Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 191

Văn bản gốc(Tây Tạng)

Trang 7 / 25 (50.000 ký tự/trang)
ྡ་ནི་གཞན་མའི་ངོ་བོ་ཡིས། །ཀ་ལི་མ་རི་སོགས་སྒྲ་བཞིན། །སྒྲ་ལ་ངེས་པའི་ནུས་ཡོད་ཕྱིར། །དོན་གཞན་རྟོགས་པར་མི་འགྱུར་ཏེ། །གལ་ཏེ་སྣ་ཚོགས་དོན་གསལ་

ཕྱིར། །ནུས་པ་གཅིག་ཏུ་འདོད་པ་ན། །ཐ་དད་ཅེ་ན་སྒྲ་གཅིག་གིས། །ཅིག་ཅར་སྣ་ཚོགས་དོན་རིག་འགྱུར། །དོན་ནི་གསལ་བར་བྱེད་ནུས་པ། །རྟག་པ་ཁོ་ནར་གནས་པའི་ཕྱིར། །དེ་རྒྱུ་དོན་ལ་རྟོགས་པ་ཡང་། །ཐམས་ཅད་ལ་ནི་གཏན་དུ་འགྱུར། །
དེ་ལ་བརྡ་ལ་ལྟོས་པ་ཅན། །ནུས་པར་བརྟགས་པ་ཡིན་ཞེ་ན། །དེ་ནི་ཕན་འདོགས་ལ་ལྟོས་མིན། །མི་གཡོ་བས་དེ་ཕན་གདགས་མེད། །དོན་ནི་གསལ་བར་བྱེད་པའི་རྒྱུ། །བརྡ་ནི་མི་ལ་བརྟེན་པའི་ཕྱིར། །མིས་མ་བྱས་པའི་ནུས་པ་ཡང་། །ལོག་པ་ཉིད་ནི་སྲིད་པ་ཡིན། །
སྣ་ཚོགས་དོན་ནི་གསལ་བྱེད་པའི། །ནུས་པ་སྒྲ་གཅིག་ལ་ཡོད་ན། །མེ་ལ་སྦྱིན་སྲེག་ལ་སོགས་དོན། །ཐམས་ཅད་ཀུན་ལ་ཉེར་མཁོ་མིན། །དེ་འདོད་ཕྱིན་ཅི་ལོག་དོན་ནི། །གསལ་བར་བྱེད་པའང་སྲིད་པའི་ཕྱིར། །དེས་ན་སྒྲ་དོན་འབྲེལ་བརྟག་པར། །བརྟགས་པ་དོན་མེད་ཅན་
ཡིན་ནོ། །བརྡ་ཡང་ལྟོས་པར་བྱེད་པ་ན། །བརྟགས་པར་ནུས་པའི་མཚན་ཉིད་ཅན། །རྒྱུ་མཚན་མེད་པའི་འབྲེལ་པ་འདི། །ཅི་ཕྱིར་ཡོངས་སུ་གསོ་བ་ཡིན། །གྲུབ་པ་ཉེར་གཞག་པ་ལ་ནི། །བརྡ་ནི་མ་རྟོགས་པར་བྱ་གཞན། །དོན་རྟོགས་པ་རུ་བྱེད་པ་ནི། །དེ་ལ་ཅུང་ཟད་ཀྱང་
སྣང་མིན། །འདི་ལྟར་བརྡ་ནི་མེད་པ་ན། །ཐ་སྙད་འདི་ནི་མཐོང་མ་ཡིན། །དེ་ལས་འབྲེལ་པ་གྲུབ་ཅེ་ན། །བརྒྱུད་པ་འདི་ནི་དོན་མེད་འགྱུར། །སྐྱེས་བུ་འདོད་ཙམ་ལས་བྱུང་བའི། །བརྡ་ནི་འབའ་ཞིག་ལས་ཀྱང་ནི། །ཐ་སྙད་ཀྱང་ནི་རིགས་ཡིན་ཏེ། །དེས་ན་འབྲེལ་པ་མི་འགྲུབ་པོ། །
གཞན་དུ་ཡང་ནི་འཐད་པར་ནི། །ཐ་སྙད་ལ་ནི་དོགས་པར་འགྱུར། །དབང་པོ་ལས་འདས་འབྲེལ་པ་ནི། །མི་རྣམས་ཀྱིས་ནི་རྟོགས་མ་ཡིན། །ཐམས་ཅད་ཀྱིས་ནི་མི་ཤེས་པས། །སྔ་མ་སྔ་མ་མ་གྲགས་ཕྱིར། །འབྲེལ་པ་མ་གྲུབ་ཅེས་བྱ་བས། །དེ་ལྟར་དེ་ཅིས་ཡོངས་སུ་
བརྟགས། །དེས་ན་བ་ལང་རྟ་སོགས་ཀྱིས། །སྒྲ་ནི་རྟག་པའི་འབྲེལ་ལྡན་མིན། །བརྡ་ལ་ལྟོས་བཅས་ཉིད་ཀྱི་ཕྱིར། །ག་བི་ལ་སོགས་སྒྲ་བཞིན་ནོ། །རུང་བའི་བ་ལང་སྒྲ་ཡོད་ན། །དེ་ནུས་མིན་སྐྱེས་ཀྱིས་བཙུད་བྱས། །ག་བི་སོགས་ལས་བ་ལང་བློ། །རྩ་བའི་སྒྲ་རྗེས་

འབྲངས་ཤེ་ན། །དེ་མིན་ཉ་པ་སོགས་རྣམས་ཀྱིས། །ལེགས་པར་སྦྱར་བ་མི་རྟོགས་ཕྱིར། །རྩ་བ་སྒྲ་ཡིས་རྗེས་འབྲངས་པའི། །ཇི་ལྟར་དོར་གྱི་བློ་འབྱུང་འགྱུར། །དེ་ལྟར་སྒྲ་དོན་གྱིས་འབྲེལ་པ། །རྟག་པར་ཁས་བླངས་པར་མ་བྱས། །དེ་ནི་བརྡ་ལས་བྱུང་རིགས་ཡིན།
རྣམ་པ་ཀུན་དུ་དེ་སྲིད་ཕྱིར། །ཡང་ན་ཡུལ་ཞིག་རིགས་རྒྱུད་ནི། །ཆད་པའི་ངོ་བོ་ཐིམ་པ་ཡིན། །སངས་རྒྱས་པས་འདོད་འདོད་མེད་གང་། །ཚངས་ལ་སོགས་ལའང་ཡོད་པར་དོགས། །དེ་ཡོད་ན་ནི་རིག་བྱེད་ལ། །འཇིག་རྩའི་བློ་ནི་སྲིད་པ་ཡིན། །ལོག་པའི་གཏི་མུག་
རྒྱགས་སོགས་པས། །ཕྱིན་ཅི་ལོག་རྟོག་གཞན་ཡང་སྲིད། །དེ་དང་འདྲ་བར་འགྱུར་བ་ཡིན། །རིག་བྱེད་གཞན་ཉིད་དུ་ནི་འགྱུར། །ཇི་སྲིད་གནོད་པ་ཅན་མ་བསྟན། །དེ་སྲིད་དེ་ནི་དོགས་པར་འགྱུར། །གཞན་དུ་བྱེད་པའི་འདོད་ཡོད་ཀྱང་། །སྒྲ་ནི་འཇུག་པར་མི་འགྱུར་ན། །དེ་
བཞིན་གལ་ཏེ་མི་རྣམས་ལ། །གཞན་དུ་བྱེད་འདོད་མི་སྐྱེ་ན། །དེ་ཚེ་རིག་བྱེད་འདི་གཞུང་དང་། །དོན་ནི་གཞན་བདག་ཉིད་མི་རྟོགས། །གཞན་དུ་བྱེད་པའི་དོན་འཇུག་ན། །དོགས་པ་ལྡོག་པར་མི་འགྱུར་རོ། །སྐྱེས་བུ་ཐམས་ཅད་དག་གིས་ནི། །སྔར་གྲུབ་རིམ་པ་བཟུང་བ་
ཡིན། །ཚིག་ངག་ཡི་གེའི་རིམ་པ་ཡིས། །རང་དབང་གིས་ཀྱང་བྱེད་པར་འགྱུར། །གཞན་དུ་ཁྱེད་ལ་རིག་བྱེད་བཞིན། །གཞུང་འགའ་བྱས་པར་མི་འགྱུར་རོ། །དེས་ན་དེ་བཞིན་དོན་མེད་པའི། །གཞུང་ཙམ་ལ་ཡང་བྱས་མེད་འགྱུར། །ཇི་ལྟར་གཞན་དག་གིས་བརྗོད་པ། །
དེས་ན་དེ་ནི་བརྗོད་འདོད་ཅེས། །དེས་ནི་ངེས་པ་མ་ཡིན་ཏེ། །དེས་ན་འབྲེལ་བཞིན་ཐོག་མེད་ཡིན། །གཞན་གྱིས་བརྗོད་པ་བདག་གིས་བརྗོད། །བརྗོད་པར་འདོད་པ་དེ་འདྲར་འགྱུར། །མཚུངས་པའི་རྟོགས་པའི་འཁྲུལ་པ་ཡིས། །ལས་ཀྱི་བྱེ་བྲག་ཇི་བཞིན་ནོ། །དབྱངས་ལ་སོགས་པ་
མི་མཐུན་ཕྱིར། །གཞན་གྱིས་བརྗོད་པ་བརྗོད་བྱ་མིན། །ཡི་གེའི་བདག་ཉིད་དུ་སྣང་ཕྱིར། །གསལ་བྱར་བྱེད་པའི་ཆོས་འདི་མིན། །དེས་ན་མི་རེ་ཡིག་ཐ་དད། །སྣང་བ་ཡིན་ཏེ་བུམ་སོགས་བཞིན། །དེ་ཕྱིར་ཐ་དད་གསལ་བས་ན། །དེ་ཡི་མཚན་མ་ཅི་སྟེ་དགག །རིགས་ཀྱིས་

བུམ་པ་ལ་སོགས་ལ། །ཐ་སྙད་ཉེ་བར་མཚོན་པ་ནི། །དེ་མེད་པས་ན་སྔར་བཀག་ཡིན། །གསལ་བ་དང་དེ་མི་ལྡན་ཕྱིར། །དེ་ཕྱིར་རྐན་ལ་སོགས་པའི་རིགས། །སྐྱེས་བུ་ཐམས་ཅད་ལ་གནས་མིན། །དེས་ན་སྨྲ་པོ་དེ་རྣམས་ཀྱིས། །སྒྲ་ཙམ་ཉེར་མཚོན་
བསྐུལ་བ་མིན། །དེ་ཕྱིར་ཇི་སྲིད་ཡིག་ཡོད་པ། །སྒྲ་ཙམ་གྱི་རིགས་ཐ་དད་ནི། །སྒྲ་སྔོན་གསལ་བའི་རྒྱུར་འཇུག་པའམ། །ཡང་ན་གསལ་བ་དེ་ལྡན་མིན། །དེས་ན་རྐན་སོགས་ལྡན་པ་དང་། །རྣམ་དབྱེའི་རིམ་པ་སྔོན་འགྲོ་ཅན། །ཁྱེད་ལ་སྒྲ་ཙམ་གོ་རིམས་དང་། །རིགས་ཀྱིས་གཉིས་
ཀའི་རྟག་ཉིད་མེད། །ཇི་ལྟར་སྐོར་བ་སོགས་རྣམས་ཀྱི། །ཆ་རིགས་སོགས་ཀྱིས་མཚོན་བྱས་མིན། །རིམ་པའི་རྗེས་འཇུག་འགྱུར་དེ་ལྟར། །རྐན་སོགས་སྒྲ་ཙམ་ཡིག་རྟེན་མིན། །ཕྲ་བ་ཉིད་ཕྱིར་གསལ་རྣམས་ལ། །རིགས་ཀྱི་ཆོས་ནི་ངེས་བཟུང་དང་། །ཡང་དེའི་དབང་གིས་དོན་
རྣམས་ལ། །ཁྱབ་ཉིད་ཡིན་ཡང་རིམ་མི་འཛིན། །དེས་ན་སྒྲ་ཙམ་གྱི་ཡོན་ཏན། །ཐམས་ཅད་རྟག་ཉིད་དུ་གནས་པ། །ཡི་གེའི་རྗེས་སུ་བྱེད་པ་ན། །དོན་གྱིས་དབྱེ་བ་རྟོགས་མ་ཡིན། །གཞན་ཡང་ཇི་སྲིད་ཡིག་ཡོད་པ། །སྒྲ་ཙམ་རིགས་ཐ་དད་སྒྲ་ལ། །མངོན་པར་གསལ་བའི་
རྒྱུར་འཇུག་པའམ། །ཡང་ན་གསལ་བ་དེ་ལྡན་ན། །དེས་ན་གསལ་བྱེད་ཡོད་པའི་ཕྱིར། །སྒྲ་ནི་རྟག་ཏུ་དམིགས་པར་འགྱུར། །དེས་ན་ཁྱོད་ལ་གསལ་རིམ་གྱིས། །བདག་ཉིད་ཡི་གེའི་རིམ་རིགས་མིན། །གསལ་བ་དང་འབྲེལ་ངོ་བོ་རུ། །རིགས་རྣམས་གནས་པར་གྱུར་པ་ན། །
གསལ་བ་རྣམས་ལའང་རྟག་པ་ཉིད། །བཟློག་པར་དཀའ་བར་ཐལ་བར་འགྱུར། །རིགས་དང་འབྲེལ་པའི་ངོ་བོ་རུ། །གསལ་བ་རྣམས་ཀྱང་གནས་ཡིན་ན། །རིགས་ལའང་མི་རྟག་ཉིད་དུ་ནི། །ཁྱེད་མི་འདོད་ཀྱང་ཐལ་བར་འགྱུར། །མངོན་པར་གསལ་བར་མི་འཐད་པར། །སྔར་ནི་བསྟན་
པར་བྱས་ཟིན་པས། །དེ་ལྟར་རྟོགས་པར་བྱེད་པ་ནི། །ཁྱེད་ཀྱི་ཡི་གེའི་རྟོགས་བྱེད་མིན། །དུས་གཅིག་ཁྱབ་ཅིང་རྟག་པ་ཡང་། །སྔར་ནི་བཀག་པ་ཁོ་ན་ཡིན། །དངོས་པོ་ཀུན་ལ་ཡི་གེ་བཞིན། །འགའ་ཞིག་གིས་གསལ་བྱས་མ་ཡིན། །ཡི་གེ་རྣམས་ནི་གསལ་བྱས་ན། །འདི་ནི་རྟོགས་

པའི་ཡན་ལག་མིན། །གཞན་ལས་ཁྱད་པར་མེད་ཕྱིར་དང་། །གཞན་དུ་མེད་ཕྱིར་དེ་རྟག་མིན། །དེས་ན་ཡི་གེའི་གོ་རིམས་དང་། །ཐུང་དང་རིང་དང་ཆེས་རིང་དང་། །དེ་དག་དུས་ཀྱི་རྣམ་དབྱེ་བས། །སྒྲ་ཙམ་ཁྱད་པར་ཅན་དུས་ཀྱི། །རྣམ་དབྱེ་དེ་དག་རིགས་མ་ཡིན། །དེ་ཕྱིར་ཁྱེད་ལ་རྟག་
པ་ཡི། །དེ་འདྲའི་ཚིག་གི་ཆོས་ཡོད་མིན། །དེས་ན་ཡི་གེ་མི་རྟག་པར། །སྨྲ་ལ་ཚིག་ནི་མི་རྟག་གྲུབ། །གལ་ཏེ་གསལ་བྱེད་རྐྱེན་རྣམས་ཀྱིས། །འདིར་ནི་གསལ་བར་རིགས་འགྱུར་ན། །གཞན་གྱི་ཆོས་ཀྱང་ཡན་ལག་ཉིད། །རྟ་ཡི་ཤུགས་སོགས་བཞིན་དུ་འགྱུར། །སྒྲ་ཀུན་རྟག་
པ་ཉིད་ལ་ནི། །དོན་གྱིས་གོ་བ་སུན་ཕྱུང་ཟིན། །མི་རྟག་ཀྱང་ནི་དོན་རྟོགས་པའི། །རྒྱུ་ཉིད་དུ་ནི་བསྒྲུབ་པར་བྱས། །གང་ཞིག་གང་གིས་བརྗོད་འདོད་ལས། །འབྱུང་བར་བརྗོད་འདོད་གཞན་པ་ལས། །ཡི་གེ་སྐྱེ་བར་འགྱུར་བ་ནི། །དེ་ཡི་རྗེས་ཐོགས་ལ་དེ་ཐོས། །སྔ་མའི་ཡི་གེ་རྟོགས་བྱུང་
བའི། །ཡང་དག་རིག་པ་མྱུར་ཐོས་མིན། །མྱུར་དུ་ཐོས་པ་མ་ཡིན་པ། །དེ་ནི་དེ་དྲན་ལ་ལྟོས་ནས། །ཕྱི་ནས་རང་ཉིད་དྲན་པར་བྱེད། །དེ་དག་སྐྱེ་དང་འཛིན་པ་ཡི། །ཤེས་པ་དག་ལ་བརྟེན་ནས་ནི། །སྐྱེས་བུས་བྱས་པའི་ཡིག་གོ་རིམས། །འདི་ནི་སྐྱེད་དང་རྒྱུ་ཉིད་ཡིན། །དེ་ཕྱིར་ཚིག་
རྣམས་སོ་སོ་ལ། །ཡིག་རྣམས་ཐ་དད་ཅེས་ནི་གསལ། །འདུལ་བསྙོན་ལྕུག་མ་ཤིང་ཏ་ལ། །ཞེས་སོགས་རིམ་པའི་བྱེ་བྲག་ཕྱིར། །དེ་དག་དེ་འདྲའི་རིམ་པ་ཡིས། །དོན་ཐ་དད་པ་སྟོན་བྱེད་ཡིན། །དེ་ཉིད་ཕྱིར་ན་གསལ་བ་ཡི། །དེ་ནི་དོན་རྟོགས་ཆེད་དུ་ནི། །སྒྲ་པ་རྣམས་ཀྱིས་ཡོངས་
སུ་བརྟགས། །ཡི་གེ་ཁོ་ནས་རྟོགས་ནུས་པས། །དེར་ནི་བརྟགས་པ་དོན་མེད་ཡིན། །སྣང་བ་མ་མཐོང་བ་ཡི་ཕྱིར། །འདི་ནི་མེད་པར་ངེས་པར་འགྱུར། །འདི་ནི་མི་སྣང་བ་ཡིན་ན། །རྟགས་བཞིན་ཤེས་པར་བྱེད་པར་འགྱུར། །ཡོད་པ་ཙམ་གྱིས་དེ་ཤེས་ལ། །རྒྱུ་ཡི་ངོ་བོར་གནས་པའི་
ཕྱིར། །དེ་ནི་ཤེས་བྱེད་འདོད་ཅེ་ན། །མི་བཞིན་རྟག་ཏུ་ཤེས་བྱེད་འགྱུར། །དེ་བཞིན་བརྡ་ནི་མ་གཏོགས་དང་། །ཡི་གེ་རྣམས་ནི་མ་ཐོས་ཀྱང་། །དེ་ལས་བྱུང་བའི་དོན་ཤེས་ནི། །འབྱུང་འགྱུར་ནུས་རྒྱུ་ཉེར་གནས་ཕྱིར། །འདི་ལྟར་འདི་ནི་རྟག་ཡོད་པ། །འདི་ལ་ལྟོས་པ་ཅུང་ཟད་མེད། །

སྒྲ་ཙམ་བརྡ་ཡིག་རྣམས་ཀྱིས་ཀྱང་། །དེ་གསལ་མ་ཡིན་མ་མཐོང་ཕྱིར། །ཤེས་པ་གསལ་བ་ཡིན་ཞེས་བཤད། །དེ་ཡི་ཤེས་པ་རིག་མ་ཡིན། །དེས་ན་གསལ་བར་བྱེད་འདི་ལ། །བརྟགས་པ་ཉིད་ཀྱང་དོན་མེད་འགྱུར། །སྒྲ་ཙམ་གྱིས་ནི་ལེགས་བྱས་ཅན། །
ཡོངས་སུ་སྨིན་པ་སྐྱེད་པ་ན། །མཐའ་མའི་སྒྲ་དང་ལྷན་ཅིག་ཏུ། །སྒྲ་ནི་བློ་ལ་སྣང་བར་འགྱུར། །དེ་ལྟར་དེ་ཡང་དེ་ཡིས་འདིར། །རྒྱུ་མཚན་མེད་པར་བརྟགས་པ་ཡིན། །དེ་ལ་ཡང་ནི་སྒྲ་གཞན་ལ། །སྣང་བར་འགྱུར་བར་མཚོན་མ་ཡིན། །གང་དག་གིས་ཀྱང་གསལ་བ་ལ། །རིམ་
གྱིས་འབྱུང་བ་སྒྲ་ཙམ་གྱིས། །སྐྱེ་བ་ཉིད་དང་གསལ་བ་ཉིད། །སེམས་པ་དེ་དག་ལ་རིམ་འགལ། །ཆ་ཤས་མེད་ལ་རིམ་གྱིས་ནི། །སྐྱེ་བ་དང་གསལ་འཐད་པ་ཡིན། །ངོ་བོ་གཅིག་ལས་ཕྱི་མེད་ཕྱིར། །དེ་དག་རྟག་ཏུ་འགྱུར་བ་ཡིན། །ཆ་ཤས་བཅས་པ་ཉིད་ཡིན་པས། །ཇི་ལྟར་
ཡིག་རེས་དོན་སྟོན་མིན། །གསལ་ཆའང་ཅིས་ན་དེ་ལྟར་མིན། །མ་མཐོང་གསལ་ཆ་ཅི་ཕྱིར་བརྟགས། །གལ་ཏེ་སྒྲ་གཅིག་གིས་ལྷན་ཅིག །སྐྱེད་དང་གསལ་བར་བྱས་ཤེ་ན། །ཤིན་ཏུ་གསལ་གྲུབ་པ་ཡི་ཕྱིར། །ཡི་གེ་གཞན་ནི་སྦྱོར་བ་ཡིན། །གང་ཕྱིར་འདོགས་དཀའ་འདི་ཡི་ནི། །
རང་བཞིན་དེ་ནི་དེ་ལྟར་བྱས། །མཚུངས་པའི་དུས་ལྡན་ཡིག་གཞན་གྱིས། །སླར་ཡང་མངོན་པར་གསལ་བར་བྱེད། །དེ་ཉིད་དམ་ནི་གཞན་གཅིག་གིས། །ཅི་ཕྱིར་བཟླས་ནས་ཡང་དང་ཡང་། །གསལ་བ་བཟློག་པར་མི་བྱེད་དེ། །དེ་ལ་ཁྱེད་མེད་ཕྱིར་མིན་ནམ། །ཡུལ་དང་དབང་པོ་ལེགས་བྱས་
པའི། །ངོ་བོ་གསལ་བ་འདི་ལ་ཡང་། །ཡི་གེ་བཞིན་དུ་དགག་བྱ་སྟེ། །དེ་སྣང་སེམས་ནི་ཡོད་ན་ཡང་། །དེ་ཡི་ཕྱིར་ན་མངོན་སུམ་གྱི། །རིམ་གྱིས་རྟོགས་ལ་ཕྱི་ནས་གང་། །མ་ལུས་ཡི་གེ་རྣམ་ཤེས་པ། །དེ་ཡི་དོན་ཤེས་རྒྱུ་ཅན་ཡིན། །ཐ་མའི་ཡི་གེ་རྣམས་རྟོགས་ནས། །ལེགས་
བྱས་ཐམས་ཅད་ཀྱིས་བྱས་པས། །ཡི་གེ་རྣམས་ལ་ཅིག་ཅར་དུ། །དྲན་པ་ཐམས་ཅད་སྐྱེ་བར་འགྱུར། །རིམ་གྱིས་ཤེས་པ་ཡོད་ན་ཡང་། །སྨྲ་བ་པོ་ནི་ཐམས་ཅད་ཀྱིས། །དོན་རྣམས་ཐམས་ཅད་དག་ལ་ནི། །དེ་ནི་ཡིད་བསྡུས་ཤེས་པར་འདོད། །རིམ་པར་སྣང་བ་དེ་ཉིད་ནི། །ཁས་

ལེན་བྱེད་པ་མིན་ཞེ་ན། །བརྒྱ་ལ་སོགས་པའི་ངོ་བོ་ནི། །དེ་བསྡུས་ཤེས་པ་སྐྱེ་མི་འགྱུར། །གལ་ཏེ་དེས་ན་ཡིག་རིམ་པ། །རྣ་བ་ཡིད་ཀྱི་སྔར་ཤེས་པ། །སྐྱེ་འགྱུར་ཡང་ན་ཕྱི་ནས་ནི། །ཅིག་ཅར་དྲན་ཤེས་འབྱུང་བར་འགྱུར། །དེས་ན་ཡི་གེ་དེར་གནས་མིན། །རིང་ན་གནས་པ་རྟོགས་པའི་
ཕྱིར། །དེས་ན་སྒྲ་ལས་དོན་གྱི་བློ། །འཇིག་རྟེན་པ་རྣམས་ཀྱིས་མཆོད་འགྱུར། །རྣམ་པ་དང་བཅས་ཤེས་པ་ནི། །ཐམས་ཅད་དེ་ནི་རིགས་པ་ཡིན། །དེ་ལྟ་མིན་ན་འཇིག་འགྱུར་བ། །དྲན་པ་ལ་ནི་ཇི་ལྟར་སྣང་། །འོན་ཏེ་ཡི་གེ་མི་སྣང་བའི། །གསལ་བ་ཅན་སྔར་རྟོགས་འགྱུར་བ། །
གནས་པ་ཁོ་ན་དྲན་ཞེ་ན། །དེ་མིན་གསལ་སྣང་ཐལ་འགྱུར་ཕྱིར། །གནས་པ་སྔར་ནི་བསལ་ཟིན་ཏེ། །དེ་ནི་གནས་ནའང་ཡི་གེ་ཡི། །ཉམས་མྱོང་ཤེས་པའི་དུས་ཉིད་དུ། །དྲན་པ་སྐྱེས་གྱུར་རྒྱུ་གཅིག་ཕྱིར། །བ་ལང་ཞེས་བྱའི་བློ་གཅིག་ཉིད། །ཁོ་བོ་ཅག་གིས་བཀག་བྱས་མིན། །དེ་
འཛིན་དོན་གཅིག་ཉིད་དག་གིས། །སྒྲ་ལ་བློ་གཅིག་འགྱུར་བ་ཡིན། །བ་ལང་སྒྲ་ལ་དེ་ཡོད་ཀྱང་། །མྱུར་ཕྱིར་བར་མཚམས་ཆུང་བའི་ཕྱིར། །ལྷ་སྦྱིན་ལ་སོགས་སྒྲ་ལ་ནི། །དབྱེ་བ་གསལ་བར་རྟོགས་པར་འགྱུར། །ཡི་གེ་ལས་བྱུང་དོན་བློ་དེ། །དེ་ཤེས་པ་ཡི་རྗེས་ལས་སྐྱེས། །དེ་
འདྲ་དེ་ནི་དེ་ལས་བྱུང་། །དུ་བ་སོགས་ལས་མེ་བློ་བཞིན། །ཡིག་ལས་ཐ་དད་སྒྲ་སྣང་བ། །ཤེས་པ་རྗེས་ཐོགས་འབྱུང་བ་ཅན། །དོན་གྱི་བློ་ནི་རིག་པ་མིན། །དེས་ན་སྒྲ་བཞིན་རྗོད་བྱེད་མེད། །འབྲས་བུའི་ཐ་སྙད་ཀྱི་ཡན་ལག །རྗེས་སུ་འགྲོ་དང་ལྡོག་པ་དག །ཐམས་ཅད་དུ་ནི་ངེས་བྱས་
པ། །དེས་ན་ཁྱབ་པ་འདིར་ངེས་ཡིན། །ཡི་གེ་མི་རྟག་ཉིད་ལ་ནི། །རྗོད་བྱེད་ཉིད་དུ་བསྒྲུབས་ཟིན་ཏོ། །རྟག་པའི་སྒྲུབ་པ་ངོ་ཤེས་དང་། །རྗེས་དཔག་དག་ཀྱང་བསལ་ཟིན་ཏོ། །མི་ཤེས་པས་རང་ཚིག་སོགས་དང་། །འགལ་བར་རྩོད་པར་བྱས་པ་ཡིན། །གང་ཕྱིར་རྟག་པའི་ཕྱོགས་ལ་
ནི། །ཁྱེད་ལ་དེ་ཀུན་འགྲུབ་པར་འགྱུར། །རྟག་པའི་ངག་ནི་ཡོད་པ་ན། །གསལ་བྱེད་རིགས་མིན་དཔྱད་ཟིན་ཏེ། །གོ་རིམས་ལ་སོགས་མི་ལྡན་དང་། །རྟག་ཏུ་མ་དམིགས་པ་ཡི་ཕྱིར། །ཆོས་ཅན་ཐ་དད་མ་བརྟགས་པར། །གཞི་མ་གྲུབ་པར་གང་བརྗོད་དེ། །རྗེས་དཔག་མཚན་ཉིད་མི་ཤེས་

ཕྱིར། །གང་ཕྱིར་སྣང་འགྱུར་ཆོས་ཅན་ཡིན། །ཉ་བ་ལ་སོགས་རྣམས་ལ་ཡང་། །མ་དཔྱད་རབ་ཏུ་གྲུབ་དོན་གང་། །ཤེས་པ་ལ་ནི་གང་སྣང་བ། །དེ་ཙམ་ཆོས་ཅན་ཉིད་དུ་བཤད། །དེ་ཉིད་ལ་ནི་རྩོད་པ་འདི། །སྨྲ་པོ་རྣམས་ལ་འཇུག་པ་ཡིན། །འདོད་པས་
བཀོད་པའི་བྱེ་བྲག་ལ། །རྩོད་པ་སུ་ལའང་ཡོད་མ་ཡིན། །དེས་ན་ཁྱད་པར་མེད་བསྟན་པ། །ཁྱད་པར་དུ་ནི་རྣམ་རྟོག་པ། །རྗེས་སུ་དཔག་པ་ཐམས་ཅད་ཀྱི། །འཇུག་པ་ཁོ་ན་ལ་གནོད་འགྱུར། །བསྐུལ་བ་ལས་ནི་སྐྱེས་པའི་བློ། །ཚད་མ་ཡིན་ཏེ་སྐྱོན་བྲལ་བའི། །རྒྱུ་རྣམས་ཀྱིས་ནི་སྐྱེད་ཉིད་
ཕྱིར། །ཞེས་བྱ་སོགས་ཀྱང་རྣམ་དཔྱད་བྱ། །དག་ཅིང་རྟག་པའི་དོན་འབྲེལ་པའི། །བསྐུལ་བའི་ལས་ནི་སྐྱེས་པའི་བློ། །ཕྱོགས་ཡིན་ཞེ་ན་གཞན་བརྟེན་ནས། །གཞི་མ་གྲུབ་པར་ཐལ་བར་འགྱུར། །དེ་ཡི་གནས་སྐབས་རྟག་པ་ཉིད། །དེ་ལས་གཞན་པ་མི་རྟག་ཡིན། །དེ་ཡི་གནས་
སྐབས་ཉིད་ལོག་ན། །ཅི་ཞིག་གནས་པར་འདོད་པ་ཡིན། །དབང་པོ་འབའ་ཞིག་གིས་བཟུང་ཉིད། །གཏན་ཚིགས་སུ་ནི་འདིར་རྟོག་ན། །སྔར་གནོད་བྱས་པའི་རིགས་ཀྱིས་ནི། །འཁྲུལ་པར་རྟོག་པ་མ་ཡིན་ནོ། །རང་གི་སྣང་བའི་དབང་ཤེས་ལ། །རྒྱུ་ཡིན་དབང་པོས་བཟུང་བར་འདོད། །
རྟག་པ་རྒྱུ་ཉིད་མ་ཡིན་པར། །དེར་ནི་རབ་ཏུ་བསྒྲུབས་ཟིན་ཏོ། །དེ་འདྲའི་དོན་ལ་རྒྱུ་ཉིད་ནི། །ཐམས་ཅད་ལ་ཡང་གྲུབ་པ་ཡིན། །དེ་ལྟ་མིན་ན་དུ་སོགས་ལའང་། །ཀུན་ལ་རྣམ་པར་བརྟག་འདི་མཚུངས། །ཁོ་བོ་ཅག་ལ་ཀུན་རྫོབ་པའི། །སོ་སོར་བརྟགས་འགོག་ལ་སོགས་པ། །
བརྩལ་མ་ཐག་འབྱུང་ཤེས་འབྲས་བུ། །རྩོམ་བྱེད་ཉིད་དུའང་གྲུབ་པ་མིན། །འགོག་པ་དག་ནི་འཇིག་བདག་ཉིད། །འདོད་མིན་གང་ཕྱིར་ཟག་བཅས་པས། །སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བ་འང་སོ་སོ་སོ་སོ་ཡིན། །སྐྱེ་བ་གཏན་དུ་གེགས་བྱེད་པ། །འགོག་
གཞན་སོ་སོར་བརྟགས་མིན་པས། །དེ་ཕྱིར་གྲུབ་མཐའ་མི་ཤེས་པ། །ལོག་པའི་ང་རྒྱལ་གྱིས་ནི་བསླད། །རང་བཞིན་མེད་ཕྱིར་འགོག་དང་མཁས། །བརྩལ་མ་ཐག་ལས་བྱུང་བ་མིན། །གྱོ་མོ་སྣང་བའི་ཚོགས་སོགས་ནི། །དེ་ལྟར་ཤེས་པའི་རྒྱུ་མཚན་ཡིན། །དོན་གཅིག་རང་

གི་རང་བཞིན་ལ། །ངོ་བོ་གཉིས་ཉིད་གསལ་བར་བྱས། །དེ་ཕྱིར་རིགས་ཞེས་བྱ་བའི་སྒྲ། །རྟག་པ་བུམ་འདི་ལ་གྲུབ་མིན། །དེ་ཡི་གནས་སྐབས་ཉིད་སྤོང་ཙམ། །མི་རྟག་བསྒྲུབ་བྱ་ཉིད་དུ་ནི། །འདོད་པ་ཡིན་ཏེ་མར་མེ་སོགས། །དེ་ལ་དཔེ་ནི་གསལ་བ་ནི། །འབར་སོགས་སྐད་ཅིག་
རེ་རེར་ཡང་། །འཇིག་ཉིད་མ་གྲུབ་མ་ཡིན་ནམ། །དེར་ནི་ཆ་ཤས་ཕྲ་མོ་ནི། །ཡུལ་གཞན་དུ་ནི་སོང་བ་ཡིན། །སྡོང་བུ་ཕྱོགས་ལ་མང་དུ་ནི། །འབར་བ་བསྡུས་ནས་གནས་པ་ཡིན། །དེ་ལ་ཇི་སྲིད་གྱེན་སོང་བ། །དེ་སྲིད་འབར་བ་ཞེས་རྟོགས་ཡིན། །དེ་ཡང་འདས་
ནས་གང་སོང་བ། །དེ་ནི་འོད་ཀྱི་བདག་ཉིད་ཡིན། །དེ་རྗེས་ལ་ནི་གང་སོང་བ། །དེ་ནི་ཕྲ་ཕྱིར་ངེས་བཟུང་མིན། །ཡན་ལག་ཕྱི་མས་ལམ་བཀག་པས། །ནང་མ་འགྲོ་བར་མི་འགྱུར་རོ། །ཇི་ལྟར་ཕྱི་མས་གོ་ཕྱེ་བ། །ནང་མ་དེ་ལྟ་དེ་ལྟར་འགྲོ། །དེས་ན་འགྲོ་བ་ཡིན་ཡང་
ངེས། །རྩྭ་སོགས་སྲེག་པར་མི་བྱེད་དོ། །ཞེ་ན་དེ་ནི་བརྟགས་པ་ཙམ། །ཚད་མ་མ་སྨྲས་པ་ཡི་ཕྱིར། །གཞན་ཡང་ནུས་མ་ཉམས་དེ་དག །རྩྭ་དང་རས་བལ་སོགས་ཕྲད་ན། །སྲེག་པར་བྱེད་པར་ཐལ་འགྱུར་འདི། །སྔ་མ་བཞིན་དུ་ལྡོག་མི་འགྱུར། །གཞན་དུ་ནུས་དང་མི་ནུས་
པའི། །གང་ཚེ་རང་བཞིན་དབྱེ་ཡོད་ན། །དེ་ཚེ་རྟག་དངོས་དེ་དག་ལ། །དེ་ནི་ཇི་ལྟར་ཡོད་པར་འགྱུར། །འབྲེལ་པ་ལ་ཡང་རྟག་པ་ཉིད། །སྔར་ནི་བཀག་པ་བྱས་པ་ཡིན། །དེས་ནི་འབྲེལ་བྱར་མི་འདོད་པའི། །རིགས་པས་ངག་རྟག་རིགས་མ་ཡིན། །ཇི་ལྟ་བུ་ཡི་ངག་ལ་ནི། །རྟག་པ་
ཉིད་དུ་ཁས་བླངས་བྱས། །ཡི་གེ་ཙམ་གྱིས་བདག་ཉིད་དམ། །ཡིག་རིམ་ཡང་ན་ཐ་དད་ཡིན། །རིམ་མེད་ཡི་གེ་རྣམས་ལ་ནི། །བརྗོད་པ་ཉིད་མེད་དེ་ཡིས་ནི། །དེ་དག་དེ་འདྲའི་ངག་མ་ཡིན། །དེ་དག་ལ་ནི་རིམ་པའང་མེད། །ཁྱབ་པའི་ཕྱིར་དང་རྟག་ཉིད་ཕྱིར། །དེ་དག་ལ་ནི་ཡུལ་དུས་
རིམ། །མེ་ཏོག་འབྲས་བུ་སོགས་དབྱེ་བཞིན། །ཡིག་བྲིས་བཞིན་དུ་འཐད་མ་ཡིན། །དེ་དག་རང་བཞིན་རིམ་ཡོད་པ། །མཚོ་རོ་ཞེས་བྱ་ཉིད་སྲིད་ན། །ཕྱི་ནས་རོ་མཚོ་སོགས་མི་འགྱུར། །བརྟན་པའི་རིམ་པ་དང་འགལ་ཕྱིར། །གང་ཕྱིར་ཡི་གེ་རྣམ་རྟག་པར། །བརྗོད་པར་བྱས་པ་དེ་ཡི་

ཕྱིར། །རིམ་གཞན་གནས་པའི་རོ་མཚོ་སོགས། །རིམ་པ་གཞན་ལ་སྐྱེ་མི་འགྱུར། །དེ་ལྟར་མིན་ཁྱོད་ཀྱིས་སྨྲས་པའི། །ངོ་ཤེས་པ་ནི་རྟག་པ་དང་། །གཅིག་ཉིད་སྒྲུབ་པར་བྱེད་པ་པོ། །འཁྲུལ་པ་ཅན་དུ་འགྱུར་བ་ཡིན། །ཐ་དད་པ་ལའང་འཇུག་པའི་ཕྱིར། །
གསལ་བའི་རིམ་པའང་ངག་མིན་ཏེ། །རྟག་པའི་བཀག་པ་བསལ་བྱས་ཕྱིར། །ངག་ནི་འཐད་པ་མ་ཡིན་པས། །དེ་ཕྱིར་རྟག་པ་ཉིད་མི་རིགས། །ཇི་ལྟར་འཕེལ་བ་ལ་སོགས་སྒྲ། །འདོད་པས་བཀོད་པའི་དོན་ཅན་རྣམས། །མཐོ་རིས་མཆོད་སྦྱིན་ལ་སོགས་སྒྲ། །དེ་བཞིན་དུ་ཡང་བསྲིངས་པ་
ཡིན། །རང་ཉིད་ཀྱིས་བྱས་གཏམ་ངོ་བོའི། །ཟློས་གར་གཏམ་རྒྱུད་ལ་སོགས་པ། །རྟག་པའི་སྒྲ་དང་དོན་འབྲེལ་པ། །བརྗོད་འདོད་ཡང་དག་པར་ཡོད་མིན། །དེ་ལའང་ནུས་རྟག་ཉིད་ཡོད་དེ། །ངེས་སྦྱོར་མི་རྟག་ཉིད་ཡིན་པས། །དེར་གནས་མི་རྟག་ཉིད་ཀྱི་ཕྱིར། །ནུས་ལ་འཁྲུལ་འཇུག་
འགྱུར་ཞེ་ན། །དེ་ལ་སུན་དབྱུང་ཕྱི་རོལ་དོན། །མེད་པ་ཉིད་ནི་མ་ཡིན་ནམ། །དོན་གང་ལ་ནི་ནུས་པར་བརྟགས། །རྣམ་རྟོག་གཟུགས་བརྙན་ལ་ཞེ་ན། །དེ་བཞིན་རིག་བྱེད་ལ་ཡང་མཚུངས། །དབང་པོ་ལས་འདས་དོན་འབྲེལ་པའི། །ནུས་པ་སུ་ཞིག་གིས་རྟོགས་འགྱུར། །དེ་ཕྱིར་རིག་
བྱེད་ལ་ངེས་སྦྱོར། །མི་ལ་རག་ལས་པའང་རིགས་མིན། །རྒན་པོ་ལ་ཡང་དེ་རྟོགས་མིན། །དེ་དག་མི་ཤེས་རང་བཞིན་གནས། །སྐྱེས་བུ་ལ་བརྟེན་བཤད་པ་ལས། །རྟོགས་པ་དེ་ནི་སྲིད་པ་ཡིན། །བྱས་པའི་ལུང་ལ་བརྒལ་བརྟགས་པ། །འདི་ནི་མཚུངས་པ་མ་ཡིན་ནམ། །
དེར་མིན་དེ་ནི་དད་པས་སམ། །དོན་ལ་ཐེ་ཚོམ་ཟ་བས་འཇུག །མངོན་སུམ་དང་ནི་རྗེས་དཔག་པས། །ཡུལ་ནི་རྣམ་པར་བརྟགས་ཡོད་པས། །རིག་བྱེད་སྒྲ་ནི་དེ་ལྟ་མིན། །གང་ཕྱིར་དེ་ནི་རང་ལས་ཤེས། །བྱས་པའི་དོན་ཅན་གཏམ་གྱི་ཆོས། །མ་མཐོང་ངོ་བོ་ཐོས་ལས་མཚུངས། །
དེ་ལྟར་རིག་བྱེད་མ་འབྲེལ་པ། །གཞན་དག་གིས་འདིར་སྨྲས་པ་ཡིན། །སྒྲ་དོན་ཐོག་མེད་སྤང་བྱས་ནས། །འབྲེལ་པ་ཐོབ་མེད་རྒྱུ་མཚན་ཉིད། །གཞན་ཡོད་མ་ཡིན་དེས་ན་འདི། །རིག་བྱེད་ལ་ནི་འབྲེལ་སོགས་མེད། །ཐབས་དང་བྲལ་བ་ཉིད་ཀྱིས་ན། །འབྲེལ་པ་བྱར་མེད་རྗེས་སུ་དཔག །

བཤད་པ་བྱར་མེད་རྗེས་དཔག་ནི། །མཐོང་བ་ཉིད་ཀྱིས་འགལ་བར་འགྱུར། །རྒན་པོ་རྣམས་ཀྱི་རྟོགས་པ་ནི། །ཡང་དང་ཡང་དུ་སྣང་འགྱུར་བ། །ཐབས་ཡིན་ཞེས་པར་རྟོགས་བརྟེན་ནས། །དེ་ཉམས་པ་ནི་མི་འགྲུབ་ཅི། །གལ་ཏེ་རིག་བྱེད་དོན་ལ་ངེས། །རྒན་པོ་རྣམས་ལས་མི་སླུ་བར། །གྲུབ་
པར་གྱུར་ན་དེ་དག་ཀུན། །དེ་ལྟར་འགྱུར་གྱི་གཞན་དུ་ཉམས། །ཐམས་ཅད་བསྡུས་པའི་ཁྱབ་པ་ནི། །གྲུབ་ཕྱིར་འདུས་པ་ཅན་ཉིད་ཀྱི། །རྟགས་ལ་མི་མཐུན་སྒྲུབ་པ་ནི། །ཅུང་ཟད་སྲིད་པ་མ་ཡིན་ནོ། །དོན་བཅས་རྣམ་དབྱེའི་དོན་ཅན་གྱི། །ཁྱད་པར་རིམ་པ་དང་ལྡན་པ། །ཚིག་དང་ངག་གི་
ཚོགས་ཞེས་བྱ། །ཡི་གེ་ཁོ་ན་དེ་ལྟར་བཤད། །དོན་བཅས་རྣམ་དབྱེའི་དོན་ཅན་གྱི། །ཁྱད་པར་རིམ་དང་ལྡན་ཉིད་ནི། །སྐྱེས་བུས་མ་བྱས་ལ་བཀག་ཟིན། །དེས་ན་ཁྱབ་པ་གནོད་མེད་ཡིན། །རིག་བྱེད་འདོན་པ་བརྗོད་ཉིད་ལ། །དེ་ལྟར་ཁྱབ་པ་ངེས་པ་མེད། །དེས་ན་སྒྲུབ་པ་འདི་ལ་ནི། །ལྡོག་ལ་ཐེ་ཚོམ་བསལ་
བར་ཡོད། །དེ་ལྟར་རིམ་པ་བྱེད་པ་ཡི། །མི་ནི་ནུས་མེད་ངེས་བྱས་ན། །འདིར་ནི་ཁྱབ་པ་འདི་འགྲུབ་སྟེ། །དེ་ནི་ངེས་པར་མི་ནུས་སོ། །མ་ལུས་མི་ཡི་ཆོས་རྣམས་ནི། །མངོན་སུམ་དུ་ནི་བྱས་ཡིན་ན། །ངེས་པ་ཁོ་ན་སྐྱེ་བ་ཡིན། །འདི་ནི་ཐམས་ཅད་ཁྱེད་ལ་དད། །རིག་བྱེད་སྐྱེས་
བུས་བྱས་ཉིད་དུ། །ཡོད་པར་གསལ་བ་སྲིད་པ་ཡིན། །འདོད་པས་ལོག་པར་གཡེམ་པ་དང་། །སྲོག་ཆགས་འཚེ་དང་བརྫུན་བཤད་པ། །བརྗོད་དཀའ་ཉིད་དང་ཐུང་བརྗོད་ཉིད། །འབྲེལ་མེད་ཉིད་དང་མི་སྙན་སོགས། །རིག་བྱེད་ཆོས་རྣམས་ཚད་སྨྲ་པའི། །ཚིག་ལ་ཡང་ནི་ཡོད་པར་
སྣང་། །དུག་སེལ་ནུས་པ་ལ་སོགས་པ། །བདེན་པ་ཅུང་ཟད་གང་སྣང་བ། །དེ་ནི་མཁའ་ལྡིང་བྱ་སོགས་སྣང་། །གཞན་ཡང་རྣམ་པ་འདི་ཡིས་ནི། །སྐྱེས་བུས་བྱས་པ་ཅུང་ཟད་མེད། །གང་ཕྱིར་བདེ་གཤེགས་ཀྱིས་གསུངས་པའི། །གསུང་ལའང་དེ་ལྟར་རྗེས་དཔག་ནུས། །དེ་ཡིས་
མངོན་གསལ་བྱས་དངོས་ཕྱིར། །དེས་བྱས་པ་ཞེས་བརྗོད་པར་བྱ། །བྱེད་པ་དྲན་པ་དེ་ལ་ཡང་། །དེ་ནི་དོན་བརྗོད་རྒྱུ་མཚན་ཉིད། །དེ་ལྟར་གཞན་མི་འདོད་ཅེ་ན། །རིགས་པ་མཚུངས་ཕྱིར་ཅེས་མི་འདོད། །དེ་ལྟར་གཞན་མི་འདོད་པར་ཟད། །རིགས་པས་དེ་བཞིན་དོགས་པ་ཡིན། །ཐམས་

ཅད་དུ་ནི་སྐྱེས་བུ་རྣམས། །ཕལ་ཆེར་བརྫུན་ནི་སྨྲ་བ་ཡིན། །ཇི་ལྟར་ད་ལྟར་ཡིད་མི་ཆེས། །དེ་བཞིན་འདས་པའི་དོན་བསྟན་ལ། །དེ་ལྟར་དེ་ཡི་ཁྱེད་སྨྲས་པའི། །རིགས་པར་གཞུང་ལུགས་འགའ་ལ་ཡང་། །བྱེད་པོ་ཅུང་ཟད་གྲུབ་མིན་ཏེ། །རང་ཉིད་བྱས་པར་བརྗོད་
ན་ཡང་། །དེས་ན་སྐྱེས་བུས་མ་བྱས་ལ། །བདེན་པར་རེ་བ་འདི་དོར་ཅིག །གང་ཕྱིར་རིག་བྱེད་དོན་འགལ་བའི། །དོན་ནི་དེ་དག་ལས་བསྟན་ཡིན། །གཞན་ཡང་ཐོག་མེད་གྲུབ་ན་ཡང་། །དེས་ཀྱང་མིས་མ་བྱས་མི་འགྲུབ། །དེ་ལས་མ་བྱས་པར་འགྲུབ་ན། །ལུང་གཞན་རྣམས་ཀྱང་
མ་བྱས་འགྱུར། །འདི་ལྟར་པར་སིག་ལ་སོགས་པའི། །ཐ་སྙད་རྣམས་ནི་གཞན་བརྟེན་པའི། །ཆད་པར་སྨྲ་བའི་གྲུབ་མཐའ་ཡང་། །གཞན་གྱིས་འདུས་བྱས་པ་ལས་བྱུང་། །དེ་འདྲའི་མ་བྱས་ཉིད་གྲུབ་ཀྱང་། །ཡོད་ལ་ནན་ཏན་ཅི་ཞིག་ཡོད། །ཁྱེད་ཀྱི་འབད་པ་མ་ལུས་ནི། །ཡང་
དག་དོན་གྲུབ་རྒྱུར་བཅས་ཡིན། །དུས་ཉིད་སྐྱེས་བུ་ཉིད་སོགས་ལ། །སྔར་བཞིན་ལྡོག་ལ་ཐེ་ཚོམ་ཟ། །སྐྱེས་བུ་རྣམས་ལ་བྱེད་པ་ཡི། །ནུས་པ་མེད་པར་མ་བསྒྲུབས་ཕྱིར། །གསལ་བ་བཀག་པར་བྱས་ཉིད་ཕྱིར། །སྨྲ་པོ་བྱེད་པོར་ཤེས་པར་གྱིས། །དེ་ཕྱིར་སྦྱོར་བ་གཉིས་པོ་ཡང་། །
དཔེ་ནི་བསྒྲུབ་བྱས་སྟོང་པར་སྨྲས། །མིས་བསྟན་པ་ལ་ལྟོས་ཕྱིར་དང་། །བྱས་པ་ཉིད་དུ་བསྒྲུབ་བྱས་ཕྱིར། །རང་དོན་སྨྲ་པོ་མ་ལྟོས་ཉིད། །ཆོས་ཅན་དཔེ་དག་ལ་ནི་མེད། །ངག་ལ་རྟག་ཉིད་སྤངས་པས་ན། །ཆོས་ཅན་དང་ནི་དཔེ་དག་ལའང་། །རྟག་པའི་ངག་ལས་བྱུང་ཉིད་ནི། །
གསལ་བར་མ་གྲུབ་པར་རྟོགས་མིན། །འདི་ལྟར་བསྐུལ་བ་སྐྱེས་བུ་ཡིས། །མ་བྱས་ཉིད་དུ་མ་ངེས་པས། །གཏན་ཚིགས་ཕྱི་མ་རྣམས་ལ་ཡང་། །ཐེ་ཚོམ་ཟ་བར་གྲུབ་སྐྱོན་འགྱུར། །སྐད་ཅིག་མས་འཇིག་གསལ་བསྒྲུབས་པས། །རེ་ཞིག་ཐོས་པ་བརྟག་པ་ཡིས། །རང་གི་ངོ་བོ་ལ་
གནོད་པར། །དེས་ན་བློ་ནི་གང་ལས་འགྱུར། །ཐོས་པ་ལས་ཀྱང་སྐྱེས་བུ་ནི། །འཇིག་པར་མི་འགྱུར་ཞེས་བཤད་པ། །སྔར་ནི་དེ་ལ་གནོད་བསྟན་པས། །དེ་ནི་མ་གྲུབ་པར་གསལ་ཡིན། །ལག་མཐིལ་སྐྱུ་རུ་ར་བཞིན་དུ། །ཡུལ་དང་དུས་དང་སྐྱེས་བུ་བཞིན། །གང་གིས་མངོན་

སུམ་དུ་ནི་གྱུར། །དེས་དེར་གནོད་མེད་འདི་ངེས་འགྱུར། །མི་ཡིས་མི་ཤེས་དོན་ངོ་བོ། །དེས་ན་མུན་པའི་དངོས་གནས་པའི། །རིག་བྱེད་ལ་ནི་དམན་རྣམས་ཆགས། །རང་གི་དཔྱོད་ལ་པར་སིག་བཞིན། །དེ་ཡི་དོན་ནི་མི་ཤེས་པའང་། །སྡིག་པའི་རྒྱུ་མཐུན་དང་ལྡན་ཕྱིར། །སྲོག་
ཆགས་འཚེ་སོགས་སྡིག་པ་ལ། །དེ་བཞིན་འདི་དག་འཇུག་པར་འགྱུར། །དེ་ཕྱིར་ཆོས་ལ་བརྟེན་ནས་ནི། །བསྐུལ་བ་ཚད་མ་ཉིད་མ་གྲུབ། །སྒྲ་དེ་དག་ལ་བདག་གཞན་གྱིས། །དེ་དོན་ངེས་པར་རྟོགས་མི་འགྱུར། །ཡེ་ཤེས་སྣང་བས་ནང་གི་ནི། །མུན་པའི་ཚོགས་ནི་འཇོམས་བྱེད་ལ། །
ཐོས་དོན་རྣམ་དབེན་སྟོན་བྱེད་པ། །ཚད་མས་གྲུབ་པ་འདོད་པར་གྱིས། །དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་ལས་ཐོས་པ་བརྟག་པ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།རིག་བྱེད་སྐྱེས་བུས་བྱས་ཉིད་དུ། །དེ་ལྟར་བསྒྲུབ་པར་བྱས་པས་ན། །འབད་མི་དགོས་པར་དེ་དག་
ལ། །རང་ལས་ཚད་མ་ཉིད་ཀྱང་བཙལ། །རང་ལས་ཚད་མ་ཐམས་ཅད་ཀྱི། །ཚད་མ་ཉིད་ནི་གཟུང་བར་གྱིས། །དེ་ལྟ་བུའི་ངག་དེ་ལ་ནི། །ཁྱེད་ཀྱི་དོན་ནི་ཇི་ལྟར་འདོད། །དེ་དག་ལ་ནི་རང་བཞིན་གྱིས། །གཞལ་བྱ་རྟོགས་སོགས་ནུས་གནས་ཡིན། །རང་ལ་མེད་པའི་ནུས་པ་ནི། །གཞན་
གྱིས་བྱེད་པར་ནུས་མ་ཡིན། །ལྟོས་པ་མེད་ཉིད་གཅིག་ཁོ་ན། །ཚད་མ་ཉིད་ཀྱི་རྒྱུ་མཚན་ཉིད། །ལྟོས་པ་དང་བཅས་ཉིད་རྟེན་ན། །དེ་ནི་འཇིག་པ་ཁོ་ནར་འགྱུར། །རིགས་པ་སྨྲ་བ་སུ་ཞིག་ནི། །རྩ་བ་ལ་གནོད་ཕྱོགས་ངེས་མེད། །གང་གིས་ངག་གི་རང་ཚིག་གིས། །དེ་གྲུབ་ཐབས་ཀྱང་
འཇིག་པར་བྱེད། །ལྟོས་པ་དང་བཅས་ཚད་ཉིད་ནི། །ལ་ལར་ཡང་ནི་གཞན་བྱས་མིན། །གཏན་ཚིགས་ཐུག་པ་མེད་པ་ཡིས། །བསྒྲུབ་བྱ་སུ་ཞིག་སྒྲུབ་པར་བྱེད། །དེ་ལྟའི་དོན་ནི་འདོད་ཅེ་ན། །དངོས་པོ་ཐམས་ཅད་དག་ལ་ནི། །ནུས་པ་ཐ་མི་དད་པ་ཅན། །སྔར་བསྒྲུབས་བྱས་ཟིན་མ་ཡིན་
ནམ། །གང་ཕྱིར་འདོད་འབྲས་ནུས་པ་ཅན། །རང་བཞིན་ནུས་པ་མེད་ཅེས་བརྗོད། །དེ་དག་དངོས་བདག་ཉིད་མིན་ན། །དངོས་དེ་བྱེད་པ་པོར་མི་འགྱུར། །རང་རྒྱུའི་སྟོབས་ལས་བྱུང་བ་ཅན། །དེ་ཡང་མི་རྟག་དེ་འདྲ་བའི། །ནུས་པ་ཚད་མ་དག་ལ་ནི། །རང་བཞིན་གྱིས་ནི་ཡོད་པ་རུ། །

ཁྱེད་ཅག་ཇི་ལྟར་འདོད་པ་ཡིན། །ནུས་པ་རང་བཞིན་ཅན་ཡིན་ན། །རྟག་པ་འམ་ནི་རྒྱུ་མེད་འགྱུར། །དེ་བདག་ཉིད་ཕྱིར་ཚད་མ་ཡང་། །རྟག་པ་ཉིད་དང་རྒྱུ་མེད་ཡིན། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དེས་ན་དེར་རག་
ལས་འབྲས་བུ། །རེས་འགའ་བ་ནི་རིགས་པ་མིན། །ཚད་མ་རྣམས་ཀྱི་རང་བཞིན་དང་། །འབྲས་བུ་ཉིད་ནི་རེས་འགའ་བར། །སྣང་རུང་དེས་ན་ནུས་པ་ཡིས། །རང་བཞིན་ཅན་ཁྱེད་ལ་མི་རིགས། །ཚད་མ་རྣམས་ཀྱི་རང་དངོས་ནི། །གསལ་བྱེད་ཀྱིས་གསལ་སྣང་བས་ན། །སྐྱོན་
གཞན་ལ་ནི་ལྟོས་ནས་ནི། །དེ་འབྲས་རྩོམ་པར་བྱེད་ཅེ་ན། །རྟག་དངོས་ལ་ནི་གསལ་བ་དང་། །རྒྱུ་གཞན་ལ་ནི་ལྟོས་པ་སྤངས། །དེ་ཕྱིར་དེ་ཡི་ངོ་བོ་དང་། །འབྲས་བུ་རྟག་ཏུ་དམིགས་པར་འགྱུར། །དངོས་ལ་ནུས་པ་ཐ་དད་དང་། །གཉིས་བདག་ཉིད་ནའང་དེ་ལྟ་ནའང་། །རྟག་པའི་
ནུས་དང་འབྲེལ་པ་ཅན། །དེ་ཤེས་རྟག་ཏུ་འབྱུང་བར་འགྱུར། །དེ་ལྟ་མིན་ན་རྟག་མི་འགྱུར། །དངོས་གཅིག་རྗེས་འགྲོ་མེད་པའི་ཕྱིར། །གང་ཕྱིར་དེ་ཤེས་དང་ནུས་པ། །རེས་འགའ་འབྲེལ་ཞིང་གཞན་དུ་མིན། །རང་གི་རྒྱུ་ལས་སྐྱེ་འགྱུར་བ། །ཚད་མ་རྣམས་ཀྱི་ནུས་པ་ནི། །རང་གི་རྒྱུ་
ལས་སྐྱེས་འགྱུར་ཏེ། །ཕྱིས་རྐྱེན་གཞན་བྱས་མིན་ཞེ་ན། །འདིར་ནི་བདག་ཅག་ལ་རྩོལ་མེད། །གང་ཕྱིར་རང་རྒྱུད་ལས་སྐྱེས་པའི། །ཆ་ཤས་མེད་པའི་དངོས་པོ་ཡི། །ནུས་པ་ཕྱི་ནས་སུ་ཞིག་རྟོགས། །གཞན་གྱིས་ཕྱིས་ཀྱི་དུས་སུ་ནི། །ངོ་བོ་གང་ཞིག་བྱས་པ་ནི། །དེ་ནི་དངོས་གཞན་
ཉིད་ཡིན་པས། །དེ་ནི་བདག་ཉིད་དུ་བརྗོད་མིན། །གང་ཕྱིར་འགལ་བའི་ཆོས་འདྲེ་བ། །དངོས་པོའི་ཐ་དད་ཉིད་དུ་བཤད། །དེ་གྲུབ་ན་དེ་མི་འགྲུབ་ཕྱིར། །ནུས་པ་ལ་ཡང་དེ་ཡོད་ཡིན། །དངོས་ཀུན་སྐད་ཅིག་འཇིག་པ་རུ། །བསྒྲུབ་པར་བྱས་པ་དེ་དག་གིས། །ནུས་པ་འགའ་ཞིག་རྐྱེན་
གཞན་གྱིས། །སྐྱེད་པར་བྱེད་པར་མི་ནུས་སོ། །གང་ཕྱིར་དེ་དག་གིས་གནས་པ། །དུས་གཞན་དུ་ནི་ཡོད་མིན་ཏེ། །གང་གི་དུས་ན་རྐྱེན་གཞན་གྱིས། །འབྲས་བུ་འགའ་ཞིག་ལ་ནུས་ཐོབ། །འདི་ནི་བློ་བཟངས་སངས་རྒྱས་པ། །དེ་དག་ཇི་ལྟར་བརྗོད་པ་ཡིན། །ཤེས་པ་འགའ་

ལ་ནུས་གནས་ཀྱང་། །དེ་ནི་རང་ལས་རྟོགས་ནུས་མིན། །ཇི་ལྟར་གནས་པའི་ཤེས་བྱ་ཡི། །དངོས་པོ་རྟོགས་དང་ཐོབ་ནུས་ཉིད། །ཉམས་མྱོང་བདག་ཉིད་གཅིག་པུ་ཡིས། །སུ་ཞིག་ངེས་པར་བྱེད་པར་ནུས། །གང་ཕྱིར་ཚད་མ་མ་ཡིན་ཡང་། །སྐྲ་ཤད་ལ་སོགས་ཤེས་པ་ནི། །རྣམ་
པ་གསལ་བ་སྣང་བ་ཡི། །ཉམས་མྱོང་བདག་ཉིད་དེ་ཡོད་ཡིན། །དེས་ན་ངེས་པར་བྱ་ཉིད་ཕྱིར། །དོན་བྱེད་ཤེས་པའམ་གཞན་ལྟོས་མིན། །དེ་བྱེད་ཕྱིར་ནི་མ་ཡིན་ཏེ། །དུག་ལ་སོགས་པ་ལ་བཞིན་ནོ། །ཇི་ལྟར་དུག་དང་མྱོས་འགྱུར་སོགས། །དེ་ལས་མཚུངས་གཞན་སྣང་ཕྱིར་
དང་། །རྗེས་ཐོགས་ལ་ནི་འབྲས་མེད་ཕྱིར། །དེའི་བདག་ཉིད་ངེས་གཞན་ལྟོས་ཡིན། །བརྒྱལ་དང་དུབ་དང་འཆོལ་སོགས་པའི། །དེ་ཡི་འབྲས་བུ་ངེས་བསྐྱེད་ན། །དེའི་བདག་ཉིད་དུ་རྟོགས་འགྱུར་ཏེ། །ད་ལྟར་ཤེས་ལ་དེ་ནུས་ངེས། །གཞན་ཡང་ཚད་མའི་ནུས་མཚན་ཉིད། །
རྩོད་པ་མེད་པ་ཉིད་དུ་འདོད། །ཚད་མ་གཞན་གྱིས་ངེས་བྱས་ཞེས། །དེ་ལྟར་ཁྱེད་ཀྱིས་སྨྲས་པ་ཡིན། །དངོས་པོ་རྣམས་ཀྱི་ནུས་པ་རྣམས། །འབྲས་བུའི་དོན་གྱིས་སྒྲུབ་པར་བྱེད། །དེས་ན་དོན་གྱིས་གོ་བས་གྲུབ། །གཞན་ལས་མི་འགྲུབ་ཇི་ལྟར་ཡིན། །རང་གི་རྒྱུ་ལས་ཚད་ཉིད་
ནི། །ཆ་ཤས་མེད་པར་གྲུབ་ཡིན་ན། །དེ་ལྟར་ཡིན་དང་རྩོད་མེད་དེ། །ངེས་བསྐྱེད་གཞན་ལ་ལྟོས་པའི་ཕྱིར། །རང་གི་ངོ་བོ་གྲུབ་དོན་དུ། །ཚད་མ་གཞན་ལ་ལྟོས་པ་མིན། །དེ་ཡི་ངོ་བོ་ངེས་དོན་དུ། །རྟོགས་པོ་དེ་ལ་ལྟོས་པ་ཡིན། །གཞན་ཡང་ཚད་མ་ཉིད་མིན་ཡང་། །
དེ་ལྟར་རང་ཉིད་ལས་ཐལ་འགྱུར། །རང་ལས་ཚད་མ་མིན་མེད་ན། །གཞན་ལས་ཀྱང་ནི་སྲིད་མ་ཡིན། །ལྟོས་པ་མེད་པ་གཅིག་ཁོ་ན། །ཚད་མིན་ཉིད་ཀྱི་རྒྱུ་མཚན་ཡིན། །དེ་ལྟ་བུ་སོགས་འདིར་ཡང་ནི། །མ་ལུས་བརྗོད་པར་ནུས་མ་ཡིན། །སླུ་བར་བྱེད་པའི་ནུས་པ་ནི། །ཇི་ལྟར་གཞན་
ལས་ངེས་པ་ཡི། །དེ་ལྟར་མི་སླུའི་ནུས་པ་ཉིད། །དེས་ན་རྣམ་ཀུན་གྱི་གཉིས་མཚུངས། །བཟློག་པ་དེ་ལས་ཚད་ཉིད་ལ། །ཕུལ་དུ་བྱུང་བ་ཅི་ཞིག་སྣང་། །གང་གིས་རང་ལས་དེ་ཉིད་དང་། །གཞན་ལས་ཚད་མ་མིན་པ་འདོད། །འོན་ཏེ་རང་ལས་ཚད་མ་ཀུན། །ཚད་མ་ཉིད་དུ་བརྗོད་

པའི་ཕྱིར། །སྐྱེས་ནས་རང་གི་འབྲས་བུ་ལ། །རང་ཉིད་ཀྱིས་ནི་འཇུག་འགྱུར་མིན། །བདག་ཉིད་ཐོབ་ཕྱིར་དངོས་པོ་རྣམས། །རྒྱུ་ལ་ལྟོས་ཕྱིར་བྱེད་པ་ནི། །བདག་ཉིད་ཐོབ་ནས་རང་འབྲས་ལ། །རང་ཉིད་ཀྱིས་ནི་འཇུག་པར་འགྱུར། །དེས་ན་སྐྱེ་ཙམ་ཤེས་པ་ལ། །
རང་གི་རྒྱུ་ལ་ལྟོས་ཡོད་ཕྱིར། །དེ་དག་རང་གི་ཡོན་ཏན་ལ། །ངེས་པ་བསྐྱེད་ཕྱིར་ལྟོས་པ་མིན། །གང་ཕྱིར་སྐྱེད་ལ་རང་དབང་ཅན། །ཚད་མ་ཉིད་དང་དོན་ངེས་ལ། །རང་གི་རྒྱུ་ལ་མ་ལྟོས་པར། །དེ་དག་འགྱུར་བུམ་ལ་སོགས་བཞིན། །འཇིམ་གོང་འཁོར་ལོ་དབྱུག་སོགས་ལ། །བུམ་
པ་སྐྱེད་ཕྱིར་ལྟོས་པ་ཡིན། །འདི་ཡི་ཆུ་འཆུ་བ་ལ་ནི། །དེ་དག་ལ་ནི་ལྟོས་པ་མེད། །དེ་ལྟར་རང་ལས་ཚད་མ་ཉིད། །ཐ་མར་གདོན་མི་ཟ་དེ་ཡིན། །གཞན་ལ་རག་ལས་ཚད་ཉིད་ནི། །ཐུག་པ་མེད་པར་ཐལ་བར་འགྱུར། །རྩ་བ་ཡི་ནི་ཚད་མ་ཉིད། །ཚད་མ་གཞན་གྱིས་གྲུབ་བྱས་
ན། །དེ་དང་དེར་ནི་དེར་འདོད་པས། །མཐར་ཐུག་གནས་རྙེད་མི་འགྱུར་རོ། །ཇི་ལྟར་དང་པོའི་ཤེས་པ་དེ། །དོན་བྱེད་མི་སླུའི་ཤེས་ལ་ལྟོས། །དེ་ལྟར་མི་སླུའི་ཤེས་པ་ཡང་། །མི་སླུ་གཞན་ལ་ལྟོས་པ་ཡིན། །གལ་ཏེ་འགའ་ཞིག་རང་ཉིད་ལས། །ཚད་མ་ཉིད་དུ་འདོད་པ་ན། །དང་
པོ་དེ་ལྟར་འགྱུར་བ་ལ། །རྒྱུ་མཚན་གང་གིས་སྡང་བར་བྱེད། །གལ་ཏེ་དེ་ལྟར་ཡོན་ཏན་ལ། །རག་ལས་མངོན་སུམ་ཚད་མ་ཉིད། །ཚད་མ་མེད་ན་ཡོན་ཏན་ཡང་། །ནམ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་ཡོན་ཏན་ཡོངས་གཅོད་ཕྱིར། །ཚད་མ་གཞན་ནི་འདོད་པ་ན། །དེ་ལའང་གཞན་
གྱིས་ཡོངས་བཅད་པའི། །ཡོན་ཏན་རག་ལས་ཚད་མ་ཉིད། །དང་པོའི་བཞིན་ནོ་དེས་ན་ཡང་། །སྔར་བཞིན་ཐུག་པ་མེད་པར་འགྱུར། །ད་དང་དེ་དེ་ལྟར་འདོད་ན། །མཐར་ཐུག་རྙེད་པར་མི་འགྱུར་རོ། །འོན་ཏེ་ཡོན་ཏན་གྱིས་ཤེས་པ། །ཡོན་འཛིན་རག་ལས་ཚད་མ་ཉིད། །མི་འདོད་
དང་པོའི་དོན་ཤེས་ཀྱང་། །ཡོན་ཏན་ཚད་མ་ལ་མི་ལྟོས། །དེས་ན་རིང་དུ་དཔྱད་བྱས་ཀྱང་། །འགལ་བ་རང་ལ་ཚད་ཉིད་ནི། །གདོན་མི་ཟ་བར་ཁས་ལེན་ན། །དེ་བས་ཐོག་མར་གནས་པ་མཆོག །དོན་བྱེད་པ་དང་ཡོན་ཏན་ཤེས། །གང་གིས་ཁྱད་པར་ཅན་དུ་འདོད། །གང་གི་

སྟོབས་ཀྱིས་དང་པོ་ནི། །དེ་དག་ལ་ནི་རག་ལས་འགྱུར། །དེ་ཕྱིར་རག་ལས་ཚད་མ་ཉིད། །ཀུན་ལ་སྤྱིར་བསྟན་པ་ཅན་གནས། །གནོད་དང་རྒྱུ་སྐྱོན་བཅས་ཉིད་ཀྱིས། །ཤེས་པ་དག་གིས་དེ་བསལ་ཡིན། །དེ་ནི་གཞན་ལ་རག་ལས་ཀྱང་། །ཐུག་པ་མེད་པར་མི་འགྱུར་རོ། །དེ་ཡི་
ཚད་མ་ལ་རག་ལས། །དེ་ཡང་རང་ལ་གནས་པ་ཡིན། །གང་ཕྱིར་ཚད་མ་ཚད་གཞན་གྱིས། །ཇི་ལྟར་སྒྲུབ་པར་མི་བྱེད་པ། །དེ་ལྟར་ཚད་མིན་ཉིད་ཀྱིས་ནི། །ཚད་མིན་གཞན་ལས་གྲུབ་པ་མིན། །རིགས་མཐུན་ལ་རྟེན་ཉིད་ཀྱིས་ནི། །གནས་པ་འཐད་པ་མ་ཡིན་ཏེ། །རིགས་མི་མཐུན་
ནི་རྒྱུ་གཞན་ཕྱིར། །རྩ་བ་བརྟན་པར་གནས་པ་ཡིན། །རེ་ཞིག་གནོད་པའི་ཤེས་པ་ནི། །དོན་གཞན་ཉིད་དུ་ངེས་གཟུང་ཡིན། །དེ་ནི་ལྟོས་མེད་ཚད་ཉིད་ཕྱིར། །སྔ་མ་ཤེས་པས་སེལ་བར་བྱེད། །དེ་ལ་ཡང་ནི་གནོད་པ་བརྩལ། །སླར་ཡང་ལྟོས་པར་འགྱུར་བ་ཡིན། །
ལ་ལར་སྔ་མར་དོགས་སྐྱེ་ན། །དེ་ཡང་འབད་པ་ཉུང་ངུས་ལྡོག །གལ་ཏེ་འདི་ལ་གནོད་པ་གཞན། །ཚོལ་བས་སྐྱེ་བར་འགྱུར་བ་ན། །དེས་ན་དབུས་མར་གནོད་གྱུར་པས། །སྔ་མ་ཁོ་ན་ཚད་མ་ཡིན། །འོན་ཏེ་རྗེས་མཐུན་འབད་པ་ཡིས། །ཡང་དག་
ཚོལ་བར་བྱེད་པ་ན། །རྩ་བ་མེད་ཕྱིར་གནོད་ཅན་ལ། །གནོད་པའི་ཤེས་པས་གནོད་མི་འགྱུར། །དེས་ན་དམིགས་གསལ་མེད་པའི་ཕྱིར། །སྟོབས་བཅས་དེ་ཡི་དང་པོ་ནི། །གནོད་འགྱུར་དེ་ཡིས་དེ་ཉིད་ཀྱི། །ཚད་མ་ཉིད་ནི་བསལ་བ་ཡིན། །དེ་ལྟར་རྟོག་ལྡན་ཤེས་པ་ནི། །
གསུམ་པོ་སྤོང་བར་མི་བྱེད་དོ། །དེས་ཀྱང་གནོད་པ་མ་སྐྱེས་ན། །གནོད་པ་སླར་ཡང་དོགས་མི་བྱ། །གང་ཞིག་རྨོངས་པས་མ་སྐྱེས་པའང་། །གནོད་པ་ཅན་དུ་ཉེ་བར་རྟོག །ཐེ་ཚོམ་བདག་ཉིད་ཅན་དེ་ནི། །ཐ་སྙད་ཐམས་ཅད་ཉམས་པར་འགྱུར། །འདི་ལྟར་ནོར་ལྷའི་བུ་ཡིས་ནི། །
ཐེ་ཚོམ་བདག་ཉིད་ལ་སྨད་ཡིན། །ཀུན་ཏའི་བུ་སྐྱེས་ཐེ་ཚོམ་ཅན། །འཇིག་རྟེན་འདི་དང་ཕྱི་མ་མེད། །ལ་ལར་གང་དུ་ཇི་སྙེད་པའི། །མིག་གསལ་རྣམས་ནི་སྲིད་པ་ཡིན། །དེ་བདག་ཉིད་ལ་དེ་སྙེད་ནི། །བརྩལ་ཡང་མ་སྐྱེས་པས་དེར་མེད། །འཇལ་བྱེད་དོན་དུ་གཉེར་རྣམས་

ཀྱིས། །སླར་ཡང་དངོས་པོ་དེ་དག་ནི། །རེས་འགའ་འདི་ལྟར་སྲིད་པ་ཡང་། །ཉེ་བར་བརྟགས་ཤིང་གནས་མི་བྱ། །གང་ལ་ཡུལ་དུས་མིའི་གནས་སྐབས། །དབྱེ་བ་ཐ་དད་ཀྱིས་གྲུབ་གང་། །གནོད་ཅན་དོན་དུ་གཉེར་བ་ནི། །དེ་དག་ལ་ནི་ལྟོས་པ་ཡིན། །
ཡུལ་ཐག་རིང་ན་གནས་པའི་ཕྱིར། །ཡང་དག་པར་ནི་མ་མཐོང་བས། །ལ་ལར་གཞན་དུ་དོགས་འགྱུར་བ། །དེར་ནི་ཉེ་བར་ཕྱིན་པ་ཙམ། །གནོད་པའི་མཐའ་སྟེ་དུས་དང་ནི། །མི་དང་གནས་སྐབས་གཞན་དག་ལ། །དེ་ལ་ལྟོས་པ་ཡོད་མིན་ཏེ། །སྨིག་རྒྱུ་ལ་སོགས་བློ་བཞིན་ནོ། །
དེ་ལྟར་དམག་དང་བཅས་དུས་སུ། །བ་ལང་རྟ་སོགས་ཐེ་ཚོམ་མམ། །འཁྲུལ་པ་གང་ཡིན་དེའི་ངེས་པ། །གསལ་བར་གྱུར་པ་མཐའ་ཅན་ཡིན། །དེ་བཞིན་ཟླ་གཉིས་ཕྱོགས་ལ་འཁྲུལ། །རིག་བྱེད་ཡི་གེ་དབྱངས་སོགས་ལའང་། །སྐྱེས་བུ་གཞན་ལ་དྲིས་པ་ན། །རྣམ་པ་
གཞན་དུ་ངེས་འཛིན་སྐྱེ། །ཆགས་དང་ཞེ་སྡང་རྒྱགས་དང་བསྙོ། །བཀྲེས་སྐོམ་སོགས་ཀྱིས་དབང་ཉམས་པས། །ཤེས་བྱའི་དོན་ལ་ལོག་ཤེས་སྐྱེ། །དེ་མེད་ཡང་དག་ཤེས་པ་སྐྱེ། །བུ་ལོན་ལ་སོགས་ཐ་སྙད་ལའང་། །གཉིས་ཀ་རྩོད་པར་བྱེད་པ་ན། །གཅིག་ནི་བུ་ལོན་ཆགས་
པའི་ཚིག །སྔར་གྱི་བུ་ལོན་དེད་ཚིག་གཉིས། །ཐུག་པ་མེད་པའི་འཇིགས་པ་ཡིས། །ངག་ལྷག་ཆད་རྒྱར་འབྲི་མི་བྱེད། །དེས་ན་གཙོ་བོའི་ཐད་དུ་ནི། །འདུན་ས་པ་སོགས་ཀྱིས་ངེས་བརྗོད། །དེ་ལྟར་ཤེས་པ་གསུམ་ཁོ་ན། །ཐམས་ཅད་ཀྱི་ནི་དབང་བྱས་འདོད། །དེ་འདོད་ཕྱིར་ནི་
ལྷ་རྣམས་ལའང་། །བདེན་པ་གཉིས་གསུམ་ཡོད་པར་བརྗོད། །དེས་ན་རང་ལ་ཚད་ཉིད་ན། །གཉིས་ཀ་ལ་ཡང་ཐུག་མེད་མེད། །ཚད་མ་ཉིད་དང་ཚད་མིན་ཉིད། །དེས་ན་ཇི་ལྟར་རིགས་པར་གནས། །རྟག་པའམ་ཡིད་ཆེས་པས་སྨྲས་པ། །ངག་གང་ངེས་པར་བཟུང་བ་ཡིན། །སྨྲ་བ་བོ་
དང་ཉན་པ་ཡིས། །དེ་ནི་ཅུང་ཟད་སྐྱོན་བཅས་སུ། །མི་བྱེད་དེ་ལ་རིག་པ་ཡིས། །བླ་མ་གང་དག་ཡིན་པ་འམ། །རྟག་ཏུ་གནོད་པར་བྱེད་པ་པོས། །དེ་འདྲར་སྐྱོ་བར་ནུས་པའམ། །འཇིག་མེད་དེ་ནི་འཛིན་པར་བྱེད། །དེས་ན་ཡོན་ཏན་གྱིས་བཀག་པའི། །སྐྱོན་གྱིས་ངག་སུན་འབྱིན་མི་

བྱེད། །ཡང་ན་བྱེད་པོ་མེད་ཕྱིར་ཏེ། །སྐྱོན་ནི་རྟེན་མེད་མི་འགྱུར་རོ། །དེར་ཡིད་ཆེས་སྨྲས་ལ་སྐྱོན་མེད། །ཡོན་ཏན་བདག་ཉིད་གཉིས་སུ་སྣང་། །ཡོན་ཏན་གྱིས་ཀྱང་ཚད་མ་ཉིད། །ཇི་ལྟར་གྲུབ་མིན་དེ་ལྟར་བསྟན། །དེས་ན་ཡོན་ཏན་ལྡན་པའི་ཕྱིར། །དེས་བསྩལ་
སྨྲ་པོ་ལ་སྐྱོན་མེད། །སྐྱོན་མེད་པས་ནི་ཉེར་མཚོན་པས། །ངག་ནི་རང་ལས་ཚད་མ་ཡིན། །ཡིད་ཆེས་ངག་ལས་སྐྱོན་མེད་པར། །ཡོན་ཏན་ངག་གིས་རྟོགས་ཤེ་ན། །ཡོན་ཏན་ལྡན་ཉིད་རྗེས་འགྲོ་ལ། །དེ་ཉིད་ཐུག་པ་མེད་པར་འགྱུར། །དེ་ནི་སྐྱོན་མེད་
ཤེས་འགྱུར་བས། །ཡོན་ཏན་གྱི་ཤེས་དེ་ཡི་ཚེ། །ལྟོས་པར་བྱེད་པ་མ་ཡིན་ཏེ། །དེ་ལ་ཡོན་ཏན་ཕན་འདོགས་མིན། །ཡོད་པ་ཙམ་གྱིས་དེ་ཀུན་གྱི། །སྐྱོན་རྣམས་ལྡོག་པར་བྱེད་ནུས་ཡིན། །དེ་དག་ཡོད་ན་མིའི་སྐྱོན་གྱི། །ཡུལ་ཅན་ཤེས་པ་སྐྱེ་མི་འགྱུར། །མི་ཤེས་ཉིད་ཕྱིར་
སྐྱོན་རྣམས་ཀྱིས། །ཚད་མ་ཉིད་ནི་བསལ་བ་ཡིན། །མ་བསལ་བས་ནི་གྲུབ་པ་ཡིན། །དེས་ན་འདི་ཡང་རང་ལ་གནས། །ཉེས་པ་ཡོད་དམ་མེད་པ་ནི། །སྐྱེས་བུའི་ངག་ལ་ཐེ་ཚོམ་ཟ། །བྱེད་པོ་མེད་ཕྱིར་ཐོས་པ་ལ། །སྐྱོན་ཡོད་ཐེ་ཚོམ་བདག་ལ་མེད། །རིག་བྱེད་ལ་ཡང་ཚད་མ་
ཉིད། །མ་ལྟོས་ཉིད་ཕྱིར་གང་བརྗོད་པ། །ཡིད་ཆེས་མ་སྨྲས་པ་ལ་ཡང་། །དེ་ནི་རང་ལས་ཤིན་ཏུ་གྲུབ། །རིག་བྱེད་དོན་ལ་ཚད་གཞན་གྱིས། །དུས་ཀུན་དུ་ནི་མ་འབྲེལ་གང་། །དེ་ཉིད་ཀྱིས་ནི་ཚད་མ་ཉིད། །གཞན་དུ་རྗེས་སུ་ཟློས་ཉིད་ཡིན། །གཞན་ལ་ཡང་ནི་ཚད་ཉིད་ལ། །འབྲེལ་
པ་རྒྱུ་ཉིད་མ་ཡིན་ཏེ། །དོན་མཚུངས་རྣམས་ལ་རྟོགས་པ་ཡིས། །མཚུངས་པའི་དོན་གཅིག་ལ་རྟོགས་པས། །གཅིག་ཉིད་ཚད་མ་ཉིད་དུ་འགྱུར། །གང་ལ་ཡང་ནི་ཡོངས་གཅོད་པ། །ཚད་མ་ཕྱི་མས་སླར་ཡང་འགྱུར། །དེར་ཡང་ངེས་པར་སྔ་མ་ཡིས། །དོན་དེ་གསལ་བར་ངེས་
བཟུང་མིན། །ལན་ཅིག་སྐྱེས་ནས་འཇིག་པ་ནི། །དོན་ལ་ཚད་མིན་ཉིད་འགྱུར་མིན། །མིག་ལ་སོགས་དང་འབྲེལ་མེད་པ། །རྣ་བློའང་ཚད་མར་འགྱུར་བ་མིན། །འདི་ལ་རྣ་བའི་ཤེས་གཞན་དང་། །འབྲེལ་ཕྱིར་ཚད་ཉིད་འགྱུར་ཞེ་ན། །རིག་བྱེད་ལ་ཡང་དེ་སྐྱེད་པའི། །རྣམ་ཤེས་

གཞན་དང་འབྲེལ་པ་གྲུབ། །སྒྲུབ་པ་གཞན་ལས་སྐྱེས་པ་ནི། །བློ་ནི་གཉིས་ལའང་ཡང་ཡོད་མིན། །དེས་ན་རྒྱུ་གཞན་གྱིས་བྱས་པའི། །ཤེས་པ་མི་སླུ་འདོད་མིན་ཏེ། །ཇི་ལྟར་དབང་པོ་གཅིག་དག་ལས། །རྣམ་ཤེས་གཞན་གྱིས་འབྲེལ་པ་ནི། །མངོན་
སུམ་གྱི་རྒྱུར་བརྟགས་པ་ཡིན། །དེ་བཞིན་རིག་བྱེད་ལ་བརྟག་གིས། །ངག་ནི་གཅིག་པུ་ཁོ་ན་ཡིས། །ཡུལ་དང་དུས་དང་མི་སོགས་ལ། །དོན་གྱི་མི་སླུ་རྙེད་པ་ནི། །རྒྱུ་གཞན་བརྩལ་བར་མི་བྱའོ། །དེ་ཕྱིར་བརྟན་པར་གང་སྐྱེས་པའི། །རྣམ་པར་ཤེས་པ་ཡུལ་གཞན་སོགས། །
རྣམ་ཤེས་རྣམས་ཀྱི་སླུ་མེད་ཅན། །དེ་ནི་ཚད་མར་ཐེ་ཚོམ་མེད། །སྒྲ་རྣམས་ལ་ནི་ཚད་མ་ཉིད། །རྗེས་སུ་དཔག་པས་བསྒྲུབ་མི་བྱ། །མངོན་སུམ་ལ་ཡང་དེ་བསྒྲུབ་བྱས། །ཚད་མར་མི་འགྱུར་ཁྱད་མེད་ཕྱིར། །ཚད་མ་རྣམས་ཀྱིས་ཚད་མ་ཉིད། །གཞན་མ་གང་གིས་བསྒྲུབ་པར་བྱས། །
དེ་ཡང་གཞན་གྱིས་བསྒྲུབས་པའི་ཕྱིར། །ཐུག་པ་མེད་པར་ཐལ་བར་འགྱུར། །འོན་ཏེ་སྒྲུབ་པར་བྱེད་པ་ལ། །གཞན་གྱིས་མ་བསྒྲུབས་ཚད་འདོད་ན། །དེས་ན་བསྒྲུབ་བྱ་ལ་ཡང་དེ། །མ་བསྒྲུབས་པ་ཡང་དེ་བཞིན་འགྱུར། །མངོན་སུམ་ལ་སོགས་ཚད་མ་རུ། །དེ་ལྟར་གཟུང་བྱས་མ་
ཡིན་ནམ། །དེ་ལྟར་གཟུང་བར་མ་བྱས་པས། །ཐ་སྙད་རིགས་པ་མ་ཡིན་ནོ། །ངེས་པར་འཛིན་པའི་སྔོན་རོལ་དུ། །ཚད་མར་རང་ཉིད་ནི་གནས་ན། །དེ་ནི་ལྟོས་མེད་རང་གི་དོན། །འཇལ་བར་བྱེད་དེ་རང་གིས་དེས། །ཇི་ལྟར་རྟོགས་པར་མ་བྱས་ཉིད། །མིག་སོགས་དབང་པོ་
རྣམས་ཀྱིས་ནི། །ཡུལ་ཀུན་འཛིན་པར་བྱེད་པ་ཡིན། །དེ་བཞིན་ཚད་མ་རྣམས་ཀྱིས་ཀྱང་། །དེས་ན་ཚད་མ་ཉིད་དེ་ལ། །རིགས་པར་འགྱུར་ཉིད་མཁོ་བ་མིན། །བློ་ནི་མ་རྟོགས་འདི་ལས་ཀྱང་། །ཡུལ་གྱི་ཉམས་མྱོང་དམིགས་པར་འགྱུར། །རང་གི་དོན་ལ་ཚད་མིན་པ། །ཚད་
མ་བཞིན་དུ་རང་ལས་གྲུབ། །དེ་ཡི་ལོག་ཉིད་ཚད་མ་གཞན། །མེད་ན་གཟུང་བར་མི་འགྱུར་རོ། །གང་ཕྱིར་དོན་ནི་ལོག་ཉིད་དུ། །སྔ་མ་འཛིན་མིན་དེ་ཉིད་བཞིན། །དེ་ཡང་དོན་གཞན་ངོ་བོ་བློ། །ཡང་ན་རྒྱུ་ནི་སྐྱོན་བཅས་པ། །དེ་ཙམ་གྱིས་ཀྱང་ལོག་ཉིད་ནི། །འཛིན་འགྱུར་གཞན་རྒྱུ་ཅན་

མ་ཡིན། །སྐྱེ་བའི་གནས་སྐབས་ཁོ་ན་ལ། །འདི་ནི་ཚད་མ་ཉིད་དུ་ངེས། །དེས་ན་གང་དུའང་ལོག་ཉིད་ནི། །གཞན་དག་གིས་ནི་རྟོགས་འགྱུར་ན། །དེའང་དེ་གཉིས་བརྗོད་བྱ་སྟེ། །ཆོས་མཐུན་ཙམ་གྱིས་བརྗོད་མི་བྱ། །ཚད་མ་མ་ཡིན་ཆོས་མཐུན་ཙམ། །གང་ཅུང་ཟད་ཙམ་ལ་
བརྟེན་ནས། །མི་མཁས་པ་ཡིས་ཚད་མ་ཀུན། །ལོག་པ་ཉིད་དུ་སྒྲུབ་པར་བྱེད། །དེ་དག་བདག་ཉིད་ལ་གནོད་ཕྱིར། །དེ་འདྲའི་སྒྲུབ་པ་རྟོགས་པར་བྱེད། །གཞན་ལ་ཡང་ནི་དེ་འདྲ་ཡིས། །གཟུགས་བརྙན་སྐྱེ་བར་འགྱུར་བ་ཡིན། །དེ་ཡིས་བཀག་པར་བྱས་པའི་ཕྱིར། །ལོག་པ་
ཉིད་དུ་བསྒྲུབས་པས་ན། །བསྐུལ་ལ་གནོད་པ་བྱེད་མི་ནུས། །རང་ཉིད་ཚད་མ་ཡིན་ཕྱིར་རོ། །འདི་ལ་བརྗོད་པར་བྱ་བ་མིན། །གང་དག་སྐྱེས་ནས་གནས་འདོད་པས། །དེ་དག་རེ་ཞིག་གནས་སྐབས་དེའི། །རྒྱུ་མཚན་དང་བཅས་ཡིན་དུ་ཆུག །བདག་ཉིད་ཐོབ་ཕྱིར་བུམ་སོགས་ནི། །རྒྱུ་
ལ་ལྟོས་པར་བྱེད་པ་ཡིན། །བདག་ཉིད་ཐོབ་ནས་རང་འབྲས་ལ། །རང་ཉིད་ཀྱིས་ནི་འཇུག་པར་འགྱུར། །སྐྱེས་མ་ཐག་ཏུ་མི་གནས་པ། །ཤེས་པ་གང་ཞིག་ཁྱེད་ཀྱང་འདོད། །བདག་ཉིད་ཐོབ་ནས་ཕྱིས་མེད་ལ། །དེ་ལ་བྱ་བ་ཅི་འདྲ་ཡོད། །གང་ཕྱིར་རྒྱུ་རྣམས་ཀྱི་བྱ་བ། །སྐྱེ་བ་ལས་ནི་
གཞན་དུ་མཐོང་། །ཚད་མ་ལ་ཡང་དེ་བཞིན་དུ། །མི་འགྱུར་ཕྱིར་ན་སྐྱེ་བར་བརྗོད། །སྐད་ཅིག་ཀྱང་ནི་དེ་གནས་མིན། །ཚད་མའི་བདག་ཉིད་ཀྱང་སྐྱེ་མིན། །གང་གིས་དོན་བཟུང་རྗེས་ལ་ནི། །བྱ་བ་བྱེད་འགྱུར་དབང་སོགས་བཞིན། །འོན་ཏེ་སྐད་ཅིག་མིན་ཤེས་ལ། །ཡང་ན་བརྟག་པར་ཁས་
ལེན་ན། །ཁས་བླངས་པ་དང་འདི་འགལ་ཕྱིར། །འདི་ལྟར་རིགས་པས་ཀྱང་གནོད་ཡིན། །གང་ཕྱིར་དངོས་ཀུན་ཁྱབ་པ་ནི། །སྐད་ཅིག་འཇིག་པར་བསྒྲུབས་པ་ཡིན། །རྟག་པ་བསྐྱེད་བྱ་མ་ཡིན་པས། །རྒྱུ་ལ་ལྟོས་པ་གང་ཞིག་ཡིན། །དེས་ན་བརྗོད་པར་ནུས་ཡིན་ཏེ། །ཕྱི་ནས་ཚད་མ་
རང་འབྲས་ལ། །རང་ཉིད་ཀྱིས་འཇུག་མ་ཡིན་ཏེ། །དངོས་མེད་ཕྱིར་ན་མཁའ་པད་བཞིན། །སྐད་ཅིག་མ་ཡིན་ཤེས་པ་དེ། །ཡིན་ཆུག་རང་གི་ཚད་མ་ཉིད། །ངེས་ཕྱིར་རང་ཉིད་འཇུག་ཅེ་ན། །ཐེ་ཚོམ་ལ་སོགས་ཅི་ཕྱིར་འགྱུར། །གང་ཕྱིར་ཚད་མ་ཉིད་ངེས་པ། །དེ་ཙམ་ལས་ནི་བྱུང་བ་

ཡིན། །དེ་ནི་སྐྱེས་པར་གྱུར་པ་ན། །ཐེ་ཚོམ་ཕྱིན་ལོག་རྟེན་མེད་འགྱུར། །ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པར་བྱ། །དེས་ཀྱང་བསྐུལ་བ་ལས་བྱུང་བློ། །ཚད་
མ་ཉིད་སྒྲུབ་དོན་དུ་ནི། །སྐྱོན་བྲལ་རྒྱུ་ལས་བྱུང་བའི་ཕྱིར། །རིགས་པ་དེ་ནི་དོན་མེད་འགྱུར། །རང་ལས་ཚད་མ་ཉིད་གྲུབ་ཀྱང་། །དེ་ནི་གནོད་པ་སེལ་བ་ཅན། །གལ་ཏེ་འདོད་ན་དེ་ལ་ནི། །མ་ཡིན་ཐེ་ཚོམ་མི་སྲིད་ཕྱིར། །ཇི་སྲིད་ངེས་པ་མ་སྐྱེས་པ། །དེ་སྲིད་ཁོ་ན་ཐེ་ཚོམ་ཡོད། །དེ་
ལ་ངེས་པ་སྐྱེས་གྱུར་ན། །ཚད་མ་མིན་བློ་ག་ལས་འགྱུར། །གང་གིས་དེ་ནི་ལྡོག་དོན་དུ། །འབད་པ་དོན་དང་བཅས་པར་འགྱུར། །མཐོ་ཡོར་དེ་བདག་ཉིད་ངེས་པས། །གཞན་ཉིད་སྙམ་དུ་སེམས་པ་མེད། །གང་ཕྱིར་དངོས་པོ་གང་ལ་ནི། །ངོ་བོ་གང་ལས་ངེས་སྐྱེས་ན། །དེ་ལས་བཟློག་པའི་
དགོས་པ་ནི། །རང་ཉིད་ཀྱིས་ནི་ལྡོག་པར་འགྱུར། །ཇི་ལྟར་དུ་སོགས་རྟགས་དག་གི །མེ་སོགས་ཡོད་པར་ངེས་པ་ན། །དེ་མེད་ཐེ་ཚོམ་རྣམས་གཅོད་པ། །དེ་ཉིད་ཀྱིས་ནི་འཐད་མ་ཡིན། །ཚད་མ་མ་ཡིན་རྣམ་གཅོད་ཀྱང་། །རང་ཉིད་ཀྱིས་ནི་འདོད་པར་གྱིས། །དེ་ཕྱིར་ཚད་མ་མ་ཡིན་
ཉིད། །ལྡོག་ཕྱིར་སྒྲུབ་པ་རིགས་མ་ཡིན། །གལ་ཏེ་དེར་ནི་ཚད་མིན་གཉིས། །དོགས་པ་འཇུག་པར་འགྱུར་བ་ན། །འཁྲུལ་པས་དེ་ཡི་ཡུལ་བྱས་པས། །ཚད་མ་ཉིད་དུ་ངེས་མི་འགྱུར། །གང་ཞིག་ཕྱིན་ཅི་ལོག་ཐེ་ཚོམ། །ཤེས་པ་རྣམས་ཀྱིས་ཡུལ་དུ་བྱས། །མཐོ་ཡོར་བཞིན་དུ་དེ་ལ་
ནི། །དེ་ཚེ་དེ་དངོས་ངེས་པ་མེད། །ཇི་ལྟར་གཏོར་ཟན་དུ་བ་དང་། །རྒྱུ་ལས་བྱུང་སྐྱོན་སོགས་ཤེས་པས། །ཡུལ་དང་མེ་དང་ཚད་མིན་སོགས། །གཞན་ལས་ངེས་པར་འགྱུར་བ་ཡིན། །གང་གིས་ཕྱིན་ཅི་ལོག་ཐེ་ཚོམ། །ཡུལ་ཉིད་དུ་རྟོགས་དེ་བཞིན་ནོ། །ཚད་མ་ཉིད་ལ་དེ་ལ་ནི། །གཞན་
ལ་ངེས་པར་རྟོགས་པར་གྱིས། །ཁྱེད་ཅག་གི་ཕྱོགས་འདི་ཡིན་ཏེ། །གང་དག་ལ་ནི་དགག་ཐོས་པ། །དེ་ཉིད་ལ་ནི་རྣམས་གཅོད་དུ། །གཞན་དུ་རང་གི་བདག་ཉིད་རྟོགས། །བསྐུལ་བ་ལས་བྱུང་བ་ཡི་བློ། །ཚད་མ་ཡིན་ཞེས་དེ་ལ་ཡང་། །དགག་པའི་སྦྱོར་བ་ཡོད་མིན་ཏེ། །དེས་ན་ཚད་མིན་

ལྡོག་མི་འགྱུར། །གཞན་ཡང་གལ་ཏེ་ཚད་ཀུན་ལ། །ཚད་མ་ཉིད་ནི་ངེས་གྱུར་ན། །དེ་ཉིད་ཀྱིས་ན་སྨྲ་པོ་ལ། །དེ་ཚེ་འདོད་པ་ཐ་དད་ཅིང་། །གང་ཞིག་འགའ་ཞིག་རང་ཉིད་ཀྱིས། །ངེས་པར་གསལ་བར་སྨྲས་པ་ཡིན། །ཅུང་ཟད་རང་ལས་ཅུང་ཟད་གཞན། །གཞན་དག་གིས་ངེས་
མེད་པར་འདོད། །གང་གིས་འཁྲུལ་པ་ལས་བྱུང་རྩོད། །དེ་ཡང་ངེས་པས་གནོད་པར་འགྱུར། །དེས་ན་དེ་ཉིད་ངེས་བྱས་ལ། །རྩོད་པ་པོ་རྣམས་རྩོད་མི་བྱ། །ཚད་མ་རྣམས་ལ་རང་ལས་ནི། །ཚད་མ་ཉིད་དུ་ངེས་པས་ན། །སླུ་བའི་དོན་ནི་ཅུང་ཟད་མེད། །ངེས་པར་བྱས་པས་འཇུག་
ཕྱིར་རོ། །ཚད་མ་མིན་ལ་ཚད་ཉིད་ཀྱི། །བློ་ཡིས་འཇུག་ན་སླུ་བར་འགྱུར། །རང་ལས་ཚད་མ་ཉིད་རྟོག་པས། །ཕྱིན་ཅི་ལོག་པ་ཅུང་ཟད་མེད། །ཚད་མ་མ་ཡིན་ལས་འཇུག་ན། །སླུ་བར་ཐོབ་འགྱུར་མ་ཡིན་ནམ། །ངེས་པ་དེ་ལས་གཞན་ན་ནི། །གནོད་པ་ཤེས་པ་ལས་འདོད་
ཡིན། །ཚད་མ་ཉིད་ཀྱིས་འཇུག་པས་ན། །སླུ་བ་ཐོབ་པར་མི་འགྱུར་རོ། །ཁོ་བོ་ཅག་གིས་འདི་ཉིད་ལས། །རང་ལ་དེ་བདག་ཉིད་ངེས་བརྗོད། །དེ་མིན་དགོངས་པ་མ་ཤེས་ཕྱིར། །འདིར་ནི་འདི་བརྗོད་འདོད་མ་ཡིན། །ཚད་མ་ཐམས་ཅད་རག་ལས་ཡིན། །ཚད་མ་ཡིན་ན་ངེས་ཡིན་
ན། །གང་ལས་རང་གི་ཚད་ཉིད་ཀྱིས། །ངེས་པ་མེད་པར་འགྱུར་བ་ན། །ཤུགས་ཀྱིས་ངེས་པར་དེ་ལ་ནི། །ཚད་མ་ཉིད་ངེས་པར་རྟོགས་འགྱུར། །དོན་གཞན་རྒྱུ་སྐྱོན་བཅས་པ་ཡི། །ཤེས་པ་ལ་ནི་མ་ལྟོས་ཕྱིར། །དེ་ཡི་ཚད་མིན་ཉིད་ངེས་ཕྱིར། །ཚད་མ་ལ་ནི་ཚད་མ་ཉིད། །
ཕྱིན་ཅི་ལོག་པར་རིགས་པ་མིན། །སླུ་བ་དེ་ལས་འགའ་ཞིག་ཀྱང་། །འཇུག་པར་མི་འགྱུར་དེ་རྟོགས་ཕྱིར། །སྐྱེ་བ་ལས་ནི་གཞན་པ་ཡི། །བྱ་བ་ལ་ནི་དུས་མེད་ཡིན། །བུམ་སོགས་སྐད་ཅིག་མིན་ཉིད་ཕྱིར། །དེས་ན་དཔེ་ནི་མ་གྲུབ་བོ། །དེ་དག་རྣམས་ནི་དུས་ཕྱི་མར། །རྫ་མཁན་
སོགས་ལ་མ་ལྟོས་པས། །རང་གི་ཉེར་ལེན་སོགས་ལྟོས་ཕྱིར། །རང་ལས་འཇུག་པ་ཡོད་པ་མིན། །གཞན་ལས་ཚད་མ་གནས་པ་ན། །ཐུག་པ་མེད་པར་མི་འགྱུར་ཏེ། །གང་ཕྱིར་དོན་མེད་ཤེས་པ་ནི། །རང་ལས་ཚད་མ་ཉིད་དུ་ངེས། །སྔ་མའི་ཤེས་ལ་འདི་ལ་ནི། །ཕུལ་དུ་བྱུང་བ་ཅི་ཞིག་

ཡོད། །གང་གིས་སྔར་ཤེས་བཞིན་དེ་ཡང་། །གཞན་ལས་ཁས་མི་ལེན་ཅེ་ན། །སྨྲ་བའི་དངོས་པོའི་མི་སླུ་བས། །ཚད་མ་ཉིད་དུ་བརྗོད་པ་ཡིན། །དེ་ཡང་དོན་བྱེད་པར་སྣང་བའི། །ཤེས་ལས་གཞན་མཚན་ཉིད་ཅན་མིན། །དོན་བྱེད་པར་ཡང་སྣང་བ་ཡི། །ཤེས་པ་
གསལ་བ་རིགས་པ་ཡིན། །དེ་ཙམ་ལས་ནི་བྱུང་བ་ཡི། །བསྲེ་བའི་ཤེས་པས་ངེས་པར་འགྱུར། །དེས་ན་དེ་ཡི་ཚད་མ་ཉིད། །རང་ལས་ངེས་པར་བྱས་པའི་ཕྱིར། །ཕྱིས་ཀྱི་དོན་བྱེད་ཐོབ་པ་ཡི། །ཤེས་པ་ལ་ནི་ལྟོས་པ་མིན། །འབྲས་བུ་སྣང་བའི་ཤེས་པ་ནི། །ཚད་མའི་ངོ་
བོ་ངེས་བྱས་པ། །རྒྱུ་འདིས་དང་པོའི་ཤེས་པ་ཡང་། །ཚད་མ་ཉིད་དུ་ངེས་པ་ཡིན། །དང་པོའི་དངོས་མེད་ཡུལ་ཅན་ན། །དངོས་པོ་མི་སླུའི་མཚན་ཉིད་ཅན། །གཉིས་པ་འཇུག་པར་མི་འགྱུར་ཏེ། །དེ་ཡི་རྒྱུ་ནི་མི་སྲིད་ཕྱིར། །ཨ་ཤོ་ཀ་ཡི་མེ་ཏོག་ཚོགས། །མེ་ཡི་ངོ་བོར་ངེས་བྱས་
ཀྱང་། །སྲེག་དང་བཙོ་བར་སྣང་བ་ཅན། །ཤེས་པ་ནམ་ཡང་སྐྱེ་མི་འགྱུར། །སྐྱེས་ན་མེ་ལ་རིགས་མཐུན་པར། །དེ་ནི་ཐལ་བར་མི་འགྱུར་ཏེ། །མེ་ནི་བྱ་བ་བཙོ་སྲེག་གི །རྒྱུ་ཙམ་མཚན་ཉིད་ཅན་ཡིན་ཕྱིར། །དེས་ན་དོན་བྱེད་སྣང་བ་ཡི། །ཤེས་པ་ཇི་སྲིད་མི་སྐྱེ་བར། །དེ་སྲིད་འཁྲུལ་
པའི་རྒྱུ་ཡིས་ནི། །དང་པོ་ཚད་མིན་དོགས་པ་སྐྱེ། །རྗེས་ཐོགས་འབྲས་བུ་མ་མཐོང་དང་། །འདྲ་བ་ཉིད་ནི་དམིགས་པ་ནི། །བློ་ཡི་མི་གསལ་ཉིད་ལ་སོགས། །འདིར་ནི་འཁྲུལ་པའི་རྒྱུ་ཡིན་ནོ། །འབྲས་བུ་སྣང་བའི་ཤེས་པ་ནི། །སྐྱེས་པར་གྱུར་ན་དེ་ཡོད་མིན། །དངོས་སུ་དངོས་པོ་དང་
འབྲེལ་པའི། །འབྲས་བུ་སོ་སོར་རིག་པའི་ཕྱིར། །འཁྲུལ་མེད་ཡུལ་ནི་རྟོགས་པའི་ཕྱིར། །མི་མཐུན་པར་ནི་རྟོགས་པར་འགྱུར། །དེ་ཡི་འབྲས་བུ་མ་མྱོང་ཡང་། །དང་པོའི་ཤེས་ལ་གོམས་ཅན་འཇུག །མི་མཐུན་འཇུག་པ་མེད་ན་ཡང་། །རིགས་མི་མཐུན་དོགས་རྟོགས་པ་ཡིས། །
འབྲས་བུ་སྣང་བའི་ཤེས་པ་ནི། །མེད་ན་ཚད་མ་ངེས་མི་འགྱུར། །དེ་ལ་ཚད་མ་ཉིད་ཡོད་ཀྱང་། །ངེས་པར་བྱེད་པར་ནུས་པ་མིན། །ཕྱིས་དོན་བྱེད་ཤེས་འགའ་ཞིག་གིས། །དེ་ནི་རྟོགས་པར་འགྱུར་བ་ཡིན། །དེས་ན་དང་པོའི་ཤེས་པ་ནི། །དེ་ནི་མི་སླུ་བ་ལ་ལྟོས། །མི་སླུ་བ་

ཡང་མི་སླུ་བ། །དེ་བཞིན་བཙལ་བར་མི་བྱ་སྟེ། །འཁྲུལ་པའི་རྒྱུ་ནི་མེད་པའི་ཕྱིར། །རང་ལས་དེ་ནི་ཚད་མ་ཡིན། །དང་པོའི་རང་ལས་ཚད་དངོས་ལ། །ཞེ་སྡང་འཁྲུལ་པ་སྲིད་པའི་ཕྱིར། །རྣམ་པར་ཤེས་པ་དེ་ལ་ནི། །ཚད་ཉིད་ངེས་བྱས་མ་ཡིན་ནམ། །འདོད་པའི་དོན་ནི་མ་རྟོགས་ཕྱིར། །
དེ་ལས་རྟོག་ལྡན་ཇི་ལྟར་འཇུག །སྨྲས་པ་རྟོག་པ་དང་ལྡན་དེ། །ཐེ་ཚོམ་ལས་ནི་འཇུག་པ་ཡིན། །དེ་ལྟ་ཡིན་ཡང་དེ་ལ་ནི། །རྟོག་ལྡན་ངོ་བོ་ཉམས་མི་འགྱུར། །གང་གིས་ཚད་མ་ལ་ཐེ་ཚོམ། །ཡོད་ཀྱང་ཐེ་ཚོམ་གྱིས་འཇུག་ན། །དེ་ཡང་ཚད་མ་ཉིད་ངེས་པའི། །ཐབས་ཉིད་དུ་ནི་ངེས་པ་ནི། །ཐེ་ཚོམ་གྱིས་ནི་འཇུག་
པ་ན། །གལ་ཏེ་བདག་གིས་དོན་ཐོབ་འགྱུར། །དེ་ལྟ་ཡིན་ན་ཤེས་དེ་ཡི། །ཚད་མ་ཉིད་དུ་ངེས་པར་འགྱུར། །གཞན་དུ་མིན་ཏེ་འདི་ལྟར་ཡང་། །འདི་ནི་རྩོད་པ་རིགས་བཅས་མིན། །ཅི་ཕྱིར་ཐབས་ལ་འཇུག་ཅེ་ན། །གང་ཕྱིར་གཞན་དུ་ངེས་པ་མེད། །ཐབས་མེད་ན་ནི་འགའ་
ཞིག་གིས། །ཐབས་ལས་བྱུང་བ་རྟོགས་མི་འགྱུར། །དེ་ལྟར་ཐེ་ཚོམ་གྱིས་འཇུག་ཀྱང་། །རྟོག་པ་དང་མི་ལྡན་ཉིད་མིན། །དོན་བྱེད་སྣང་བའི་ཤེས་པ་ནི། །རྨི་ལམ་ན་ཡང་ཡོད་མིན་ནམ། །དེ་ནི་ཚད་མ་ཉིད་མིན་ཏེ། །དེ་རྒྱུ་དང་པོ་ཅིས་ཚད་མིན། །དེ་མིན་འཁྲུལ་བཅས་གནས་སྐབས་
ཀུན། །དེ་ནི་ཕྱི་རོལ་རྒྱུ་མཚན་ཡིན། །ཕྱི་རོལ་དངོས་པོའི་མི་སླུ་བ། །གནས་སྐབས་དེ་དག་ལ་ཡོད་མིན། །རང་རིགས་ངོ་བོ་སེམས་དང་ནི། །སེམས་བྱུང་མི་མཐུན་མཚན་ཉིད་ཡོད། །དེ་ཡིས་གནས་སྐབས་གཉིས་བྱེ་བྲག །གསལ་བར་རྟོགས་པར་འགྱུར་བ་ཡིན། །བརྒྱ་ལ་དེ་ཡིས་
ཚད་མ་ཉིད། །གཞན་ནས་ངེས་པར་བྱེད་ཡིན་ན། །གཞལ་བྱ་ཉིད་ཐལ་འགྱུར་ཞེ་ན། །དེ་ནི་འགལ་མེད་མ་ཡིན་ནམ། །དེ་ནི་གཟུང་བྱའི་དངོས་ལྟོས་ནས། །ཚད་མ་ཉིད་དུ་དེ་ནི་བརྗོད། །གཞན་ལས་དེ་ནི་རྟོགས་པའི་ཕྱིར། །གཞལ་བྱ་ཉིད་དུ་རྣམ་པར་གནས། །ལྟོས་པ་དབྱེ་བས་དེ་
ལྟར་ཡིན། །རྒྱུ་དང་འབྲས་བུ་ཉིད་སོགས་ཡིན། །ཚད་མ་ཉིད་དང་གཞལ་བྱ་ཉིད། །རྣམ་པར་གཞག་པ་འགལ་བ་མིན། །དེ་ལྟར་དོན་བྱེད་ཤེས་པ་ལས། །ཚད་མ་ཉིད་དུ་ངེས་པས་ན། །ཐུག་མེད་མ་ཡིན་གཞན་ལ་ནི། །འདོད་པ་ལྡོག་ཕྱིར་ཞེས་བྱར་གནས། །རྣམ་པར་ཤེས་པ་

སྐྱེད་པ་ནའང་། །ཇི་སྲིད་རྒྱུ་ཡི་དག་པ་ཉིད། །ཚད་མ་གཞན་གྱིས་མ་རྟོགས་ན། །དེ་སྲིད་དོན་ནི་ངེས་གཟུང་མིན། །འདིར་ཡང་བློ་བཟངས་སྨྲ་བ་སྟེ། །ཐུག་མེད་མ་ཡིན་གང་གིས་ན། །ལྟོས་མེད་མི་སླུའི་ཤེས་པ་ལས། །དག་པ་དེ་ནི་རྟོགས་པར་འགྱུར། །
འབྲས་བུ་མི་སླུ་བ་མཐོང་བས། །ཡུལ་ནི་ཉེ་བར་གནས་ངེས་ན། །རྒྱུ་རྣམས་ཀྱིས་ནི་དག་པ་ཉིད། །འབད་མི་དགོས་པར་རྟོགས་པར་འགྱུར། །བསྐལ་པ་ཡི་ནི་ཡུལ་ལ་ཡང་། །དེ་ལ་བྱུང་བློ་ཚད་མ་ཡིན། །དེས་སྐྱེད་ཉིད་ཕྱིར་དཔེར་ན་ནི། །ཉེར་གནས་སྤྱོད་ཡུལ་ཅན་དེ་བཞིན། །ཇི་ལྟར་
མདུན་གནས་དུང་ལ་ནི། །དཀར་པོ་བསྒྲུབ་པའི་བྱེད་ཐོབ་ནས། །མིག་སེར་གྱིས་བཏབ་དབང་པོ་ལས། །བྱུང་བའི་རྣམ་ཤེས་མིན་པར་རྟོགས། །དེ་ལ་རྒྱུ་ཡི་དག་པ་ནི། །རྟོགས་པར་འགྱུར་ན་དེའི་དུས་སུ། །གསེར་ལས་བྱས་པའི་དུང་ལ་ནི། །སེར་པོའི་རྣམ་པའི་བློ་འབྱུང་གང་། །
རྣམ་པར་དག་པའི་རྒྱུས་བསྐྱེད་ཕྱིར། །དེ་ནི་ཚད་མ་ཉིད་དུ་ངེས། །དོན་གྱི་བྱེད་པ་རྫོགས་གྱུར་པའི། །དུང་ལ་དཀར་པོའི་བློ་བཞིན་ནོ། །བཀྲེས་སོགས་ཀྱིས་ནི་ཉེན་སོགས་པའི། །ཚིག་གིས་འདིར་ནི་སྨྲས་མིན་ན། །དེས་ན་བཤད་པ་བྱེད་པ་པོ། །རྨོངས་པས་ཐུག་མེད་འདིར་རྩོད་བྱས། །
སྐྱོན་བྱས་རྒྱུ་ཡིས་བསྐྱེད་བྱས་པའི། །དོགས་པས་དང་པོ་ཚད་ཉིད་དུ། །རྟོགས་པར་མི་འགྱུར་དེ་བཞིན་པའི། །ཤེས་པ་ཁྱད་པར་ཅན་དུ་འདོད། །དེ་ལྟར་དོན་བྱེད་ཤེས་པ་ཡིས། །རྒྱུ་ཡི་དག་པ་ངེས་བྱས་ནས། །དོན་བྱེད་མ་བྱས་པའི་ཡུལ་ལ། །འཇུག་པའི་སྐྱོན་མི་བརྗོད་རིགས་ཡིན། །གལ་
ཏེ་རང་ལས་ཚད་མ་ཉིད། །ཀུན་ལ་སྤྱིར་བསྟན་ཅན་དུ་གནས། །གནོད་དང་རྒྱུ་སྐྱོན་བཅས་ཉིད་ཀྱི། །ཤེས་པ་དག་གིས་དེ་བསལ་ཡིན། །གནོད་དང་རྒྱུ་སྐྱོན་བཅས་པ་ཡི། །ཤེས་པ་མེད་ཕྱིར་ཚད་མ་ཉིད། །ཐོབ་འགྱུར་དེ་ནི་གཞན་ལས་ནི། །ཚད་མ་ཉིད་ངེས་དེ་ལྟར་འགྱུར། །འདི་ལྟར་དེ་མེད་
པ་འདི་ནི། །ཁྱེད་ཕྱོགས་དངོས་མེད་ཅེས་བྱ་བའི། །ཚད་མ་གཞན་ཡིན་བདག་གཞུང་ལ། །མི་དམིགས་ཞེས་བྱའི་རྗེས་དཔག་ཡིན། །རིགས་པ་འདི་ཉིད་ཁོ་ན་ཡིན། །ཚད་མིན་པ་ཡང་རང་ལས་ཡིན། །གང་ཕྱིར་དེར་ཡང་འདི་འདྲ་བའི། །རིགས་པ་འདི་ནི་བརྗོད་པར་ནུས། །དེ་ཕྱིར་རང་ལས་

ཚད་མིན་ཉིད། །ཀུན་ལ་སྤྱིར་བསྟན་ཅན་དུ་གནས། །གནོད་དང་རྒྱུ་སྐྱོན་བཅས་ཉིད་ཀྱི། །ཤེས་པ་མེད་ཕྱིར་དེ་བསྩལ་ཡིན། །དེ་ལྟར་རྟོགས་པའི་བདག་ཉིད་ཀྱི། །བློ་ནི་ཚད་མ་ཉིད་ཐོབ་འགྱུར། །ཇི་ལྟར་དོན་ཤེས་རྒྱུ་ལས་བྱུང་། །ཡོན་ཏན་ཤེས་པ་དག་གིས་སེལ། །ཚད་མིན་གཞན་
ལ་རག་ལས་ན། །ཐུག་པ་མེད་པ་ཁོ་ནར་འགྱུར། །དེ་ནི་ཚད་མ་ལ་རག་ལས། །དེ་ཡང་རང་ལས་གནས་པ་མིན། །འདི་ལྟར་གནོད་པ་མེད་པའི་ཕྱིར། །ཚད་མ་ཉིད་དུ་ཁྱེད་ཀྱིས་སྨྲས། །དེ་བཞིན་དངོས་མེད་ལ་ཡང་ནི། །དངོས་མེད་ཅེས་བྱ་ཚད་གཞན་འདོད། །དེ་ཡང་གནོད་པ་མེད་པའི་
ཕྱིར། །ཚད་མ་ཉིད་དུ་འདོད་པ་ཡིན། །དེ་དང་དེ་དེ་ལྟར་འདོད་ན། །དེས་ན་མཐར་ཐུག་རྙེད་མི་འགྱུར། །དེས་ན་གནོད་ཅན་ཤེས་པ་ལ། །ལྟོས་མེད་ཚད་མ་ཉིད་མི་འགྲུབ། །དེ་ཕྱིར་སྔ་མའི་ཤེས་པ་ནི། །འདི་ཡིས་བསལ་བར་མི་འགྱུར་རོ། །འོན་ཏེ་གནོད་མེད་མ་ལྟོས་པར། །གང་ཞིག་
ཚད་མ་ཉིད་འདོད་ན། །དང་པོ་དེ་ལྟར་འགྱུར་བ་ལ། །རྒྱུ་མཚན་གང་གིས་སྡང་བ་ཡིན། །མ་ལྟོས་ཚད་མ་ཉིད་ཡིན་ཕྱིར། །གནོད་པ་ཅན་གྱི་ཤེས་པ་འདི། །གལ་ཏེ་གནོད་ཅན་ཤེས་པ་འདིས། །སྔ་མའི་ཤེས་པ་སེལ་བྱེད་ན། །དེ་ལས་གང་གིས་དོགས་པར་འགྱུར། །ལྟོས་མེད་ཚད་
མ་ཉིད་ཡིན་ཏེ། །འདི་ནི་གནོད་པ་ཅན་དོགས་འགྱུར། །གང་ཕྱིར་དེ་འགལ་ངེས་བྱས་ན། །དོགས་པ་སྐྱེ་བར་མི་འགྱུར་རོ། །རང་ལས་ཚད་མ་ཉིད་ཕྱོགས་ལའང་། །རང་ཉིད་ཀྱིས་ནི་ངེས་པ་སྐྱེ། །གནོད་པ་ཡོད་པར་སྒྲུབ་པ་ཡིས། །འབད་པ་ཅི་ཕྱིར་བྱེད་པ་ཡིན། །འདི་ལྟར་རང་ཉིད་
གང་ལ་ཡང་། །ཚད་མ་ཉིད་དུ་ངེས་པ་མད། །འབད་པ་མེད་པར་ཤུགས་ཀྱིས་ནི། །དེ་ལ་གནོད་པ་མེད་པ་ཡིན། །དེས་ན་རྟོགས་བྱེད་ཤེས་པ་གསུམ། །ཅི་ཕྱིར་འདི་ནི་བརྗོད་པ་ཡིན། །དེ་ལས་དེ་ནི་ངེས་བྱས་པས། །གཅིག་གི་ཡང་ནི་གོ་སྐབས་མེད། །གལ་ཏེ་མ་དམིགས་པ་ལ་
ཡང་། །ཐེ་ཚོམ་གྱིས་ནི་དོགས་སྐྱེ་ན། །གང་ཕྱིར་གནོད་པ་མེད་པ་དང་། །མེད་ན་མི་འབྱུང་མི་དམིགས་ཡིན། །དེ་ལྟར་ཡིན་ན་ཤེས་གསུམ་ལ། །ཅི་ཕྱིར་ཁྱོད་ནི་མགུ་བར་བྱེད། །གནོད་པ་མ་མཐོང་ན་ཡང་ནི། །འདིར་ནི་སྔ་མ་བཞིན་གནོད་དོགས། །ཇི་སྲིད་འབྲས་བུའི་མི་སླུ་མེད། །

དེ་སྲིད་གནོད་པའི་དོགས་པ་ནི། །གང་ཕྱིར་ལྡོག་པར་མི་འགྱུར་ཏེ། །དེ་ཕྱིར་ཤེས་གསུམ་ངེས་དོན་མེད། །དེས་ན་གནོད་མ་སྐྱེས་པས་ཀྱང་། །སླར་ཡང་གནོད་པར་དོགས་པ་ཡིན། །གང་ཕྱིར་དངོས་པོའི་དེ་ཉིད་ནི། །ནམ་ཡང་ཚིག་དོར་གྱིས་གནས་མིན། །ཇི་སྲིད་འཚོ་ཡི་
བར་དུ་ནི། །དུང་ལ་སེར་པོར་སྣང་ཤེས་པ། །གནོད་པའི་ཤེས་པ་དང་བྲལ་ཞིང་། །ཇི་སྲིད་འཚོ་ཡི་བར་དུ་སྐྱེས། །གང་ཕྱིར་ཚད་མར་སྐྱེ་མི་འགྱུར། །རྣམ་པར་དག་པའི་རྒྱུ་མེད་ཕྱིར། །ཡང་ན་རྒྱུ་མཚན་གཞན་གྱིས་ནི། །གནོད་པ་ཅན་དུ་མི་སྐྱེ་སྟེ། །དེས་ན་དོགས་པ་ལྡོག་མི་འགྱུར། །དེས་ན་རྒྱུ་མཚན་དང་
བཅས་པ། །དོགས་པ་འདི་ཡིན་རྨོངས་པས་མིན། །དག་པ་མི་སླུ་མཐོང་བས་ན། །བློ་བཟང་དོགས་པ་མེད་པར་འགྱུར། །དེ་ནི་ཐ་སྙད་ཐམས་ཅད་ལ། །ཐེ་ཚོམ་བདག་ཉིད་སྐྱེ་མི་འགྱུར། །ངག་དང་མི་སླུ་བ་མཐོང་བས། །དེ་བློ་ཐེ་ཚོམ་མེད་པ་ཡིན། །འདིར་ཡང་རྨོངས་པ་འགའ་ཞིག་
གང་། །སླར་ཡང་དོགས་པར་བྱེད་པ་ན། །དེ་ལ་བརྟེན་ནས་ཁྱབ་འཇུག་གིས། །ཐེ་ཚོམ་བདག་ཉིད་ལ་སྨད་བྱས། །ཡུལ་དུས་མི་ཡི་གནས་སྐབས་ཀྱི། །དབྱེ་བ་ལ་ནི་ལྟོས་ནས་སུ། །ཚད་མ་ཉིད་ངེས་རྟོགས་ན་ཡང་། །གསལ་བར་གཞན་ལས་ཚད་ཉིད་ངེས། །འདི་ལྟར་ཡུལ་དང་དུས་
སོགས་ལའང་། །ཚད་མ་གཞན་ལས་གནོད་པ་ནི། །མེད་པར་ངེས་ཕྱིར་སྔ་མ་ཡི། །ཤེས་ལ་ཚད་མ་ཉིད་ནི་ངེས། །བུ་ལོན་ལ་སོགས་ཐ་སྙད་ནི། །ངག་གསུམ་སྦྱོར་ལྡན་གང་དེ་ནི། །དེ་འདྲའི་ཚིག་དོར་བདག་ཉིད་ཅན། །ཚད་མའི་སྐབས་སུ་བརྗོད་བྱ་མིན། །གང་ཕྱིར་བུ་ལོན་དེ་དང་ཆགས། །
དེ་ནི་གསལ་པོར་དྲན་དྲན་ནས། །དངོས་པོ་དེ་ལ་ཤིན་ཏུ་ནི། །དཔྱད་པར་བྱ་བ་འདོད་པ་མིན། །དངོས་པོའི་གནས་པའི་ཚད་མ་ནི། །གཞག་བྱ་ཚིག་དོར་གྱིས་མ་ཡིན། །དེས་ན་སྐབས་དང་མི་མཐུན་པའི། །ཐ་སྙད་འདི་ནི་དཔེར་བྱས་ཡིན། །ལྷ་རྣམས་ཀྱི་ཡང་བདེན་པ་གསུམ། །ངེས་པར་བྱེད་
པའི་རྒྱུ་མ་ཡིན། །དང་པོས་ངེས་པ་མེད་པས་ན། །གཞན་ལས་ཀྱང་ནི་དེ་འགྱུར་མིན། །གང་ཕྱིར་དེ་ཉིད་ཁོ་ན་ཡི། །ཕྱི་མའི་ཚིག་གཉིས་ཀྱང་ཡིན་ཏེ། །དེས་ན་དང་པོས་ངེས་མེད་ན། །དེ་ལས་གཞན་ན་ཁྱད་ཅི་ཡོད། །དེ་ཕྱིར་སྔར་བཤད་རིགས་པ་ཡིས། །ཁྱེད་ཀྱི་ཕྱོགས་ལ་ཐུག་མེད་

འགྱུར། །ཚད་མ་དང་ནི་ཚད་མིན་ཉིད། །དེས་ན་ཇི་ལྟར་རིགས་པར་གནས། །ཁོ་བོ་ཅག་གིས་རྟོགས་པའི་ངག །སྔར་ནི་རྒྱས་པར་གསལ་བར་བྱས། །ཁྱེད་ཀྱིས་འདོད་པས་ཡིད་ཆེས་པའི། །གང་ཟག་མ་ལུས་སྐྱོན་བྲལ་མེད། །སྒྲིབ་པའི་ཕུང་པོ་མ་སྤངས་པ། །ཇི་ལྟར་ཡིད་ཆེས་གང་ཟག་
འགྱུར། །གང་ཕྱིར་དེ་ལ་སྐྱོན་ཡོད་ཕྱིར། །རྣམ་པ་གཞན་དུ་ཚིག་སྲིད་ཡིན། །ཡིད་ཆེས་སྐྱེས་ཀྱང་དེ་ཡི་ནི། །ཡོན་ཏན་ཚོགས་དེ་སུས་རྟོགས་ནུས། །གང་ལ་ཡིད་ཆེས་པས་སྨྲས་པའི། །ངག་ནི་ངེས་པར་བཟུང་བ་ཡིན། །དེ་ཡི་ཡོན་ཏན་ཕུན་ཚོགས་ནི། །གང་གིས་དབང་འདས་
མཐོང་བས་མཐོང་། །དེ་ལ་ཡང་ནི་ཡིད་ཆེས་པས། །སྨྲས་པའི་ཚིག་གིས་དོགས་པ་མེད། །དེ་ནི་གང་ལའང་མི་ལྟོས་པར། །རང་ཉིད་ཀྱིས་ནི་དོན་རྟོགས་འགྱུར། །གཞན་ནི་ཡིད་ཆེས་ཕྱིར་མི་ཤེས། །དེ་ལས་དོན་རྟོགས་མ་ཡིན་ནོ། །རང་ལས་ཚད་མ་ཉིད་སྨྲ་བས། །རང་ཉིད་ཀྱིས་
ནི་ངེས་སྐྱེའི་ཕྱིར། །འཇིགས་པ་སྲིད་པ་མི་རུང་བས། །ཅི་ཕྱིར་སྐྱོན་ནི་སེལ་བར་བྱེད། །ཡོན་ཏན་གྱིས་བསྩལ་སྐྱོན་རྣམས་ཀྱིས། །ངག་སུན་འབྱིན་བྱེད་མ་ཡིན་བདེན། །འོན་ཀྱང་ཡོན་ཏན་མ་ངེས་པར། །དེ་ངེས་བྱེད་ནུས་མ་ཡིན་ནོ། །ངག་ལ་མ་བྱས་པ་ཉིད་ནི། །སྔར་ཉིད་
བཀག་པར་བྱས་ཟིན་ཏེ། །དེས་ན་བྱེད་པོ་མེད་ན་སྐྱོན། །དེ་དག་རྟེན་མེད་མི་འགྱུར་མིན། །ཡོན་ཏན་རྣམས་ཀྱི་ཚད་མ་ཉིད། །ཇི་ལྟར་རིགས་པ་དེ་ལྟར་བཤད། །ཡོན་ཏན་རྣམས་ནི་མ་ཤེས་པར། །སྐྱོན་མེད་པར་ནི་མཚོན་མི་འགྱུར། །སྐྱོན་མེད་པར་མཚོན་དག་དེ་ནི། །རང་ལས་ཚད་
མ་ཉིད་རིགས་མིན། །ཡོངས་སུ་མ་ཤེས་པ་ཡི་ཕྱིར། །སྐྱོན་མེད་ཉེ་བར་མཚོན་མ་ཡིན། །གང་ཕྱིར་དབྱུག་པ་མ་ཤེས་པར། །སྐྱེས་བུ་དབྱུག་པ་ཅན་མཚོན་མིན། །དེས་མཚོན་རང་ལས་ཚད་མ་ནི། །ཞེས་བྱ་དེ་ནི་ཕན་ཚུན་འགལ། །དངོས་མེད་ཚད་མས་སྐྱོན་མེད་ནི། །ཚད་མ་ཉིད་
ངེས་བདག་ཉིད་ཅན། །ངག་གི་མཚན་ཉིད་རིགས་ཡིན་ཏེ། །དེས་ན་གཞན་ལས་ཚད་མར་གནས། །དེ་དག་ཡོད་ན་མིའི་སྐྱོན་གྱི། །ཡུལ་ཅན་ཤེས་སྐྱེ་མི་འགྱུར་མིན། །ཡོན་ཏན་རྣམས་ནི་མ་ཤེས་པར། །སྐྱོན་མེད་ངེས་པར་ཇི་ལྟར་འདོད། །ཞེ་སྡང་གཏི་མུག་བརྩེ་མེད་སྐྱོན། །བརྩེ་དང་

ཤེས་རབ་སོགས་ཀྱིས་གནོད། །བརྩེ་སོགས་ངེས་པར་མ་བྱས་པར། །དེ་དག་མེད་པར་ཇི་ལྟར་འདོད། །ཡོན་ཏན་ཤེས་འགྱུར་ཉིད་ཀྱིས་ནི། །དེ་ཚེ་བྱ་བཅས་འཇུག་མིན་ན། །སྐྱོན་མེད་ལ་ནི་ཡོད་པ་ཙམ། །ཕན་འདོགས་བྱེད་པར་ཤེས་པར་བྱ། །གལ་ཏེ་དེ་ལྟར་ཐེ་
ཚོམ་དང་། །དེ་བཞིན་ཕྱིན་ལོག་བློ་མེད་འགྱུར། །ཡིད་ཆེས་འདོད་པ་ཡོད་པ་ན། །སྐྱོན་རྣམས་ཡོད་དམ་མེད་པར་འགྱུར། །དེས་ན་འདིར་ནི་འགའ་ཞིག་ལ། །ཐེ་ཚོམ་ཕྱིན་ཅི་ལོག་ཡོད་ན། །ཇི་སྲིད་ཡོན་ཏན་ཚོགས་རྟེན་ཤེས། །དེ་ནི་རྟོགས་པར་མ་བྱས་དང་། །འོན་ཏེ་སྐྱོན་མེད་མ་ཤེས་
ན། །ཇི་ལྟར་རང་ལས་ཚད་ཉིད་མེད། །དེ་བཞིན་སྨྲ་པོ་དེ་ལ་ནི། །ལོག་པའི་བློ་ནི་སྐྱེ་མི་འགྱུར། །སྐྱོན་མེད་པར་ནི་མ་ཤེས་ཕྱིར། །ཚད་མ་གཉིས་པོ་མེད་པ་རུ། །ཇི་ལྟར་རྟོགས་པར་འགྱུར་བ་ཡིན། །གང་གིས་ཚད་མ་ཉིད་ངེས་འགྱུར། །འོན་ཏེ་ཚད་མིན་གཉིས་མེད་པར། །མ་རྟོགས་
ན་ཡང་རང་ཉིད་ཀྱིས། །ཚད་མ་ཉིད་ནི་རྟོགས་པས་ན། །སྔར་བཞིན་ལོག་པའི་བློ་མི་འབྱུང་། །དེའི་ཚིག་ཚད་མ་ཡིན་ནམ་ཅི། །ཡང་ན་ཚད་མ་མིན་ཏེ་ཡིན། །ཚད་མ་ཉིད་དུ་ངེས་པའི་ཕྱིར། །ཀུན་ལ་ཚད་མ་ཉིད་དུ་འགྱུར། །སྐྱོན་མེད་དང་ནི་ཚད་མིན་མེད། །ཡོན་ཏན་ཡོད་དང་གསུམ་ལ་ནའང་། །
དེས་ན་ངེས་པར་རྟོགས་པ་ནི། །གདོན་མི་ཟ་བར་ཁས་བླང་དགོས། །དེ་ཡང་ཚད་མ་ཡིན་ནམ་མིན། །དེ་ལྟར་དེ་ཡང་བརྟག་པར་བྱ། །ཇི་བཞིན་དོན་ནི་ངེས་པ་ཡིས། །ཡན་ལག་ཚད་མིན་ཇི་ལྟར་འགྱུར། །ཚད་མ་ཡིན་ན་གཞན་ལས་ནི། །དེ་ཡིས་ཚད་མ་ཉིད་ངེས་ཐོབ། །རྟོག་པ་དེ་ཡི་
ཚད་མ་ཉིད། །ཇི་ལྟར་རྟོགས་པར་འགྱུར་བ་ཡིན། །གནོད་ཤེས་མེད་པའི་ཕྱིར་ཞེ་ན། །དེ་ཡང་ཚད་མ་ཡིན་ནམ་ཅི། །འོན་ཏེ་མིན་ཞེས་སླར་ཡང་འདིར། །སྐྱོན་ནི་ཐམས་ཅད་ཀྱང་འཇུག་འགྱུར། །ཚད་མ་ཡིན་ན་གཞན་ལས་ནི། །དེ་ནི་ཚད་མ་ཉིད་དུ་འགྱུར། །ཇི་བཞིན་དོན་ཤེས་རྒྱུ་
ཉིད་དུ། །ཚད་མ་ཡིན་པ་གང་ལས་འགྱུར། །འདི་ལ་ཡང་ནི་ཚད་མ་ཉིད། །གང་གིས་རྟོགས་ཞེས་དཔྱད་པར་བྱ། །གནོད་ཅན་ཤེས་མེད་ཕྱིར་ཞེ་ན། །དེས་ན་ཐུག་པ་མེད་ཐལ་འགྱུར། །དེ་ཕྱིར་ཡོན་ཏན་གྱིས་སྐྱོན་རྣམས། །མེད་པར་ངེས་ཏེ་མེད་པས་ན། །ཚད་མིན་གཉིས་ནི་མེད་པ་

ཡིས། །དེས་ན་སྤྱིར་བསྟན་མ་བསལ་ཡིན། །ཐམས་ཅད་ལ་ནི་དེ་བཞིན་དུ། །ཚད་མ་ཉིད་དུ་ངེས་ཤེ་ན། །འདིར་ཡང་སྔར་བསྟན་སྐྱོན་ཚོགས་དང་། །ཐུག་པ་མེད་པར་ཐལ་བར་འགྱུར། །སྐྱོན་མེད་ཚད་མིན་མེད་པ་ཉིད། །སྐྱོན་མེད་ཚད་མིན་མེད་ཉིད་ཅེས། །དེ་ནི་དགག་པ་འབའ་ཞིག་
གི། །ངོ་བོ་གལ་ཏེ་རྟོགས་བྱེད་ན། །དེ་ནི་འགྲུབ་པར་མི་འགྱུར་ཏེ། །དངོས་མེད་ཕྱིར་རོ་དམིགས་པ་ཡིས། །དེ་གྲུབ་རིགས་མིན་དངོས་མེད་ཕྱིར། །ཐུག་པ་མེད་པའི་སྐྱོན་ཡོད་པས། །མ་དམིགས་པས་ཀྱང་དེ་རིག་མིན། །སྐྱོན་དང་ཚད་མིན་གཉིས་མེད་པར། །མ་དམིགས་པ་ཡིས་རྟོགས་བྱེད་ན། །
མ་དམིགས་པ་ལ་མེད་པ་ཉིད། །གཞན་གྱིས་རྟོགས་པས་ཐུག་མེད་འགྱུར། །དེ་ཡང་མ་ཡིན་དགག་བདག་ཉིད། །དེ་ཡིས་བདེན་པ་གཞན་མཐོང་ཕྱིར། །སྐྱོན་མེད་ཡོངས་སུ་ཤེས་པ་ནི། །ཡོན་ཏན་ཤེས་པའི་བདག་ཉིད་འགྱུར། །ཚད་མིན་གཉིས་པོ་མེད་པ་ཡི། །ཤེས་པ་དེ་འདྲ་དབེན་པ་
ནི། །བརྗོད་འདོད་ཚད་མའི་ཤེས་པ་ཡི། །རང་བཞིན་དུ་ཡང་ཐལ་བར་འགྱུར། །ཡང་ན་རང་གི་རྒྱུད་ཀྱིས་ནི། །ཚད་མིན་གཉིས་མེད་ཤེས་གྲུབ་ན། །ཁྱེད་ལ་ལྷག་པའི་ཚད་ཉིད་ཀྱིས། །ངེས་པ་གང་ལས་གྱུར་པ་ཡིན། །གཞན་དུ་མི་འཐད་པས་ཤེ་ན། །དོན་གྱིས་གོ་བར་འགྱུར་མིན་
ནམ། །རྗེས་སུ་དཔག་པའམ་གཞན་ལས་ཀྱང་། །དེས་ན་གཞན་ལས་ངེས་པར་འགྱུར། །ཁྱེད་ལ་རིགས་པ་འདི་ཉིད་ཀྱིས། །ཚད་མ་མ་ཡིན་པ་ཡང་ནི། །རང་ལས་ཐལ་བར་འགྱུར་བ་རུ། །གང་ཡང་རུང་བ་བསལ་བརྗོད་ནུས། །དེས་ན་སྐྱོན་ཕྱིས་ཡོན་ཏན་ནི། །མེད་པ་འགྱུར་ཏེ་དེ་མེད་
པས། །ཚད་མ་མ་ཡིན་དངོས་ཉིད་ནི། །དེས་ན་སྤྱིར་བསྟན་བསལ་བ་མིན། །གང་ཕྱིར་སྤྱིར་བསྟན་ངོ་བོ་འདི། །བརྗོད་པར་འདོད་པ་ཙམ་གྱིས་སྦྲུལ། །ཚད་མ་བཞིན་དུ་ཚད་མིན་ལའང་། །གསལ་བར་བརྗོད་པར་ནུས་པ་ཡིན། །གང་ཕྱིར་རྟོག་པའི་བདག་ཉིད་ཀྱིས། །བློ་ནི་ཚད་མ་ཉིད་
ཐོབ་འགྱུར། །ཇི་ལྟར་དོན་ཤེས་རྒྱུ་ལས་བྱུང་། །ཡོན་ཏན་ཤེས་པ་དག་གིས་བསལ། །མི་ཤེས་ཉིད་ཕྱིར་ཡོན་ཏན་གྱིས། །ཚད་མིན་ཉིད་ནི་བསྩལ་བ་མིན། །མ་བསྩལ་བར་ནི་གྲུབ་མིན་ཏེ། །དེ་ནི་རང་ལས་གནས་པ་ཡིན། །ཉེས་པ་ཡོད་དམ་མེད་པར་ནི། །སྐྱེས་བུའི་ངག་ལ་

ཐེ་ཚོམ་ཟ། །བྱེད་པོ་གྲུབ་ཕྱིར་རིག་བྱེད་ལའང་། །བདག་ལ་སྐྱོན་གྱི་དོགས་མེད་མིན། །དེས་ན་མ་ལྟོས་ཉིད་ཀྱི་ཕྱིར། །རིག་བྱེད་ཚད་མར་གང་བརྗོད་པ། །དེ་གྲུབ་མིན་ཏེ་གང་གིས་ནི། །དེ་ཡང་བྱེད་པ་མ་ལྟོས་ཡིན། །གལ་ཏེ་ཐེ་ཚོམ་སྐྱེ་བའི་ཕྱིར། །མི་སླུ་བ་ཡི་ཤེས་
པའམ། །རྒྱུ་ཡི་དག་པ་མ་ངེས་ན། །དེ་ཚེ་རིག་བྱེད་ཚད་མ་མིན། །གཞན་ལས་ཡང་ནི་ཚད་ཉིད་ལ། །དེ་ལྟར་གྱུར་པ་འབྲེལ་པ་ཉིད། །གང་ཕྱིར་རྒྱུ་རུ་བརྟགས་པ་དེས། །དེ་རྒྱུ་མཚོན་དུ་ངེས་པ་སྐྱེ། །དེ་ཡི་ཚད་ཉིད་ཡོད་པ་ནི། །དེ་ཡིས་ངེས་པར་བྱས་པ་ཡིན། །སྔ་ན་མེད་པའི་ཚད་
མ་ཉིད། །དེ་ལ་འདི་ཡིས་བསྐྱེད་བྱས་མིན། །ལན་ཅིག་སྐྱེས་ནས་འཇིག་པ་ཡི། །དོན་ནི་ཚད་མ་ཉིད་དུ་འགྱུར། །ངེས་མ་བྱས་ཀྱང་དེ་ཡོད་ཉིད། །སྔར་བཤད་རིམ་པས་ངེས་པར་འགྱུར། །གལ་ཏེ་རྒྱུ་ཡི་དག་པ་ཉིད། །ཤེས་ན་དེ་ལ་ངེས་པར་འགྱུར། །ཡང་ན་བཙོ་སྲེག་ལ་
སོགས་པའི། །མཚན་ཉིད་དོན་བྱེད་ཐོབ་པ་ཡིས། །གལ་ཏེ་འབྲས་འབྱུང་ལ་མ་ལྟོས། །གོམས་བཅས་འཇུག་པ་ཡོད་ན་ངེས། །ཐབས་ཐམས་ཅད་དང་བྲལ་བ་ན། །ཚད་མ་ཉིད་ནི་ངེས་འགྱུར་མིན། །དེས་ན་ཚད་མ་ཉིད་དེ་ནི། །ཡོད་ཀྱང་ངེས་པར་མ་བྱས་ན། །མེད་པ་
དང་ནི་འདྲ་བ་ཡིན། །ཡོད་ཅེས་བྱ་བར་བརྗོད་མི་བྱ། །རྣ་བའི་བློ་ལའང་གསལ་བ་རུ། །མིག་སོགས་བློ་དང་འབྲེལ་པ་ཡོད། །གང་ཕྱིར་ཚོགས་གཅིག་རག་ལས་ནས། །གཟུགས་དང་སྒྲ་སོགས་ཞུགས་པར་འགྱུར། །ཕན་ཚུན་ཐ་མི་དད་རྒྱུན་གྱིས། །གཅིག་ལ་གཅིག་ནི་
རྒྱུ་རུ་འགྱུར། །དེ་ལྟ་ཡིན་ན་དེ་དག་ལས། །དེས་ན་འབྲེལ་པ་གསལ་བར་ཡོད། །དེ་ཡི་སྒོ་ནས་དེ་བློ་ཡང་། །དུ་བས་བུད་ཤིང་འགྱུར་བ་བཞིན། །དེའི་ཕྱིར་བློ་ནི་ཚད་མར་འགྱུར། །དེ་ལས་གཞན་བློ་དང་འབྲེལ་ཕྱིར། །འདི་ནི་བསྒྲུབ་གཞན་ལས་སྐྱེས་པའི། །བློ་ནི་ངེས་པར་བྱས་པ་
ཡིན། །དེས་ན་རྒྱུ་གཞན་གྱིས་བྱས་པའི། །ཤེས་པའི་མི་སླུ་འདོད་པ་ཡིན། །དེ་ལྟར་དབང་པོ་དུ་མ་ལ། །རག་ལས་ཤེས་པ་དང་འབྲེལ་པ། །མངོན་སུམ་གྱི་རྒྱུར་བརྟགས་པ་ཡིན། །རིག་བྱེད་ལ་དེ་མི་སྣང་ངོ་། །འདི་ལྟར་ཆུ་ལ་དང་པོའི་ཤེས། །མིག་ལས་བྱུང་བ་སྐྱེ་བར་

འགྱུར། །འཐུང་དང་རེག་སོགས་སྣང་བ་ཅན། །ལྕེ་དང་ལུང་རྟེན་ཤེས་པ་བཞིན། །ངག་ནི་གཅིག་པུ་ཁོ་ན་ཡིས། །ཡུལ་དང་དུས་དང་མིག་སོགས་ལ། །དོན་གྱི་མི་སླུ་རྙེད་མིན་ཏེ། །ཀུན་ལ་ཐེ་ཚོམ་འབྱུང་བའི་ཕྱིར། །ངེས་པའི་ཡན་ལག་དང་བྲལ་བ། །སྒྲ་རྣམས་དགོད་པ་ཙམ་
དུ་ནི། །མེའི་སྦྱིན་སྲེག་གིས་མཐོ་རིས་འགྱུར། །དེ་ལྟར་མཚུངས་པར་ཐོས་པ་ཡིན། །བྲམ་ཟེ་རྣམས་ལ་མཐོ་རིས་སོགས། །འདོད་པ་ཐ་དད་དུ་ནི་སྣང་། །དེ་ཕྱིར་འདིར་ནི་མི་རྣམས་ལ། །དོན་གྱི་མི་སླུ་འཐོབ་པ་ཡིན། །བསྐུལ་བ་ལས་བྱུང་ཤེས་པ་ལ། །བརྟན་པ་ཉིད་ནི་སྔར་བསལ་
ཟིན། །དེ་འཛིན་གཞན་དང་མཚུངས་པའི་ཕྱིར། །དེ་ནི་དངོས་ལ་ཐེ་ཚོམ་ཟ། །ཐམས་ཅད་མ་མཐོང་བྲམ་ཟེ་ཡིས། །བསྐུལ་བ་ལས་ནི་འབྱུང་བའི་བློ། །ཀུན་ལ་མི་སླུ་ཅན་ཡིན་པར། །དེ་ནི་གང་ལས་ངེས་པར་བྱས། །མངོན་སུམ་ཚད་མ་ཉིད་དུ་ཡང་། །རྗེས་སུ་དཔག་པས་ངེས་པར་
བཤད། །དག་པའི་རྒྱུ་ཡིས་བསྐྱེད་པའི་ཕྱིར། །དེ་ནི་ཚད་ཡིན་དེ་གཞན་མིན། །ཐམས་ཅད་ལ་ནི་དེ་ཉིད་འདི། །ཚད་མ་གཞན་གྱིས་བསྒྲུབ་བྱ་མིན། །དེ་ཕྱིར་དོན་བྱེད་ཤེས་པ་ལ། །འཁྲུལ་པ་མེད་པར་སྒྲུབ་ཟིན་ཏོ། །བདག་ཉིད་འབྲས་བརྟགས་མིང་ཅན་ནི། །མ་འཁྲུལ་པར་ནི་ངེས་པ་ཡི། །
རྗེས་སུ་དཔག་པ་སྐྱེས་པས་ཀྱང་། །འཁྲུལ་པ་ཅུང་ཟད་ཡོད་པ་མིན། །ལ་ལར་སྣ་ཚོགས་འཁྲུལ་པ་ཡི། །རྒྱུ་མཚན་སྟོབས་ཀྱིས་འབྱུང་བ་ཅན། །འཁྲུལ་པ་གཞན་གྱིས་སྤོང་འགྱུར་ཏེ། །གང་ཕྱིར་དེ་ལ་ངེས་པ་མེད། །མི་གསལ་གསལ་བ་ཉིད་ཡིན་པས། །གསལ་བ་དོན་གྲུབ་མི་འགྱུར་
ཏེ། །གཞན་གྱི་མངོན་སུམ་བཞིན་དེས་ན། །ཤེས་པ་རིག་པར་འདོད་པར་གྱིས། །རང་ཉིད་བེམས་པོའི་དངོས་ཡིན་ཕྱིར། །མིག་སོགས་དབང་པོ་རྣམས་ཀྱིས་ནི། །ཡུལ་རྣམས་འཛིན་པ་མ་ཡིན་ཏེ། །དེ་དག་ཤེས་པའི་རྒྱུ་ཉིད་ཡིན། །དེས་ན་ཚད་མ་ཉིད་འདི་ལ། །རིག་པར་བྱེད་པར་ཉེར་
མཁོ་ཡིན། །གང་ཕྱིར་རིག་པར་མ་བྱས་འདིས། །ཡུལ་གྱི་རྣམ་པ་ཉམས་མྱོང་མིན། །རང་རིག་པས་ནི་གཟུང་བྱས་ཀྱང་། །འདི་ནི་འདི་ལྟར་འགྱུར་བ་ཡིན། །འ