགས་པ་དེ་དང་འབྲེལ་པའི་བདག་ཉིད་ཐོབ་པས་འབྲས་བུ་རྣམས་ནི་རྒྱུ་རྣམས་ལ་བརྟེན་པའི་ཕྱིར་རོ། །ཟིན་པ་ནི་སེམས་དང་།
སེམས་ལས་བྱུང་བ་རྣམས་ཀྱིས་བདག་གིར་བྱས་པའོ། །སོགས་པའི་སྒྲས་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་ཉིད་བཟུང་ངོ་། །དེ་དག་ལ་ཞེས་བྱ་བ་ནི་ཟིན་པ་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་ལའོ། །ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྔ་མ་ཞེས་བྱ་བ་ནི། སྒྲ་རྣམས་འགའ་ཞིག་
ལ་བརྟེན་ཏེ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡོད་པའི་ཕྱིར་སྒྲུབ་བྱེད་མ་ཡིན་ནོ། །སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་ལུས་ཅན་མ་ཡིན་པ་རྟག་པ་གཅིག་པུ་ཁྱབ་པའི་རྫས་དང་འདུ་བ་ཉིད་ཀྱིས་འདི་དག་ཁྱད་པར་ཅན་ལ་བརྟེན་པར་སྒྲུབ་པར་འདོད་ན། དེའི་ཚེ་བསྒྲུབ་བྱ་

རྗེས་སུ་འགྲོ་བའི་དཔེ་མེད་པའི་ཕྱིར། གཏན་ཚིགས་གིས་མ་ངེས་པ་ཡིན་ནོ་ཞེས་བྱ་བ་འདི་སྟོན་པ་ནི་ནམ་མཁའ་གཅིག་ཅེས་བྱ་བ་ལ་སོགས་པའོ། །འདི་དག་ཅེས་བྱ་བ་ནི་འགྲུབ་མིན་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །དམ་བཅའ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཉིད་ཡིན་ནོ་ཞེས་སྟོན་པ་ནི། དེ་བཞིན་
རིམ་མིན་སོགས་ཐོབ་འགྱུར། །ཞེས་བྱ་བའོ། །འདི་དག་ནི་ཇི་སྐད་དུ་བཤད་པའི་ནམ་མཁའ་དང་འདུ་བ་མི་འགྲུབ་བོ་ཞེས་འབྲེལ་ཏོ། །གལ་ཏེ་འདི་དག་རྟག་པ་དང་གཅིག་པུའི་ནམ་མཁའི་རྫས་དང་འདུ་བར་གྱུར་ན། དེའི་ཚེ་ཅིག་ཅར་སྐྱེས་པའི་སྒྲ་དུ་མ་བཞིན་དུ་དེ་མ་ཡིན་པའི་འདུས་པའི་སྒྲ་དག་ཀྱང་
མངོན་པར་འདོད་པའི་དུས་ཁོ་ནར་འགྱུར་ཏེ། རྒྱུ་མ་ཚང་བ་མེད་པའི་ཕྱིར་དང་། རྟེན་གཅིག་པའི་ཕྱིར་རོ། །རྟག་པ་འདི་གཞན་ལ་ལྟོས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །ཕན་འདོགས་པར་བྱེད་པ་མ་ཡིན་པ་ཡང་འདུ་བ་ཉིད་དུ་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་
ཕྱིར་དེ་ལྟར་རིམ་ཅན་མ་ཡིན་པར་ཐལ་བར་འགྱུར་རོ། །སོགས་པའི་སྒྲས་ནི་སྐྱེས་བུ་ཐམས་ཅད་ཀྱིས་འཛིན་པ་ལ་སོགས་པའི་སྐྱོན་དུ་ཡང་ཐལ་བར་འགྱུར་རོ། །འདི་ལྟར་རྣ་བ་ནི་ནམ་མཁའི་བདག་ཉིད་ཡིན་ལ། ནམ་མཁའ་ཡང་གཅིག་ཉིད་ཡིན་ཏེ། དེ་ལྟ་ཡིན་དང་དེར་ཕྱིན་པའི་སྒྲ་རྣམས་ཐམས་ཅད་
ཀྱིས་ཀྱང་ཐོས་པར་འགྱུར་རོ། །དེ་ནི་ཆ་ཤས་མེད་པ་ཉིད་ཀྱིས་འདི་ནི་བདག་གི་རྣ་བའོ། །འདི་ནི་གཞན་གྱིའོ་ཞེས་བྱ་བ་ནི་སོ་སོར་ངེས་པ་འདི་ནི་མི་རིགས་སོ། །འདི་སྙམ་དུ་གང་གིས་མ་མཐོང་བའི་འདུ་བྱེད་ཀྱིས་རྣ་བའི་སྦུབས་སུ་དེར་ཡོངས་སུ་གཅོད་པའི་ནམ་མཁའ་ནི་རྣ་བ་ཉིད་ཡིན་ཏེ། དེ་ཉིད་ཀྱི་
ཕྱིར་ཁ་དང་སྣ་ལ་སོགས་པའི་བུ་གའི་ནང་དུ་སྒྲ་དམིགས་པ་འབྱུང་བ་ཡིན་ནོ། །རྣ་བའི་སྦུབས་དེ་ཉིད་ལ་གནོད་པས་འོན་པ་ལ་སོགས་པར་གཞག་གོ་ཞེས་བྱ་བར་འདོད་ན། འདི་ཡང་མི་རིགས་པ་ཁོ་ན་སྟེ། ནམ་མཁའ་ནི་ཆ་མེད་པ་ཉིད་ཀྱིས་རྣམ་པ་དེ་ལྟ་བུའི་དབྱེ་བ་མི་རུང་བའི་ཕྱིར་རོ། །ཀུན་
དུ་བརྟགས་པའི་ཡན་ལག་གི་རྣམ་པར་དབྱེ་བ་རྣམས་ནི་དོན་དམ་པར་དངོས་པོའི་རྣམ་པར་དབྱེ་བ་སྒྲུབ་པར་བྱེད་པ་དོན་བྱེད་པ་སྒྲོ་བཏགས་པའི་དབང་གིས་བསྒྲུབ་པར་ནུས་པ་མ་ཡིན་ཏེ། ཆུ་ལ་མེ་ཞེས་ཉེ་བར་བཏགས་པ་ན་འབར་བའམ་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །ཅི་སྟེ་ནམ་མཁའི་ཕྱོགས་

གཅིག་ཅེས་བྱ་བ་ནི། ལྡན་པ་མ་ཁྱབ་པར་འཇུག་པ་ཉིད་བརྗོད་པ་ཡིན་པར་འདོད་དོ་ཞེས་བྱ་བ་འདི་ཡང་སྤངས་པ་ཉིད་ཡིན་ནོ། །གཞན་ཡང་བུམ་པ་དང་རྣ་བའི་སྦུབས་ལ་སོགས་པ་ཡང་ཐ་མི་དད་པའི་ནམ་མཁའ་གཅིག་དང་འབྲེལ་པ་ཉིད་ཀྱིས་ཡུལ་མཚུངས་པ་ཉིད་དུ་འགྱུར་རོ། །ནམ་
མཁའི་རང་བཞིན་གང་ཡིན་པ་ཁོ་ནས་གཅིག་དང་འབྲེལ་པ་དེ་ཁོ་ནས་གཞན་ལ་ཡང་ཡིན་ནོ། །དེ་ལྟར་ན་གཞན་ན་ཡོད་པའི་བུམ་པ་ལ་སོགས་པ་ཡང་མངོན་སུམ་འདོད་པའི་ཡུལ་དུ་འབྱུང་བ་ཁོ་ནར་འགྱུར་ཏེ། དེ་དང་འབྲེལ་པའི་རང་བཞིན་གྱི་ནམ་མཁའ་དང་ལྡན་པའི་ཕྱིར། དེའི་ཡུལ་ན་གནས་པའི་བུམ་
པ་ལ་སོགས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྲ་རྣམས་ཀྱང་ཡུལ་གཅིག་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་དངོས་པོ་འགའ་ཞིག་ཤིན་ཏུ་ཉེ་བ་དང་རིང་བའི་ཡུལ་ཐ་དད་ན་གནས་པར་ཤིན་ཏུ་གྲགས་པ་གང་ཡིན་པ་དེ་འགལ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཉེས་པ་མང་པོ་འཇུག་པར་འགྱུར་རོ། །
དེ་བཞིན་དུ་དུས་དང་ཕྱོགས་སྒྲུབ་པར་བྱེད་པ་དག་ལ་ཡང་སྤྱིར་གྲུབ་པ་ལ་སྒྲུབ་ལ་ཁྱེད་པར་དུ་གཏན་ཚིགས་རྗེས་སུ་འགྲོ་བ་མ་གྲུབ་ཅིང་དམ་བཅའ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ནོ་ཞེས་སྟོན་པ་ནི། ཁྱད་པར་ཅན་གྱི་བརྡ་འབྱུང་བའི་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་ཅན་གྱི་བརྡ་ནི་མདུན་དང་
རྒྱབ་ལ་སོགས་པ་ལས་སྐྱེས་པའི་དོན་རྣམས་ལ་མདུན་དང་རྒྱབ་ཀྱི་བརྡའོ། །དེ་ལས་བྱུང་བའི་ཡིད་ལ་བྱེད་པ་ནི་རྩོལ་བའོ། །དེ་འདི་ལ་རྒྱུ་མཚན་དུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཕན་ཚུན་བསྟེན་པའི་ཉེས་པ་མེད་དེ། ཤེས་པ་འདི་ནི་ཁྱད་པར་ཅན་གྱི་དངོས་པོའི་བརྡའི་རྒྱུ་མཚན་ཡིན་
པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ཙམ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཁྱད་པར་གྲུབ་ན་རྗེས་དཔག་པས་གནོད་པ་དང་། རྗེས་སུ་འགྲོ་བ་མེད་པ་ཡང་སྔ་མ་བཞིན་ནོ་ཞེས་སྟོན་པ་དང་། གཏན་ཚིགས་ཀྱང་འདོད་པ་ལས་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཉིད་ཡིན་ནོ་ཞེས་སྟོན་པ་ནི། ཆ་མེད་
དངོས་གཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་དུས་དང་ཕྱོགས་དག་གོ། །མདུན་རྒྱབ་ལ་སོགས་པའི་ཤེས་པ་དུས་དང་ཕྱོགས་ཞེས་བྱ་བ་དངོས་པོ་ཆ་མེད་པ་གཅིག་པ་ཞིག་རྒྱུ་མཚན་ཅན་དུ་འདོད། དེ་ཡང་མ་གྲུབ་སྟེ། འདི་ལྟར་རང་གི་རྣམ་པའི་རྗེས་སུ་བྱེད་པའི་ཤེས་པ་སྐྱེད་པར་

བྱེད་པའི་ཡུལ་ཡིན་ཏེ་གང་གིས་མདུན་དང་རྒྱབ་ལ་སོགས་པའི་ཤས་པ་དེས་བྱས་པར་འགྱུར་བ་ཆ་ཤེས་མེད་པ་ལ་ནི་མདུན་དང་རྒྱབ་ལ་སོགས་པའི་རྣམ་པར་དབྱེ་བ་ཡོད་པ་ཡང་ཡིན་ནོ། །དེའི་ཕྱིར་འདོད་པ་ལས་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ། །གལ་ཏེ་འབྲེལ་པ་ཅན་ཐ་དད་ཅེས་
བྱ་བ་འདིས་གཞན་གྱི་ལེན་དོགས་པར་བྱེད་དོ། །ཅི་སྟེ་ཡང་གང་ཕྱོགས་དང་དུས་དང་འབྲེལ་པ་ཅན་གྱི་ཕྱི་དང་ནང་གི་དངོས་པོ་མེ་མར་དང་ལུས་ལ་སོགས་པ་དེ་དག་ལ་མདུན་དང་རྒྱབ་ལ་སོགས་པ་ཡོད་པ་ཡིན་ཏེ། དེས་ན་དུས་དང་ཕྱོགས་དེ་དག་ཀྱང་འབྲེལ་པ་ཅན་དུ་གཏོགས་པའི་མདུན་རྒྱབ་ལ་སོགས་པ་འདི་
བསྟན་པ་ཡིན་ཏེ། དེའི་ཕྱིར་གཏན་ཚིགས་འགལ་བ་མ་ཡིན་ནོ་སྙམ་དུ་འདོད་པ་ཡིན་ནོ། །འདིར་ལན་སྨྲས་པ། དེ་ལྟ་ན་ནི། དེ་དག་དོན་མེད་མ་ཡིན་ནམ། །ཞེས་བྱ་བ་སྟེ། དེ་ལྟར་རྟོག་ན་དུས་དང་ཕྱོགས་དེ་དག་མེད་པར་འགྱུར་བ་ཡིན་ཏེ། དེའི་བསྒྲུབ་པར་བྱ་བ་མངོན་པར་འདོད་པའི་འབྲས་བུ་འབྲེལ་པ་ཅན་དེ་
ཉིད་ཀྱིས་བསྒྲུབས་པའི་ཕྱིར་རོ། །འདི་ལྟར་དུས་ནི། སྔ་མ་དང་། ཕྱི་མ་དང་། སྐད་ཅིག་དང་། ཐང་ཅིག་དང་། མིག་བཙུམས་པ་དང་། མཐར་དང་། ཆ་དང་། ཡུད་ཙམ་དང་། ཉིན་ཞག་དང་། ཟླ་བ་ཕྱེད་དང་། ཟླ་བ་ལ་སོགས་པའི་ཤེས་པ་སྐྱེ་བའི་རྒྱུ་ཡིན་ལ། ཕྱོགས་ཀྱང་ཤར་དང་ནུབ་ལ་སོགས་
པ་རྣམ་པར་འཇོག་པའི་རྒྱུར་འདོད་དེ། ཐ་དད་པ་འདི་མཐའ་དག་ཀྱང་དེ་དག་གི་བདག་ཉིད་ལ་ཡོད་པ་ཐ་དད་པ་དག་ལ་ཡང་ཡོད་པའི་ཕྱིར་ཐ་དད་པ་དག་ལ་ཡང་ཡོད་པར་ཀུན་དུ་རྟོག་པ་དེ་ནི་དོན་མེད་དོ། །ཡིད་སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱང་སྤྱིར་རྒྱུ་ཙམ་སྒྲུབ་ན་གྲུབ་པ་ལ་
སྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། མིག་ལ་སོགས་པ་ལས་གཞན་པ་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་དུ་རྟག་པ་གཅིག་པུའི་ཡིད་སྒྲུབ་པར་བྱེད་ན་རྗེས་སུ་འགྲོ་བ་མེད་པ་དང་། དམ་བཅའ་བ་ལ་རྗེས་སུ་དཔག་པས་གནོད་པ་དང་། གཏན་ཚིགས་ཀྱང་འགལ་བ་ཡིན་ནོ་ཞེས་སྟོན་པ་ནི། ཡིད་ནི་རྟག་ན་
ཞེས་བྱ་བ་ལ་སོགས་པ་སྟེ། འདོད་པ་ལ་གནོད་པ་བྱེད་པར་འགྱུར་ཞེས་བྱ་བ་ནི། མིག་ལ་སོགས་པ་ལས་ཐ་དད་པའི་མི་རྟག་པའི་རྒྱུ་ལ་ལྟོས་པ་དང་བཅས་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་རྒྱུ་རྟག་པ་ཉིད་ཡིན་ན་རྒྱུ་མ་ཚང་མེད་པའི་ཕྱིར་ཤེས་པ་རྣམས་རིམ་གྱིས་སྐྱེ་བ་འགལ་བར་

འགྱུར་རོ། །གཏན་ཚིགས་འགལ་བ་དེ་ཉིད་བཞད་གད་དུ་བྱེད་པ་སྔོན་དུ་འགྲོ་བས་བསྟན་པར་བྱ་བའི་ཕྱིར། བདེ་གཤེགས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་བདེ་བར་གཤེགས་པ་པ་དང་། མུ་སྟེགས་བྱེད་དག་འདོད་པའི་ཡིད་གྲུབ་པ་དང་མ་གྲུབ་པར་བྱ་བའི་ཕྱིར།
ཤེས་པ་ཅིག་ཅར་མི་སྐྱེ་བ་ནི་ཡིད་ཀྱི་རྟགས་མ་ཡིན་ནོ་ཞེས་བྱ་བའི་མདོ་འདི་བྱས་པ་ཡིན་ཏེ། ཕྱོགས་གཅིག་ལ་དགག་པའི་ཚིག་གདོན་པར་བྱ་བའི་ཕྱིར་རོ་སྙམ་དུ་སེམས་ཏེ། བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པ། བདེ་གཤེགས་པ་དང་ཕྱི་རོལ་པ་སྟེ་མུ་སྟེགས་པ་དེ་དག་གིས་བསྟན་པ་
ཡང་དེ་དག་ཡིན་ལ། ཡིད་ཀྱང་ཡིན་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དག་གོ་རིམས་བཞིན་དུ་གྲུབ་པ་དང་མ་གྲུབ་པའམ། ཡང་དག་པར་གྲུབ་པའམ། ལྷན་ཅིག་པའི་གྲུབ་པ་དེའི་ཕྱིར་ཏེ། དེའི་རྒྱུ་མཚན་དུའོ། །དེ་ཡང་ཇི་ལྟར་མདོ་གཅིག་གིས་དོན་འགལ་བ་གཉིས་གོ་བར་བྱེད་ཅེ་ན་དགག་
བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགག་པ་དང་ལྷན་ཅིག་ཏུ་འཇུག་པ་ཞེས་བྱ་བ་གཞན་གྱི་ཡིད་མ་གྲུབ་པར་བྱ་བའི་ཕྱིར་རྟགས་མ་ཡིན་ནོ་ཞེས་དགག་པའི་ཚིག་བཏོན་ནས་བསྟན་ལ། བདེ་བར་བཤེགས་པ་པའི་ཡིད་གྲུབ་པར་བྱ་བའི་ཕྱིར་གཞན་དུ་དགག་པ་མེད་པ་ཞེས་བྱ་བའི་དོན་ཏོ། །
ཡང་འོན་ཏེ་ཇི་ལྟར་ཚིག་གཅིག་ལ་དགག་པ་དང་བཅས་པ་དང་དགག་པ་མེད་པ་གཉིས་འགྲུབ་པར་འགྱུར་ཞེ་ན། བཟླས་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་བཟླས་པའི་ཚུལ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། རྫས་ཀྱི་ཚིག་གི་དོན་བརྟག་པ་སྟེ་
བཅོ་ལྔ་པའོ།། །།ཡོན་ཏན་ལ་སོགས་པ་རྣམས་དགག་པའི་ཕྱིར་རྫས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་རྣམས་བཀག་པ་ཉིད་ཀྱིས་ཡོན་ཏན་དང་ལས་ལ་སོགས་པ་ཁྱད་པར་གྱི་མཐར་ཐུག་པ་རྣམས་བསལ་བ་ཡིན་ཏེ། དེ་དག་ནི་དེ་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་རོ། །རྟེན་མེད་པ་ན་
ཡང་བརྟེན་པ་རྣམས་གཞན་གྱི་དབང་ཉིད་ཀྱིས་གནས་པ་མི་འཐད་པའི་ཕྱིར་རོ། །དེར་བརྟེན་པ་སྟེ་དེ་ལྟར་འདོད་པ་ཞེས་བྱ་བ་ནི་དངོས་སམ་བརྒྱུད་པས་རྫས་ལ་བརྟེན་པ་ཉིད་དུ་འདོད་པའོ། །འདི་ལྟར་ཡོན་ཏན་དང་ལས་དག་ནི་དངོས་ཁོ་ནར་རྫས་ལ་བརྟེན་པ་ཉིད་དུ་འདོད་དེ། དེ་སྐད་དུ་ཡང་མདོ་ལས།

ཡོན་ཏན་གྱི་མཚན་ཉིད་ནི་རྫས་ལ་བརྟེན་པ། ཡོན་ཏན་གྱི་ལྡན་པ་དང་། རྣམ་པར་དབྱེ་བ་དག་ལ་རྒྱུ་མ་ཡིན་པ་ལྟོས་པ་མེད་པ་ཞེས་བྱའོ། །ལས་ཀྱི་མཚན་ཉིད་ནི་རྫས་གཅིག་པ་ཅན་ཡོན་ཏན་མེད་པ་ཅན་ལྡན་པ་དང་རྣམ་པར་དབྱེ་བ་དག་ལ་ལྟོས་པ་མེད་པའི་རྒྱུ་མ་ཡིན་པ་ཞེས་བྱ་བའོ། །རྫས་གཅིག་པ་ཞེས་བྱ་བ་
ནི་རྫས་གཅིག་ལ་བརྟེན་པ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་ཁ་ཅིག་ནི་རྫས་དུ་མ་ལ་འཇུག་པ་ཡིན་ཏེ། ཇི་ལྟར་ལྡན་པ་དང་རྣམ་པར་དབྱེ་བ་ལ་སོགས་པ་ལྟ་བུའོ། །སྤྱི་དང་བྱེ་བྲག་རྣམས་ཀྱང་ཁ་ཅིག་ནི་རྫས་ལ་འཇུག་པ་ཁོ་ན་ཡིན་ཏེ། དཔེ་ནས་ཉིད་ལ་སོགས་པ་བཞིན་ནོ། །ཡོན་ཏན་དང་ལས་ཉིད་ལ་སོགས་རྫས་
དང་འབྲེལ་པའི་ཡོན་ཏན་དང་ལས་ཀྱི་ཚིག་གི་དོན་ལ་འཇུག་གོ། །སྤྱི་ཆེན་པོ་ཡོད་པ་ཞེས་བྱ་བ་ནི་རྫས་ལ་སོགས་པ་ཚིག་གི་དོན་གསུམ་ལ་འཇུག་གོ། །དེ་ལྟ་བས་ན་རྫས་བཀག་ནས་འབད་མི་དགོས་པར་ཡོན་ཏན་ལ་སོགས་པ་ཡང་བཀག་པར་འགྱུར་བའི་ཕྱིར་ཚིག་གི་དོན་ལྷག་མ་བརྟགས་པའི་འབྲས་བུ་ནི་རྫས་བརྟག་
པ་ཉིད་དུ་རྫོགས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འོ་ན་འདུ་བ་དགག་པ་ལོགས་ཤིག་ཏུ་བརྩམ་པར་བྱ་དགོས་སོ་ཞེ་ན། འདུ་བའང་གང་དུ་གང་གི་ཡིན། །ཞེས་བྱ་བ་སྨོས་ཏེ། ཚིག་གི་དོན་ལྔ་ལ་འཇུག་པའི་ངོ་བོ་ནི་འདུ་བ་ཡིན་པར་བརྗོད་དེ། རྫས་ལ་སོགས་པ་འབྲེལ་པ་ཅན་རྣམ་པ་ལྔ་བསལ་བ་ཡིན་ན་གང་
དུ་གང་གིས་འདུ་བ་ཡིན་ཏེ། གང་དུ་ཡང་འགའ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། རྟེན་དང་བརྟེན་པ་ཐམས་ཅད་བཀག་པའི་ཕྱིར་རོ། །དེ་ལ་རེ་ཞིག་ཡོན་ཏན་རྣམས་ཁྱད་པར་དུ་དགག་པ་བརྗོད་པར་བྱ་སྟེ། དེ་ལ་མདོ་ལས་གཟུགས་དང་། རོ་དང་། དྲི་དང་། རེག་པ་རྣམས་དང་། གྲངས་དང་། ཚད་དང་།
སོ་སོ་བ་ཉིད་དང་། ལྡན་པ་དང་། རྣམ་པར་དབྱེ་བ་དང་། གཞན་དང་། གཞན་མ་ཡིན་པ་ཉིད་དང་། བློ་རྣམས་དང་། བདེ་བ་དང་། སྡུག་བསྔལ་དག་དང་། འདོད་པ་དང་། སྡང་བ་དག་དང་། འབད་པ་ནི་ཡོན་ཏན་དག་གོ་ཞེས་འབྱུང་སྟེ། དང་གི་སྒྲ་ལས་ལྕི་བ་ཉིད་དང་། གཤེར་བ་ཉིད་དང་། སྣུམ་པ་དང་།
འདུས་བྱས་པ་དང་། ཆོས་དང་ཆོས་མ་ཡིན་པ་དང་། སྒྲ་རྣམས་གཟུང་ངོ་། །དེ་ལ་གཟུགས་ནི་མིག་གིས་གཟུང་བར་བྱ་བ་སྟེ། ས་དང་ཆུ་དང་མེ་ལ་གནས་སོ། །རོ་ནི་ལྕེའི་དབང་པོས་གཟུང་བར་བྱ་བ་སྟེ། ས་དང་ཆུ་ལ་གནས་སོ། །དྲི་ནི་སྣས་གཟུང་བར་བྱ་སྟེ། ས་ལ་གནས་སོ། །རེག་པ་ནི་ལུས་ཀྱི་དབང་

པོས་གཟུང་བར་བྱ་སྟེ། ས་དང་། ཆུ་དང་། མེ་དང་རླུང་ལ་གནས་སོ། །འདི་དག་གི་གཟུགས་ལ་སོགས་པ་དང་པོ་བཞི་དགག་པའི་ཕྱིར། རགས་པའི་རྫས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རགས་པ་ཉིད་ཀྱི་རྫས་ལ་འདུ་བ་རྣམས་ནི་དམིགས་པའི་མཚན་ཉིད་དུ་འགྱུར་བ་ཉིད་
ཡིན་ཏེ། དེའི་ཕྱིར་རགས་པ་ལ་ཞེས་བཤད་དོ། །རྫས་དེ་ལ་ཡང་སྔོན་པོ་ལ་སོགས་པ་རྣམ་པ་བཞི་པོ་གལ་ཏེ་གཅིག་པ་ཉིད་དེ་ཆ་ཤས་མེད་པར་འདོད་ན། དེའི་ཚེ་སྒོ་གསེབ་ལ་སོགས་པའི་བུ་གར་འཇུག་པའི་སྒྲོན་མ་ལ་སོགས་པའི་སྣང་བ་ཕྲ་མོས་ཀྱང་ཁང་པའི་ཕུགས་ལ་སོགས་པར་གནས་པའི་བུམ་པ་ལ་
སོགས་པའི་རྫས་ཆེས་ཆེ་བ་དང་འདུ་བའི་སྔོན་པོ་ལ་སོགས་པའི་ངོ་བོ་མངོན་པར་གསལ་བ་ན་རྫས་ཇི་སྙེད་པ་མཐའ་དག་ལ་གནས་པའི་གཟུགས་ལ་སོགས་པ་མངོན་པར་གསལ་བ་དང་དམིགས་པར་འགྱུར་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །གང་གིས་ཕྱོགས་གཅིག་གིས་མངོན་པར་གསལ་བར་འགྱུར་བ་གཅིག་
ལ་ཆ་ཡོད་པ་ཡང་མ་ཡིན་ནོ། །བུ་གའི་སྣང་བས་ཞེས་བྱ་བ་ནི་མཚོན་པ་སྟེ། སའི་ཕྱོགས་གཅིག་ཏུ་ཆུས་མངོན་པར་གསལ་བ་ན་ཕྱོགས་གཞན་དུ་ཡང་མངོན་པར་གསལ་བ་དང་དམིགས་པར་ཐལ་བར་འགྱུར་རོ། །མེ་ལ་སོགས་པ་དང་ཨ་མྲའི་འབྲས་བུ་ལ་སོགས་པའི་ཕྱོགས་གཅིག་གི་ཤན་ཙམ་
རེག་པ་དང་མྱངས་པ་ན། རྫས་དེ་ལ་འདུ་བ་དེ་སྙེད་པའི་རེག་པ་དང་། རོ་དམིགས་པར་འགྱུར་རོ། །འདི་སྙམ་དུ་སྔོན་པོ་ལ་སོགས་པ་མཐའ་དག་དམིགས་པ་དང་། མངོན་པར་གསལ་བར་འགྱུར་བ་ཁོ་ནའོ་སྙམ་དུ་སེམས་ན། ཡངས་པའི་ཡུལ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཚེ་ཞེས་
བྱ་བ་ནི་དེའི་དུས་ནའོ། །དེའི་ཞེས་བྱ་བ་ནི་བུ་གའི་སྣང་བས་སོ། །དེའི་ནི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་རྡུལ་ཕྲ་རབ་རྣམས་ཐ་དད་པར་ཁས་ལེན་པ་ན་ས་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་རྫས་བཞིན་དུ་རྡུལ་ཕྲ་རབ་ཚད་དང་ལྡན་པའི་ཕྱིར་རྫས་ཀྱི་རང་བཞིན་ཉིད་དུ་འགྱུར་གྱི། ཡོན་ཏན་ཉིད་ནི་མ་ཡིན་ནོ། །དེ་ལྟ་
བུར་གྱུར་པའི་རྡུལ་ཕྲ་རབ་ཐ་དད་པ་རྣམས་ལ་ཡོན་ཏན་དུ་ཐ་སྙད་བྱེད་ན་མིང་ལ་རྩོད་པ་མེད་དོ། །རྡུལ་ཉིད་ཡིན་ན་ཡང་བརྟེན་པ་ཉིད་ལས་ཡོན་ཏན་ཉིད་དུ་རིག་པ་ནི་མ་ཡིན་ཏེ། ཡོད་པ་དང་མེད་པ་ལ་རྟེན་མི་འཐད་པའི་ཕྱིར་དང་། ཧ་ཅང་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །འདི་ལྟར་ཡན་ལག་ཅན་གྱི་

རྫས་ཀྱང་ཡན་ལག་གི་རྫས་ལ་བརྟེན་པའི་ཕྱིར་དེ་ཡང་ཡོན་ཏན་དུ་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལ་གཅིག་ལ་སོགས་པའི་ཐ་སྙད་ཀྱི་རྒྱུ་གཅིག་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་གྲངས་ཏེ། དེ་ཡང་རྫས་གཅིག་པ་དང་རྫས་དུ་མ་པ་ཡིན་ནོ། །དེ་ལ་གཅིག་གི་གྲངས་ནི་རྫས་གཅིག་པ་ཡིན་ལ། གཉིས་
ཉིད་ལ་སོགས་པ་ནི་རྫས་དུ་མ་པ་ཡིན་ནོ། །དེ་ལ་རྫས་གཅིག་པ་ལ་ནི་རྟག་པ་ཉིད་དང་། མི་རྟག་པ་ཉིད་དག་ཏུ་སྒྲུབ་པར་ཆུ་ལ་སོགས་པའི་རྡུལ་ཕྲ་རབ་ལ་སོགས་པར་གཏོགས་པའི་གཟུགས་ལ་སོགས་པ་བཞིན་དུ་རྟོགས་པར་བྱའོ། །རྫས་དུ་མ་ནི་དུ་མའི་ཡུལ་ཅན་གྱི་བློ་དང་ལྷན་ཅིག་པའི་གཅིག་ལས་གྲུབ་པ་ལ་ལྟོས་
པའི་བློ་འཇིག་པས་འཇིག་པ་དང་། ལ་ལ་རྟེན་འཇིག་པས་ཀྱང་འཇིག་པ་ཡིན་ཏེ་ཞེས་རྟོགས་པར་བྱའོ། །གཞན་དག་གྲངས་རྣམ་པ་གཉིས་པོ་འདི་ཡང་མངོན་སུམ་ཉིད་ཀྱིས་གྲུབ་པ་དང་། ཁྱད་པར་གྱི་བློ་ཡང་རྒྱུ་མཚན་གཞན་ལ་ལྟོས་པའི་ཕྱིར་རྗེས་སུ་དཔག་པས་ཀྱང་གྲུབ་པར་སེམས་སོ་ཞེས་གྲག་གོ། །
དེ་ལ་འདིའི་འགེགས་པ་བཤད་པ། དེ་མིན་ངོ་བོ་ལས་ལྡོག་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྡུས་པ་ལ་སོགས་པ་ལས་ལྡོག་པའི་གླང་པོ་ལ་སོགས་པ་གང་དག་ལ་མིང་སྦྱོར་བ་དེ་ལས་མ་གཏོགས་པའི་དམིགས་པའི་མཚན་ཉིད་དུ་ཆུད་པའི་གྲངས་ཞེས་བྱ་བ་ཡོད་པ་མ་ཡིན་པའི་ཕྱིར། དེ་རི་
བོང་གི་རྭ་བཞིན་དུ་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ། །འདི་ལྟར་འདི་ནི་སྣང་དུ་རུང་བར་འདོད་དེ། དེ་སྐད་དུ་ཡང་མདོ་ལས་གྲངས་དང་ཚད་རྣམས་དང་། སོ་སོ་བ་ཉིད་དང་། ལྡན་པ་དང་། རྣམ་པར་དབྱེ་བ་དག་དང་། གཞན་དང་གཞན་མ་ཡིན་པ་ཉིད་དང་། ལས་ནི་གཟུགས་ཅན་གྱི་རྫས་དང་
འདུ་བའི་ཕྱིར། མིག་གིས་གཟུང་བར་བྱ་བ་ཡིན་ནོ་ཞེས་འབྱུང་ངོ་། །ཁྱད་པར་གྱི་བློ་ལས་གྲངས་འགྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདོད་པས་རབ་ཏུ་སྦྱར་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤེས་པ་གཅིག་གོ། །ཤེས་པ་གཉིས་སོ་ཞེས་བྱ་བ་ལ་སོགས་པ་ལ་གྲངས་
མེད་པར་ཡང་གཅིག་ལ་སོགས་པའི་བློར་འགྱུར་བ་དེ་བཞིན་དུ་གྲོགས་ལ་སོགས་པ་མེད་པའི་བུམ་པ་ལ་སོགས་པའི་དངོས་པོ་རྣམས་ལ་ཡང་གཅིག་ཅེས་བྱ་བ་ལ་སོགས་པ་རང་གི་འདོད་པས་བརྡ་བྱས་པ་དེ་ལ་ཡིད་ལ་བྱེད་པ་གང་ཡིན་པ་གཟོ་པ་དེའི་རྗེས་སུ་འགྲོ་བའི་ཤེས་པ་གཅིག་འབྱུང་བར་འགྱུར་བས་འདི་མ་

ངེས་པ་ཡིན་ནོ། །ཤེས་པ་དེ་དག་ལ་ནི་གྲངས་ཡོད་པ་མ་ཡིན་ཏེ། དེ་དག་རྫས་མ་ཡིན་པའི་ཕྱིར་དང་། གྲངས་ནི་ཡོན་ཏན་ཉིད་ཡིན་པས་རྫས་ལ་བརྟེན་པའི་ཕྱིར་རོ། །ཅི་སྟེ་ཤེས་པ་འདི་དག་ལ་འདི་ནི་ཉེ་བར་བཏགས་པ་ཡིན་ཏེ། ཅི་ལྟ་བུ་ནི་གཅིག་ཡིན་ཏེ། འདིར་ཆོས་མཐུན་པ་ཡང་གྲོགས་མེད་པའི་ཕྱིར་
རོ་སྙམ་དུ་འདོད་ན་ཤེས། དེ་ཞེས་བྱ་བ་སྨོས་ཏེ། ཤེས་པ་འདི་ནི་བཏགས་པ་ཡིན་པར་མི་རིགས་པ་མ་ཡིན་ཏེ། ཤེས་པ་འདི་ནི་འཁྲུལ་པ་མེད་པར་འཇུག་པའི་ཕྱིར་རོ། །དཔེར་ན་ཁུང་བུ་པ་ལ་བ་ལང་ཞེས་ཤེས་པ་འཁྲུལ་པ་སྟེ། བ་ལང་ལྟ་བུ་ནི་བ་ལང་ཡིན་གྱི་བ་ལང་ཉིད་ནི་མ་ཡིན་ཏེ། ནོག་ལ་སོགས་པ་མེད་པའི་
ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་ཤེས་པ་གཅིག་ལ་སོགས་པ་འདི་འཁྲུལ་པ་གཅིག་ལྟ་བུ་ནི་གཅིག་དང་འདྲ་བ་ཡིན་གྱི་གཅིག་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བུམ་པ་ལ་སོགས་པ་ལ་ཅི་འདྲ་བའི་བློ་མ་འཁྲུལ་བར་འགྱུར་བ་དེ་འདྲ་བ་ཤེས་པ་ལ་སོགས་པ་ཡང་མ་ཡིན་ནོ། །འདི་སྙམ་དུ་ཤེས་པ་འདི་
འདྲ་བ་ལ་ལྟོས་ནས་བརྗོད་པ་མ་ཡིན་གྱི་འོན་ཀྱང་དེ་དག་གི་རྟེན་དུ་གྱུར་པའི་རྫས་གང་ཡིན་པ་དེར་གཏོགས་པའི་གཅིག་ཉིད་ལ་སོགས་པ་ལས་དོན་གཅིག་ལ་འདུ་བའི་ཕྱིར། ཡོན་ཏན་དང་ལས་དང་འདུ་བ་ལ་སོགས་པ་ལ་གཅིག་ལ་སོགས་པའི་ཤེས་པ་འདིར་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདིའི་དོགས་པ་བསུ་བ་
ནི། དོན་གཅིག་ལ་ནི་འདུ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ལན་སྨྲས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཤེས་པ་འདི་རྫས་དེ་དང་འདུ་བའི་གཅིག་ཉིད་ལ་སོགས་པ་ལས་ཤེས་པ་གཅིག་དང་བདེ་བ་ལ་སོགས་པ་གཅིག་གི་བདག་ཉིད་ཀྱི་རྫས་དང་འདུ་བ་རྣམས་ལ་དེའི་ཚེ་དེ་
ལྟར་ཤེས་པ་གཅིག་གོ་ཞེས་བྱ་བ་ཡིན་དུ་ཆུག་མོད། ཤེས་པ་གཉིས་དང་གསུམ་དང་བཞི་ཞེས་བྱ་བ་ལ་སོགས་པའི་ཤེས་པ་ལ་རྒྱུ་ཅི་ཞིག་ཡོད། གཅིག་གི་བདག་ཉིད་དུ་གྱུར་པ་དེ་ལ་གཉིས་ཉིད་ལ་སོགས་པ་ཡོད་པ་མ་ཡིན་ནོ། །གང་ཡང་ཚིག་གི་དོན་དྲུག་དང་། བདེ་བ་དང་སྡུག་བསྔལ་དག་དང་། འདོད་པ་
དང་སྡང་བ་དག་དང་། ལས་རྣམ་པ་ལྔ་དང་། གཞན་དང་གཞན་ཁྱབ་པ་དང་མ་ཁྱབ་པའི་སྤྱི་རྣམ་པ་གཉིས་དང་མ་ཡིན་པའི་སྤྱི་རྣམ་པ་གཉིས་དང་། དངོས་པོ་གཅིག་དང་། འདུ་བ་གཅིག་ཅེས་བྱ་བ་འདི་བརྗོད་པ་དེ་ལ་རྒྱུ་ཅི་ཞིག་ཡོད། དེ་ལ་དོན་གཅིག་ལ་འདུ་བའི་གྲངས་ནི་ཡོད་པ་མ་ཡིན་ཏེ། དེ་

ལྟ་བས་ན་ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་འདི་ཡང་བརྟག་པར་མི་རིགས་སོ། །གཞན་ཡང་གལ་ཏེ་དོན་གཅིག་ལ་འདུ་བའམ་གཞན་ཡང་རུང་སྟེ། རང་གི་བློས་བརྟགས་པའི་རྒྱུ་བརྗོད་པ་དེ་ལྟ་བུ་ཡང་དོན་གཅིག་ལ་འདུ་བ་ལ་སོགས་པ་ལས་སྐྱེ་བའི་ཤེས་པ་འདི་བརྟགས་པར་འགྱུར་ཏེ། དངོས་པོ་གཞན་མེད་པའི་
ཕྱིར་རོ། །དེ་ལྟ་ཡིན་དང་འཁྲུལ་པར་འགྱུར་རོ། །དེ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་དཔེར་ན་བྲམ་ཟེའི་ཁྱེའུ་ལ་མེའི་ཤེས་པ་བཞིན་ནོ། །དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་གང་བཤད་པའི་ཉེས་པ་ལས་མི་འདའ་བ་ཁོ་ནའོ། །གླང་པོ་ལ་སོགས་ཤེས་པ་ལས། །ཞེས་བྱ་བ་ལ་སོགས་པས་གྲངས་
གྲུབ་པར་བྱ་བའི་ཕྱིར་རྣ་མ་ཕུག་པས་སྨྲས་པའི་ཚད་མ་དོགས་པར་བྱེད་དོ། །དེས་སྨྲས་པ། དམག་གི་ཤེས་པ་ནི་གླང་པོ་ཆེ་དང་རྟ་དང་ཤིང་རྟ་ལ་སོགས་པ་ལས་མ་གཏོགས་པའི་རྒྱུ་མཚན་ཅན་ཡིན་ཏེ། གླང་པོ་ལ་སོགས་པའི་ཤེས་པ་དང་མི་འདྲ་བའི་ཕྱིར་གོས་སྔོན་པོའི་ཤེས་པ་བཞིན་ནོ་ཞེའོ། །དེ་ལས་གཞན་ལས་བྱུང་
ཞེས་བྱ་བ་ནི། གླང་པོ་ཆེ་དང་རྟ་དང་ཤིང་རྟ་ལ་སོགས་པ་དེ་ལས་གཞན་ནི་དེ་ལས་གཞན་ནོ། །དེ་ལས་བྱུང་བ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདོད་པས་སྦྱར་བའི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གླང་པོ་ལ་སོགས་པ་ལས་ཐ་དད་པའི་བརྡའི་ཡིད་ལ་བྱེད་པ་ལ་
སོགས་པ་ནང་གི་རྒྱུ་མཚན་ཅན་དུ་འདོད་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །སོགས་པའི་སྒྲས་བརྡ་དྲན་པ་ལ་སོགས་པ་བཟུང་ངོ་། །ཅི་སྟེ་བརྡ་གཟོ་བ་ལ་སོགས་པ་ལས་ཐ་དད་པའི་དངོས་པོ་རྒྱུ་མཚན་ཅན་ཉིད་དུ་བསྒྲུབ་པར་འདོད་ན། དེའི་ཚེ་མ་ངེས་པ་ཡིན་ནོ་ཞེས་ཐལ་བར་འགྱུར་བ་བརྗོད་པའི་ཐབས་ཀྱིས་
སྟོན་པ་ནི། འདི་ཉིད་ཀྱིས། བློ་ལ་སོགས་པའང་གྲངས་སུ་འགྱུར། །ཞེས་བྱ་བ་སྨོས་ཏེ། དེའི་ཤེས་པ་དང་མི་འདྲ་བའི་ཕྱིར་ཞེས་བཤད་པས་དེ་ཉིད་ཀྱིས། གཅིག་གི་བློ་དང་གཉིས་ཀྱི་བློ་དང་ལས་ལྔ་ཞེས་བྱ་བ་ལ་སོགས་པ་ཡང་གྲངས་སུ་འགྱུར་ཏེ། གཅིག་ལ་སོགས་པའི་བློ་དེ་ལ་ཡང་དེའི་ཤེས་
པ་དང་མི་འདྲ་བའི་
Luận tạng Tây Tạng (Tengyur) — Tập 191 | Tra cứu Kinh điển | Tàng Kinh Việt