Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 191

Văn bản gốc(Tây Tạng)

Trang 6 / 25 (50.000 ký tự/trang)
་པ་དེར་ནི་རྗེས་སུ་བྱེད། །བར་མཚམས་མ་ཁྱབ་པ་ཉིད་ཀྱིས། །རྣམ་གཅོད་ཀྱང་ནི་ངེས་པར་འགྱུར། །དེ་དག་ཉུང་ལ་ཡུལ་གཅིག་པས། །སྒྲ་ཡང་མ་ཁྱབ་པ་རུ་ངེས། །འགྲོ་དང་ཤུགས་ཉིད་བཅས་པ་ཡིས། །དེ་དག་གང་དང་གང་ལས་འབྱུང་། །ཉན་པོ་དེ་དང་དེ་ལས་
ནི། །སྒྲ་ནི་འབྱུང་བ་བཞིན་དུ་སེམས། །གཟུགས་བརྙན་རེ་རེ་ཐ་དད་པ། །སོ་སོའི་སྣོད་དུ་ཅིག་ཅར་དུ། །སྣང་བ་རྒྱུ་མཚན་གང་གིས་ནི། །འཛིན་པར་འགྱུར་ཞེས་བརྗོད་པ་ན། །འདིར་སྨྲས་གང་ཚེ་རེ་ཞིག་ནི། །ཆུ་ལ་ཡིད་འོང་གཡོ་བ་ཡི། །མིག་གི་སྣང་བ་གང་བྱུང་བ། །དེ་ནི་ལྡོག་

པར་གྱུར་པ་ན། །ཉི་མ་རྣམ་པ་དུ་མ་ནི། །ཅི་སྟེ་སྣོད་དུ་ཐ་དད་གཟུགས། །རང་གནས་ལ་གནས་འཛིན་གྱུར་ན། །དེ་ཚེ་དུ་མ་ག་ལས་བྱུང་། །སོར་མོས་ཅུང་ཟད་མནན་མིག་གིས། །ཇི་ལྟར་གཅིག་ནི་དུ་མ་རུ། །སྣང་འགྱུར་མི་འཇུག་ཐ་དད་པ། །ཁོ་བོས་སྒྲ་
ཡང་དེ་བཞིན་ནོ། །གཞན་དག་འདི་ལ་རྒོལ་བ་ན། །གཟུགས་བརྙན་འཆར་བར་འདོད་པ་ཅན། །གལ་ཏེ་དེ་ཉིད་རྟོགས་གྱུར་ན། །ཅི་ཕྱིར་སྟེང་དུ་སྣང་མི་འགྱུར། །ཁྲོན་པ་ལ་སོགས་གཏིང་དུ་ནི། །གཟུགས་བརྙན་མེད་ན་ཇི་ལྟར་སྣང་། །ཤར་བལྟས་མེ་ལོང་ལ་བལྟས་ན། །ནུབ་
ཏུ་བལྟས་པར་ཇི་ལྟར་འགྱུར། །ཆུ་ལ་ཉི་མ་སྣང་བ་ནི། །མིག་གཅིག་སྟེང་དང་འོག་གི་ནི། །ཕྱོགས་གཉིས་སུ་ནི་རྟགས་འཇུག་འགྱུར། །རྟེན་ནི་ཡོན་པོར་གནས་ཉིད་ཕྱིར། །དེ་ལ་སྟེང་ཕྱོགས་གསལ་བ་ཡི། །བདག་གིས་ཉི་མ་མཐོང་བར་འགྱུར། །བརྒྱུད་ནས་བཀོད་པར་གྱུར་
པས་ན། །འོག་ན་གནས་པ་མཐོང་བར་འགྱུར། །དེ་ནི་གཅིག་ཉིད་ཕྱིར་སྟེང་ན། །གནས་པ་འོག་ཏུ་སྣང་བར་འགྱུར། །དེས་ན་འོག་ནི་ཁོ་ན་རུ། །བར་མཚམས་བཅད་པར་ཉི་མ་སྣང་། །དེ་བཞིན་ཤར་དུ་སོང་འཇུག་པས། །ནུབ་ཕྱོགས་སོང་འཇུག་ལ་བཀོད་པ། །གདོད་མཐོང་
བ་ན་འཁྲུལ་པ་ཡིས། །ནུབ་ཕྱོགས་ལྟ་བར་རྟོགས་པ་ཡིན། །དུ་མའི་ཡུལ་རྣམས་ལ་གནས་པ། །གཟུགས་བརྙན་ཡོད་པ་ཡིན་ན་ཡང་། །མཚུངས་པའི་བློས་ནི་རྟོགས་ཉིད་ཕྱིར། །དུ་མ་ཉིད་དུ་ཡོད་པ་མིན། །ཡུལ་གྱི་དབྱེ་བས་ཐ་དད་ཉིད། །དེ་ནི་རྗེས་སུ་དཔག་ལས་བྱུང་། །
དེ་འདི་ཡིན་ཞེས་ཤེས་པ་ནི། །མངོན་སུམ་ཡིན་དེས་གནོད་པར་འགྱུར། །ཇི་ལྟར་རིམ་གྱིས་སྐྱེས་བུ་ནི། །ཐ་དད་ཡུལ་དུ་འགྲོ་བ་ཡང་། །ལྷ་སྦྱིན་ཐ་དད་མི་འགྱུར་ཏེ། །དེ་ལྟར་སྒྲ་ཡང་ཐ་དད་མིན། །གཅིག་པུ་ཉིད་དུ་རྟོགས་འགྱུར་བས། །ཇི་ལྟར་ཡང་ཡང་མཐོང་འགྱུར་བ། །དེ་ནི་
དུས་དབྱེས་ཕྱེ་མི་འགྱུར། །དེ་བཞིན་སྒྲ་ཡང་ཡུལ་གྱིས་མིན། །གལ་ཏེ་རིམ་གྱིས་འགལ་མེད་ན། །ཁྱབ་པ་ཉིད་དུའང་ལྟ་བར་གྱིས། །མཐོང་བ་གྲུབ་ཕྱིར་ཆོས་གང་ཡིན། །རྣམ་པ་ཀུན་གྱིས་དེ་ཁས་ལོང་། །ཇི་ལྟར་ས་ཁུང་ཡང་བསྐོས་པས། །ཤིན་ཏུ་མ་བྱས་པ་ཡིན་ཡང་། །

ནམ་མཁའི་ལ་ནི་ཆེ་བློ་ཉིད། །དོག་པ་ལ་ནི་བློ་ཆུང་འགྱུར། །དེས་འདིར་གཞན་གྱི་ཁྱད་པར་གྱིས། །སྒྲ་འཇུག་དེ་ལྟར་བློ་འཁྲུལ་ཡིན། །སྒྲ་ལ་གནས་པའི་རགས་ཉིད་དང་། །ཕྲ་བ་ཉིད་ནི་མཚོན་འགྱུར་མིན། །བློ་ཡི་གསལ་དང་མི་གསལ་ཉིད། །ཆེ་ཆུང་ཉིད་དུ་བརྟགས་པ་ཡིན། །
བུམ་སོགས་ལ་ཡང་བརྟག་པར་ནི། །འོད་ཆེན་པོས་ནི་གསལ་བྱས་ནས། །དེ་ཡང་གསལ་པོ་ཁོ་ནར་འགྱུར། །འོད་ཆུང་གསལ་བྱས་མིན་གསལ་འགྱུར། །དེ་བཞིན་རིང་སོགས་ཐམས་ཅད་ནི། །སྒྲ་ལ་ཆོས་རྣམས་གནས་ཡིན་ཞེས། །དོན་དང་འབྲེལ་པར་མ་མཐོང་ན། །སྒྲ་ནི་
རྗོད་པར་བྱེད་འགྱུར་མིན། །དེ་ལྟ་ཡིན་ན་སྔར་མེད་པའི། །ཀུན་གྱིས་རང་དོན་རྟོགས་པར་འགྱུར། །མི་རྟག་ཡིན་ན་འདི་ལ་ནི། །འབྲེལ་པ་མཐོང་བར་འཐད་པ་མིན། །གལ་ཏེ་འབྲེལ་ཤེས་གྲུབ་པ་ན། །ངེས་པར་དུས་གཞན་ལ་གནས་མིན། །གཞན་ལ་འབྲེལ་པར་རྟོགས་པ་ན། །
གཞན་ལ་རྗོད་པར་བྱེད་འགྱུར་མིན། །བ་ལང་སྒྲ་ལ་འབྲེལ་ཤེས་ན། །རྟ་ཡི་སྒྲ་ནི་རྗོད་བྱེད་མིན། །འོན་ཏེ་གཞན་ཡང་རང་བཞིན་གྱིས། །ཅུང་ཟད་ཁོ་ན་རྟོགས་བྱེད་ན། །དེ་ལ་རྒྱུ་མཚན་མེད་པས་ན། །དེ་གང་ཡིན་ཞེས་ངེས་མི་འགྱུར། །གང་ཕྱིར་ཉན་པ་པོ་རྣམས་ལ། །དེ་ལྟ་བུ་ཡི་
ཐ་སྙད་ཀྱི། །ཤེས་པ་ཞེས་བྱར་འཐད་པར་འགྱུར། །དེ་ལྟར་བརྗོད་པ་པོ་རིགས་མིན། །མི་ཤེས་པ་ཡིས་ཐོག་མར་ནི། །སྒྲ་ནི་གང་ཞིག་བརྗོད་པར་འདོད། །གལ་ཏེ་ཤེས་པར་གྱུར་ན་ཀོ། །ངེས་པར་དེ་སྔར་ཤེས་པ་མིན། །མངོན་སུམ་ཡན་ལག་ཉིད་ཀྱི་ཕྱིར། །འོད་ནི་སྔར་
ཡང་གསལ་བར་བྱེད། །འདྲ་བ་ཉིད་ནི་མ་རྟོགས་ཕྱིར། །དེ་ཡི་སྒོ་ནས་རྗོད་བྱེད་མིན། །གང་གཅིག་དང་ནི་འདྲ་བ་ཡིས། །གཞན་ནི་རྗོད་པར་བྱེད་པར་བརྟགས། །འབྲེལ་པ་ཉིད་དུ་མ་མཐོང་ན། །གང་ཚེ་ཐམས་ཅད་མཚུངས་ཉིད་ཡིན། །གལ་ཏེ་སྔར་མཐོང་དོན་ལྡན་ན། །དེ་ནི་དེ་
ཙམ་ག་ལས་ཁོམ། །ལན་འགར་དམིགས་པར་མ་གྲུབ་ན། །དོན་དང་ལྡན་པར་རྟོགས་མི་འགྱུར། །སྒྲ་གཞན་རྟོགས་པར་མ་བྱས་ལ། །དུས་དེར་དེ་ནི་དོན་མེད་མིན། །སྒྲ་གཞན་ཐོས་ལ་དེ་ཉིད་ནི། །དོན་དང་ལྡན་འགྱུར་ངོ་མཚར་ཆེ། །རེ་ཞིག་སྒྲ་ནི་མ་བརྗོད་ན། །འབྲེལ་པ་བྱར་

ནི་མི་འདོད་དོ། །བརྗོད་མ་ཐག་ཏུ་འཇིག་པ་ལ། །འབྲེལ་པ་ཡིས་ནི་དགོས་པ་མེད། །དེས་ན་འབྲེལ་མེད་འཇིག་ཉིད་ཀྱིས། །སྔ་མ་རེ་ཞིག་དོན་མེད་ཡིན། །ཕྱི་མ་འབྲེལ་པར་མ་བྱས་པར། །དོན་དང་ལྡན་པར་ཇི་ལྟར་ཤེས། །སྒྲ་བརྗོད་དང་ནི་འབྲེལ་བྱེད་དང་། །
འཇིག་རྟེན་ཐ་སྙད་བྱ་བ་རྣམས། །རིམ་པའི་རང་བཞིན་ཉིད་ཡིན་པས། །སུ་ཞིག་ལ་ལ་ཅིག་ཅར་བྱེད། །ཡུལ་དུས་སོགས་ཐ་དད་སྐྱེས་བུས། །སྒྲ་གཞན་སྔར་ནི་མ་ཐོས་པས། །སྒྲ་གཅིག་ལ་ཡང་བཅོས་མ་ཡིན། །འབྲེལ་པ་གྲུབ་པ་མ་ཡིན་ནོ། །འདི་ལ་འབྲེལ་པ་བརྗོད་ན་ཡང་། །
སུན་དབྱུང་དེ་ཉིད་ཁོ་ནར་འཇུག །ཞིག་དང་མེད་དང་ད་ལྟར་ལ། །བརྗོད་པ་སྲིད་པ་མ་ཡིན་ན། །སྨྲ་པོས་དོན་ལྡན་སྒྲ་གང་ཞིག །ཉན་པ་པོ་ལས་རྗོད་པར་བྱེད། །དེ་ནི་བརྗོད་པར་ནུས་པ་མིན། །བརྗོད་པ་དེ་ནི་དོན་ལྡན་མིན། །འདྲ་བ་ཉིད་ནི་རྗོད་བྱེད་ན། །ཉན་པ་པོ་ལ་དེ་རུ་ནི། །དོན་
ལྡན་འདྲ་བའི་སྒྲ་འཐད་མིན། །དོན་དང་ལྡན་པར་འཛིན་མེད་ཕྱིར། །རང་ཉིད་ཀྱིས་དེ་དོན་ལྡན་མིན། །སྨྲ་པོ་ཉན་པའི་དུས་སུ་ཡང་། །དེ་ཉིད་དུ་ནི་ཐལ་བར་འགྱུར། །དེ་ཕྱིར་སྒྲ་དོན་མི་འབྲེལ་བ། །རྟག་པ་ཉིད་དུ་ཁས་ལེན་གྱིས། །བརྡ་ལས་བྱུང་བར་རིགས་མིན་ཏེ། །རྣམ་པ་ཀུན་གྱིས་དེ་
མེད་ཕྱིར། །བརྗོད་བྱ་རྗོད་བྱེད་ཕན་ཚུན་དུ། །བདག་ཉིད་ཀྱིས་ནི་ནུས་ཡོད་མིན། །གལ་ཏེ་མིག་གིས་བརྡ་བཞིན་དུ། །བརྡ་ཡིས་སྐྱེས་བུ་རྟོགས་འགྱུར་ན། །མི་རེ་རེ་ལ་བརྡ་རེ་འམ། །ཡང་ན་བཟླས་ནས་བརྗོད་པ་ཡིན། །འགྲོ་བ་ཡི་ནི་ཐོག་མ་རུ། །འགའ་ཡིས་ཅིག་ཅར་བྱས་ཡིན་
གྲང་། །རེ་རེ་འབྲེལ་པ་ཐ་དད་དམ། །ཡང་ན་གཅིག་པུ་ཁོ་ནར་འགྱུར། །གཅིག་ཉིད་ཡིན་ན་བྱས་མི་འགྱུར། །ཐ་དད་ཡིན་ན་བློ་ཐ་དད། །སྨྲ་ཉན་བློ་ནི་ཐ་དད་ཕྱིར། །ཐ་སྙད་འགྲུབ་པར་མི་འགྱུར་རོ། །སྨྲ་པོའི་བློ་ལ་འབྲེལ་པ་གཞན། །དེ་བཞིན་གཞན་ནི་ཉན་པ་ལ། །ཉན་པ་པོ་
ལ་འབྲེལ་བྱེད་ན། །རྗོད་པ་པོ་ཡིས་གང་རྟོགས་འགྱུར། །དེ་ཡིས་སྔར་ནི་མཐོང་བ་གང་། །དེ་ནི་ཉན་པ་ལ་མིད་མིན། །གསར་དུ་གང་ཞིག་བྱེད་པ་ན། །དེ་ཡང་སྟོན་བྱེད་མཐོང་བ་མིན། །བུམ་སོགས་ལ་མཚུངས་ཉིད་ཅེ་ན། །དེ་མིན་ཕྱིར་ནི་རབ་གྲུབ་ཕྱིར། །གལ་ཏེ་ནུས་པ་རྟོགས་

པས་ནི། །གསལ་བར་བྱེད་པར་མི་ནུས་སོ། །གང་ཞིག་བྱེད་པ་དེ་ལ་ཡང་། །ནུས་པ་འབྲས་བུ་ལ་ཡོད་ཡིན། །དེ་ལྟ་བུ་ཡང་རྣམ་པ་ཡིས། །ཆུ་མཆུ་ལ་སོགས་ནུས་གྲུབ་ཡིན། །དེ་ལ་ཐོག་མ་ཉིད་ཡོད་མིན། །ཁྱེད་ལ་འབྲེལ་པ་ཐོག་མར་བཅས། །གལ་ཏེ་དེ་ལ་ཡང་སྤྱི་ནི། །
རྟག་པར་ཁས་ལེན་བྱེད་པ་ན། །དེ་ལྟ་ན་ཡང་བདག་འདོད་གྲུབ། །རྣམ་པ་གཉིས་ནི་མི་སྲིད་དོ། །ནུས་པ་ཉིད་ནི་འབྲེལ་པ་སྟེ། །དེ་ལ་དབྱེ་བ་སྣང་མི་འགྱུར། །དེ་ཡང་འབྲས་བུས་རྗེས་དཔག་ཡིན། །དེ་ཡི་དབྱེ་བ་རྗེས་བྱེད་འགྱུར། །གཞན་དུ་མི་འཐད་པ་ཡིས་ནི། །ནུས་པ་ཡོད་པར་བརྟགས་
པ་ཡིན། །གཅིག་གིས་དོན་ནི་གྲུབ་པ་ན། །མང་པོར་བརྟགས་པ་འདོད་པ་མིན། །འབྲེལ་པ་བརྗོད་པའི་དུས་སུ་ཡང་། །བ་ལང་སྒྲ་སོགས་བརྗོད་པ་ན། །འགའ་ཞིག་འབྲེལ་པའི་བློ་ཡིས་ནི། །དོན་རྟོགས་དེ་བཞིན་གཞན་གྱིས་མིན། །དེ་ལ་འབྲེལ་པ་མེད་པས་ན། །ཀུན་གྱིས་དོན་ནི་
ངེས་མི་འགྱུར། །གལ་ཏེ་ཡོད་ན་ཀུན་གྱིས་རྟོགས། །དེ་མིན་འགའ་སོགས་མ་བཟུང་ཕྱིར། །ཤེས་བྱེད་ཉིད་ཀྱིས་འབྲེལ་པ་ན། །རང་བདག་ཉིད་ཅེས་རྟོགས་པ་ཡིན། །དེས་ན་འདི་ནི་ཡོད་ན་ཡང་། །མ་བཟུང་བར་ནི་གསལ་བྱེད་མིན། །ལ་ལར་དོན་ནི་ཡོད་ན་ཡང་། །མ་བཟུང་བ་ནི་
མཐོང་བ་ཡིན། །ཤིན་ཏུ་མེད་པ་ཡང་ཡོད་ཉིད་དུ། །འགའ་ཞིག་ལ་ཡང་མི་འཐད་དོ། །དངོས་པོ་གཅིག་ལ་ཡོད་མེད་དག །འགལ་བ་གཉིས་ནི་མི་འགྱུར་རོ། །ཤེས་དང་མི་ཤེས་ཉིད་དག་ལའང་། །འགལ་ཉིད་མཚུངས་པ་མ་ཡིན་ནམ། །ཤེས་པ་སྐྱེས་བུའི་རྟེན་ཡིན་པས། །དེ་དབྱེས་
དེ་དབྱེ་འགལ་བ་མིན། །སྐྱེས་བུ་གཞན་ལ་གནས་པ་ནི། །ཤེས་པ་དེ་ཡིས་གནོད་འགྱུར་མིན། །ལོང་དང་མ་ལོང་ཉེར་གནས་པའི། །དཀར་པོ་ལོང་བས་མི་མཐོང་སྟེ། །ཅིག་ཤོས་ཀྱིས་ནི་མཐོང་བར་འགྱུར། །དེ་དག་ལ་དེ་ཡོད་མེད་མིན། །མི་ཡི་ནུས་དང་མི་ནུས་པའི། །དབྱེ་བས་
དེར་ནི་འགལ་བར་འགྱུར། །འབྲེལ་པ་མ་རྟོགས་ལས་རྒྱུ་གཞན། །འདིར་ཤེས་པ་ལ་ཡོད་པ་མིན། །དེ་བཞིན་དབང་པོ་དང་མཚུངས་པ། །ཐ་སྙད་ལ་ནི་དམིགས་པ་ནི། །གང་དག་ལ་ཡོད་དེ་དག་དེས། །དོན་རྟོགས་གཞན་མིན་ལོང་བ་བཞིན། །མི་ཤེས་པ་ནི་ཐམས་ཅད་ལ། །སྔ་མ་

སྔ་མའི་གྲགས་པ་ཡིས། །འབྲེལ་པ་གྲུབ་ཅེས་དེ་བཞིན་དུ། །འབྲེལ་པ་ཐོག་མ་མེད་པ་ཡིན། །ཟློས་ནས་བརྗོད་པར་འཇུག་པ་ནི། །མི་རིགས་ཐ་སྙད་ཡོད་ཕྱིར་རོ། །འབྱིན་པའི་དང་པོར་བྱར་མེད་དེ། །དེ་འདྲའི་དུས་ནི་འདོད་པ་མིན། །འགྲོ་བ་ཐམས་ཅད་རེས་
འགལ་ཡང་། །མི་འདྲ་བར་ནི་འདོད་པ་མིན། །རབ་ཏུ་ཐིམ་པ་ཆེན་པོ་ཞེས། །དོན་དམ་པར་ནི་རྟོགས་འགྱུར་མིན། །མཚན་མོ་རབ་ཐིམ་ཞེས་བྱ་ཡིན། །ལས་ཀུན་ཐིམ་པ་ཉིད་ཀྱི་ཕྱིར། །ཉིན་མོ་འབྱིན་པ་ཞེས་བྱ་སྟེ། །ལས་རྣམས་ཀུན་ནི་འཇུག་པ་ཡིན། །ཡང་ན་ཡུལ་
ཞིག་རིགས་རྒྱུད་ནི། །ཆད་པའི་ངོ་བོར་རབ་ཐིམ་ཡིན། །ཐམས་ཅད་ཆད་པའི་བདག་ཉིད་ཀྱི། །ཐིམ་པའི་ཚད་མ་བདག་མེད་དེ། །དྲན་པ་མ་ཉམས་པ་འགའ་ཞིག །འབྱིན་དང་བསྡུ་བའི་བྱེད་པོ་ནི། །དབང་ཕྱུག་ལ་སོགས་བརྟན་རིགས་མིན། །ཡང་ན་འབྲེལ་པ་རྟོགས་པར་བྱེད། །
གོ་རིམས་མི་རྟག་པ་ཉིད་ཀྱིས། །རྗོད་བྱེད་མི་རྟག་འགྱུར་མིན་ནམ། །ཚིག་ནི་རྗོད་བྱེད་འདོད་པ་སྟེ། །རིམ་པ་ལ་ནི་རག་ལས་བློ། །ཀུན་འགྲོ་ཉིད་ཕྱིར་ཁྱེད་ལ་ནི། །རང་ཉིད་ཀྱིས་ཡིན་རིམ་ལྡན་མིན། །མི་རྟག་སྒྲ་ཙམ་གྱིས་འབྲས་ཕྱིར། །དེས་ན་རིམ་པ་འཇིག་པ་ཡིན། །དེ་ཡི་
བརྗོད་འདོད་དབང་གིས་ནི། །སྐྱེས་བུ་ལ་དེ་རག་ལས་འགྱུར། །དེས་ན་ཡི་གེ་རྟག་པ་ཉིད། །ཁྱེད་ལ་འབྲས་བུ་མེད་པར་འགྱུར། །རིམ་པ་མེད་པའི་ཡི་གེ་ནི། །སྟོན་པར་བྱེད་པར་ཤེས་འགྱུར་མིན། །ཁྱེད་ལ་རིམ་པ་ཚིག་ཉིད་དེ། །དེ་ཕྱིར་དེ་ལྟར་ཐལ་བར་འགྱུར། །གང་དག་
རིམ་པ་དང་བྲལ་ཚིག །ཡི་གེ་དང་བྲལ་ཚིག་ཡིན་ཏེ། །དེ་དག་ལ་ནི་སྒྲ་རྟག་ཉིད། །རྟོགས་པ་དེ་ནི་དོན་དང་ལྡན། །རེ་ཞིག་གོ་རིམས་ཉིད་ཚིག་ཏུ། །བདག་ཅག་ལ་ནི་ཐལ་འགྱུར་མིན། །གང་གིས་དངོས་པོ་གཞན་རྟེན་པ། །དེ་ནི་གསལ་བྱེད་མཐོང་འགྱུར་མིན། །དེ་དག་ལ་ནི་
ཆོས་ཙམ་འདི། །དངོས་པོ་གཞན་དུ་མི་འདོད་དོ། །དེས་ནི་འདི་ལྟར་རྟོགས་པ་ན། །ཡི་གེ་རྣམས་ནི་གོ་བྱེད་འགྱུར། །རིམ་པ་འབྲས་བུ་ཉིད་མིན་ཏེ། །སྔར་གྲུབ་ཡོངས་སུ་འཛིན་པའི་ཕྱིར། །སྨྲ་པོ་འགའ་ཞིག་རང་དབང་གིས། །རིམ་པ་ཤེས་པར་འགྱུར་མིན་ཏེ། །ཇི་ལྟར་གཞན་

དག་གིས་བརྗོད་པ། །དེ་ལྟར་འདིར་ནི་བརྗོད་པར་འདོད། །གཞན་ཡང་དེ་ལྟར་ངེས་ན་ཡང་། །འབྲེལ་པ་བཞིན་འདི་ཐོག་མ་མེད། །དེས་ན་བརྩེར་གནས་བརྟེན་མིན་ཡང་། །ཐ་སྙད་དུ་ནི་དེ་རྟེན་ཡིན། །སྐྱེས་བུ་རྣམས་ཀྱི་རང་དབང་ཉིད། །ཁོ་བོས་འབད་པས་བཀག་པ་ཡིན། །འོ་ན་
ཡི་གེ་རྣམས་ཀྱིས་ནི། །བརྩེར་གནས་བརྟན་མིན་དེ་ལྟར་གྲུབ། །ཡི་གེ་རྟག་པ་ཡོད་མིན་ན། །ཐ་སྙད་ལས་ནི་རིམ་པར་བྱུང་། །རྡུལ་ཕྲན་རྟག་པར་ཡོད་ན་ནི། །ཇི་ལྟར་བུམ་སོགས་གསལ་བཀོད་ཡིན། །དེ་མེད་རྩ་བ་མེད་པ་ཡི། །བཀོད་པའི་ངེས་པར་བཟུང་བ་ཡིན། །
གཞན་གྱིས་བརྗོད་པས་དགག་གིས་བརྗོད། །བརྗོད་འདོད་དེ་འདྲ་ངེས་པར་འགྱུར། །དེ་ལྟ་ན་ཡང་བརྟན་ཉིད་འགྱུར། །ཆད་མ་གཞན་གྱི་ཁྱེད་ལ་མེད། །ཇི་ལྟར་རིགས་ཀྱི་བུམ་སོགས་ཀྱི། །ཐ་སྙད་ཉེ་བར་མཚོན་པ་ཡིན། །དེ་བཞིན་གོ་རིམས་ལ་སོགས་པའི། །ཐ་སྙད་རིགས་ཀྱི་སྒོ་
ནས་གྲུབ། །རེ་ཞིག་རྐན་ལ་སོགས་པའི་རིགས། །སྐྱེས་བུ་ཐམས་ཅད་ལ་གནས་འགྱུར། །སྨྲ་པོ་དེ་དག་རྣམས་ཀྱིས་ནི། །སྒྲ་ཙམ་མཚོན་ནས་སྐུལ་བར་བྱེད། །ཇི་སྲིད་ཡིག་ཡོད་སྒྲ་ཙམ་གྱིས། །རིགས་ཐ་དད་པ་སྒྲ་ལ་ནི། །མངོན་པར་གསལ་བའི་རྒྱུར་འཇུག་པའམ། །ཡང་
ན་གསལ་བ་དེ་ལྡན་ཡིན། །དེ་ལ་རྐན་སོགས་ལྡན་པ་དང་། །རྣམ་དབྱེའི་རིམ་པ་སྔོན་འགྲོ་ཅན། །སྒྲ་ཙམ་རྣམས་ལ་གོ་རིམས་འགྱུར། །རིགས་ཀྱི་གཉིས་ཀའི་རྟགས་ཉིད་ཀྱང་། །ཇི་ལྟར་བསྐོར་བ་སོགས་རྣམས་ཀྱིས། །དབྱེ་རིགས་སོགས་ཀྱིས་མཚོན་བྱས་པ། །རིམ་པའི་
རྗེས་དྲན་འགྱུར་དེ་ལྟར། །རྐན་སོགས་སྒྲ་ཙམ་ཡིག་རྟེན་ཡིན། །ཕྲ་བ་ཉིད་ཕྱིར་གསལ་རྣམས་ལ། །རིགས་ཀྱིས་ཆོས་ནི་ངེས་བཟུང་ཡིན། །དེ་ཡི་དབང་གིས་ཡིག་རྣམས་ལ། །ཁྱབ་ཉིད་ཡིན་ཡང་རིམ་པས་འཛིན། །དེ་ལྟར་སྒྲ་ཙམ་གྱིས་ཡོན་ཏན། །ཐམས་ཅད་རྟག་ཉིད་དུ་
གནས་པ། །ཡི་གེའི་རྗེས་སུ་བྱེད་པས་ན། །དོན་གྱིས་དབྱེ་བ་རྟོགས་པར་འགྱུར། །ཡི་གེ་རྣམས་ཀྱི་གོ་རིམས་དང་། །ཐུང་དང་རིང་དང་ཆེས་རིང་དང་། །སྒྲ་ཙམ་ཁྱད་པར་ཅན་དུས་ཀྱི། །རྣམ་དབྱེར་དེ་དག་ཤེས་པར་འགྱུར། །དུས་ནི་ཅི་ཡིན་ཁྱབ་ཅིང་རྟག །རབ་ཏུ་དབྱེ་བའང་

རྟོགས་པར་འགྱུར། །དངོས་པོ་ཀུན་ལ་ཡི་གེ་བཞིན། །ལ་ལས་འགའ་ཞིག་གིས་གསལ་བྱས། །ཡི་གེ་རྣམས་ལ་གསལ་འགྱུར་ན། །དེ་ནི་དོན་རྟོགས་ཡན་ལག་འགྱུར། །གཞན་དུ་ཡང་ནི་ཡོད་པའི་ཕྱིར། །དེ་ཡི་རང་བཞིན་རྟག་ཉིད་ཡིན། །དེ་
ཕྱིར་འགའ་ཞིག་འཇིག་དེ་འདྲ། །ཚིག་གི་ཆོས་ནི་ཡོད་པ་མིན། །དེས་ན་ཡི་གེ་རྟག་སྨྲ་ལ། །ཚིག་རྟག་ཉིད་དུ་གྲུབ་པ་ཡིན། །གཞན་གྱི་ཆོས་ཀྱང་ཡན་ལག་ཉིད། །རྟ་ཡི་ཤུགས་སོགས་བཞིན་དུ་བརྗོད། །སྒྲ་ཀུན་རྟག་པ་ཉིད་ལ་ནི། །དོན་གྱིས་གོ་བ་ཚད་མ་ཡིན། །སྒྲ་ནི་མི་རྟག་
ཉིད་སྒྲུབ་ན། །རང་གི་ཚིག་ལ་སོགས་དང་འགལ། །བསྒྲུབ་པར་བྱ་བའི་དོན་རྟོགས་ཕྱིར། །དམ་བཅའ་ཐམས་ཅད་བརྗོད་པ་ཡིན། །མི་རྟག་ན་དེ་རང་གི་དོན། །སྨྲ་ནུས་མིན་ཞེས་དཔྱད་ཟིན་ཏོ། །དེས་ན་དོན་རྟོགས་པས་གྲུབ་ཕྱིར། །རྟག་ཉིད་ཅེས་བྱས་གནོད་པར་འགྱུར། །དོན་
གྱིས་རྗོད་བྱེད་ནུས་པར་ནི། །ཁས་བླངས་བྱས་ནས་བསྒྲུབ་པ་ན། །སྔར་ནི་ཁས་བླངས་བྱས་པས་ཀྱང་། །གཞན་གྱིས་འཇིག་ཉིད་ལ་གནོད་འགྱུར། །བསྟན་བཅོས་སོ་སོ་ལ་བརྟེན་པའི། །དོན་རྟོགས་མེད་པ་རྣམས་ཀྱིས་ནི། །འཇིག་པ་ཉིད་དུ་སྨྲ་ཀུན་ལ། །ལུང་གིས་ཀྱང་ནི་
གནོད་པར་འགྱུར། །སྔར་བཤད་པ་ཡི་ཕྱོགས་ཀྱིས་ནི། །འཇིག་རྟེན་ཀུན་ལ་གྲགས་པས་བརྗོད། །སྔར་བཤད་གཏན་ཚིགས་ཁོ་ན་ཡིས། །རྗེས་དཔག་དང་ཡང་འགལ་བར་འགྱུར། །རྣ་བ་ལས་སྐྱེས་ངོ་ཤེས་པས། །སྒྲ་ནི་རྟག་པར་ངེས་བྱས་ཕྱིར། །མངོན་སུམ་གྱིས་ཀྱང་འགལ་
བ་ཉིད། །སྔ་མ་ཁོ་ནར་བསྟན་ཟིན་ཏོ། །འཇིག་པ་ཉིད་དུ་བསྒྲུབ་པ་ཡིས། །སྒྲ་དེ་གང་ཡིན་ཞེས་བརྗོད་དགོས། །ཡོན་ཏན་གསུམ་མམ་དེ་གང་ཟག །ངོ་བོའམ་ཡང་ན་མཁའི་ཡོན་ཏན། །འོན་ཏེ་ཡིག་གཞན་སྒྲ་བདག་ཉིད། །ཡང་ན་བརྗོད་མིན་རླུང་ངོ་བོ། །ཚིག་ངག་བདག་ཉིད་
གསལ་བའམ། །ཡང་ན་འདྲ་ཉིད་གཞན་སེལ་ཡིན། །དེ་རྣམས་མི་རྟག་ཉིད་ཡོད་མོད། །ཁོ་བོའི་དེ་རྟག་ཉིད་མི་འདོད། །མ་གྲུབ་ཁྱད་པར་ཉིད་དང་ནི། །གཞི་མ་གྲུབ་པའི་གཏན་ཚིགས་འགྱུར། །འོན་ཏེ་བདག་འདོད་ཕྱོགས་ཁྱོད་འདོད། །རང་ཉིད་ཀྱིས་ནི་དེ་གཉིས་འགྱུར། །འོན་

ཏེ་སྒྲ་ཙམ་མི་རྟག་བརྗོད། །དེ་ཡིན་སྒྲ་ཡིན་ཁྱེད་ཅག་ལ། །མི་རྟག་ཡིན་པས་ཀུན་གྱིས་ནི། །དེ་ཡང་རྟག་པར་འདོད་དང་འགལ། །གལ་ཏེ་ཤིན་ཏུ་འཇིག་ཉིད་དུ། །མི་རྟག་ཉིད་དུ་བརྗོད་པ་ནི། །དེ་ཡིས་ཁྱད་པར་མ་གྲུབ་པའི། །ཕྱོགས་འགྱུར་ཁོ་བོ་ལ་ནི་ཡིན། །གལ་ཏེ་ཅི་
ཞིག་ལྟར་འདོད་པས། །རྟག་པ་ཉིད་ནི་བརྗོད་པ་ན། །མངོན་པར་མི་གསལ་གནས་སྐབས་ལས། །དེ་ནི་མངོན་གསལ་བདག་ཉིད་འདོད། །དབང་པོ་འབའ་ཞིག་གིས་བཟུང་ཉིད། །གཏན་ཚིགས་སུ་ནི་འདིར་རྟོག་ན། །བསྒྲུབ་པར་བྱས་པའི་རིགས་ཀྱིས་ནི། །ད་ལྟར་འཁྲུལ་པར་
རྟོགས་པར་འགྱུར། །ཕྱོགས་ཀྱི་ཆོས་ཉིད་མ་གྲུབ་ན། །ཇི་ལྟར་ཕྱིར་རྒོལ་བ་ལ་ནི། །གཏན་ཚིགས་བརྗོད་པར་མི་འཐད་དེ། །དེ་བཞིན་རྗེས་འགྲོ་ལྡོག་པ་ཡང་། །གལ་ཏེ་དེར་བསྒྲུབ་སྨྲ་བ་ལ། །རིགས་གྲུབ་མ་གྱུར་དེ་ལྟ་ནའང་། །ཇི་སྲིད་དེ་ནི་བརྩལ་མ་བྱས། །དེ་སྲིད་གཏན་
ཚིགས་ཉིད་འགྱུར་མིན། །དབང་པོ་ལས་བྱུང་ཉིད་སོགས་ལའང་། །དངོས་པོ་ཇི་ལྟར་ཡིན་དཔྱད་བྱ། །བསལ་ལས་གཞན་པའམ་གཞན་ཉིད་མིན། །ཐ་དད་ཐ་མི་དད་གསལ་དཔྱད། དེ་ལ་ཐུན་མོང་མིང་མ་གྲུབ། །མཐུན་ཕྱོགས་བསྒྲུབ་པར་བྱ་དང་བྲལ། །སྨྲ་བ་པོ་ལ་ལྟོས་ནས་ནི། །
རྣམ་པར་བརྟགས་པའི་རྗེས་འབྲངས་བརྗོད། །བརྩལ་མ་ཐག་བྱུང་ཤེས་པ་ནི། །བྱས་དང་མི་རྟག་སྒྲུབ་པ་གང་། །སྐད་ཅིག་མ་ནི་ལྡོག་པ་ཡིས། །སོ་སོར་བརྟགས་དང་མ་བརྟགས་པའི། །འགོག་དང་ནམ་མཁའ་དང་གསུམ་པོས། །དེ་ནི་མ་ངེས་པ་ཉིད་ཡིན། །བློ་ནི་སྔོན་སོང་འཇིག་པ་
ལ། །སོ་སོར་བརྟགས་པའི་འགོག་པའི་བློ། །བློ་ནི་སྔོན་དུ་མ་སོང་བའི། །འགོག་པ་སོ་སོར་མ་བརྟགས་ཡིན། །འཇིག་ཉིད་ཕྱིར་ན་དེ་དག་གཉིས། །མ་བྱས་པར་ཡང་མཐོང་བ་ཡིན། །རང་བཞིན་གྱིས་གྲུབ་འཇིགས་པ་ཡིས། །རྒྱུ་མེད་ཅེས་ནི་དེ་དག་སྨྲ། །མེ་དང་འབྲེལ་པས་
ཤིང་ལས་ནི། །སོལ་བའི་རྒྱུན་ནི་འབྱུང་བར་འགྱུར། །རང་བཞིན་ལས་འབྱུང་འཇིག་པ་ནི། །སྐྱེས་མ་ཐག་པ་ཙམ་དུ་གནས། །ཕྲ་ཞིང་འདྲ་བའི་རྒྱུན་འཇུག་ཕྱིར། །ཉེ་བར་མཚོན་པར་མི་འགྱུར་རོ། །གང་ཚེ་མི་མཐུན་པ་ཡི་རྒྱུས། །འདྲ་བའི་རྒྱུན་ལ་བསྣུན་པ་ན། །མི་མཐུན་པ་ཡི་

འབྲས་བུ་ཡིས། །དེ་ཚེ་རགས་པར་མངོན་གསལ་འགྱུར། །དེས་ན་རྒྱུ་ལས་མི་མཐུན་རྒྱུན། །གང་ཕྱིར་སྐྱེ་བར་འགྱུར་བ་ཡིན། །དེ་ཉིད་ཀྱིས་ནི་མ་བྱས་ནའང་། །འཇིག་པ་ངེས་པར་གསལ་བར་འགྱུར། །དེ་ནི་ཐོ་བས་བསྣུན་སོགས་པའི། །བརྩལ་མ་ཐག་ཏུ་
འབྱུང་བ་ཡིན། །གང་ཕྱིར་མ་བྱས་པར་ནི་སྣང་། །དེས་ན་གཏན་ཚིགས་འཁྲུལ་པ་ཡིན། །ནམ་མཁའ་ཡང་ནི་རྟག་ཡིན་ན། །གང་ཚེ་ས་དང་ཆུས་གང་བ། །ས་བརྐོས་ཆུ་ནི་འཆུ་སོགས་ཀྱིས། །དེ་བསལ་ནས་ནི་གསལ་བར་འགྱུར། །དེ་ཚེ་བརྩལ་མ་ཐག་བྱུང་ཞེས། །དེ་ལ་
ཡང་ནི་སྣང་བར་འགྱུར། །དེ་ཕྱིར་དེར་ཤེས་གང་བརྗོད་པ། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །འདིར་མཐུན་ཕྱོགས་ཀྱང་བརྟགས་བྱ་སྟེ། །ཐོས་པའི་དོན་ནི་བསྒྲུབ་བྱ་མེད། །གསལ་བའི་མཚན་ཉིད་ཕྱོགས་ཡིན་ཡང་། །རིགས་དང་གཞན་ཉིད་གཞན་མིན་དཔྱད། །གཞན་
ཡིན་ཆོས་ཅན་བདག་མ་གྲུབ། །དེ་ཉིད་ཆོས་ཅན་གཞན་མ་གྲུབ། །ཁྱད་པར་མེད་ན་མི་རྟག་དང་། །རྟག་དངོས་དེ་དག་ལ་མི་འགྲུབ། །འདི་ལ་རིགས་ཞེས་ཁ་ཅིག་བརྟག །ཅིག་ཤོས་འཇག་པ་རུ་ནི་འདོད། འདྲེས་པའི་ངོ་བོ་གཅིག་ཡིན་ཞེས། །དངོས་པོ་སྔར་ནི་བསྟན་ཟིན་ཏོ། །
དེ་ལྟར་མི་རྟག་ལ་དཔྱད་བྱ། །འཇིགས་པ་བདག་ཅག་བསྒྲུབ་བྱས་སྟོང་། །གཞན་ཡིན་ཁྱེད་ཅག་བསྒྲུབ་བྱས་སྟོང་། །དེ་ནི་སུན་དབྱུང་ཚིག་གི་ཕྱོགས། །གལ་ཏེ་ཚིག་དང་དོན་འབྲེལ་ན། །རྟག་པ་ཉིད་དུ་བསྒྲུབ་བྱས་ཀྱང་། །ངག་གི་དོན་ལ་རིག་བྱེད་ནི། །ཚད་མ་ཉིད་དུ་གྲུབ་མི་
འགྱུར། །སྐྱེས་བུ་རྣམས་ལ་བརྡ་ཡིས་ནི། །ཡོན་ཏན་འཕེལ་ལ་སོགས་པ་བཞིན། །རྒྱུ་མེད་ཀྱང་ནི་མཆོད་སྦྱིན་པས། །མེད་པའི་དོན་ནི་ཡོངས་བརྟགས་ཡིན། །གཞན་ཡང་ཚོགས་པ་ཅན་ཕྱིར་ཏེ། །སྐྱེས་བུ་ལས་བྱུང་གཏམ་བཞིན་ནོ། །འདིར་ནི་ཡིད་ཆེས་སྐྱེས་བུ་མེད། །དེས་
ན་རིག་བྱེད་ཚད་མ་མིན། །འབྲེལ་པ་བྱར་མི་འདོད་པ་ཡིས། །རིགས་ལས་ངག་ཀྱང་རྟག་པར་བརྗོད། །གང་གིས་མཐོང་དོན་ཐ་སྙད་ཕྱིར། །བརྡ་ལས་བྱུང་བའི་ཤེས་པ་ནི། །འཕེལ་སོགས་ལས་ནི་སྲིད་པ་ཡིན། །རིག་བྱེད་ལ་ནི་མི་འཐད་དོ། །མཐོ་རིས་མཆོད་སྦྱིན་སོགས་འབྲེལ་

བ། །དབང་པོ་ལས་འདས་སུ་ཡིས་མཐོང་། །དེ་ཡང་དོན་བྱེད་མ་ཡིན་ཏེ། །དེ་ཡི་དོན་ཤེས་འབྱུང་བའི་ཕྱིར། །ཚོགས་པ་ཅན་གྱི་སྒྲུབ་པ་ལ། །འདི་འདྲའི་མི་མཐུན་བསྒྲུབ་བརྗོད་བྱ། །རིག་བྱེད་འདོན་པ་ཐམས་ཅད་ནི། །བླ་མའི་འདོན་པ་སྔོན་སོང་ཡིན། །རིག་བྱེད་འདོན་པ་བརྗོད་
ཉིད་ཕྱིར། །དེ་ལྟར་འདོན་པ་ཇི་བཞིན་ནོ། །བྷ་ར་ཏ་ཡང་དེ་ལྟར་འགྱུར། །བྱེད་པོར་དྲན་པས་གནོད་པར་འགྱུར། །རིག་བྱེད་པོ་ནི་དྲན་མེད་དེ། །གང་དེ་དོན་གཞན་བརྗོད་རྒྱུ་མཚན། །འདས་དང་མ་འོངས་དུས་དག་ནི། །རིག་བྱེད་བྱེད་པོ་དང་བྲལ་བ། །དུས་ཉིད་ཕྱིར་ན་འདི་ལྟར་དེ། །དེ་ལྟར་
སྣང་བའི་དུས་བཞིན་ནོ། །རིག་བྱེད་ལ་ནི་ཚངས་ལ་སོགས། །བྱེད་པོ་མིན་པར་རྟོགས་པར་གྱིས། །སྐྱེས་བུ་ཉིད་སོགས་གཏན་ཚིགས་ཀྱིས། །དཔེར་ན་ཐ་མལ་མི་བཞིན་ནོ། །དེས་ན་རིག་བྱེད་ཀྱི་ནི་ཚིག །བརྫུན་མིན་པར་ནི་ཤེས་པར་གྱིས། །རང་དོན་སྨྲ་པོ་མ་ལྟོས་ཕྱིར། །ཚིག་
དོན་ལ་ནི་ཚིག་བློ་བཞིན། །དེ་བྱས་ཤེས་པ་ཡང་དག་ཡིན། །རྟག་པའི་ངག་ལས་བྱུང་ཉིད་ཕྱིར། །དེ་ཡང་ངག་གིས་བློ་བཞིན་རྟག །རྟག་པ་ཉིད་དུ་གྱུར་པས་སོ། །བསྐུལ་བ་ལས་ནི་བྱུང་བའི་བློ། །ཚད་མ་ཡིན་ཏེ་སྐྱོན་བྲལ་བའི། །རྒྱུ་རྣམས་ཀྱིས་ནི་བསྐྱེད་བྱས་ཕྱིར། །རྟག་ཡིད་ཆེས་
སོགས་དབང་བློ་བཞིན། །དེ་བཞིན་ཡིད་མི་ཆེས་སྨྲས་པའི། །ངག་གིས་སྐྱེས་ཕྱིར་ཡུལ་དུས་སོགས། །དབྱེ་སོགས་ལ་ནི་གནོད་མེད་ཕྱིར། །ཡིད་ཆེས་ངག་བྱུང་ཤེས་པ་བཞིན། །རིག་བྱེད་ཚད་མར་གནས་པས་ན། །སློབ་དཔོན་སློབ་མའི་བརྒྱུད་པ་ཡི། །ཐོག་མ་མེད་ནས་བརྟགས་པ་ཡང་། །
སྐྱོན་མེད་ཉིད་དུ་འགྱུར་བ་ཡིན། །དེས་ན་འཇིག་རྟེན་ཀུན་མིག་གཅིག །རིག་བྱེད་འདྲ་བ་སྣང་བ་ལ། །གཞན་དག་འུག་པ་བཞིན་དུ་ནི། །མ་མཐོང་ཆོས་མིན་ལས་སྐྱེས་ལོ། །གཉིས་སྐྱེས་ལས་ནི་དེ་ཀུན་ནི། །ལོག་པ་ང་རྒྱལ་གྱིས་སྤྲོས་ཡིན། །འདིར་ནི་སྲིན་བུའི་ཡིག་འདྲར་ཡང་། །
དེ་དག་ལེགས་བཤད་ཅུང་ཟད་མེད། །བྱེད་པོ་མེད་པ་ཡིན་ན་ཡང་། །དེ་ནི་བདེན་དོན་འགྲོ་བ་ཡིན། །དེ་རྒྱུ་ཡོན་ཏན་བྲལ་བའི་ཕྱིར། །སྐྱོན་མེད་པ་ཡིས་བརྫུན་དོན་བཞིན། །སྐྱེས་བུ་ཡིས་ནི་བྱས་པ་ལ། །ཡོན་ཏན་ཡོད་ཅེས་དོགས་པར་འགྱུར། །རིག་བྱེད་བྱེད་པོ་མེད་པའི་

ཕྱིར། །བདག་ལ་ཡོན་ཏན་ཡོད་དོགས་མེད། །དེས་ན་བདེན་དང་ལོག་དོན་ཉིད། །རྒྱུ་རྣམས་མི་ལ་རྟེན་པའི་ཕྱིར། །ཤེས་རབ་སྙིང་བརྩེ་མེད་ལ་སོགས། །མེད་ཕྱིར་དེ་གཉིས་ཡོད་པ་མིན། །དེས་ན་དོན་མེད་འཐོབ་འགྱུར་ཏེ། །ཁུར་བ་དྲུག་སོགས་ངག་བཞིན་
ནོ། །གལ་ཏེ་བྱ་བ་བྱེད་དང་ལྡན། །དོན་རྣམས་རྟོགས་པར་འགྱུར་ཞེ་ན། །དེ་ནི་རང་བཞིན་གྱིས་དོན་དང་། །ལྡན་པ་མིན་ཡང་ཁྱེད་ལ་ནི། །རྟོགས་པ་དེར་འགྱུར་སྐྱེས་བུ་ཡི། །བཤད་པས་ལྷ་མིའི་བཤད་སོགས་བཞིན། །སྐྱོན་མེད་ན་ཡང་བདེན་པའི་དོན། །གྲུབ་མིན་གཞན་ཡང་
ཡོད་པའི་ཕྱིར། །གང་ཕྱིར་དོན་མེད་ཅེས་བྱ་བ། །ཕུང་པོ་གཞན་ཡང་ཡོད་པ་མིན། །འོན་ཏེ་རིག་བྱེད་རང་ཉིད་ཀྱིས། །མི་རྣམས་ལ་ལྟོས་མེད་པ་ཅན། །བདེན་དོན་རྣམ་ཤེས་སྐྱེད་ནུས་ཡིན། །དེས་ན་འདི་ཡི་བདེན་དོན་འདོད། །དེ་ལྟར་ན་ནི་བར་མེད་པར། །ཤེས་པ་དེ་ནི་བརྟག་
འབྱུང་འགྱུར། །རྒྱུ་ནི་རྟག་ཏུ་གནས་ཉིད་ཕྱིར། །དཔེར་ན་མངོན་འདོད་སྐད་ཅིག་ལ། །ཡང་ན་རྣམ་ཤེས་གཅིག་པུ་ལ། །དེ་སྐྱེས་མ་ལུས་འབྱུང་བར་འགྱུར། །རྒྱུ་ནི་ནུས་པ་ཅན་ཡོད་ཕྱིར། །རིག་བྱེད་འདི་ནི་མི་རྟག་འགྱུར། །ནུས་པ་སླར་ཡང་བློ་འབྱུང་འགྱུར། །འོན་ཏེ་ལྷན་ཅིག་
བྱེད་པ་ནི། །བཤད་སོགས་ལ་ནི་ལྟོས་པ་ན། །དེ་དག་ལ་ནི་རིམ་ཡོད་པས། །རྣམ་ཤེས་དེ་ཡང་རིམ་ལྡན་འདོད། །དེ་ལྟ་མིན་ཞེས་ནུས་དེ་ལ། །ལྟོས་པ་ཅི་འདྲ་བ་འབྱུང་འགྱུར། །གལ་ཏེ་དེ་ལྡན་དེ་ནུས་ན། །ཁྱེད་ལ་རྟག་སྟེ་འདི་གང་གིས། །གལ་ཏེ་སྔར་ནི་ནུས་མེད་པའང་། །
དེས་དག་གིས་ནི་ནུས་ལྡན་བྱས། །ཁྱེད་ལ་སྐྱེས་བུས་བྱས་ཐལ་འགྱུར། །ཤེས་པའི་ཡན་ལག་སྐྱེས་རྟེན་ཕྱིར། །ཇི་སྲིད་སྐྱེས་བུ་རྣམས་ཀྱིས་ཏེ། །མར་མེ་འགྱུར་བས་གསལ་བྱས་མིན། །དེ་སྲིད་རིག་བྱེད་དུ་གནས་པས། །ཁྱེད་ལ་ཤེས་པ་སྐྱེད་བྱེད་མིན། །གང་ཕྱིར་ཤེས་པ་དེ་
ཡི་རྒྱུ། །སྐྱེས་བུའི་ཤེས་པ་ལས་འབྱུང་འགྱུར། །དེས་ན་སྐྱེས་བུས་མ་བྱས་ཉིད། །ཡང་དག་དོན་ཤེས་རྒྱུན་མི་རྟག །སྐྱེས་བུས་མ་བྱས་པ་ཉིད་དེ། །རིག་བྱེད་ལ་ཡོད་ཀྱང་དོན་མེད། །འདི་ཡི་འདོད་པའི་འབྲས་བུ་གང་། །དེ་ཤེས་སྐྱེས་བུ་ལ་བརྟེན་འབྱུང་། །གལ་ཏེ་རྟག་ཏུ་

ནུས་ན་འདིར། །ཅི་སྟེ་གཞན་ལ་ལྟོས་པ་ཡིན། །དེས་ན་ཁྱེད་ལ་ནུས་རྒྱུ་གཅིག །ཡོད་ཀྱང་ཤེས་པ་ཉིད་འབྱུང་འགྱུར། །འདིར་ནི་རང་དགར་སྐྱེས་བུ་རྣམས། །རིག་བྱེད་ཇི་གར་འཆད་བྱེད་ན། །དེ་དག་རྣམས་ནི་དགག་པ་རུ། །སུ་ཞིག་གིས་ནི་ནུས་པ་ཡིན། །དེས་ན་གཏི་
མུག་ང་རྒྱལ་སོགས། །སྐྱོན་གྱིས་འདི་དག་བསླད་པ་ཡིན། །ཐོས་པ་ཕྱིན་ཅི་ལོག་བཤད་པ། །བྱེད་ཅེས་དགོས་པར་འགྱུར་བ་ཡིན། །དེ་དག་དབང་པོ་ལས་འདས་པ། །མཐོང་བའི་མི་གཅིག་ཀྱང་འདོད་མིན། །བསྐུལ་བ་མ་ལྟོས་མཐོ་རིས་དང་། །མཆོད་སྦྱིན་སོགས་འབྲེལ་
ཤེས་ཉིད་མེད། །གང་ཕྱིར་དབང་པོ་ལས་འདས་དོན། །ཁྱེད་ཀྱིས་དངོས་སུ་མཐོང་འདོད་མིན། །རྟག་པའི་ཚིག་གིས་གང་མཐོང་བ། །དེ་ནི་མཐོང་བར་འགྱུར་བ་ཡིན། །གང་གིས་རིག་བྱེད་མི་ལ་ནི། །མ་ལྟོས་རང་ཉིད་དོན་བརྗོད་མིན། །ལོང་བ་འཁར་བ་ཐོགས་པ་ལྟར། །སྐྱེས་
བུའི་བཤད་པ་ལ་ལྟོས་ཡིན། །དེ་ནི་དེ་ཡིས་དྲངས་གྱུར་ན། །ལམ་ལོག་པར་ནི་ལྟུང་བར་འགྱུར། །དེས་ན་རིག་བྱེད་སྣང་བཞིན་དུ། །མིག་གཅིག་འགྱུར་བ་འཐད་པ་མིན། །རང་དགར་ཤེས་པ་སྐྱེད་ན་ཡང་། །ཚད་མ་ཉིད་དུ་གསལ་བ་རུ། །འདི་ཉིད་ལ་ནི་མི་སྲིད་དེ། །སྐྱེས་བུ་ལ་
ནི་ལྟོས་ཕྱིར་རོ། །ཇི་བཞིན་དོན་རྟོགས་རྒྱུ་ཉིད་དེ། །ཚད་མ་ཉིད་དུ་བརྟགས་པ་ཡིན། །སྐྱེས་བུའི་བཤད་པ་ལ་ལྟོས་པས། །འདི་ལ་ཚད་མས་བརྟགས་ལེགས་མིན། །རིག་བྱེད་ཚད་མར་མི་གནས་པས། །སློབ་དཔོན་སློབ་མའི་བརྒྱུད་པ་འདི། །ཐོག་མ་མེད་པར་བརྟག་བྱ་བའང་། །སྐྱོན་
མེད་ཉིད་དུ་རིགས་པ་མིན། །གང་ཕྱིར་དེ་ན་གཅིག་ཀྱང་ནི། །དབང་པོ་ལས་འདས་མཐོང་འདོད་མིན། །དེ་ཕྱིར་ཐོག་མ་མེད་པ་ཡི། །དམུས་ལོང་བརྒྱུད་པ་བསྟན་པ་ཡིན། །ལོང་བས་ལོང་བ་ཁྲིད་པ་ན། །ཡང་དག་ལམ་ནི་ངེས་རྟོགས་མིན། །དེ་ལྟ་མིན་པས་འདི་ལ་ནི། །ཐོག་མེད་
བརྟགས་པ་འབྲས་མེད་ཡིན། །ཡིད་དང་རྒྱས་པ་ལ་སོགས་ཀྱང་། །གཞན་ལས་རིག་བྱེད་དེ་ཉིད་ཤེས། །དེ་དག་གིས་དོན་འདི་བཀོད་མིན། །ཞེས་པ་འདི་ལ་ཚད་མའང་མེད། །བདེན་དོན་རྟག་པའི་འབྲེལ་ཅན་གྱིས། །ཚད་མ་ཉིད་ནི་ཡིན་ཡང་བླ། །དབང་པོ་ལས་འདས་སྦྱོར་བ་དེ། །

འདིར་ནི་འགའ་ཡིས་ངེས་པ་མིན། །གང་ཕྱིར་དོན་དེ་དབང་འདས་པ། །དེར་གནས་སྦྱོར་དེའང་དབང་པོ་འདས། །ཁྱེད་ལ་མི་ཀུན་དེ་དག་གིས། །རང་གིས་དབང་པོ་འདས་མི་མཐོང་། །ཐོས་པ་དེ་ཡི་བདག་གི་ནི། །དོན་འབྲེལ་འདི་ཡིན་ཞེས་བརྗོད་མིན། །སྐྱེས་བུས་བརྟགས་པས་དོན་འབྲེལ་ཉིད། །
སྐྱེས་བུས་བྱས་པས་ཐ་དད་མིན། །དེ་ཕྱིར་ཇི་ལྟར་མིས་བྱས་པ། །ཕྱིན་ཅི་ལོག་པ་ཉིད་དུ་དོགས། །མི་རྣམས་ཀྱིས་ནི་ཉེར་བཏགས་ལའང་། །དེ་བཞིན་དགོས་དེར་ཅིས་མི་འགྱུར། །རིག་བྱེད་ཚད་མར་གནས་ན་ཡང་། །སློབ་དཔོན་སློབ་མའི་བརྒྱུད་པ་ནི། །ཐོག་མ་མེད་པར་བརྟགས་པ་
དེ། །དམུས་ལོང་བརྒྱུད་པ་འདྲ་བར་འགྱུར། །མེ་ལ་སྦྱིན་སྲེག་སོགས་ཚིག་གིས། །ཐེ་ཚོམ་སོགས་མེད་མཐོ་རིས་ལ། །མངོན་སུམ་གྱི་ནི་བློ་བཞིན་དུ། །མི་གཡོ་བློ་སྐྱེས་མ་ཡིན་ནམ། །རིག་བྱེད་ཀྱིས་དེ་བྱེད་པ་ན། །ཇི་ལྟར་ཚད་མ་ཉིད་དམིགས་ཡིན། །གང་ཕྱིར་ཚིག་དེས་དོན་
དེ་ནི། །འགའ་ཞིག་ཐེ་ཚོམ་ཟ་རྟོགས་ཡིན། །ཕྱིན་ཅི་ལོག་གང་གཞན་བཞིན་དུ། །ཐེ་ཚོམ་སྐྱེས་ཕྱིར་དེ་བཞིན་མིན། །རྟོགས་པ་དང་ལྡན་འགའ་ཞིག་གིས། །དེ་ལ་བྱེ་བྲག་མཐོང་བ་མེད། །དབང་པོ་ལས་འདས་དོན་ལ་ནི། །ཡོད་མེད་ངེས་པ་རིགས་པ་མིན། །གལ་ཏེ་
རིག་བྱེད་དག་ངེས་ན། །གཞན་ལས་གཞན་འདྲ་ཅི་སྟེ་མིན། །དད་པས་དབང་མེད་བློ་ཅན་ནི། །གཙང་སྦྲ་ཅན་རྣམས་མི་གཡོ་བའི། །བློ་ཉིད་སྐྱེ་བར་འགྱུར་བ་ཡིན། །གཞན་ལ་གཞན་དག་ལ་དེ་མཚུངས། །འདི་ལྟར་བདེ་གཤེགས་པ་སོགས་ལ། །མཆོད་སྦྱིན་སྲོག་བཅད་
དང་ལྡན་པས། །ངན་སོང་སྡུག་བསྔལ་འབྱུང་འགྱུར་པའི། །བློ་ནི་མི་གཡོ་སྐྱེ་བར་འགྱུར། །བློ་འདི་ལ་ནི་འབའ་ཞིག་ཀྱང་། །གནོད་པ་ད་ལྟར་སྣང་འགྱུར་མིན། །གལ་ཏེ་ལ་ལར་རེས་འགའ་དོགས། །རིག་བྱེད་ངག་ལའང་དེ་དང་མཚུངས། །གལ་ཏེ་མི་འདོད་རག་ལས་པ། །བརྡ་
ནི་མི་རྟོགས་རེག་བྱིད་འདིས། །རང་གི་དོན་ནི་གསལ་བྱེད་ནི། །དེ་ཚེ་ཚད་མ་ཉིད་རིགས་ཡིན། །དེ་ཚེ་གཏི་མུག་ང་རྒྱལ་སོགས། །སྐྱོན་གྱིས་བསླད་པའི་བློ་རྣམས་ཀྱིས། །གཞན་དུ་བཤད་པར་བྱས་ན་ཡང་། །རང་གི་དོན་ནི་འདོར་མི་བྱེད། །གང་ཕྱིར་དེ་ཡི་ཡུལ་ཅན་ཉིད། །

བློ་ནི་མྱུར་དུ་སྐྱེད་པར་བྱེད། །སྐྱེས་བུ་རྣམས་ཀྱིས་འདོད་པ་ཡི། །འདི་ནི་དོན་གཞན་གསལ་བྱེད་མིན། །མི་འདོད་ལ་ནི་ལྟོས་པ་ན། །སྐྱེས་བུས་བྱས་དང་བྱེ་བྲག་མེད། །དེ་ལ་རག་ལས་གསལ་བ་ཡིན། །དེ་ཡང་ཕྱིན་ཅི་ལོག་པར་འབྱུང་། །གཞན་ཡང་སྐྱེས་བུས་མ་བྱས་ལ། །
ཇི་ལྟར་རང་བཞིན་གྱིས་བདེན་དོན། །འདོད་ཡིན་དེ་བཞིན་བརྫུན་ཉིད་ནི། །ཅི་སྟེ་དོགས་པར་བྱེད་པ་མིན། །བདག་ཉིད་ཀྱིས་བདེན་དོན་རྟོགས་པའི། །རྒྱུ་ཉིད་ཡིན་པས་འདི་བདེན་ན། །དེ་ལྟར་བདག་ཉིད་ཀྱིས་ལོག་པར། །རྟོགས་པའི་རྒྱུར་ཡང་དོགས་པར་འགྱུར། །གཞན་ཡང་
རིག་བྱེད་ཚད་མ་ནི། །གང་ཚེ་ཁྱེད་ལ་གལ་ཆེ་ན། །དེ་ཚེ་སྐྱོན་མེད་བྱེད་པོ་སོགས། །ངེས་པར་བསྒྲུབ་ལ་འབད་པར་གྱིས། །སྐྱོན་མེད་པ་ཡི་བྱེད་པ་པོས། །འདི་བྱས་སྐྱོན་མེད་གསལ་བྱས་ཀྱིས། །གསལ་བར་བྱས་ན་འཇིག་རྟེན་འདིར། །ཡང་དག་དོན་ཤེས་སྒྲུབ་བྱེད་ཡིན། །ཤེས་
རབ་སྙིང་རྗེ་སོགས་ལྡན་པའི། །སྐྱེས་བུས་བྱས་པའི་ཚིག་དམ་པ། །དེ་ལྟར་ལེགས་པར་ངེས་བྱས་ན། །ཇི་བཞིན་དོན་ཤེས་རྒྱུ་རུ་འགྱུར། །མིས་ནི་མ་བྱས་པ་ཙམ་གྱིས། །ཇི་བཞིན་དོན་ཤེས་རྒྱུ་མིན་ཏེ། །ནགས་ཀྱི་མེ་ལ་སོགས་པ་ནི། །ལོག་པའི་ཤེས་པའི་རྒྱུར་ཡང་
མཐོང་། །མེ་ཡི་སྣང་བ་ཡོད་པ་ན། །མཚོ་སྐྱེས་སྔོན་པོའང་དམར་སྣང་འགྱུར། །གལ་ཏེ་མེ་སོགས་བྱས་ཉིད་ཀྱིས། །དེ་ཡི་རྒྱུ་རུ་འཐད་འགྱུར་ན། །དོན་རྣམས་ཀྱིས་ནི་བྱས་ཉིད་ཀྱིས། །ལོག་པའི་ཤེས་པའི་རྒྱུ་མཚན་ནམ། །དེ་ལྟར་དུ་བ་མེ་ལ་ནི། །ཇི་བཞིན་གསལ་བར་བྱེད་
འགྱུར་མིན། །དེ་ལྟར་རིག་བྱེད་མ་བྱས་པ། །དེ་ཁོ་ན་ཉིད་ཤེས་པ་ཡི། །རྒྱུ་མཚན་གནས་པ་མ་ཡིན་པས། །དེ་ཕྱིར་འདི་བརྟགས་དོན་མེད་ཡིན། །དེས་ན་སྐྱེས་བུས་མ་བྱས་ཉིད། །གསལ་དང་རྟག་ཉིད་<གྱིས་ཀྱིས་>གྲུབ་པ། །སྒྲ་དོན་འབྲེལ་པ་བརྟག་པ་ཡང་། །དོན་མེད་ཉིད་དུ་བརྗོད་པ་
ཡིན། །དེ་ནི་ཡོད་པ་ན་ཡང་འདི། །ཇི་བཞིན་ཤེས་དོན་རྒྱུ་ཉིད་དུ། །མི་འདོད་པར་ནི་འདས་མ་ཐག །རྒྱས་པ་རུ་ནི་བཤད་ཟིན་ཏོ། །དེས་ན་དེ་ཉིད་རབ་སྤོང་ལ། །ཁོ་བོ་ལ་ནི་ཆེར་མོས་མེད། །གནས་སྐབས་ཉེ་བར་མཁོ་མིན་ལ། །སུ་ཞིག་གེགས་ནི་བྱེད་པ་ཡིན། །ཐོས་པ་དེ་

ལ་ཇི་བཞིན་དོན། །ཤེས་པའི་རྒྱུ་ཉིད་འཐད་པ་ཡིན། །སྐྱེས་བུས་མ་བྱས་ཡིན་ན་ཡང་། །དེ་ནི་མ་གྲུབ་ཅེས་བསྒྲུབས་ཟིན། །ཕྲ་བའི་བློ་ཡི་མིག་ཅན་གྱི། །བློ་རྣམས་ལམ་གང་ལ་དཔྱོད་པའི། །དེ་ཡིས་བདག་གིས་བརླབས་ནས་ནི། །འདིར་ནི་ཅུང་ཟད་
བསྡུས་ནས་བརྗོད། །ཚད་མ་རྣམས་ནི་ལོག་ན་ཡང་། །གཞལ་བྱ་ལྡོག་པར་མི་འགྱུར་རོ། །གང་ཕྱིར་ཁྱབ་དང་བྱེད་རྒྱུ་ཉིད། །དེ་དག་ལ་ནི་དེར་ཡོད་མིན། །དེས་ན་ཐོས་པའི་བྱེད་པོ་ནི། །ཚད་མ་ལྔ་པོས་མ་རྟོགས་ཀྱང་། །བྱེད་པོ་མི་ཤེས་རབ་སོགས་བཞིན། །དངོས་མེད་ཉིད་ཀྱིས་
རྟོགས་མི་འགྱུར། །འོན་ཏེ་དོན་བཅས་ཉིད་ཀྱིས་སམ། །རྣམ་པར་དབྱེ་དོན་ཉིད་ཀྱིས་ཀྱང་། །དེ་རྣམས་ཀྱི་ནི་བྱེད་པོ་དཔོག །ཅི་སྟེ་ཐོས་པའང་དེ་བཞིན་མིན། །སེམས་ཅན་ཀུན་གྱིས་མ་རྟོགས་ཉིད། །ཐེ་ཚོམ་ཟ་མིན་དེ་རེས་འགའ། །སུ་ཞིག་ཚད་མ་འགའ་ཡིས་ཀྱང་། །རྟོག་པ་
ཡིན་ཡང་ཐེ་ཚོམ་འགྱུར། །སྲིད་གསུམ་ནང་ན་གནས་པ་ཡི། །སྲོག་ཆགས་ཐམས་ཅད་གསལ་པོ་རུ། །རྣམ་པ་ཀུན་གྱིས་ཡོངས་ཤེས་གང་། །དེས་ནི་ངེས་པར་བྱེད་འདི་ནུས། །རང་ཉིད་ཀྱིས་ནི་མ་རྟོགས་ཉིད། །འཁྲུལ་པ་ཡིན་ཞེས་འདི་ལྟ་བུར། །སྐྱེས་བུ་གཞན་གྱིས་ཀུན་
རྟོག་གང་། །དེ་མེད་པར་ནི་ངེས་པ་ཡིན། །རིག་བྱེད་ལ་གདོན་པར་བྱེད་ན། །བྱེད་པོ་ཡིན་ཞེས་མངོན་སུམ་རྟོག །དེ་དག་གསལ་བྱེད་རིགས་ཡིན་ཏེ། །རྟག་ལ་གསལ་བ་མི་སྲིད་ཕྱིར། །དམིགས་པར་གྱུར་པའི་རང་ངོ་བོ། །དེ་ཡི་བྱ་བས་ཡང་དག་བྱུང་། །དེ་དག་སྔར་ཡང་ཡོད་
པ་ན། །དམིགས་པ་ཡོད་པར་ཐལ་བར་འགྱུར། །རིག་བྱེད་དེ་ཡི་འབྲས་བུ་ནི། །ཐ་སྙད་སོགས་སུ་རུང་བར་ངེས། །དེ་ཡི་བྱ་བས་འདི་ཡོད་ཕྱིར། །ས་བོན་ལས་ནི་མྱུག་སོགས་བཞིན། །གསལ་བྱེད་ཡི་གེའི་དངོས་ཡོད་ཕྱིར། །ཟློས་གར་གྱི་ནི་གཏམ་སོགས་བཞིན། །སྐྱེས་
བུས་བྱས་ཉིད་རིག་བྱེད་ལ། །རྗེས་སུ་དཔག་པས་ཀྱང་རྟོགས་འགྱུར། །གཞན་དུ་རིམ་དངོས་ཉིད་མིན་ཏེ། །རྟག་ཉིད་ཕྱིར་དང་ཁྱབ་བྱེད་ཕྱིར། །གསལ་བས་བྱས་པའི་རིམ་ཡོད་མིན། །རྟག་ལས་གསལ་བ་མི་འཐད་ཕྱིར། །ལུང་དང་ཉེ་བར་འཇལ་བ་དག །དོན་གྱིས་གོ་ལ་ཚད་ཉིད་

དེ། །དགག་པར་བྱས་ཡིན་དེ་ན་ཡང་། །འདི་དག་ཉེར་དགོད་རིགས་པ་མིན། །ཚད་མ་ཉིད་མིན་ལྡོག་པའི་ཕྱིར། །རིགས་བྱེད་སྐྱེས་བུས་མ་བྱས་ཉིད། །གང་འདོད་དེ་ཡང་དངོས་ཉིད་ཕྱིར། །སྒྲུབ་པ་རྣམས་ཀྱིས་བསྒྲུབ་བྱ་མིན། །དེ་དག་གིས་ཐོས་རང་དབང་ཡིན། །སྐྱེས་བུའི་བྱ་
བ་མི་ལྟོས་ཕྱིར། །དེ་ཡང་དངོས་པོ་ལ་ཡོད་ཆོས། །ཡང་ན་དངོས་བདག་ཉིད་དེ་བཞིན། །དངོས་པོའི་ཕྱོགས་ནི་གྲུབ་དོན་དུ། །སྒྲུབ་པ་གང་ཡང་བརྗོད་པ་ཡིན། །ཁྱེད་ལ་དེ་ནི་གསལ་བྱས་ཀྱང་། །རང་ཉིད་དངོས་མེད་གྲུབ་འགྱུར་མིན། །དེ་ཡོད་སྒྲུབ་པ་གསལ་བྱས་ནས། །དེ་ཡོད་ངེས་
པར་མི་འགྱུར་རོ། །དེ་ཡོད་པ་ནི་ལྡོག་པ་ནི། །དེ་ཙམ་གྱིས་ནི་ངེས་ཡོད་མིན། །ཚད་མ་རྣམས་ནི་ལོག་ན་ཡང་། །དོན་མེད་པར་ནི་མི་འགྲུབ་བོ། །དེས་ན་གཉིས་ཀ་ལ་ཕྱོགས་ནི། །མི་འགྲུབ་པ་དེ་ཙམ་དུ་འགྱུར། །ལུས་ཅན་མིན་ཕྱིར་སྒྲ་རྟག་མིན། །བདེ་སོགས་རྣམས་ཀྱིས་འཁྲུལ་
ཕྱིར་རོ། །དེ་ལྟར་བརྗོད་ཀྱང་ཇི་བཞིན་སྒྲ། །འཇིག་ཉིད་རབ་ཏུ་མི་འགྲུབ་བོ། །དེས་ན་སྔ་ཕྱི་མཐའ་དག་ལ། །གཞན་གྱིས་སྒྲུབ་པ་གང་བརྗོད་ཡིན། །དེ་ནི་གསལ་བར་བྱས་ན་ཡང་། །རིག་བྱེད་སྨྲ་དེའི་དོན་རྟོགས་མིན། །མ་བྱས་དང་ནི་མི་འཇིགས་པས། །གལ་ཏེ་རྟག་ཉིད་འདོད་པ་
ན། །བཀག་པ་ཙམ་གྱི་དངོས་དག་གིས། །ནུས་མེད་ལ་ཡང་དེ་མཚུངས་ཡིན། །དེས་ན་ནམ་མཁའི་མེ་ཏོག་བཞིན། །དེས་ན་ཇི་ལྟར་མཁའི་པད་མ། །རྟག་པ་ཉིད་ནི་དངོས་མིན་ཏེ། །དེ་བཞིན་རིག་བྱེད་ལ་ཡང་ནི། །དེས་ན་ཚད་མ་ཉིད་གྲུབ་མིན། །བྱས་པ་ཉིད་དང་འཇིག་ཉིད་ནི། །
དགག་པར་ཡང་ནི་མི་གྲུབ་བོ། །སྒྲུབ་པར་བྱེད་པ་སུན་ཕྱུང་བས། །དེས་ན་རྟག་ཉིད་སྨྲ་མི་འགྲུབ། །གལ་ཏེ་མ་ཡིན་དགག་བདག་ཉིད། །དེ་དག་གིས་ནི་རྟག་ཉིད་འདོད། །དེ་དག་དངོས་པོའི་བདག་ཉིད་ཀྱིས། །རང་གིས་གྲུབ་པ་ལ་ལྟོས་ཡིན། །ཕྱོགས་སྔ་མ་གཉིས་སུན་ཕྱུང་བས། །
དངོས་པོའི་ངོ་བོར་རྟག་ཉིད་གང་། །དེ་ནི་བསྒྲུབ་པར་མ་བྱས་ན། །བདག་ཉིད་ཀྱིས་ཏེ་བསྒྲུབ་འགྱུར་མིན། །ཚུལ་གསུམ་ངོ་བོ་ངེས་པ་ནི། །སྒྲུབ་པ་གང་ཞིག་རབ་གསལ་བྱས། །ཁྱོད་ཀྱི་ཕས་ཀྱང་ནམ་དུ་ཡང་། །དེ་ནི་དགག་པར་མི་ནུས་སོ། །རིག་བྱེད་ལས་ནི་སྐྱེས་བུ་ནི། །མི་

འཇིག་པར་ནི་གང་བཤད་པ། །དེ་ལ་རྗེས་སུ་དཔག་པས་གནོད། །གསལ་བར་བདག་མེད་བསྟན་ཟིན་ཏོ། །དེར་ནི་རིགས་སོགས་གཞན་སྨྲས་པའང་། །ཚད་མར་གནོད་བྱར་བསྒྲུབ་བྱས་ཟིན། །རྗེས་སུ་དཔག་པས་དེ་ཡང་ནི། །འབྲེལ་པ་ངེས་ཅན་སྔར་བཤད་
ཟིན། །དངོས་པོའི་རྗེས་འབྲེལ་པའི་དེ་ལ། །སྒྲ་ཙམ་སྙིང་པོ་མེད་པས་སམ། །ཡང་ན་དེ་ལས་བྱུང་བློ་ཡིས། །རྨོངས་པ་སུ་ཞིག་གནོད་སྙམ་སེམས། །སྐྱེས་བུའི་ངག་ལས་ཤེས་པ་ཡང་། །དབང་པོ་ལས་འདས་འཇུག་པ་ཡིན། །དེ་ཡང་མངོན་སུམ་དང་མཚུངས་ཉིད། །ཅི་ཕྱིར་ཁྱེད་
ཅག་མངོན་འདོད་མིན། །འབྲེལ་པ་མ་མཐོང་བ་ཡི་ཕྱིར། །དཔེ་ལ་མ་ལྟོས་སྐྱོན་མེད་པའང་། །དེ་ལ་ཡང་ཡོད་ཁོ་ན་ཡིན། །སྐྱེས་བུ་ལ་བརྟན་ཕྱིར་འདི་ལ། །གནོད་པ་ཡོད་པར་དོགས་ཤེ་ན། །དེ་ལྟར་རིག་བྱེད་དག་ལ་ཡང་། །དོགས་པ་དེ་ཡང་ལྡོག་མི་འགྱུར། །དེ་ནི་ལོག་རྟོག་རྒྱུ་
ཉིད་ཀྱི། །རང་བཞིན་དུ་ནི་འགྱུར་བ་ཡིན། །མི་བྱས་སྒྲ་ཡི་དོན་རྟོགས་ཀྱང་། །དེ་ནི་བདག་ལ་ཚད་མ་མིན། །ཞེས་བྱ་དེ་ལྟར་ཞེ་སྡང་གིས། །མཁས་པས་བྱེད་པ་ནུས་མ་ཡིན། །དེས་ན་དབང་འདས་ལས་སྒྲ་ཀུན། །སྟོབས་དང་སྟོབས་མིན་མཚུངས་ཡིན་ན། །གཅིག་ཉིད་ལ་ནི་རྗེས་
ཆགས་འདི། །རྒྱུ་མཚན་གང་གིས་སྦྱོར་བར་བྱེད། །འདས་མ་ཐག་བརྗོད་རིགས་པ་ནི། །རིག་བྱེད་ཚད་མ་མིན་པའི་རྒྱུ། །ཤེས་རབ་ཅན་རྣམས་ཀྱིས་གསུངས་པས། །དེས་ན་དེ་དག་བདེན་སྨྲར་འགྱུར། །ལོག་པར་རྗེས་ཆགས་ལས་སྐྱེས་པའི། །རིག་བྱེད་བསམ་པས་རྨོངས་
བྱས་པས། །རིག་བྱེད་ལོག་པ་ཉིད་ཀྱི་རྒྱུ། །མི་ཤེས་ཅུང་ཟད་ངོ་མཚར་མེད། །སོག་པོ་པར་སིག་སོགས་རྣམས་ལ། །མ་ནི་བག་མར་ལེགས་སོགས་པའི། །དེ་སྤྱོད་རྟག་ཏུ་ལྷུར་ལེན་པ། །དེའི་སྐྱོན་ཅུང་ཟད་མཐོང་བ་མེད། །ངོ་ཤེས་མངོན་སུམ་ཡིན་པར་ནི། །སྔར་ནི་བཀག་པ་
ཁོ་ན་ཡིན། །འཁྲུལ་པའི་ཕྱིར་དང་རྟོགས་བཅས་ཕྱིར། །དེ་ཡིས་རྟག་ཉིད་ངེས་འགྱུར་མིན། །དེ་ནི་ནེ་ཙོའི་སྨྲ་བ་ཡིན། །རི་སྐེགས་ཚིག་ཏུ་འདི་སྣང་ཕྱིར། །སྒྲ་ཡི་ཤེས་པ་མང་དུ་ནི། །ལྡོག་པར་འགྱུར་བའི་ངོ་བོ་ཡིན། །དེ་ནི་གསལ་བྱེད་དབྱེ་ཞེ་ན། །གསལ་བ་སྤོང་བ་འཆད་པར་

འགྱུར། །རིག་པ་འདི་ཉིད་ཀྱིས་ཁྱེད་ལ། །ཐམས་ཅད་འདིར་ནི་གཅིག་ཉིད་འགྱུར། །དེས་ན་ཁྱེད་ལ་གསལ་བྱེད་དང་། །གསལ་བར་བྱ་བ་ཅུང་ཟད་མེད། །རྣམ་དབྱེ་དང་བྲལ་ཅིག་ལ་ནི། །དབྱེ་བར་བརྟགས་པ་འགལ་བ་ཡིན། །སྒྲ་འདི་དག་ནི་སྐྱེས་བུས་བྱས། །འདི་དག་སྐྱེས་
བུས་མ་བྱས་ཞེས། །དེ་ཡི་རྣམ་པར་གཞག་པ་ཡང་། །ངོ་ཤེས་རྗེས་འབྲང་བྱེད་གྲུབ་མིན། །གསལ་བྱེད་རིམ་པ་གནས་པའི་ཕྱིར། །འགའ་ཞིག་རིམ་པ་ཉིད་དུ་གནས། །རིམ་པ་ངེས་པར་སྦྱོར་བ་ཅན། །དེ་དག་སྐྱེས་བུས་མ་བྱས་འདོད། །རྐན་སོགས་གསལ་བྱེད་རིམ་
པ་ནི། །སྐྱེས་བུས་བྱས་ཆོས་འདི་མིན་ནམ། །དེ་ནི་འདོད་ལ་རག་ལས་ཕྱིར། །ཕྱིན་ཅི་ལོག་ཏུ་རྟོགས་པར་འགྱུར། །མེ་ཉིད་ལ་སོགས་སྤྱི་ཉིད་ནི། །རྒྱས་པ་རུ་ནི་གསལ་བྱས་ཟིན། །དེས་ན་དེར་ནི་ངོ་ཤེས་པའི། །སྤྱི་ཉིད་རྟག་པར་ཁོ་བོས་འདོད། །སྐད་ཅིག་རེ་རེར་འཇིགས་འགྱུར་
བས། །ཡི་གེ་རྣམས་ལ་ཁྱད་མེད་ཕྱིར། །ངོ་ཤེས་སྤྱི་ཡིས་གང་ཉིད་ནི། །དེ་བཞིན་དུ་ནི་ཡིན་ཟད་མོད། །མྱུར་དང་དལ་སོགས་ཆ་གང་ལ། །ཐ་དད་བློ་ནི་འབྱུང་བར་འགྱུར། །དེ་ལ་ངོ་ཤེས་པའི་ཤེས་པ། །ཐ་དད་བློས་ནི་ངེས་བྱས་མིན། །སྒྲ་གཅིག་ཉིད་ནི་གྲུབ་དོན་དུ། །གཏན་
ཚིགས་རྣམས་ནི་སྨྲས་པ་ལ། །མི་མཐུན་ཕྱོགས་ལ་འགལ་མེད་ཕྱིར། །སོ་སོར་འབྲེལ་གྲུབ་མི་འགྱུར་རོ། །དུ་མའི་སྤྱི་ཡི་ཆ་ཡང་ནི། །བདག་ལ་བརྟན་པར་གྲུབ་པ་མིན། །དེ་མིན་ངོ་བོ་ལས་ལྡོག་པ། །དངོས་པོ་ཙམ་ནི་བསྒྲུབས་པ་ཡིན། །གང་སོགས་གཅིག་ཉིད་ཐོབ་གྱུར་ན། །
རིགས་རྟེན་འདོད་པས་གྲུབ་པ་སྒྲུབ། །དེ་མིན་ངོ་བོ་ཡོངས་ལྡོག་པས། །དབྱེར་མེད་ཉིད་དུ་བརྟགས་པ་ཡིན། །གསལ་བ་གཅིག་ཏུ་ཉིད་འགྱུར་ན། །ཚད་མ་ཀུན་གྱིས་གནོད་པར་འགྱུར། །དབང་པོ་ལས་བྱུང་སོགས་རྣམས་ཀྱིས། །སོ་སོར་སྦྱོར་ཡིག་དབྱེ་ངེས་ཕྱིར། །ཡིད་འོང་ཡིད་མི་
འོང་སོགས་ཀྱི། །དབྱེ་གང་མངོན་སུམ་གྱིས་རྟོགས་འགྱུར། །བློ་རྣམས་རིམ་པར་འབྱུང་བའི་ཕྱིར། །ཐ་དད་འགྲུབ་འགྱུར་མྱུར་སོགས་བཞིན། །ཡུལ་དང་དུས་སོགས་ཐ་དད་པའི། །བ་ལང་སྒྲ་གསལ་བློ་རྣམས་ཀྱི། །དོན་གཅིག་པ་མིན་ཐ་དད་པར། །སྣང་ཕྱིར་གཟུགས་རོ་

སོགས་བློ་བཞིན། །དྲུག་སྣང་ལ་སོགས་དབྱེ་སྣང་བར། །མངོན་སུམ་གྱིས་ནི་ངེས་པར་འགྱུར། །གསལ་བྱེད་ཀྱི་ཆོས་འདི་མིན་ཏེ། །ཞེས་བྱ་དེང་ནི་བརྗོད་པར་འགྱུར། །སྔ་དེ་ཕྱི་རེའི་ཞག་ལ་ནི། །བ་ལང་སྒྲ་ཞེས་ཀུན་འདི་དག །དོན་གཅིག་པ་མིན་རིམ་
འབྱུང་ཕྱིར། །སྒྲ་དང་དྲི་སོགས་པའི་བློ་བཞིན། །དེ་ལྟ་མིན་ན་བློ་ཀུན་ནི། །དམིགས་པ་གཅིག་ཏུ་འགྱུར་བ་ཡིན། །ནུས་ལྡན་རྒྱུ་ནི་ཉེར་གནས་ཕྱིར། །རིམ་གྱིས་འབྱུང་བའང་འགལ་བ་ཡིན། །དངོས་པོ་རྣམས་ནི་ཐ་དད་ཀྱང་། །རང་བཞིན་ཉིད་ཀྱིས་གཅིག་རྟོགས་པའི། །ནུས་
པ་ངེས་པར་ཡོད་མིན་ཏེ། །སྔར་ནི་རབ་ཏུ་བསྟན་ཟིན་ཏོ། །གཅིག་ཏུ་རྟོགས་པ་དེ་ལས་ནི། །སྒྲ་ནི་གཅིག་ཏུ་ངེས་བྱེད་པ། །འཇིག་རྟེན་པས་ནི་སྒྲ་གཅིག་ལ། །སྦྱོར་བ་མང་པོ་སྙམ་དུ་སེམས། །གསལ་བ་དུ་མ་ལ་གནས་ཕྱིར། །འབྲེལ་པ་འཐད་པར་འགྱུར་བ་ཡིན། །དེ་ཕྱིར་
གསལ་བ་རྣམས་ལ་ནི། །འཇིག་རྟེན་ཐམས་ཅད་པ་ཉིད་འགྱུར། །སྒྲ་དོན་ལྷན་ཅིག་དོན་དམ་པར། །འབྲེལ་པ་ཡོད་མིན་དེ་ལས་ནི། །མ་སྐྱེས་ཕྱིར་དང་ཐ་དད་ཕྱིར། །དེས་ན་འཁྲུལ་པས་ཉེ་བར་བརྟགས། །ཁྱབ་མིན་སྲིད་ཕྱིར་སྒྲ་དོན་གྱི། །གནས་པ་ཀུན་ནི་བསླད་པ་ཡིན། །
འདི་ལྟར་དེ་ནི་རྒྱས་པ་རུ། །སྔར་ནི་བསྟན་པར་བྱས་ཟིན་ཏོ། །བ་ལང་ཉིད་ནི་རྟག་པ་དང་། །འབྲེལ་པར་བརྟགས་པའང་སྤངས་པ་ཡིན། །རྡུལ་ཕྲན་མཁའ་སོགས་ཀྱང་སྤངས་ནས། །དེས་ན་གཏན་ཚིགས་ཀྱི་དཔེ་མིན། །ངོ་བོ་གཅིག་ཉིད་འཁྲུལ་པ་ཡི། །ཤེས་པ་རྣམས་
ཀྱིས་ངེས་བྱས་ཕྱིར། །དམིགས་བཀར་བ་ལང་ཉིད་བརྗོད་ཉིད། །ཡུན་རིང་ནས་ནི་རྟོགས་པར་འགྱུར། །ཡང་དག་སྐད་ཅིག་མ་ཉིད་ཕྱིར། །དེ་ཙམ་དུས་འདི་བརྟེན་མིན་ཡང་། །ཤེས་བྱ་དེ་ཡི་བརྟེན་པ་ནི། །ཕྱིས་ནི་ཇི་ལྟར་ཡང་འདོད་ཡིན། །བུམ་སོགས་ལ་ཡང་ཅུང་ཟད་ནི། །
འཇིག་པའི་རྒྱུ་ནི་ཡོད་པ་མིན། །ཞེས་བྱ་འདི་ལ་བསྟན་ཟིན་ཏོ། །དེ་ཅི་སྒྲ་ལ་འབྱུང་འགྱུར་ཡིན། །ངོ་ཤེས་པ་ནི་བསླད་པ་རུ། །སྔར་ནི་རབ་ཏུ་བསྟན་ཟིན་པས། །ཡུལ་དུས་སྦྱོར་བ་པོ་རྣམས་ཀྱི། །དབྱེ་བས་ཡི་གེའང་དབྱེ་བར་འགྱུར། །དྲུག་ལྡན་དྲང་སྲོང་ས་འཛིན་དང་། །ལྔ་

པ་ལ་སོགས་རབ་དབྱེ་བས། །ག་ཡི་གསལ་བ་གཞན་གསལ་བར། །མངོན་སུམ་གྱིས་ནི་རྟོགས་པར་འགྱུར། །གསལ་བར་བྱེད་པའི་དབྱེ་བ་ཡིས། །དབྱེ་བའི་གནས་པ་འདི་རིགས་མིན། །རྟག་པ་ལ་ནི་གསལ་ཡོད་མིན། །ཞེས་བྱ་འོག་ནས་འཆད་པར་འགྱུར། །ག་ལས་
ཐ་དད་པ་ཡི་སྤྱི། །ཡང་དག་པར་ག་ཉིད་འདོད་མིན། །དེ་ཡི་ཕྱིར་ནི་སྦྱོར་བ་ལ། །གྲུབ་པ་ལ་སྒྲུབ་བཟློག་པར་དཀའ། །གཞན་སེལ་བདག་ཉིད་ཅན་ལ་ཡང་། །ག་ཉིད་ལ་ནི་རྟེན་ཡོད་མིན། །རྣམ་པ་འདི་ཉིད་ཀྱིས་ཞེ་ན། །དེ་མིན་རྟེན་མི་འགྲུབ་ཐོབ་འགྱུར། །ཡི་གེ་ག་མིན་
ལས་ལྡོག་པས། །ག་ཡིག་རྣམ་པ་ཉིད་དུ་འགྱུར། །ཆོས་ཅན་གང་ལ་ཆོས་ཡིན་ནོ། །ཡང་དག་པར་ནི་རྗེས་དཔག་ཀུན། །གཉིས་ཀ་ལ་གྲུབ་ལ་ལྟོས་ཡིན། །དཔེ་སོགས་རང་ཉིད་ལ་ལྟོས་པ། །དེས་དཔེའི་ཆོས་ཅན་མ་གྲུབ་འགྱུར། །ཁྱེད་ཀྱི་འབད་པ་འདི་ཀུན་གྱིས། །ག་
ཡིག་གཅིག་ཉིད་བསྒྲུབ་དོན་དུ། །དེ་ལ་ཁྱེད་ལ་མངོན་སུམ་གྱིས། །གནོད་པ་བཟློག་པར་དཀའ་བའང་སྨྲས། །སྔ་དེ་ཕྱི་དེ་ལ་སོགས་པའི། །ཡི་གེ་ག་ཞེས་འདི་དག་ནི། །རིམ་གྱིས་འབྱུང་བས་དོན་གཅིག་མིན། །གཟུགས་དང་རོ་སོགས་བློ་བཞིན་ནོ། །དེས་ན་ཡི་གེ་གཅིག་བརྟན་
པར། །གནས་པ་གཉིས་ཀ་ལ་མི་འགྲུབ། །དེའི་ཕྱིར་ཉེར་བཏགས་ཉིད་འདི་ལ། །རྟག་པ་ཉིད་ནི་བརྟགས་པ་ཡིན། །སྒྲ་ནི་དམིགས་པའི་དུས་སུ་ནི། །རྣ་བ་ལེགས་པར་བྱས་པ་དང་། །སྣ་བུག་མཐའ་ལ་གནས་གྱུར་པའི། །རླུང་རྣམས་རྟོགས་པར་འགྱུར་བ་མིན། །སྒྲ་ཙམ་ལེགས་
བྱས་རྣ་བ་ཡིས། །གང་ཚེ་སྒྲ་ནི་རྟོགས་པར་འགྱུར། །དེ་དང་ཉེར་བསྲེས་དེ་ཡིས་ནི། །རྟོགས་ལ་མངོན་སུམ་གྱིས་གནོད་འགྱུར། །མངར་བ་ལ་སོགས་ལ་འཇུག་པ། །ཁ་དང་སེར་པོའི་ངོ་བོ་ཡིས། །ཇི་ལྟར་ཤེས་པ་ཡུལ་མེད་པ། །དེ་བཞིན་སྒྲ་ཡང་ཤེས་པར་འགྱུར། །མྱུར་དང་
དལ་སོགས་ངོ་བོ་ཡིས། །གཞན་པའི་སྒྲ་ནི་སྣང་མི་འགྱུར། །དེ་མིན་ངོ་བོ་དེ་དངོས་ཉིད། །ཤེས་ཕྱིར་ཇི་ལྟར་ཡུལ་མེད་མིན། །དེ་ལྟར་མིན་ན་དོན་དེ་ཉིད། །རྟོགས་པར་བྱེད་པ་དེ་འགལ་འདོད། །རྣམ་པ་གཞན་ནི་རིག་པ་ན། །དོན་དེ་ཉིད་ནི་ཇི་ལྟར་རིག །རྣམ་པ་མེད་པའི་ཤེས་

པ་ལ། །ཁྱེད་ལ་ཕྱིའི་དོན་རྣམས་དེ་ངེས། །དེ་ཡི་བདག་ཉིད་ཕྱི་རོལ་མིན། །དེ་བཞིན་དུ་དེ་ཇི་བཞིན་རིག །ཤེས་པ་རྣམ་བཅས་ཕྱོགས་ལ་ཡང་། །ཕྱི་རོལ་རྣམ་པ་རྗེས་མཐུན་པར། །ཤེས་པ་ལ་ནི་སྣང་གྱུར་པས། །དོན་རྟོགས་ཞེས་ནི་བརྗོད་པ་ཡིན། །
འདིར་ནི་ཕྱི་རོལ་རྗེས་མཐུན་པར། །ཤེས་པ་འཇུག་པར་མི་འགྱུར་ཏེ། །དེས་ན་ཡུལ་མེད་པ་ཡི་སེམས། །ཐམས་ཅད་འཁྲུལ་པ་ཡིན་ཞེས་གདགས། །རྟག་པ་ལ་ནི་ཁྱད་པར་དུ། །གསལ་བྱེད་ཡོད་པ་རིག་པ་མིན། །དེ་ཡི་ལེགས་བྱས་རྗེས་མཐུན་པས། །དེས་སྒྲ་ལ་བློ་ཐ་དད་
མིན། །བུམ་པ་ལ་སོགས་གཟུང་དོན་དུ། །ཇི་ལྟར་མིག་ལ་མར་མེ་ཡི། །ནུས་པ་སྐྱེད་བྱེད་དེ་བཞིན་དུ། །སྒྲ་དམིགས་ཕྱིར་ནི་སྒྲ་ཙམ་གྱིས། །རྣ་བ་ལ་ནི་ནུས་པ་བསྐྱེད། །སྒྲ་ནི་རྟག་ཏུ་དམིགས་རུང་བར། །རང་བཞིན་གྱིས་ནི་གནས་ཤེ་ན། །རྣ་བ་ལེགས་པར་མ་བྱས་
ཀྱང་། །དེ་ནི་ཅི་ཡི་ཕྱིར་མི་དམིགས། །དེ་ཕྱིར་ལེགས་བྱས་རྣ་བ་ནི། །ཡོད་པའི་དུས་བཞིན་དེ་ཡང་ནི། །རུང་བའི་རྒྱུ་ནི་ཡོད་པས་ན། །དམིགས་པ་ཁོ་ན་ཡོད་པར་འགྱུར། །གལ་ཏེ་དེ་དམིགས་རུང་མིན་ན། །ཕྱོགས་ཀྱང་དེ་ནི་ཇི་ལྟར་འགྱུར། །འགྱུར་ན་རུང་བ་ཉིད་ལྡན་པའི། །
སྒྲ་གཞན་སྐྱེ་བར་འགྱུར་བ་ཡིན། །ཡང་ན་ཕྱིས་ཀྱང་ཤེས་པ་ནི། །དེ་ཡི་སྟོབས་ལས་བྱུང་བ་མིན། །ལེགས་བྱས་རྣ་བ་ལ་སོགས་ལས། །དེ་ནི་སྐྱེ་བར་བརྗོད་པ་ཡིན། །དེ་ལྟར་སྒྲ་ནི་ཤེས་བྱ་རུ། །མི་འགྱུར་ཉེ་བར་མཁོ་མིན་ཕྱིར། །རོ་སོགས་ལས་ནི་དེ་ལ་ནི། །ཁྱད་པར་ཅུང་ཟད་
ཀྱང་ཡོད་མིན། །ལེགས་བྱས་རྣ་བ་ལ་སོགས་ལས། །སྒྲ་ལ་ལྟོས་མེད་དེ་དག་གིས། །ཤེས་པ་འདི་ནི་སྒྲ་རྟོགས་པའི། །རང་བཞིན་ཞེས་བྱ་བསྐྱེད་པ་ཡིན། །དོན་ཤེས་ཤེས་བྱའི་ངོ་བོ་འདི། །དེ་ལྟ་ན་ཡང་སྒྲ་འཇུག་འགྱུར། །ཁྱེད་ལ་དེ་ཡི་རྣམ་ཤེས་ཀྱང་། །ཞེས་བྱ་རྗེས་སུ་འཇུག་
པར་འགྱུར། །དེ་ལྟ་མིན་ན་རྣམ་ཤེས་ནི། །རྗེས་འཇུག་མ་ཡིན་དེ་ཤེས་བྱ། །སྒྲ་དེ་རྗེས་སུ་འཇུག་འགྱུར་ཞེས། །ཁྱེད་ལ་དེ་ལྟར་འགལ་བར་འགྱུར། །ཤེས་དང་ཤེས་བྱའི་རང་བཞིན་ནི། །དེ་དག་ལུ་གུ་རྒྱུད་བཞིན་འབྲེལ། །གཅིག་ཡོད་པ་ན་གཉིས་པའི་ནི། །ཐོབ་འགྱུར་མ་འཁྲུལ་པ་

ཡི་ཕྱིར། །ལེགས་བྱས་རྣ་བས་བསྐྱེད་པ་ཡི། །ཤེས་དང་འབྲེལ་ཉིད་ཡིན་ན་ནི། །རྣ་བ་ལེགས་པར་མ་བྱས་ཀྱང་། །གསལ་བར་ཤེས་པ་འཕེལ་བར་འགྱུར། །གལ་ཏེ་དེ་ཡི་ཤེས་བྱ་ཡི། །བདག་ཉིད་སྒྲ་ནི་མིན་ཞེ་ན། །དེ་ལྟ་ན་ནི་རྣ་བའི་ཤེས། །དེ་རྟོག་རང་བཞིན་འགྱུར་མིན་ཏེ། །
དེ་དག་ཉིད་མིན་རོ་སོགས་བཞིན། །ཤེས་པ་ལ་ནི་སྒྲ་དང་ནི། །འབྲེལ་པ་གང་ཡོད་གང་གིས་ན། །དེ་ནི་སྒྲ་བློའི་ངོ་བོར་འདོད། །དེ་དག་ཉིད་ནི་དབྱེ་ལྡན་མིན། །དེ་ནི་དེ་ལས་བྱུང་མིན་ཏེ། །སྒྲ་ནི་སྐྱེད་བྱེད་ཉིད་མིན་ཕྱིར། །དེ་ལས་བྱུང་བའི་ངེས་པའི་ཕྱིར། །དེ་ནི་གཏན་དུ་འབྱུང་བར་
འགྱུར། །དེ་ལྟ་ན་དེའི་ཡུལ་ཅན་ཤེས། །རྟག་ཏུ་འབྱུང་བའམ་ཡང་ན་མིན། །དེ་ལྟར་ངེས་པར་གནས་པས་ན། །རྣ་བ་ལེགས་བྱས་རྟགས་དོན་མེད། །རེས་འགའ་ལེགས་པར་བྱས་པ་ནི། །ཡོད་པ་ཉིད་ན་རེས་འགའ་ཡང་། །ཤེས་པ་འབྱུང་འགྱུར་ཞེས་བྱ་བ། །ལེགས་བྱས་
བརྟགས་པ་མཛེས་པ་ཡིན། །ལེགས་བྱས་ནུས་པའི་མཚན་ཉིད་ཅན། །ཤེས་འབྲས་ངེས་པར་བྱས་ཤེ་ན། །ཤེས་པ་དེ་ཡང་རྟག་ཡོད་པའམ། །ཡང་ན་རྟག་ཏུ་མེད་པར་འགྱུར། །རྣམ་པར་ཤེས་པ་རེས་འགའ་བ། །དེ་ཡི་ལེགས་བྱས་ཇི་ལྟར་སྟོན། །རྣ་བ་ལེགས་པར་བྱས་
ཕྱིར་ལན། །དེ་ཕྱིར་དེ་ནི་ལེགས་སྨྲས་མིན། །གལ་ཏེ་ཐ་མི་དད་པ་ཡི། །ནུས་པ་རྣ་བ་ལ་བྱེད་ན། །དེ་ཚེ་ནམ་མཁའ་ཕྱོགས་ལ་ནི། །རྟག་ཉིད་ཉམས་འགྱུར་བསྐྱེད་པའི་ཕྱིར། །དངོས་དང་ཐ་མི་དད་ཉིད་ཕྱིར། །ལེགས་པར་བྱས་པའང་རྟག་ཉིད་ཡིན། །དངོས་པོ་བཞིན་དུ་དེ་ཡིས་
ནི། །དེ་བསྐྱེད་རྣམ་ཤེས་རྟག་ཏུ་ན། །ཐ་དད་ན་ནི་དེའི་ཞེ་ན། །འབྲེལ་པ་འཐད་པར་མི་འགྱུར་རོ། །ནུས་པ་ལས་ཞེས་འབྱུང་བའི་ཕྱིར། །རྣ་བའི་ཤེས་པ་ཉིད་ཀྱང་མེད། །ཐ་དད་ཐ་མི་དད་གྲོལ་བའི། །ཕྱོགས་ནི་སྤངས་པར་བྱས་ཟིན་ཏོ། །དེས་ན་རྣ་བ་ལེགས་བྱས་ཕྱིར། །ལན་ནི་
བློ་དམན་བརྗོད་པ་ཡིན། །དེ་ཉིད་ཀྱིས་ནི་ཡུལ་དང་ནི། །གཉིས་ཀ་ལེགས་པར་བྱས་པ་བཀག །དེ་ཕྱིར་རྟག་ལ་གསལ་བ་ནི། །ཐམས་ཅད་དུ་ཡང་རྟེན་མེད་ཡིན། །དེས་ན་གསལ་བ་ལ་བརྟེན་ནས། །རིང་ཐུང་རིམ་པ་སོགས་རྣམས་ནི། །འགའ་ཞིག་གང་དག་སྣང་གྱུར་པ། །

དེ་དག་ཀུན་ཀྱང་རྟེན་མེད་འགྱུར། །མ་ཕྲད་ཙམ་དུ་མཚུངས་ན་ཡང་། །ཐམས་ཅད་གཟུང་ཉིད་མི་འགྱུར་ཏེ། །ནུས་པ་ངེས་པར་གནས་པའི་ཕྱིར། །ཁབ་ལེན་གྱིས་ནི་ལྕགས་ལ་བཞིན། །གལ་ཏེ་ཁབ་ལེན་འོད་ཕྲད་པས། །དེ་ཡང་དྲངས་པར་གྱུར་ཅེ་ན། །
འོ་ན་འོད་འདི་མ་མཐོང་བས། །ཇི་ལྟར་ཡོད་པར་རྟོགས་པར་འགྱུར། །ཅི་ཕྱིར་འོད་དེ་ཤིང་སོགས་དང་། །ཕྲད་ཀྱང་འདྲེན་པར་བྱེད་པ་མིན། །དེ་ནུས་ངེས་ཉིད་ཕྱིར་ཞེ་ན། །མ་ཕྲད་པ་ལའང་དེ་མཚུངས་ཡིན། །སྦྱོར་བའི་དེ་མ་ཐག་ཏུ་ནི། །རིང་དང་བར་མར་ཉེར་གནས་པས། །རིམ་
པ་མེད་པས་རྟོགས་པར་འགྱུར། །ཐམས་ཅད་ལ་དེར་ཤེས་སྐྱེད་ཕྱིར། །རིང་དང་ཉེ་སོགས་དབྱེ་བ་ཡིས། །གཟུགས་ནི་གསལ་དང་མི་གསལ་བར། །ཇི་ལྟར་སྣང་འགྱུར་དེ་བཞིན་དུ། །སྒྲ་ཡང་མྱུར་དང་དལ་སོགས་འགྱུར། །ཐ་དད་སྣང་བའི་བློ་རྣམས་ནི། །དམིགས་པ་གཅིག་
པར་ཇི་ལྟར་འགྱུར། །ཞེ་ན་ཕྱི་རོལ་དོན་སྨྲ་ལ། །གཟུགས་བློ་ལ་དེ་བརྒལ་བརྟག་མཚུངས། །ཕྲད་ནས་འཛིན་པའི་ཕྱོགས་ལ་ཡང་། །རྣ་བའི་ནང་དུ་སྒྲའི་སྒྲ་བཞིན། །འབྲུག་སྒྲ་ལ་སོགས་ཤེས་པ་ནི། །ཐ་དད་པར་ནི་འགྱུར་བ་མིན། །དེས་ན་སྐྱེད་བྱེད་ཕྱིར་ཤེས་པ། །ཐ་དད་མིན་
ཏེ་ཡིད་བཞིན་ནོ། །གཞན་དུ་རེས་བྱས་ལ་སོགས་བཞིན། །རྣ་དང་མ་ཕྲད་བྱེད་འགྱུར་མིན། །ཡིད་ཀྱང་ཕྲད་པར་བྱེད་པ་ཡིན། །གང་བརྗོད་སྐད་ཅིག་ཙམ་གྱིས་ནི། །ཤིན་ཏུ་རིང་བའི་དོན་ལ་ནི། །དེ་དག་གི་སེམས་འཇུག་མི་འཐད། །ཕྱི་རོལ་དབང་པོ་ཉིད་ཕྱིར་སོགས། །
ཕྲད་ནས་འཛིན་བྱེད་ཉིད་སྒྲུབ་གང་། །བསྒྲུབ་བྱའི་ཆོས་མི་མཐུན་པ་ལ། །འགལ་བ་མེད་ཕྱིར་དེ་འཁྲུལ་ཡིན། །ལྡན་པ་དང་ནི་རྣམ་དབྱེ་བ། །ཐ་དད་པ་ཅན་སྔར་སྤངས་ཟིན། །དེ་ཉིད་ཀྱིས་ནི་ཁྱད་མེད་ཕྱིར། །འདི་ལ་རྟོགས་པ་མི་འཐད་དོ། །དེ་ཕྱིར་ཤུགས་མེད་པས་དེ་ནི། །ཇི་སྲིད་ཤུགས་
ནི་གནས་པ་མིན། །རྣ་བའི་ནམ་མཁར་ཕྱིན་པ་ཡིས། །དེ་ནི་རྣ་ནུས་བྱེད་ཅེ་ན། །ཅི་ཕྱིར་ལྕག་གིས་བསྣུན་པ་བཞིན། །སྒྲ་རིགས་པ་ན་དེ་ཤེས་མིན། །གང་ཚེ་སྒྲའི་ཤེས་པས་དེ་ཡི། །རིག་པ་སོ་སོར་བཀག་ཅེ་ན། །ལྕག་གིས་བསྣུན་དང་རླུང་གཞན་བར། །དེ་ཚེ་རིགས་པས་

བརྗོད་རིགས་མིན། །རིམ་གྱིས་འབྱུང་ཡང་མགྱོགས་པ་ན། །ཅིག་ཅར་དུ་ནི་འཁྲུལ་ཞེ་ན། །ཅུང་ཟད་མིན་རྣམ་པ་ཀུན་དུའང་། །རླུང་འདི་མ་དམིགས་པ་ཡི་ཕྱིར། །འོན་ཀྱང་དབང་པོ་ལས་འདས་རླུང་། །གཟེགས་ཟན་སོགས་བཞིན་ཁྱེད་ཅག་ཀྱང་། །བརྗོད་ན་བཤད་པ་ལས་དེ་ཡིས། །
རེག་བྱ་ཐོབ་འགྱུར་ཅི་ཕྱིར་བྱས། །ཡང་ན་རླུང་ནི་དབང་འདས་བླ། །དེ་དང་དེ་སྦྱོར་ཐོབ་འགྱུར་ལ། །དྲོ་དང་གང་དང་གཉིས་ཀ་ཡིས། །རེག་བྱ་རིག་འགྱུར་གཞན་གྱི་བཞིན། །འོན་ཀྱང་རྣ་མཆོག་ལ་དེ་དང་། །མི་ལྡན་པས་ན་རྟོགས་མི་འདོད། །རྣ་བའི་ནམ་མཁར་མ་ཕྱིན་ཅེས། །
དེ་ནི་ཇི་ལྟར་རྟོགས་པར་འགྱུར། །དེ་ཕྱིར་གཙང་སྦྲ་ཅན་མཐོང་བའི། །བརྟགས་པ་རྒྱུ་མཚན་མེད་ཡིན་ཏེ། །མཁས་པ་རྣམས་ནི་ཚིམ་བྱེད་མིན། །ནམ་མཁའ་ཆ་མེད་རྣ་གང་བརྗོད། །དེ་ལ་སྐྱོན་ནི་སྔར་བསྟན་གང་། །དེ་དག་ཆ་མེད་ཕྱོགས་རྣ་བར། །འདོད་པ་ཉིད་ལའང་མཚུངས་རྟོགས་
བྱ། །ནམ་མཁའ་གཅིག་པུ་ཁྱབ་ཕྱོགས་ལའང་། །ལེགས་བྱས་ལ་བརྟེན་དང་གཞན་གྱི། །རྣམ་པར་དབྱེ་བ་འཐད་པ་མིན། །གང་ཕྱིར་ནམ་མཁའ་དེ་གཅིག་ཡིན། །མཁའ་གཅིག་བདག་ཉིད་རྣ་བ་ནི། །རྣ་མཆོག་ལེགས་པར་མ་བྱས་མེད། །དེ་ཕྱིར་རྟེན་གྱི་དབྱེ་བ་ཡིས། །
ལེགས་པར་བྱས་པ་ངེས་མི་གནས། །དེ་བས་ན་རྟེན་གཅིག་ལ་ནི། །དབང་པོ་ལེགས་པར་བྱས་ཐོབ་ན། །དབང་པོ་གཅིག་པུར་སྨྲ་བ་ལ། །ལུས་ཅན་ཀུན་གྱིས་རྟོགས་བྱེད་འགྱུར། །སྐྱེས་བུ་ལུས་ཀྱི་ཕྱོགས་རྣམས་ལ། །རྣམ་པར་ཤེས་པ་སྐྱེད་འདོད་ཀྱི། །འོན་ཀྱང་ཁྱེད་ལ་མཁའ་
གཅིག་ཕྱིར། །གཙོ་བོ་ཐ་དད་པར་འགྱུར་མིན། །དེ་ཕྱིར་བདག་ཕྱོགས་དང་བྲལ་ཡང་། །མ་ལུས་པར་ནི་རྟོགས་བྱེད་པ། །ལུས་ཉིད་ལ་གནས་འཛིན་པས་ན། །དེ་ལྟར་སྨྲས་ཀྱང་འགལ་བ་ཡིན། །དེ་གཉིས་ན་ནི་རྒྱུ་ཡིས་ནི། །འོན་པ་ཉིད་སོགས་ལྟ་བུར་རྟོགས། །གཟུགས་ནི་མེ་
ལོང་ལ་མངོན་ལྟ། །གཟུགས་བརྙན་དེ་ལྟར་མ་ཡིན་ནོ། །ཆུ་སོགས་ནང་དུ་ཞུགས་པ་འདི། །གཟུགས་ནི་རིང་དུ་གནས་པ་ཡིན། །རྟེན་གྱི་རྗེས་སུ་བྱེད་པ་ཡིས། །གཟུགས་བརྙན་ཆེ་ཆུང་དབྱེ་བ་དང་། །ལྡན་གྱི་གཟུགས་ནི་མ་ཡིན་ཏེ། །དེས་ན་གཏན་ཚིགས་མ་གྲུབ་མིན། །

མི་མཐུན་པར་ནི་སྣང་བ་ཡང་། །དོན་ཤེས་པར་ནི་འགྱུར་བ་ན། །གཟུགས་དང་སྒྲ་སོགས་སེམས་ཐམས་ཅད། །དོན་ཀུན་གྱི་ནི་ཡུལ་ཅན་འགྱུར། །སོར་མོས་ཅུང་ཟད་མནན་མིག་ལ། །གཅིག་ཀྱང་དུ་མར་སྣང་བ་གང་། །དེ་ཡང་དེ་ལྟར་འཁྲུལ་པ་
སྟེ། །ཡུལ་མེད་ཉིད་དུ་འདོད་པ་ཡིན། །འདིར་ནི་གཟུགས་བརྙན་འབྱུང་བ་ནི། །སྔར་ནི་གསལ་བར་བྱས་ཉིད་ཡིན། །གཅིག་ལ་ལྷན་ཅིག་གཉིས་མི་རུང་། །ལུས་ཅན་ཐོགས་པ་དང་བཅས་ཕྱིར། །ཡུལ་རྣམས་དུ་མ་ལ་གནས་པར། །གཟུགས་བརྙན་ཡོད་པ་ཡིན་ན་ཡང་། །
ཆེ་ཆུང་སོགས་རིགས་དབྱེ་བ་ཡིས། །གཅིག་ཉིད་ཡོད་པ་མ་ཡིན་ནོ། །སྐྱེས་བུ་རྣམས་ལ་ངེས་པ་ཡང་། །གང་ལ་འདི་ལྟར་འཇུག་པར་འགྱུར། །བདག་གི་སྟེང་ན་ཉི་གནས་ཞེས། །དེ་ནི་ངེས་པར་འཁྲུལ་པ་ཡིན། །གང་ཕྱིར་སྲོག་ཆགས་ཐམས་ཅད་ནི། །ཅིག་ཅར་དུ་ནི་ཉི་གཅིག་
ཉིད། །མཐོང་བར་འགྱུར་བ་ཡིན་པས་དེ། །གཉིས་པ་ནམ་ཡང་མ་ཡིན་ནོ། །དེས་ན་ཉི་མའི་དཀྱིལ་འཁོར་ནི། །གཉིས་པ་ནམ་ཡང་ཡོད་མ་ཡིན། །སྣང་བ་མི་དམིགས་པ་ཡི་ཕྱིར། །དེས་ན་ཉི་མ་གཅིག་ཏུ་ངེས། །དེ་ལྟར་སྒྲ་ནི་གཅིག་ཉིད་དུ། །ཇི་ལྟར་ཡང་ནི་ངེས་པ་མིན། །
རིམ་གྱིས་སམ་ནི་ཅིག་ཅར་ཡང་། །དེ་ནི་དུ་མ་ཉིད་མཚོན་ཕྱིར། །གང་ཚེ་རྗོད་པར་བྱེད་མང་པོ། །ག་སོགས་ཡི་གེ་ཅིག་ཅར་དུ། །སྦྱོར་བར་བྱེད་པ་དེ་ཡི་ཚེ། །དབྱེ་བར་གསལ་བར་དམིགས་པར་འགྱུར། །རིམ་གྱིས་ཀྱང་ནི་སྦྱོར་བ་ལ། །དབྱེ་བ་མངོན་སུམ་འབའ་ཞིག་གིས། །
རྟོགས་འགྱུར་མ་ཡིན་འོན་ཀྱང་ནི། །རྟགས་ལས་ཀྱང་བློའི་རིམ་སྣང་ཕྱིར། །སྒྲ་ཙམ་གསལ་བྱེད་རག་ལས་པ། །འདི་ཡི་དམིགས་བར་ཟད་འགྱུར་མོད། །འོན་ཀྱང་ཇི་ལྟར་དངོས་གནས་པ། །འདི་ནི་འཛིན་པར་འགྱུར་བ་ཡིན། །དེ་ལྟ་མིན་ན་དེ་འཛིན་འདི། །དེ་དངོས་མི་སྣང་ལ་ངེས་
འགྱུར། །ནམ་མཁའི་ཆ་ནི་མ་ལུས་པ། །སྒྲས་ནི་ཁྱབ་ཅིང་གསལ་འགྱུར་མིན། །དེས་ན་སྒྲ་ཙམ་ཡུལ་ཐ་དད། །ཐོས་པ་དེ་ཅིས་རྗེས་སུ་བྱེད། །རང་བདག་ཉིད་ནི་གསལ་བ་རུ། །གསལ་བར་འགྱུར་ཏེ་བུམ་སོགས་བཞིན། །འདི་དག་ཁྱེད་གཞུང་ཁས་བླངས་

ན། །རྒྱུ་མཚན་མེད་པར་བརྗོད་པ་ཡིན། །གསལ་བ་མེད་ཕྱིར་གསལ་བྱེད་རྣམས། །ནུས་པ་མེད་ཕྱིར་བསྒྲུབས་ཟིན་ཏོ། །དེ་འདི་ཡིན་ཞེས་བཤད་པ་ནི། །མངོན་སུམ་ཡིན་པར་བསལ་ཟིན་ཏོ། །དེའི་ཕྱིར་ཡུལ་དབྱེས་ཐ་དད་ཉིད། །ཤེས་བྱ་དེ་ནི་གནོད་མེད་ཡིན། །འགའ་
ཞིག་ཡུལ་ནི་ཐ་དད་པར། །རིམ་གྱིས་འགྲོ་བར་བྱེད་པ་སྟེ། །སྐད་ཅིག་འཇིག་ཕྱིར་ཐ་དད་འགྱུར། །དེ་མིན་འགྲོ་བ་དང་ལྡན་མིན། །སྔ་མའི་ཡུལ་དང་མ་བྲལ་བའི། །རང་བཞིན་རྗེས་སུ་འཇུག་པའི་ཕྱིར། །བརྟན་པས་དེ་ནི་ཡུལ་གཞན་དུ། །ཕྱིན་པས་རིག་པ་མ་ཡིན་ནོ། །ནམ་མཁའ་
ལ་ནི་མངོན་གསལ་ན། །རིགས་མིན་ནུས་པ་མེད་ཕྱིར་དང་། །དབང་འདས་ཕྱིར་རོ་ས་ཁུང་ལ། །སྣང་བ་དེ་ནི་དེ་ལྟར་སྣང་། །གཞན་ཡང་སྒྲ་ནི་ནམ་མཁའ་ལའང་། །མངོན་པར་གསལ་བ་ཐ་དད་མིན། །བློ་ནི་གསལ་ཡིན་དེ་ཡང་ནི། །རྟག་འབྱུང་རྒྱུར་ནི་ཉེར་གནས་ཕྱིར། །གང་
ཚེ་སྒྲ་ལ་གསལ་བྱེད་པ། །ཇི་ལྟར་ཡང་ནི་རིགས་པ་མིན། །དེ་ཚེ་གཞན་གྱི་ཁྱད་པར་ཅན། །སྒྲ་བློ་ལ་ནི་འཁྲུལ་པ་མེད། །དེ་ཕྱིར་རི་སོགས་ཐམས་ཅད་ནི། །སྒྲ་ཆོས་མིན་ཞེས་གནས་པར་འགྱུར། །གང་ཕྱིར་སྒྲ་ཙམ་གསལ་བྱེད་ཉིད། །ཡོད་ན་དེར་འགྱུར་དེ་ཡང་བསྩལ། །
ཤིན་ཏུ་ཐ་དད་ཅན་དེ་དག །མཚུངས་པར་གཅིག་ཏུ་རྟོགས་པ་ལ། །ནུས་པ་ཅན་ཡིན་སྒྲ་དང་དེའི། །དོན་ཅེས་མང་དུ་སྔར་དཔྱད་ཟིན། །དེས་ན་དོན་དང་འབྲེལ་མཐོང་བས། །ཀུན་རྫོབ་ཏུ་ནི་སྒྲ་རྗོད་བྱེད། །འགྱུར་ཞིང་ཡང་དག་པ་རུ་ནི། །རྗོད་བྱེད་དེ་མིན་ཞེས་བསྒྲུབས་ཟིན། །སྒྲ་
ལས་བྱུང་བའི་ཤེས་དེ་དག །ལོག་པར་སྣང་བར་འགྱུར་བ་ཡིན། །རིགས་དང་རང་གི་མཚན་ཉིད་སོགས། །བརྗོད་བྱ་རྗོད་བྱེད་མི་གནས་ཕྱིར། །དེས་འཁྲུལ་ཐ་སྙད་འདོན་པ་པོ། །ཡང་དག་པར་ནི་བ་ལང་སྒྲ། །ཐ་དད་ཡིན་ཡང་མཚུངས་བློ་ཅན། །གཅིག་ཉིད་ཡིན་པ་སྙམ་དུ་ཟིན། །
དེས་ན་མང་དུ་མ་འབྲེལ་བར། །རྗོད་པར་བྱེད་པ་བྲམ་ཟེ་ཡིས། །སྒྲ་ཡི་ཁྱད་པར་མདུན་བྱས་པས། །གང་སྨྲས་དེ་ཀུན་གཞི་མེད་ཡིན། །འདི་ལྟར་ལག་བརྡ་ལ་སོགས་པ། །གཅིག་ཉིད་མིན་ཏེ་མྱུར་བུལ་སོགས། །དབྱེ་བས་ཐ་དད་བློ་ཡོད་ཕྱིར། །དེ་ཡི་གསལ་བའང་བསྩལ་

བྱས་ཟིན། །དེ་ལ་སྤྱི་གཅིག་རྗེས་འགྲོ་བ། །ཉེ་བར་མཚོན་པར་མི་འགྱུར་རོ། །བརྡ་ནི་དགག་པ་ལ་སོགས་པའི། །ཤེས་པའི་ཡན་ལག་ཏུ་དེ་འགྱུར། །སྒྲ་རྣམས་དངོས་སུ་ཕྱི་རོལ་གྱི། །དོན་རྟོགས་མིན་ཏེ་འབྲེལ་མེད་ཕྱིར། །དེས་ན་བརྗོད་པར་འདོད་པ་
ནི། །འདི་དག་གིས་ནི་བསྟན་པར་གསུངས། །དེ་ཡི་འབྲས་བུ་ཉིད་དུ་ནི། །འདི་དག་མངོན་སུམ་མི་དམིགས་པས། །ངེས་པ་ཡིན་ཕྱིར་དེས་ན་འདིར། །རྒྱུ་འབྲས་ཉིད་དུ་གསལ་བར་འགྱུར། །བརྡ་ཡི་རྒྱུ་དང་འབྲས་ངོ་བོ། །གང་གིས་ངེས་པར་བྱས་པ་ནི། །དེ་ཡིས་བརྗོད་
འདོད་སྒྲ་དག་གིས། །རྟོགས་པར་འགྱུར་ཏེ་ལག་བསྐྱོད་བཞིན། །བརྗོད་འདོད་ལ་གནས་དོན་དང་ནི། །སྒྲ་རྣམས་ལ་ནི་རྒྱུ་འབྲས་ཀྱི། །བདག་ཉིད་ཅན་གྱི་འབྲེལ་པ་དེ། །བརྡ་ཡོད་ན་ནི་སྐྱེ་བར་འགྱུར། །དེ་རྣམས་ཀྱིས་ནི་འབྲེལ་པ་ནི། །དེས་ན་བརྡ་ལས་བྱུང་ཞེས་བརྗོད། །
དེ་ཡིས་གསལ་བར་བྱེད་པ་འདི། །བརྡ་ཡིས་བརྗོད་ཅེས་དངོས་སུ་མིན། །རྒྱུ་དང་འབྲས་བུར་འགྱུར་བ་ཡི། །དངོས་པོ་ལས་ནི་དེ་གཞན་མིན། །དེ་དག་ཉིད་ནི་དེ་ལྟར་བཤད། །རྒྱུ་འབྲས་ཉིད་ཀྱི་འབྲེལ་པ་ཡིན། །དེ་དག་ཀྱང་ནི་རེ་རེ་ཡིས། །བདག་ཅག་ཉིད་དུ་རྨོངས་པས་
རྟོགས། །དེས་ན་བརྡ་ཡི་ཐ་དད་ཀྱི། །དུས་ཀྱི་ཁྱད་པར་འདོད་པ་ཡིན། །ཡང་དག་པར་ནི་གཅིག་པུ་ཉིད། །འབྲེལ་པ་འདིར་ནི་ཡོད་རིགས་མིན། །ཐ་དད་དོན་རྣམས་མ་འདྲེས་ཕྱིར། །འབྲེལ་མེད་ཐ་མི་དད་ལ་ཡང་། །གཞན་གྱི་གཞུང་ལུགས་མ་ཤེས་པས། །མི་རེ་རེ་ལ་
བརྡ་རེ་འམ། །ཡང་ན་བཟླས་ནས་བརྗོད་པ་ཡིན། །ཞེས་བྱ་ལ་སོགས་གཞན་གྱིས་སྨྲས། །མིས་བྱས་ཉིད་ཕྱིར་དེ་དག་ལ། །བརྡ་འབྲེལ་ཡང་དག་པར་ཡོད་མིན། །དེ་ནི་དེ་ཡིས་གསལ་བྱས་ཕྱིར། །ཞེས་བྱ་འབྲེལ་པ་ཉིད་དུ་འགྱུར། །འདིར་ནི་བཟླས་ནས་བརྗོད་པ་སྟེ། །
གཞན་གྱིས་སོ་སོར་རྟོགས་པ་མིན། །དབང་ཕྱུག་ལ་སོགས་བཀག་ཉིད་ཕྱིར། །འབྱིན་པའི་ཐོག་མར་དེས་བྱས་མིན། །རེ་རེ་ལ་ནི་འབྲེལ་པ་གང་། །དེ་ནི་ཐ་དད་སྐད་ཅིག་གིས། །འཇིག་ཕྱིར་མཚུངས་པའི་རྟོགས་པ་ནི། །ཐ་དད་པ་ལའང་འགལ་བ་མིན། །དེ་ཡི་ཡུལ་ཅན་

བློ་རྣམས་ནི། །རིམ་གྱིས་ཀྱང་ནི་སྐྱེ་འགྱུར་བ། །དེ་ལའང་རིམ་པ་གསལ་བར་སྨྲས། །གཞན་དུ་དེ་དག་རིམ་མེད་འགྱུར། །མང་པོ་རྣམས་ལ་ཅིག་ཅར་དུ། །བརྡ་བྱེད་པར་ནི་ཡོད་པ་ན། །བརྡ་ནི་ཐ་དད་པར་འདོད་མིན། །སྔོ་སོགས་སྐད་ཅིག་མ་བཞིན་ནོ། །སྨྲ་བ་པོ་ཡི་བློ་མི་
གནས། །དེ་ཉིད་གཞན་ལོངས་སྤྱད་བྱ་ཡིན། །ཁྱད་པར་མེད་ཕྱིར་མི་འཐད་དོ། །སྔ་མའི་དངོས་ནི་མ་སྤངས་ཤིང་། །ཁྱད་པར་མ་བྱུང་བ་ཡོད་ནའང་། །ཁྱེད་ཀྱི་གཞན་གྱི་རྣ་བ་ནི། །ལོངས་མི་སྤྱོད་པར་ཇི་ལྟར་འགྱུར། །རྟག་ཉིད་ཕྱིར་དང་ལྟོས་མེད་ཕྱིར། །ཆོས་དང་ཆོས་མིན་དབང་བྱས་
པ། །གཏན་དུ་ནམ་མཁའ་རྣ་བ་ནི། །ཐམས་ཅད་ལོངས་སྤྱོད་མིན་པར་ཐལ། །ནམ་མཁའ་ལ་ནི་ནམ་དུ་ཡང་། །ཆོས་མིན་ཆོས་ཀྱིས་ཕན་མི་འདོགས། །རྟག་པ་ཉིད་ཕྱིར་བྱ་བ་མིན། །འདི་ལ་དབང་བྱས་འདི་ཅི་ཞིག །སྔགས་དང་སྨན་སོགས་ནུས་པ་ཡིན། །ཡང་ལོངས་
སྤྱད་བྱར་ཇི་ལྟར་འགྱུར། །རྟག་པ་ཉིད་ཕྱིར་དེ་དག་ལས། །དེ་ནི་ཁྱད་པར་ཐོབ་འགྱུར་མིན། །གལ་ཏེ་རྟེན་མིན་རྟག་ཡིན་ན། །སྐད་ཅིག་མི་རྟག་ཡིན་ཞེ་ན། །དེ་ཚེ་བདག་ལ་བོགས་མེད་པས། །འོན་པ་ལ་སོགས་མི་འཐད་དོ། །དེ་ལ་བོགས་ནི་ཡོད་བློ་སྟེ། །ནམ་མཁའ་ལ་ནི་དེ་ཡོད་
མིན། །རྟེན་དང་འབྲེལ་པ་ཡོད་མིན་ཏེ། །རྟག་ཉིད་ཡིན་པས་ལྟོས་མེད་ཕྱིར། །དེས་ན་དེ་ཡི་སྒོ་ནས་ཀྱང་། །འདིར་ནི་འོན་པ་སོགས་མི་འཐད། །ནམ་མཁའ་ཆ་ཤས་མེད་ཡིན་ལ། །རྟག་པ་ཉིད་ཀྱིས་འདི་མཚུངས་ཡིན། །ཡུལ་དེར་གནས་པར་འགྱུར་ཡང་ནི། །གལ་
ཏེ་དེ་ཡང་སྐད་ཅིག་མ། །ཉིད་མིན་ན་ནི་དབང་ལས་ནི། །བཏོན་པར་རིགས་པ་མ་ཡིན་ནོ། །དེ་ལ་ཕྱིས་ཀྱང་ཕུལ་བྱུང་ནི། །ཅི་ཞིག་སྐྱེ་བར་འགྱུར་བ་ཡིན། །གང་གིས་དབང་ལས་བཏོན་པ་ནི། །དེས་སླར་ལོངས་སྤྱོད་ཐོབ་འགྱུར་མིན། །གང་ཚེ་རྣ་བ་དང་སྒྲ་ནི། །ལེགས་བྱས་དེ་ལྟར་འཐད་
མིན་ཏེ། །ཐ་དད་ཐ་མི་དད་རྟོགས་པས། །ལེགས་པར་བྱ་བ་མི་འཐད་ཕྱིར། །ལེགས་པར་བྱས་པ་ཐ་དད་ན། །རྣ་བ་སྒྲ་ལེགས་བྱས་མི་འགྱུར། །དེ་དག་དང་ནི་ལེགས་བྱས་ལ། །འབྲེལ་པ་ཅུང་ཟད་ཀྱང་ཡོད་མིན། །ཐ་དད་པ་ལ་འབྲེལ་པ་ནི། །རྒྱུ་འབྲས་ཉིད་དུ་འགྱུར་བ་ཡིན། །དེ་ཡོད་

ན་ནི་འདི་རྟག་ཏུ། །འབྱུང་འགྱུར་རྒྱུ་རྟག་གནས་པའི་ཕྱིར། །ཐ་མི་དད་པའི་ཕྱོགས་ལ་ཡང་། །དེ་འདྲར་འདི་ཡང་རྟག་པར་འགྱུར། །དེ་ཡང་བྱ་བར་འདོད་པ་མིན། །དེ་ལས་ཤེས་པ་རྟག་ཐལ་འགྱུར། །དེ་ཕྱིར་རླུང་ལ་སོགས་པ་ལ། །ནུས་པ་ངེས་པ་
འཐད་མིན་ཏེ། །བྱ་བ་ཡི་ནི་ཡུལ་མེད་པས། །ནུས་པ་དང་ནི་མི་ལྡན་ཕྱིར། །དེས་ན་མངོན་གསལ་སྦྱོར་མེད་པས། །བཟུང་བ་སྐྱེད་པར་མི་འཁྲུལ་པ། །སྒྲ་ཡི་ཤེས་པ་འདི་འབྲས་འགྱུར། །བུམ་སོགས་གསལ་བའི་བློ་བཞིན་ནོ། །དེ་ཕྱིར་རྩོལ་དང་བརྗོད་འདོད་པས། །སྐྱེད་དང་
མངོན་པར་གསལ་བ་ནི། །ནུས་པའི་བྱེ་བྲག་ཐམས་ཅད་དུ། །འབྲས་བུའི་དོན་གྱིས་མཚུངས་ངེས་འགྱུར། །ནམ་མཁའི་ཆ་ཉིད་སུན་དབྱུང་བར། །རིག་པ་འགའ་ཞིག་ཇི་སྙེད་པ། །ཕྱོགས་ཆ་ལ་ཡང་མ་ལུས་པར། །དེ་ནི་མཁས་པས་ཤེས་པར་བྱ། །ཡུལ་ཡང་ལེགས་
པར་བྱེད་པ་ན། །དེ་ཡིས་གཅིག་ལ་ལེགས་བྱས་མིན། །སྤངས་ཉིད་ཕྱིར་དང་ནུས་ངེས་ཕྱིར། །དེས་ན་ཡུལ་ལེགས་བྱས་པ་མིན། །ཤེས་པ་སྐྱེད་རུང་ཉིད་མིན་ན། །ཀུན་གྱིས་སྒྲ་འདི་ཐམས་ཅད་དུ། །ནམ་ཡང་རྟོགས་པར་མི་འགྱུར་ཏེ། །དེ་ཤེས་པ་ལ་མི་མཁོའི་ཕྱིར། །ཤེས་
པ་སྐྱེད་པར་ནུས་ཡིན་ན། །ཤེས་རྒྱུ་ཉིད་དུ་གནས་པའི་ཕྱིར། །ཀུན་གྱིས་སྒྲ་འདི་ཡུལ་ཀུན་དང་། །དུས་ཀུན་དུ་ནི་རྟོགས་པར་འགྱུར། །དེ་ནི་ནུས་སམ་མི་ནུས་པ། །རང་བཞིན་གྱིས་གཅིག་བདག་ཉིད་གནས། །འགལ་བ་འམ་ནི་ལྷན་ཅིག་བྱེད། །སུ་ཞིག་གིས་དོན་འཇིག་བྱེད་
ནུས། །འགའ་ཞིག་ལ་ནི་ཤེས་སྐྱེད་པར། །རུང་བ་ཉིད་དུ་འདི་འགྱུར་ཏེ། །དེ་ཕྱིར་སྐྱེད་པར་འགྱུར་བ་ན། །འདི་ནི་ཀུན་གྱིས་རྟོགས་འགྱུར་མིན། །འོན་ཀྱང་ངག་ལ་ཉེར་གནས་པ། །སྒྲ་ཙམ་གྱིས་གང་ལེགས་བྱས་འགྱུར། །དེ་རྣམས་ཉིད་ཀྱིས་སྒྲ་ཐོས་ལ། །རིང་ན་གནས་
པས་ཇི་ལྟར་མིན། །ཉེ་བར་གནས་པའང་ལེགས་བྱས་ནི། །རྒྱུ་རུ་ཡོངས་སུ་བརྟག་པ་ཡིན། །རིང་དུ་གནས་ནའང་དེ་དག་ལ། །ལེགས་པར་བྱས་ལའང་མཚུངས་པ་ཡིན། །གལ་ཏེ་སྒྲ་ཙམ་རྣམས་ལ་ནི། །ཁྱད་པར་ལེགས་བྱས་སྐྱེས་རྟོགས་ན། །དེ་ཚེ་སྒྲ་ནི་སྐྱེད་པ་རུ། །སུས་

ཀྱང་སྤོང་བར་བྱེད་ནུས་མིན། །སྒྲ་ལས་ཁྱད་པར་ཅན་ལེགས་བྱས། །དེ་ཐ་མི་དད་ཅན་ཡིན་ཏེ། །སྒྲ་ཤེས་བྱ་ཉིད་མི་འགྱུར་ཕྱིར། །དེས་ན་སྒྲ་ཡང་སྐྱེ་བར་འགྱུར། །ལན་ཅིག་སྒྲ་ནི་ལེགས་བྱས་ནས། །བདག་ནི་དེ་ནི་ནམ་དུ་ཡང་། །སྤོང་བར་བྱེད་མིན་མི་རྟག་པར། །ཐལ་འགྱུར་
ཕྱིར་ཏེ་རྟག་དམིགས་འགྱུར། །གཉིས་ཀ་ལེགས་བྱས་ཕྱོགས་ལ་ཡང་། །ཉེས་པ་གཉིས་ཚིག་བདེན་པ་ཡིན། །གང་ཕྱིར་གང་རུང་མ་ཚང་མེད། །སྔ་མའི་རང་བཞིན་རྗེས་འཇུག་ཕྱིར། །འདི་ལྟར་སྔར་ནི་གསལ་བྱེད་ཀྱིས། །རྣ་བའི་ཡི་གེ་ལེགས་བྱས་གང་། །དེ་དག་འཇིག་མིན་
འཕོ་ཐོབ་ཕྱིར། །དེས་ན་ཀུན་གྱིས་ཀུན་ཐོས་འགྱུར། །སྐྱེས་བུ་འགའ་ལ་ཐོས་རུང་བར། །རྣ་བ་ཡིག་ལེགས་བྱས་ཤེ་ན། །དེ་ཚེ་ཡིག་གཞན་རྟོགས་པ་པོས། །རྣ་བ་ལས་བྱུང་ཤེས་འགྱུར་མིན། །དེ་རིག་མི་ཡི་རྣམ་ཤེས་ནི། །རུང་བར་ལེགས་པར་བྱས་ཤེ་ན། །དེ་དག་ཉིད་ཀྱི་རྗེས་འཇུག་
ན། །དེ་དག་ཀྱང་ནི་ཐོས་པར་འགྱུར། །ལྡོག་ན་ཁྱེད་ལ་ཡིག་རྣ་བ། །འདི་དག་གཞན་ཐོབ་ཅིས་མི་འགྱུར། །དེས་ན་དེ་དག་རྣམས་ལ་ནི། །རྟག་པ་ཉིད་འདོད་རྒྱུ་མཚན་མེད། །གང་ཕྱིར་གཟུགས་བརྙན་བློ་ཀུན་ནི། །དམིགས་པ་མེད་པར་གནས་པས་ན། །ཆུ་ལ་སོགས་པར་
ཉི་མ་འོད། །གཅིག་ནི་དུ་མར་སྣང་བ་མིན། །ཅི་ཕྱིར་ཁྱེད་ཀྱི་ཕྱོགས་ལ་ཡང་། །བློ་རྣམས་རྣམ་པ་མེད་པར་གནས། །ཕྱི་རོལ་དོན་ནི་རྣམ་པ་དང་། །ལྡན་པ་ཞེས་ནི་ཁས་བླངས་ཡིན། །གཟུགས་བརྙན་དེ་ཡང་ཆུ་ཡི་ནི། །ནང་དུ་སྣང་བར་འགྱུར་བ་ཡིན། །ནམ་མཁའི་དཀྱིལ་
ན་སྣང་བ་ཡི། །ཉི་མ་དེ་ལྟར་གནས་མིན་ན། །དེ་ནི་ཅི་ཕྱིར་དེ་ལྟར་སྣང་། །འཁྲུལ་པས་ཤེ་ན་དེ་ཉིད་ཀྱིས། །དེ་ནི་གསལ་བར་དམིགས་མེད་དེ། །དེ་ཡི་ངོ་བོའི་དོན་མེད་ཕྱིར། །དེ་ཉིད་གཞན་དུ་རྟོག་ཅེ་ན། །འདི་ནི་ལེགས་པར་སྨྲས་པ་ཡིན། །འོན་ཀྱང་དེ་ཉིད་གཞན་ཡིན་
ན། །དེས་ན་ཀུན་གྱིས་ཀུན་རིག་འགྱུར། །གལ་ཏེ་ཇི་ལྟར་གནས་སྣང་ན། །དེ་ནི་རྟོགས་པར་འགྱུར་བ་ཡིན། །རྣམ་པ་གཞན་དུ་དམིགས་པ་ན། །དེ་ནི་མཐོང་བར་ཇི་ལྟར་འགྱུར། །གང་ཕྱིར་རྣམ་བཅས་ཤེས་ལ་ཡང་། །དེ་ཤེས་དོན་དང་མཐུན་པ་ཡི། །རྣམ་པ་ཡོད་པར་སྣང་བ་

དང་། །ཤེས་པ་དེ་ནི་འཛིན་པར་རིགས། །བརྒྱུད་ནས་བཀོད་པར་གྱུར་པས་ན། །འོག་ན་གནས་པ་རྟོགས་སུ་ཆུད། །གཅིག་ཉིད་ཡིན་པས་སྟེང་གནས་པ། །ཅི་སྟེ་འོག་ན་གནས་སྙམ་སེམས། །གལ་ཏེ་ཇི་ལྟར་ཉི་མ་གནས། །དེ་ལྟར་དེ་ནི་སྣང་འགྱུར་ན། །
དེ་རྟོགས་པར་ནི་བརྟག་བྱ་ཡིན། །གཞན་དུ་མིན་ཞེས་བསྟན་ཟིན་ཏོ། །ཤར་དུ་སོང་འཇུག་པ་ཡིས་ནི། །ནུབ་ཕྱོགས་སོང་འཇུག་ལ་བཀོད་པས། །གདོང་མཐོང་བ་ན་འཁྲུལ་པ་ཡིན། །ནུབ་ཕྱོགས་ལྟ་བར་རྟོགས་པ་མིན། །གཟུགས་བརྙན་ཡུལ་ཅན་རྣམ་པར་ཤེས། །
དེ་ནི་རང་བཞིན་དམིགས་མིན་ཏེ། །དེ་དང་མི་མཐུན་སྣང་བའི་ཕྱིར། །རོ་དང་སྒྲ་སོགས་སེམས་བཞིན་ནོ། །གང་ཕྱིར་མེ་ལོང་ཆུང་ངུ་ལ། །གདོང་ནི་ཆུང་ངུར་སྣང་བར་འགྱུར། །ཤིང་སོགས་ཐུར་དུ་བལྟས་ནས་ནི། །ཆུ་གང་ཞུགས་པ་འབྲེལ་གཞན་མིན། །ཉན་པ་པོ་ཡང་གཞན་
མ་ཡིན། །ངོ་བོ་གཅིག་ཏུ་ངེས་པ་ནི། །གཉིས་ཀ་ལ་ཡང་རྗེས་འཇུག་ཕྱིར། །སྨྲ་བ་པོ་ཡི་སྔར་མེད་པའི། །འབྲེལ་པ་ཉན་པོས་ཇི་ལྟར་རྟོགས། །དེ་ཡིས་སྔོན་དུ་གང་དམིགས་པ། །དེ་ཉིད་དེ་ཡིས་བྱས་པ་ཡིན། །གང་ཕྱིར་རྣམ་པ་གཅིག་རྟོགས་པའི། །བློ་ནི་དེ་ལ་འཇུག་
པ་མིན། །དེ་ཕྱིར་སྒྲ་སོགས་ཐ་དད་ཀྱང་། །གཅིག་པུ་ཉིད་དུ་དེ་ངེས་ཡིན། །བུམ་པ་སོགས་ཀྱི་སྤྱི་ཡང་ནི། །སྔར་ཉིད་གསལ་བར་བྱས་ཟིན་ཏོ། །འབྱུང་པོའི་མགུལ་ཆིངས་ལྟ་བུ་ནི། །སྤྱི་འགའ་ཞིག་ནི་སྣང་མི་འགྱུར། །འདི་ལ་སྤྱི་ཡིས་ཆུ་འཛིན་སོགས། །ནུས་པ་
གྲུབ་པ་མ་ཡིན་ནོ། །གལ་ཏེ་སྤྱི་དང་དབྱེར་མེད་ན། །དེ་དག་ཀྱང་ནི་རྟག་ཉིད་འགྱུར། །ཐ་དད་འབྲེལ་མེད་སྐྱོན་ཡིན་ཏེ། །དེ་ལས་བྱུང་ན་མི་རྟག་འགྱུར། །དེ་ཕྱིར་སྤྱི་ལས་ཆུ་འཛིན་སོགས། །ནུས་པ་ཡོད་པར་རིགས་པ་མིན། །བུམ་སོགས་ལ་ནུས་ཐ་དད་ནའང་། །ཉེས་པ་
འདི་དག་ཉེས་པར་འགྱུར། །ཆུ་འཛིན་ལ་སོགས་དེའི་འབྲས་བུ། །རྟག་པ་ཁོ་ནར་ཐལ་བར་འགྱུར། །ནུས་པ་ཉིད་ནི་འབྲེལ་ཡིན་པས། །འདི་ཐ་དད་མི་འདོད་ཅེ་ན། །ནུས་ལས་དབྱེ་བ་མེད་པའི་ཕྱིར། །སྒྲ་དང་དོན་དག་གཅིག་ཉིད་འགྱུར། །ཐ་དད་ན་ཡང་དེ་ལ་ནི། །དེ་དག་དང་

འབྲེལ་འགའ་ཡང་མེད། །དེ་ལས་བྱུང་ན་དེ་ཉིད་མིན། །དངོས་ལས་གཞན་དུ་འགྲོ་ས་མེད། །གང་ཕྱིར་འབྲེལ་པ་ཅི་འདྲ་བ། །དེ་འདྲ་ཡོད་པར་གསལ་བྱས་པས། །དེ་ཕྱིར་འབྲེལ་པ་བརྗོད་དུས་སུ། །བ་ལང་སོགས་སྒྲ་བརྗོད་པ་ན། །འགའ་ཞིག་གིས་ནི་འབྲེལ་པའི་བློ། །དོན་
རྟོགས་གཞན་གྱིས་དེ་བཞིན་མིན། །དངོས་ཀྱི་འབྲེལ་པ་ཡོད་པ་ན། །ཀུན་གྱི་དོན་ནི་རྟོགས་པར་འགྱུར། །རྟག་པའི་ནུས་པ་ཁོ་ན་ཡི། །འབྲེལ་པ་རུ་ནི་ཁྱེད་ཀྱིས་འདོད། །དེ་ཡང་ཚད་མེད་ལ་ངེས་པར། །དོན་རྟོགས་སྐྱེད་དམ་ཡང་ན་ནི། །ངེས་པར་ཚད་མེད་པ་སྐྱེད་ན། །ཅི་
ཕྱིར་ཀུན་གྱིས་དོན་མ་རྟོགས། །ཚད་བཅས་སྐྱེད་ནའང་རྒྱུ་མཚན་ཅི། །ངོ་བོ་ཉིད་ཀྱིས་དེ་ལྟ་བུར། །རང་བཞིན་ཞེ་ན་བརྡ་བཟུང་བའི། །སྔོན་དུའམ་དེ་ནི་བརྗོད་ན་ཡང་། །རྟོགས་པ་པོ་ནི་གཅིག་ཉིད་ལ། །ཅི་ཕྱིར་རྣམ་ཤེས་འཇུག་པ་མིན། །དེ་ཤེས་སྐྱེད་པའི་ངེས་པ་ཅན། །དེ་ནི་
ནུས་པ་གནས་ཕྱིར་རོ། །འོན་ཏེ་ནུས་པ་རྟོགས་བྱས་ཉིད། །དེ་ལ་སྐྱེད་པར་ངེས་བརྟགས་ན། །རྟོགས་པར་བྱས་དང་མ་བྱས་དང་། །ཐ་དད་ཅེ་ན་རྟག་ཉིད་ཉམས། །གཅིག་ཉིད་ན་ནི་རྒྱུ་མཚན་ཅིས། །རྣམ་པར་དབྱེ་བ་འདི་བརྗོད་ཡིན། །གཞན་ཡང་ཐབས་གང་ཞིག་གིས་ནི། །ནུས་པ་
ཤེས་པར་འདོད་པ་ཡིན། །དོན་གྱིས་གོ་བས་ཤེས་ཤེ་ན། །གང་ཕྱིར་རིགས་པ་འདི་ལྟར་གནས། །མངོན་སུམ་གྱི་ནི་སྒྲ་དང་ནི། །རྒན་རབས་བརྗོད་བྱ་མཐོང་བ་ཡིན། །ཉན་པ་པོ་ལ་རྟོགས་པ་ཉིད། །བྱ་བས་རྗེས་སུ་དཔག་ནས་ཤེས། །དེ་ལ་བརྟན་པའི་ནུས་པ་ནི། །གཞན་དུ་མི་
འཐད་པ་ཡིས་རྟོགས། །དོན་གྱིས་གོ་བས་རྟོགས་འགྱུར་ཏེ། །ཚད་མ་གསུམ་ཅན་འབྲེལ་པའོ། །གཞན་དུ་འཐད་པ་ཁོ་ནའི་ཕྱིར། །ནུས་པ་རྟོགས་པར་མི་ནུས་ཏེ། །གང་ཕྱིར་བརྡ་ལས་བྱུང་སྒྲ་ཡིས། །དོན་རྟོགས་འཁྲུལ་པ་མེད་པ་ཡིན། །ནུས་པ་རྟག་ཉིད་ཕྱོགས་ལ་ནི། །བརྡ་
སོགས་ཅུང་ཟད་ལ་ལྟོས་མེད། །དེས་ན་སྒྲ་དོན་གྱིས་རྟོགས་པ། །རྟག་ཏུ་འབྱུང་བར་འགྱུར་བ་ཡིན། །བར