Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 191
Văn bản gốc(Tây Tạng)
Trang 17 / 25 (50.000 ký tự/trang)
་བུ་དང་འབྲེལ་པ་མེད་པའི་ཕྱིར། བྱས་པ་ཆུད་ཟོས་པ་དང་བྱེད་པ་པོ་མ་ཡིན་པ་འབྲས་བུ་དང་ལྡན་པའི་ཕྱིར་མ་བྱས་པ་དང་ཕྲད་པར་འགྱུར་རོ། །ཤིན་ཏུ་འགལ་བར་ཐལ་བར་འགྱུར། ། ཞེས་བྱ་བ་ནི་དེ་ལྟ་བུ་ནི་འཇིག་རྟེན་དང་བསྟན་བཅོས་དག་ཏུ་མ་མཐོང་བའི་ཕྱིར་རོ་སྙམ་དུ་བསམས་པའོ། །དེ་ལྟར་རེ་ཞིག་འཇུག་པ་ཁས་བླངས་ནས་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པར་ཐལ་བར་འགྱུར་བ་བརྗོད་ནས། ད་ནི་གཞོན་ནུ་མ་ལེན་གྱི་ལུགས་བཀོད་པའི་སྒོ་ནས་ འཇུག་པ་ཉིད་མི་སྲིད་དོ་ཞེས་བྱ་བ་ནི། བདག་མེད་སྨྲ་བའི་ཕྱོགས་ལ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཐམས་ཅད་སྐད་ཅིག་མ་ཉིད་དུ་ཁས་བླངས་པ་ན་བདག་མེད་པ་ཉིད་ཁས་བླངས་པར་འགྱུར་ཏེ། རྒྱུའི་གཞན་གྱི་དབང་ཉིད་ཀྱིས་ཐམས་ཅད་རང་དབང་མ་ཡིན་པའི་ཕྱིར་རོ། ། དེ་ལྟ་ཡིན་ན་རྟོག་པ་དང་ལྡན་པར་བྱ་བ་ལ་འཇུག་པའི་དང་པོ་ཉིད་དུ་སྟེ། སྔར་རྟོགས་ཏེ་ངེས་པར་འཛིན་པར་བྱེད་དོ། །དེ་ཅི་ཞིག་ཅེ་ན་ཁོ་བོ་ཞིག་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཞིག་པས་ཕྱིས་བདག་གི་འབྲས་བུ་མེད་དེ། འབྲས་བུ་སྐྱེ་བའི་དུས་སུ་བདག་མེད་པའི་ཕྱིར་རོ། །ཅི་སྟེ་ ཡང་འབྲས་བུ་ཡོད་ན་དེའི་ཚེ་ཁོ་བོ་ལས་སྐད་ཅིག་གཞན་ལ་ཡོད་དོ་སྙམ་དུ་སེམས་ན། རྟོགས་པ་དང་ལྡན་པ་འཇུག་པ་ཉིད་དུ་ཡང་མི་འགྱུར་ན། འཇུག་པ་སྔོན་དུ་འགྲོ་བ་ཅན་གྱི་ལས་ཀྱིས་བསྐྱེད་པའི་འབྲས་བུ་འབྱུང་བ་ལྟ་ཅི་སྨོས་ཏེ། དེ་ནི་མི་སྲིད་པ་ཉིད་ཀྱི་རིང་བ་ཉིད་ཀྱིས་གནས་པའི་ཕྱིར་རོ། །དེ་ལྟར་ ལས་དང་འབྲས་བུའི་འབྲེལ་པ་མི་འཐད་དོ་ཞེས་བསྟན་ནས། ད་ནི་གཞོན་ནུ་མ་ལེན་གྱི་ལུགས་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་པ་ཉིད་དུ་བསྟན་པའི་ཕྱིར། དངོས་རྣམས་བྱ་བ་བྱེད་ནུས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྲིད་ཀྱི་ཞེས་བྱ་བ་ནི་སྐྱེས་ནས་དུས་ཇི་སྲིད་དུ་འབྲས་བུ་འགྲུབ་པར་ བྱེད་པའི་དུས་དེ་སྲིད་དུ་མི་གནས་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །མ་འོངས་པ་མིན་ཞེས་བྱ་བ་ལ་སོགས་པ་གོ་རིམས་བཞིན་དུ་བསྒྲུབ་པའི་ཕྱིར་རོ། །བདག་ཉིད་མ་ཐོབ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་འོངས་པའི་ཞེས་བྱ་བ་ནི་བདག་གི་དེ་ཉིད་མ་ཐོབ་པ་གང་ཡིན་པ་ལ་ བརྗོད་ལ། གང་ཡང་བདག་གི་དེ་ཉིད་མ་ཐོབ་པ་དེ་ཡང་མེད་པ་ཡིན་ལ། མེད་པ་གང་ཡིན་པ་དེ་ཡང་ནུས་པ་མ་ལུས་པས་སྟོང་པ་ཡིན་ནོ། །གང་ནུས་པ་མ་ལུས་པ་དང་བྲལ་བ་དེ་ཇི་ལྟར་གཞན་གྱི་ཡན་ལག་ཏུ་རྟོགས་པར་བྱེད་དེ། གཞན་ལ་རྒྱུ་ཡི་དངོས་པོར་འགྱུར། །ཞེས་བྱ་བའི་དོན་ཏོ། །ནུས་པ་ཁོ་ན་རྒྱུའི་ དངོས་པོས་ངེས་པའི་ཕྱིར་རོ། །དེ་བཞིན་དུ་ཞིག་པ་ཡང་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར། གཞན་གྱི་ཡན་ལག་ཏུ་བརྟག་མིན། །ཞེས་འབྲེལ་ཏེ། གང་འབྲས་བུ་བྱ་བ་དང་འབྲས་བུ་བྱེད་པར་ནུས་པར་འགྱུར་བ་ད་ལྟར་ཡང་གནས་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་སྐད་ཅིག་སྔ་མ་རྗེས་སུ་འགྲོ་བ་མེད་པར་ འཇིག་པར་འགྱུར་རོ་ཞེས་རྟོག་པར་བྱེད་ན་དེའི་ཚེ་རྒྱུ་མཚན་མེད་པའི་ཕྱིར་ཕྱིས་ཀྱི་སྐད་ཅིག་སྐྱེ་བར་མི་འགྱུར་རོ། །འདི་སྙམ་དུ་དཔེར་ན་སྲང་མདའི་མཐོན་དམན་དང་མཚུངས་པ་ཡིན་པ་དེ་བཞིན་དུ་རྒྱུ་དང་འབྲས་བུ་དག་གི་འཇིག་པ་དང་སྐྱེ་བ་དག་ཀྱང་འདོད་དེ། དེའི་ཕྱིར་ད་ལྟར་བྱུང་བ་མ་ཞིག་པ་ཉིད་ལས་འབྲས་བུ་སྐྱེ་བར་ འདོད་པའི་ཕྱིར། དེ་རྒྱུ་མཚན་མེད་པར་སྐྱེ་བར་མི་འགྱུར་རོ་སྙམ་དུ་སེམས་ན། སྐྱེ་དང་འཇིག་པ་དུས་མཚུངས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་དང་འཇིག་པ་དག་དུས་མཚུངས་ན་ཡང་སྟེ་འདྲ་བར་རྟོག་ན་ཡང་འཇིག་པ་དང་སྐྱེ་བ་དག་གམ། དེ་དང་ལྡན་པ་རྒྱུ་དང་འབྲས་བུ་ཉིད་དུ་ཡོད་པ་སྟེ་སྲིད་པ་མ་ཡིན་ ཏེ། དེ་དག་ནི་ཕན་ཚུན་ལྟོས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ལྟོས་པ་མེད་ཅེ་ན། །དེ་ཡི་བྱ་བ་མི་འཛིན་ཕྱིར། །ཞེས་བྱ་བ་སྨོས་ཏེ། དེའི་སྟེ་འཇིག་པའམ། དེ་དང་ལྡན་པའི་བྱ་བས་འབྲས་བུ་མི་འཛིན་པའི་ཕྱིར་ཏེ་མ་བཟུང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འཛིན་པ་ནི་ངོ་བོ་མེད་པའི་ཕྱིར་ཏེ་བྱ་བ་མེད་དོ། ། རྒྱུར་མངོན་པར་འདོད་པའི་དངོས་པོ་ནི་འབྲས་བུ་ཡོད་པའི་དུས་སུ་ཉེ་བ་མ་ཡིན་པའི་ཕྱིར་བྱ་བ་མེད་དོ་ཞེས་བྱ་བར་བསམས་པའོ། །འདི་སྙམ་དུ་བྱ་བ་མེད་ན་ཡང་དེ་མ་ཐག་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་རོ་སྙམ་དུ་སེམས་ན། བུམ་པའི་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གང་ཞིག་གང་ གི་དེ་མ་ཐག་ཏུ་སྐྱེ་བ་དེ་དེའི་འབྲས་བུ་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་བུམ་པ་ལ་སོགས་པར་རྟོགས་པའི་གཟུགས་ཀྱི་སྐད་ཅིག་གི་དེ་མ་ཐག་ཏུ་རིགས་འདྲ་བའི་གཟུགས་ཀྱི་སྐད་ཅིག་བཞིན་དུ་ཚོགས་པ་དེའི་ཁོངས་སུ་གཏོགས་པ་ཉིད་ཀྱི་དྲི་ལ་སོགས་པ་སྐྱེ་བའི་ཕྱིར་དེ་ཡང་དེའི་འབྲས་བུར་འགྱུར་རོ། །དེ་མ་ཐག་ཡིན་ན་ ཡང་དེའི་འབྲས་བུར་མི་འདོད་དེ། རྒྱུ་ཐ་དད་པའི་ཕྱིར་འབྲས་བུ་རྣམས་ཇི་ལྟ་བ་བཞིན་དུ་འབྱུང་བ་ལས་གྱུར་པ་རྣམས་ནི་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་ཡང་ཡོད་པ་མ་ཡིན་ནོ་ཞེས་གཞན་དག་སེམས་སོ། །གཟུགས་གཞན་ལ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི་རིགས་འདྲ་བའི་གཟུགས་ཀྱི་སྐད་ཅིག་ གཞན་ནི་གཟུགས་ཀྱི་དེ་མ་ཐག་པ་ཙམ་གྱིས་དེའི་འབྲས་བུ་ཉིད་དུ་གཟུང་བར་བྱ་བ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་དུ་འོང་བས་སོ་སྙམ་དུ་བསམས་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དེ་མ་ཐག་པ་ཙམ་རྒྱུ་དང་འབྲས་བུའི་དངོས་པོའི་རྣམ་པར་གཞག་པའི་རྒྱུ་མཚན་དུ་རིགས་པ་མ་ཡིན་ནོ་ཞེས་ བསྟན་ནས། རང་གི་ཕྱོགས་ཉེ་བར་བསྡུས་པའི་སྒོ་ནས་སྟོན་པ་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །མཇུག་ཐོགས་འབྱུང་བ་ཙམ་མ་ཡིན་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུར་རྣམ་པར་གཞག་པའི་རྒྱུ་མཚན་ཞེས་བྱ་བ་ལྷག་མའོ། །ཇི་སྐད་དུ་བཤད་པའི་དོན་ཉིད་མདོར་བསྡུས་ཏེ་བསྟན་པའི་ཕྱིར། འདི་ནི་མདོར་ བསྡུས་པ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་རྟོག་པ་གཉིས་ཏེ། རྒྱུ་ཞིག་པ་ལས་འབྲས་བུ་འབྱུང་ངམ། མ་ཞིག་པ་ལས་འབྱུང་། ཞིག་པ་དང་མ་ཞིག་པ་ལས་མ་གཏོགས་པའི་དངོས་པོ་མེད་པའི་ཕྱིར་རོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཞིག་པ་ནི་མེད་པ་ཉིད་ཀྱིས་དེ་ལས་སྐྱེ་བར་ཁས་ལེན་ པ་ན། འབྲས་བུ་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་རོ། །གཉིས་པ་ཡང་ཡོད་པ་མ་ཡིན་ཏེ། སྐད་ཅིག་མ་དུ་མར་གནས་པ་ཉིད་ཀྱིས་དངོས་པོ་རྣམས་སྐད་ཅིག་མ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཉམས་པར་འགྱུར་བ་ མིན། །ཞེས་བྱ་བ་ནི་ཉམས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རེ་ཞིག་དང་པོར་དངོས་པོ་སྐྱེའོ། དེ་ནས་བྱ་བ་ལ་འཇུག་གོ། །དེ་ལས་འབྲས་བུ་བསྐྱེད་ནས་ཕྱིས་འཇིག་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་དངོས་པོ་གཅིག་ལ་སྐད་ཅིག་མ་དུ་མ་ཡོད་པའི་ཕྱིར་སྐད་ཅིག་མ་ཉམས་པར་འགྱུར་རོ། །དེ་ལྟར་རྒྱུ་དང་འབྲས་ བུའི་དངོས་པོ་མི་འཐད་པར་བསྟན་ནས་དེའི་རྟོག་པ་པོའི་ཚད་མ་མི་འཐད་པར་བསྟན་པའི་ཕྱིར། སྐད་ཅིག་གནས་པའི་བུམ་པ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་སྒྲུབ་པར་བྱེད་པ་ནི་མངོན་སུམ་དང་མི་དམིགས་པ་ཡིན་ལ། དངོས་པོ་རྣམས་སྐད་ཅིག་མ་ཉིད་ཡིན་ན་རང་གི་ཤེས་ པའི་དུས་སུ་ཡང་མི་གནས་པའི་ཕྱིར་དངོས་པོ་དེ་མངོན་སུམ་ཡིན་པ་ཁོ་ན་སྟེ་རྒྱུ་དང་འབྲས་བུའི་དངོས་པོ་དུས་མཚུངས་པ་མི་འཐད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་མངོན་སུམ་དང་མི་དམིགས་པ་དག་མེད་པ་ཁོ་ནའོ། །གཞན་དང་མ་འདྲེས་པའི་དངོས་པོ་ལ་དམིགས་པའི་བདག་ཉིད་ཀྱི་ངོ་བོ་ཉིད་ཡིན་པ་ཉིད་ཀྱིས་ངོ་བོ་ཡིན་པ་ ཡང་མངོན་སུམ་གྱི་བྱེ་བྲག་གིས་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་དམིགས་པ་མེད་ན་དེ་ཡང་མི་འཐད་པའི་ཕྱིར། ཇི་ལྟར་མངོན་སུམ་དང་མི་དམིགས་པ་རྒྱུ་དང་འབྲས་བུའི་དངོས་པོའི་སྒྲུབ་བྱེད་དུ་འགྱུར། དངོས་པོ་དམིགས་པ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་སྐད་ཅིག་སྔ་མ་དང་ཕྱི་མ་དག་ མཚམས་སྦྱོར་བ་གཅིག་པ་ནི་འགའ་ཡང་མེད་པའི་ཕྱིར་འབྲེལ་པ་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། རྣམ་པར་འཇིག་པའི་བྱེད་པ་སུས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ནི་དམིགས་པའོ། །འདི་ནི་རིམ་པ་དང་ལྡན་པ་ཡང་ཡིན་ལ་ཤེས་པ་ཡང་ཡིན་པས་རིམ་ལྡན་ཤེས་པའོ། ། དེ་དག་སུས་མཚམས་སྦྱོར་བར་བྱེད་དེ། སྦྱོར་བར་བྱེད་པ་དེ་སུས་ཀྱང་མ་ཡིན་ནོ། །གལ་ཏེ་ལ་ལ་མེ་འདི་དམིགས་པས་དུ་བ་ལ་སོགས་པ་འདི་དམིགས་ལ། འདི་མ་དམིགས་ན་མི་དམིགས་སོ་ཞེས་བྱ་བ་དེ་ལྟ་བུའི་རིམ་པ་དང་ལྡན་པའི་ཤེས་པ་ལ་བྱེད་པོ་གཅིག་གིས་མཚམས་སྦྱོར་བར་འགྱུར་ན། དེའི་ཚེ་རྒྱུ་དང་ འབྲས་བུའི་དངོས་པོ་གྲུབ་ན་ཁྱེད་ཀྱི་ལུགས་ཀྱིས་མཚམས་སྦྱོར་བ་པོ་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་འགྲུབ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་ངོ་ཤེས་པ་མི་འཐད་པར་བསྟན་པའི་ཕྱིར། སྐད་ཅིག་གིས་འཇིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ངས་སྔོན་མཐོང་བའི་ དོན་གང་ཡིན་པ་དེ་ཉིད་ད་ལྟ་མཐོང་བ་འདི་ཡིན་ནོ་སྙམ་པ་དེ་ལྟ་བུའི་སྔ་མ་དང་ཕྱི་མར་མཐོང་བ་དག་ཡུལ་གཅིག་པ་ཉིད་དང་། ཤེས་པ་པོ་གཅིག་པ་ཉིད་དུ་གོ་བ་དེ་ནི་ངོ་ཤེས་པ་ཡིན་ནོ། །དེ་ཡང་དངོས་པོ་ཐམས་ཅད་སྐད་ཅིག་མར་འཇིག་པ་ཉིད་ཡིན་ན་མི་འཐད་དེ། ཤེས་པ་པོ་དང་ཤེས་པར་བྱ་བ་གཅིག་པོ་འགའ་ཡང་ མེད་པའི་ཕྱིར་རོ། །ལྷ་སྦྱིན་གྱིས་མཐོང་བའི་དོན་ཁྱབ་འཇུག་བཤེས་གཉེན་གྱིས་ངོ་ཤེས་པ་ནི་མེད་དོ། །སྐྱེས་བུ་གཞན་གྱིས་ཞེས་སྨོས་པ་ནི་ཉེ་བར་མཚོན་པའི་དོན་དུ་སྟེ། དོན་གཞན་ངོ་ཤེས་པར་བྱེད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ཡང་བལྟ་བར་བྱའོ། །འོན་ཏེ་སྐྲ་དང་སེན་མོ་ལ་སོགས་བྲེགས་པ་ཡང་སྐྱེས་པ་རྣམས་ བཞིན་དུ་ཐ་དད་པ་ན་ཡང་འདྲ་བའི་ཕྱིར་ངོ་ཤེས་པར་འགྱུར་རོ་ཞེས་དོགས་པ་བསུ་ནས། ཤེས་པ་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་པོ་གཅིག་ཏུ་འགྱུར་ན་དེའི་ཚེ་མཚམས་སྦྱོར་བ་པོའི་དབང་གིས་ཤེས་བྱ་ཐ་དད་ན་ཡང་འདྲ་བས་བྱས་པའི་ངོ་ཤེས་པར་འགྱུར་རོ། །ཐ་དད་ན་ནི་ སྟེ་ཤེས་པ་པོ་དང་ཤེས་བྱ་གཉིས་ཐ་དད་པ་ནི་ཐ་དད་པའོ། །དེ་ལྟ་ཡིན་ན་ངོ་ཤེས་པའི་རྒྱུ་མཚན་མེད་པ་ཉིད་ཡིན་ནོ། །གཞན་ཡང་མཚམས་སྦྱོར་བ་པོའི་སྐྱེས་བུ་གཅིག་པོ་འགའ་ཡང་མེད་ན་དེའི་ཚེ། གང་འདི་མ་དུ་ལུང་གའི་འབྲས་བུ་ལ་སོགས་པའི་གཟུགས་མཐོང་བ་ན་གཟུགས་དེ་མེད་ན་མི་ འབྱུང་བའི་དྲི་དང་རོ་ལ་སོགས་པ་ལ་དྲན་པ་སྔོན་དུ་སོང་བའི་འདོད་པ་དང་ལོངས་སྤྱད་པར་བྱ་བའི་ཕྱིར་འཇུག་པ་དེར་ཇི་ལྟར་འགྱུར་ཏེ། གཞན་གྱིས་མཐོང་བ་ལ་གཞན་གྱིས་མངོན་པར་འདོད་པ་ལ་སོགས་པར་འགྱུར་བ་ནི་མ་ཡིན་ནོ། །བཅིངས་པ་དང་ཐར་པར་ཡང་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྲིད་པའི་བཙོན་ རར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་ལ་སོགས་པས་བཅིངས་པའི་སྐད་ཅིག་ཀྱང་གཞན་ཡིན་ལ་གྲོལ་བ་ཡང་གཞན་ཡིན་ནོ་ཞེས་བྱ་བ་འདི་རྟོགས་པ་མ་ཡིན་ཏེ་སྲིད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྲིད་པའི་བཙོན་ར་ཞེས་བྱ་བ་ལ། སྲིད་པ་ནི་འཁོར་བའོ། །དེ་ཉིད་བཙོན་ར་སྟེ། འཆིང་བ་ནི་ བཙོན་དོང་ངོ་། །ཐར་པ་དོན་དུ་གཉེར་བའི་འབད་པ་ཡང་དོན་མེད་པ་ཡིན་ཏེ། ཐར་པ་མེད་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། གང་ཕྱིར་བཅིངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་མ་བཅིངས་པ་ཁོ་ན་ཐར་བར་འགྱུར་མོད། དེ་ལྟ་བས་ན་འདི་ལ་འགལ་བ་ཅི་ཞིག་ཡོད་ཅེ་ན། ལྕགས་ལ་སོགས་པ་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅིངས་པ་གང་ཡིན་པ་དེ་ཉིད་གྲོལ་ལོ་ཞེས་འཇིག་རྟེན་ན་གྲགས་པ་དང་། མཐོང་བ་ཡིན་ཏེ། མ་བཅིངས་པ་གྲོལ་ལོ་ཞེས་དམ་བཅའ་བ་ནི་འཇིག་རྟེན་གྱི་གྲགས་པ་དང་མངོན་སུམ་གྱིས་གནོད་པ་ཡིན་པའི་ཕྱིར། དམ་བཅའ་བ་མངོན་སུམ་དང་གྲགས་པ་དང་འགལ་བ་ཡིན་ནོ་ སྙམ་དུ་བསམས་པ་ཡིན་ནོ། །རྗེས་སུ་དཔག་པས་གནོད་པ་ཡང་བཤད་པ་ནི། བཅིངས་པ་དང་གྲོལ་བ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་ནི་གང་བཅིངས་པ་དང་ཐར་པ་ཡིན་པ་དེ་དག་ནི་གཞི་གཅིག་ཡིན་ཏེ། འཇིག་རྟེན་པའི་བཅིངས་པ་དང་ཐར་པ་དག་བཞིན་ནོ། །རྩོད་པའི་གཞིར་གྱུར་པའི་བག་ ལ་ཉལ་དང་དེ་དང་བྲལ་བའི་མཚན་ཉིད་དེ་དག་ཀྱང་བཅིངས་པ་དང་ཐར་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་དག་ནི་ཞེས་བྱ་བ་ནི་བཅིངས་པ་དང་ཐར་པ་དག་གོ། །དེ་ལྟར་གནས་ཕྱིར་རོ་ཞེས་བྱ་བ་ནི་བཅིངས་པ་དང་ཐར་པའི་བདག་ཉིད་དུ་གནས་པའི་ཕྱིར་ཏེ། བཅིངས་པ་དང་ཐར་པའི་ངོ་བོ་ཡིན་པའི་ཕྱིར་ རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་གཞི་གཅིག་པའི་བདག་ཉིད་དུ་གྲུབ་པའི་ཕྱིར་རོ། །ཐམས་ཅད་དེ་ལས་དང་འབྲས་བུའི་འབྲེལ་པ་ལ་སོགས་པ་ཤིན་ཏུ་མཛེས་པར་གནས་ཏེ། ཤིན་ཏུ་རིགས་པ་དང་ལྡན་པར་གནས་ཞེས་བྱ་བའི་དོན་ཏེ། ཇི་སྐད་བཤད་པའི་ཉེས་པ་མེད་པའི་ཕྱིར་རོ། །རྣམ་པ་འདི་ དག་ཉིད་ཀྱིས་ནི། །ཞེས་བྱ་བ་ནི། བྱེད་པ་པོ་གཅིག་མེད་པའི་ཕྱིར་སྔར་བཤད་པའི་དྲན་པ་དང་། ངེས་པ་དང་། རང་གིས་བཅོལ་བ་ལེན་པ་ལ་སོགས་པ་མི་སྲིད་པར་རྟོགས་པར་བྱའོ། །དེ་ལ་ཡང་གཞི་ཐ་དད་པ་ཉིད་ཡིན་ན་མཐོང་བ་ལ་སོགས་པ་དང་འགལ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ནག་པས་ཉམས་ སུ་མྱོང་བ་དང་། ཐེ་ཚོམ་ཟ་བ་དང་། བཅོལ་བ་དང་། འདོད་པ་དག་ལ་བྱམས་ལྡན་གྱིས་དྲན་པ་དང་། ངེས་པ་དང་། ལེན་པ་དང་། ཚོར་ངས་དང་བྲལ་བ་ལ་སོགས་པ་སྲིད་པ་ནི་མ་ཡིན་ནོ། །འདི་ལ་བརྗོད་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། བདག་མེད་པ་ཡིན་ན་ཡང་དངོས་པོ་ རྣམས་ལ་ལས་དང་འབྲས་བུའི་འབྲེལ་པའི་རྣམ་པར་གཞག་པ་འདི་ནི་རྒྱུ་དང་འབྲས་བུ་ཉིད་དུ་རབ་ཏུ་དབྱེ་བ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པ་ན་ཡང་ཐམས་ཅད་དང་འགལ་བ་མེད་པ་ཡིན་པའི་ཕྱིར་ཅུང་ཟད་ཀྱང་ཉམས་པ་མེད་དོ། །འདི་སྙམ་དུ་བདག་མེད་ན་ཡང་རྒྱུ་དང་འབྲས་བུའི་ངེས་པ་དེ་ཉིད་མི་འཐད་ དེ་སྙམ་དུ་དོགས་པ་ལ། མྱུ་གུ་སོགས་ལ་ས་བོན་སོགས། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བྱིན་གྱིས་རློབ་པ་པོའི་བདག་མེད་ན་ཡང་ས་བོན་ལ་སོགས་པ་མྱུ་གུ་ལ་སོགས་པ་ནུས་པ་ངེས་པ་དེ་བཞིན་དུ་ནང་གི་དངོས་པོ་ལ་ཡང་འགྱུར་རོ། །ས་བོན་ལ་སོགས་པ་ནི་ལུས་བཞིན་དུ་ལོངས་སྤྱོད་པའི་རྟེན་ཉིད་ཀྱི་བདག་གིས་ བྱིན་གྱིས་བརླབས་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གསོན་པོའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་མི་འཐད་དེ། བུམ་པ་ལ་སོགས་པ་ལ་བདག་ལྡོག་པ་ན་སྲོག་ལ་སོགས་པ་ལྡོག་པར་མཐོང་ངོ་ཞེས་གྲགས་པའི་ལྡོག་པ་ཅན་གྱི་གཏན་ཚིགས་ གྲུབ་པར་མི་འགྱུར་རོ། །གལ་ཏེ་བུམ་པ་ལ་སོགས་པ་ཡང་བདག་དང་བཅས་པར་གྱུར་ན། དེའི་ཚེ་ཇི་ལྟར་གཏན་ཚིགས་འདི་ལྡོག་པ་ཅན་དུ་འགྱུར། རྗེས་འགྲོའི་བདག་དང་བྲལ་བ་ནའང་། །ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་རང་བཞིན་འགའ་ཞིག་དང་བྲལ་ན་ཡང་ཞེས་བྱ་བའི་དོན་ཏོ། །ཡང་ན་གནས་པ་འདི་གང་ཡིན་ ཞེ་ན། དངོས་སམ་ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཕྱི་རོལ་གྱི་རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་ངེས་པ་དེ་བཞིན་དུ་ནང་གི་འདུ་བྱེད་ཀྱི་ཕུང་པོ་ལ་ཡང་རྒྱུའི་ནུས་པ་ངེས་པས་དགེ་བ་དང་མི་དགེ་བའི་ལས་འགའ་ཞིག་ལས་སྐད་ཅིག་བརྒྱུད་པས་འདོད་པ་དང་མི་འདོད་པའི་ངེས་པའི་ འབྲས་བུ་གསལ་པོར་འགྱུར་རོ། །གཟུགས་ལ་སོགས་པ་ཉམས་སུ་མྱོང་བ་ལས་དྲན་པ་དང་ཐེ་ཚོམ་ལས་ངེས་པ་དང་བཅོལ་བ་ལས་ལེན་པ་དང་། འདོད་པ་ལས་དོན་མཐོང་བ་དང་། དེ་ལས་ཚོར་ངས་དང་བྲལ་བ་ཞེས་བྱ་བ་ཐམས་ཅད་འགལ་བ་མེད་དོ། །སངས་རྒྱས་པ་དག་ལ་ནི་དངོས་པོ་གཅིག་རྗེས་སུ་ འགྲོ་བ་ཉིད་ཀྱིས་དྲན་པ་ལ་སོགས་པ་གང་དུ་ཡང་མ་གྲགས་སོ། །འོ་ན་ཅི་ཞེ་ན། རྐྱེན་ཉིད་འདི་པ་ཙམ་སྟེ། ཇི་སྐད་དུ་ལས་ཡོད་དོ། །འབྲས་བུ་ཡོད་དོ། །ཆོས་སུ་བརྡར་བཏགས་པ་ལས་མ་གཏོགས་པ་ཕུང་པོ་འདི་དོར་ནས་ཕུང་པོ་གཞན་ལེན་པ་གང་ཡིན་པའི་བྱེད་པ་པོ་ནི་མ་དམིགས་སོ། ། དེ་ལ་ཆོས་སུ་བརྡར་བརྟགས་པ་ནི་འདི་ཡིན་ཏེ། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་ཞེས་གསུངས་སོ། །དེའི་ཕྱིར་ལས་འབྲས་ལ་སོགས་པའི། །ཞེས་བྱ་བའི་སོགས་པའི་སྒྲས་དྲན་པ་ལ་སོགས་པ་བཟུང་ངོ་། །འབྲེལ་པ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཉིད་དོ། །འོ་ན་གལ་ཏེ་དེ་ ལྟ་ན་ཇི་ལྟར་འཇིག་རྟེན་དང་བསྟན་བཅོས་ལས་གང་ཟག་དེ་དང་དེའི་དབང་དུ་བྱས་ནས་འདི་ཉིད་ཀྱིས་བྱས་པའི་ལས་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཞེས་བརྗོད་ཅེ་ན། བྱེད་པ་པོ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་ཤེས་པའི་རབ་རིབ་ཀྱི་ཚོགས་ཤིན་ཏུ་ཆེན་པོས་ཡེ་ཤེས་ཀྱི་སྣང་བ་ ཉམས་པར་བྱས་པའི་འཇིག་རྟེན་པ་བདག་ལ་དེ་ཉིད་དང་། གཞན་ཉིད་ཡོད་པ་ལ་སོགས་པའི་རྣམ་པར་དཔྱད་པ་སྤངས་ནས་ཁྱད་པར་ཅན་གྱི་རྒྱུ་དང་འབྲས་བུའི་དངོས་པོའི་ངོ་བོ་ངེས་པའི་རྒྱུན་གཅིག་ཉིད་དུ་ངེས་ནས་དེ་ཉིད་འདི་ཡིན་པ་དང་བདག་གིས་བྱེད་དོ་ཞེས་ཐ་སྙད་བྱེད་པ་དང་། ཐར་པའི་དོན་དུ་ཡང་ འཇུག་པ་དེའི་མངོན་པའི་ང་རྒྱལ་གྱི་ངོར་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གདུལ་བྱའི་སྐྱེ་བོ་ཆད་པའི་ལྟ་བར་ལྟུང་བ་ལས་བསྲུང་བའི་དོན་དུ་རྒྱུ་གཅིག་ཏུ་སྟོན་པ་ན་བྱེད་པ་ལ་སོགས་པ་རྣམ་པར་གཞག་པ་མཛད་དོ། །རྣམ་པ་དེ་ལྟ་བུའི་རྣམ་པར་བཞག་པ་ཉིད་ལས་དངོས་པོ་གྲུབ་པོ་ཞེ་ན། དེ་ཉིད་ གནས་ལ་ཡན་ལག་མིན། །ཞེས་སྨོས་ཏེ། བྱིས་པའི་སྐྱེ་བོ་དེ་ཁོ་ན་ཉིད་བརྟག་པ་ལ་རྒྱབ་ཀྱིས་ཕྱོགས་པས་ཀུན་རྫོབ་ཏུ་ལྟུང་བ་རྣམས་ཀྱི་མངོན་པར་ཞེན་པའི་དབང་གིས་དེ་ཁོ་ན་ཉིད་རྣམ་པར་གཞག་པར་མི་ནུས་ཏེ། དེའི་མངོན་པར་ཞེན་པ་ལ་ནི་བདག་མེད་པའི་སྐད་ཅིག་འཇིག་པ་སྒྲུབ་པར་བྱེད་པའི་ཚད་ མས་གནོད་པའི་ཕྱིར་རོ། །ས་བོན་ལ་སོགས་པ་ལ་རྗེས་སུ་འགྲོ་བའི་བདག་ཉིད་དང་། བྲལ་བར་མ་གྲུབ་པའི་ཕྱིར། དཔེ་མ་གྲུབ་པར་གྲགས་པར་སེམས་པ་ན་གཞན་གྱི་ཀླན་ཀ་དོགས་པར་བྱེད་པ་ནི། རྗེས་སུ་འགྲོ་བ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་འགྲོ་བ་ནི་རྗེས་སུ་འཇུག་པའོ། ། རང་བཞིན་འགའ་ཞིག་ཅེས་བྱ་བ་ནི་ལྷག་མའོ། །འདི་སྙམ་དུ་ས་བོན་ལ་སོགས་པ་ལ་ཡང་རྗེས་སུ་འགྲོ་བ་ཡོད་པ་ཁོ་ན་སྟེ། བྱིས་པས་དེ་ལ་ཡང་ས་བོན་ལ་སོགས་པའི་ཆ་ཤས་གང་ཡིན་པ་དེ་དག་ཀྱང་བཀོད་པ་སྔ་མ་ཡོངས་སུ་བཏང་ནས་བཀོད་པ་གཞན་འཐོབ་སྟེ། བཀོད་པ་གཞན་ཐོབ་པ་ན་ཡང་སའི་ཁམས་ ཆུའི་ཁམས་ཀྱིས་བཟུང་ནས་ནང་མེས་སྨིན་པ་ན་རོའི་རྫས་སྒྲུབ་པར་བྱེད་ལ། རོ་དང་བཅས་པའི་སྔ་མའི་ཆ་ཤས་དག་དང་ལྷན་ཅིག་མྱུ་གུ་ལ་སོགས་པའི་དངོས་པོ་སྒྲུབ་པར་བྱེད་དོ་ཞེས་སྨྲས་པ། དེས་ན་ཇི་ལྟར་དེ་ལ་ཆ་ཤས་ཕྲ་མོ་ཡང་མེད་དོ་ཞེས་རྗོད་པར་བྱེད་སྙམ་ན། ཞིང་སོགས་ཁྱད་པར་མེད་པ་ ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་ས་ལ་སོགས་པ་ཕྱིས་དབྱིབས་འཇུག་པ་ན་སྔ་མའི་རང་གི་རང་བཞིན་མ་བཏང་བ་ཁོ་ནར་འཇུག་ན། དེའི་ཚེ་དེ་དག་གི་སྔར་གྱི་བཀོད་པ་བཏང་བ་དང་། བཀོད་པ་གཞན་ཐོབ་པ་པོ་མི་འཐད་དེ། དེའི་བདག་ཉིད་ཡིན་པའི་ཕྱིར་ སྔ་མ་བཞིན་ནོ། །དེ་ལྟ་ཡིན་དང་ས་བོན་དང་མྱུ་གུ་ལ་སོགས་པ་ཕན་ཚུན་ཐ་དད་པར་མི་འགྱུར་ཏེ། རང་བཞིན་གཅིག་ཡིན་པའི་ཕྱིར་རོ། །ཅི་སྟེ་མྱུ་གུ་ལ་སོགས་པ་ཐ་དད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་ངེས་པར་ཞིང་ལ་སོགས་པ་སྔ་མའི་རང་བཞིན་ཡོངས་སུ་སྤངས་པ་ན་བཀོད་པ་སྔ་མ་བཏང་ནས་བཀོད་ པ་གཞན་ཐོབ་པར་ཡང་ཁས་བླང་བར་བྱ་དགོས་སོ། །དེ་ལྟ་མ་ཡིན་ན་ཐ་དད་པ་ཉིད་དུ་མི་འགྱུར་རོ་ཞེས་བསྟན་ཏོ། །དེ་ལྟ་བས་ན་རང་བཞིན་གཞན་དང་གཞན་སྐྱེ་བའི་ཕྱིར་རྗེས་སུ་འགྲོ་བ་ཉིད་ག་ལ་ཡོད། གང་གི་ཕྱིར་དེ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་བསྒྲུབས་པ་ན་ལས་དང་འབྲས་བུའི་འབྲེལ་པ་ལ་སོགས་ པ་ཐམས་ཅད་འཐད་པ་ཡིན་ལ་སུན་འབྱིན་པ་ཡང་མི་འཐད་པ་ཡིན་ནོ། །དེའི་ཕྱིར་ལས་དང་འབྲས་བུ་ལ་སོགས་པའི་ཡོད་པ་བསྒྲུབ་པར་བྱ་བའི་ཕྱིར། རྒྱུ་དང་འབྲས་བུ་ཉིད་བསྒྲུབ་པ་ལ་གཞན་གྱིས་འབད་པ་བྱ་སྟེ། དམ་པའི་གཞུང་ལུགས་ཀྱི་རྗེས་སུ་འབྲང་བ་ནི་མཆོག་ཡིན་པ་ སྟེ་སངས་རྒྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་མེད་པ་བསྒྲུབ་པར་བྱ་བའི་ཕྱིར་རྒྱུ་དང་འབྲས་བུ་དེ་ཉིད་ཀྱི་མེད་པ་སྒྲུབ་པ་ལ་གཞན་གྱིས་ཏེ་མུ་སྟེགས་པས་འབད་པ་བྱའོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་འབྲས་བུ་སྒྲུབ་པ་ལ་ཞེས་བྱ་བ་འདི་ལན་གཉིས་སུ་བཟླས་ལ་གཅིག་ལ་དགག་པའི་ཚིག་དབྱེ་བར་བྱའོ། ། འདི་ལ་གཞན་གྱིས་བྱས་པའི་ཞིག་པ་དང་མ་ཞིག་པ་གང་དག་ཡིན་པ་དེ་བསལ་བའི་སྒོ་ནས་རྣམ་པར་གཞག་པ་ཐམས་ཅད་ཀྱི་རྩ་བ་རྒྱུ་དང་འབྲས་བུའི་དངོས་པོ་བསྒྲུབ་པར་བྱ་བའི་ཕྱིར། །དེ་ལ་བརྗོད་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མ་ཞིག་པ་ཁོ་ན་ལས་འབྲས་བུ་འབྱུང་ངོ་ཞེས་བྱ་བ་ནི་ཁོ་བོ་ཅག་གི་ ཕྱོགས་ཡིན་ནོ། །ཅིག་ཅར་བར་ཐལ་བ་ཡང་མ་ཡིན་ཏེ། འདི་ལྟར་སྐད་ཅིག་མ་དང་པོར་བྱུང་བའི་རྒྱུའི་བདག་ཉིད་ཐོབ་པ་མ་ཞིག་པ་ཁོ་ན་ལ་བརྟེན་ནས་སྐད་ཅིག་གཉིས་པ་ལ་འབྲས་བུ་སྐྱེ་སྟེ། དེ་ཡང་དེ་ལྟར་སྐྱེ་བ་ན་མ་ཞིག་པ་ཉིད་ལས་སྐྱེ་སྟེ་སྐད་ཅིག་མ་དང་པོ་ལ་དེ་མ་ཞིག་པའི་ཕྱིར་རོ། །འབྲས་བུ་ཡོད་པའི་ དུས་སུ་རྒྱུ་རྗེས་སུ་འཇུག་པ་ཡང་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱིས་མི་གནས་པའི་ཕྱིར་རོ། །རྗེས་སུ་འཇུག་པ་ཡིན་ན་ཡང་དེ་ནི་དེའི་དུས་ན་རྒྱུ་ཉིད་མ་ཡིན་ཏེ། དེའི་འབྲས་བུ་གྲུབ་པ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །ཅུང་ཟད་ཀྱང་མི་བྱེད་པ་དེ་ཉིད་སྟོན་པ་ནི། སྐྱེས་ཟིན་པ་ཡང་ཞེས་བྱ་བ་ལ་སོགས་ པའོ། །གཞན་དུ་གནས་མ་ཡིན་ཞེས་བྱ་བ་ནི། གཞན་དུ་གནས་པར་ཏེ་ངེས་པར་མི་འགྱུར་ཏེ། ཐུག་པ་མེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སྐྱེས་པ་ཡང་བསྐྱེད་པར་བྱ་བ་ཡིན་ན་དེའི་ཚེ་ཁྱད་པར་མེད་པའི་ཕྱིར་དེ་ནི་སླར་ཡང་སྐྱེད་པར་བྱེད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་སྐྱེ་བ་ རྣམས་ཐུག་པ་མེད་པར་འགྱུར་ལ། རྒྱུ་རྣམས་ཀྱང་བྱ་བ་དང་མི་འབྲལ་བ་ཡིན་ནོ། །རྒྱུ་རྣམས་ཀྱང་བསྐྱེད་པར་བྱ་བ་ཉིད་དུ་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འདི་ནི་རྒྱུའོ། །འདི་ནི་འབྲས་བུའོ་ཞེས་བྱ་བའི་རྣམ་པར་གཞག་པར་མི་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་ པས་མཇུག་བསྡུས་ནས་གནས་པའི་ཕྱོགས་སུན་ཕྱིན་པར་སྟོན་པ་ཡིན་ནོ། །ཁས་མ་བླངས་པ་ཉིད་ཀྱི་ཕྱིར་ཞིག་པའི་རྣམ་པར་རྟོག་པ་ཡང་མི་རིགས་ཏེ། འདི་ལྟར་གཅིག་ནི་འདས་པས་འབྱིན་པར་བྱེད་ཅེས་ཇི་ལྟར་བྱེ་བྲག་ཏུ་སྨྲ་བས་ཁས་བླངས་པ་བཞིན་དུ་གལ་ཏེ་སྐད་ཅིག་མ་གསུམ་པ་ལ་སོགས་པ་ལ་ འབྲས་བུ་འབྱུང་ངོ་ཞེས་ཁས་བླངས་པ་ཡིན་ན་དེའི་ཚེ་རྒྱུ་ཞིག་པ་ལས་འབྲས་བུ་སྐྱེ་བར་ཁས་བླངས་པ་བྱས་པར་འགྱུར་རོ། །ཕྱོགས་འདི་ལ་ཡང་ཁོ་བོ་ཅག་གི་མ་ཡིན་ཏེ། རིགས་པ་དང་མི་ལྡན་པའི་ཕྱིར་རོ། །ཅིག་ཅར་བར་ཐལ་བར་འགྱུར་བ་ཡང་གང་གི་ཚེ་འགྱུར་ཞེ་ན། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་དེ་དག་ཉིད་ ཀྱིས་ལྷན་ཅིག་འབྱུང་བའི་རྒྱུ་འདོད་པ་བཞིན་དུ་གལ་ཏེ་སྐད་ཅིག་མ་དང་པོ་ཉིད་ལ་འབྲས་བུ་འདོད་པ་ནའོ། །དེ་འདི་ཡང་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། མེད་པ་སྔར་ནུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་འབྱུང་བ་འབྲས་བུ་སྐྱེད་པ་ན་རྒྱུ་མ་སྐྱེས་པས་སམ། སྐྱེས་པས་སྐྱེས་པ་ཡིན་གྲང་། རེ་ ཞིག་མ་སྐྱེས་པས་ནི་མ་ཡིན་ཏེ། དེ་ནི་འབྲས་བུ་སྐྱེ་བའི་སྔར་མེད་པའི་ཕྱིར་ལ། མེད་ན་ཡང་ནུས་པ་མཐའ་དག་གིས་སྟོང་པའི་ཕྱིར་རོ། །འོ་ན་གང་གི་ཚེ་སྐྱེས་པ་དེའི་ཚེ་ནུས་པའི་ཕྱིར། སྐྱེད་པར་འགྱུར་རོ་ཞེ་ན། ནུས་པའི་ཚེ་ན་འབྲས་བྱུང་ཕྱིར། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་དེ་སྐྱེས་པའི་གནས་སྐབས་ ན་ནུས་པ་ཡིན་ན་དེའི་ཚེ་དེའི་རང་གི་ངོ་བོ་བཞིན་དུ་འབྲས་བུ་ཡང་སྐྱེས་པའི་ཕྱིར་འདི་ནུས་པ་གང་དུ་ཉེ་བར་མཁོ་བར་འགྱུར། དེ་ལྟ་བས་ན་རྒྱུ་དང་འབྲས་བུ་ཅིག་ཅར་བར་ཁས་ལེན་པ་ནི། རྗེས་སུ་དཔག་པའི་ཚད་མ་དང་འགལ་ལོ། །འོན་ཏེ་རྒྱུ་དང་འབྲས་བུའི་ངོ་བོ་ནི་ལས་དང་བྱེད་པ་པོ་མ་ཡིན་ནམ། དེ་ཡང་ དུས་ཐ་དད་པར་འགལ་ཏེ། བུམ་པ་དང་རྫ་མཁན་དག་ཅིག་ཅར་མ་ཡིན་པ་ན་ལས་དང་བྱེད་པ་པོའི་དངོས་པོ་མ་མཐོང་ངོ་ཞེ་ན། གང་ཕྱིར་ཅིག་ཅར་བར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སོས་འཛིན་པའི་ཚུལ་གྱིས་རྒྱུས་འབྲས་བུ་བསྐྱེད་པ་ལ་བྱ་བ་ཡིན་པའམ། འབྲས་བུ་ཡང་ཆུང་མ་ ལ་འཁྱུད་པ་བཞིན་དུ་རང་གི་རྒྱུ་ལས་འབྱར་བས་རང་སྐྱེད་པའི་བྱ་བ་ལ་སྒྲུབ་པར་བྱེད་པ་ཡིན་ན། དེའི་ཚེ་ངེས་པར་ལྷན་ཅིག་འབྱུང་བར་འགྱུར་རོ། །ཇི་སྲིད་དུ་སྣ་ཚོགས་པ་དེ་ནི་བྱ་བ་བྱེད་པ་སྟེ། དོན་དམ་པར་ཆོས་སུ་བརྡར་བཏགས་པ་ལས་མ་གཏོགས་པར་བྱེད་པ་པོའམ་ལས་འབའ་ཞིག་ཡོད་པ་ནི་ མ་ཡིན་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །རང་བཞིན་ནི་ཞེས་བྱ་བ་ནི་རྒྱུའོ། །གལ་ཏེ་རྒྱུའམ་འབྲས་བུ་བྱ་བ་དང་བྲལ་བ་དེ་ལྟ་ཡིན་ན། དེའི་ཕྱིར་ཇི་ལྟར་སྨྲ་བ་པོ་དག་མེ་ནི་དུ་བ་སྐྱེད་པར་བྱེད་ལ་དུ་བ་ནི་མེ་ལ་བརྟེན་ནས་སྐྱེའོ་ཞེས་ཤེས་པར་འགྱུར་རོ་ཞེ་ན། རང་རྒྱུས་བསླང་བའི་ངེས་པའི་ ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་རྒྱུ་དང་རྐྱེན་གྱིས་ཀུན་ནས་བསླང་བའི་རྒྱུའི་ནུས་པ་སོ་སོར་ངེས་པའི་རྒྱུའི་ཕྱིར། འབྲས་བུ་གང་ཞིག་སྐད་ཅིག་མ་དང་པོ་ལ་བྱུང་བའི་རྒྱུ་གང་ལས་བྱུང་བའི་ཁྱད་པར་ཅི་འདྲ་བ་ཞེ་ན། སྐད་ཅིག་མ་གཉིས་པ་འབྱུང་བ་གང་ཡིན་པ་སྟེ། སྐད་ཅིག་མ་ གཉིས་པ་ལ་འབྱུང་བ་སྟེ་ཡོད་པ་ག་ལ་ཡོད་ཅེས་ཚིག་རྣམ་པར་སྦྱར་རོ། །རྒྱུ་དེ་འབྲས་བུ་དེའི་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའོ། སྐྱེད་བྱེད་ཡིན་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དེ་ནི་དེ་ལ་བརྟེན་ནས་སྐྱེའོ་ཞེས་བྱ་བ་ཡང་ཤེས་པར་བྱའོ། །ཡང་དེ་ལྟར་སྨྲ་བ་དེ་དག་གང་དག་ཡིན་ཞེ་ན། འདོད་པ་ཙམ་ ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དོན་ལ་ལྟོས་པ་མེད་པར་བརྗོད་པར་འདོད་པ་ལས་བྱུང་བའི་བརྡའི་རྗེས་སུ་བྱེད་པའི་ཐ་སྙད་དུ་འདོགས་པ་པོ་དག་དེ་ལྟར་སྨྲའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་པོ་སྐྱེས་ཟིན་པ་བྱ་བ་དང་མི་ལྡན་པ་མ་ཡིན་ནམ། དེ་ཇི་ལྟར་རྒྱུར་འགྱུར་ཞེ་ན། སྐྱེ་བ་ལས་ནི་ དུས་གཞན་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་ཡོད་པའི་དེ་མ་ཐག་ཉིད་དུ་འབྲས་བུ་འགྲུབ་པའི་ཕྱིར། རྒྱུ་སྐྱེ་བ་ལས་དུས་ཕྱིས་བྱུང་བའི་བྱ་བ་ནི་འབྲས་བུ་ལ་རྒྱུ་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཡིན་ནོ། །འདི་ལྟར་རྒྱུའི་བྱ་བ་ཞེས་གང་ལ་བྱ་ཞེ་ན། གང་གི་མཇུག་ཐོགས་ཉིད་དུ་འབྲས་བུ་སྐྱེད་པ་ སྒྲུབ་པར་བྱེད་པའོ། །རྒྱུ་ཡོད་པའི་མཇུག་ཐོགས་ཉིད་དུ་ཡང་འབྲས་བུ་འབྱུང་བ་ཡིན་པའི་ཕྱིར་ཡོད་པ་ཉིད་བྱ་བའི་སྒྲས་བརྗོད་པར་བྱ་བ་ཡིན་ལ་རག་མོད་སྐྱེ་བ་ལས་མ་གཏོགས་པའི་བྱ་བ་བརྟགས་པས་ཅི་ཞིག་བྱ། གལ་ཏེ་དངོས་པོ་རྣམས་ཀྱི་བྱ་བ་མེད་པ་དེ་ལྟ་ཡིན་ན། འབྲས་བུ་ནི་རྒྱུ་ལ་ལྟོས་ལ་ རྒྱུ་ཡང་འབྲས་བུ་ལ་བྱེད་དོ་ཞེས་བྱ་བ་འདི་ཇི་ལྟར་རྗོད་པར་བྱེད་ཅེ་ན། དེ་མ་ཐག་པར་ངེས་པ་གང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུའི་རྒྱུ་ལ་ལྟོས་པ་ནི་འདི་ཉིད་ཡིན་ཏེ། མཇུག་ཐོགས་སུ་འབྱུང་བ་ཉིད་གང་ཡིན་པའོ། །རྒྱུའི་ཡང་འབྲས་བུ་ལ་བྱ་བ་ནི་འདི་ཉིད་ཡིན་ཏེ་འབྲས་བུ་སྐྱེ་བའི་ དུས་སུ་རྣམ་པ་ཐམས་ཅད་དུ་ཉེ་བ་ཉིད་གང་ཡིན་པའོ། །གཞན་ཡང་བྱ་བའམ། བྱ་བ་དང་ལྡན་པའི་དངོས་པོ་འབྲས་བུ་ལ་རྒྱུའི་དངོས་པོ་ཁྱེད་ཅག་གིས་དེ་ཡོད་པ་ན་ཡོད་པ་ཁོ་ནའི་ཕྱིར་འབྲས་བུར་གཟུང་བར་བྱའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཞན་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པའི་ཐབས་ཡོད་པ་མ་ ཡིན་ཏེ། དེའི་ཕྱིར་དེ་ལྟར་ཡིན་ན་དངོས་པོ་ཙམ་ཡང་ཅིའི་ཕྱིར་རྒྱུའི་དངོས་པོར་འཛིན་པར་མི་བྱེད། འབྲས་བུ་ནི་དངོས་པོ་ཙམ་དུ་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་ལས་མ་གྲགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གང་དུ་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་འབྲས་བུ་ ཡིན་པར་གྲུབ་པ་ཉིད་དེ་དངོས་པོ་ཙམ་མཆོག་སྟེ། ཡོད་པ་ལ་རག་མོད་ཅེས་སྟོན་པ་ནི། དེ་ཡོད་པ་ན་ཞེས་བྱ་བ་ལ་སོགས་པའོ། །ཀུན་དུ་བརྟགས་པ་ཡིན་ཞེས་བྱ་བ་ནི། གཞན་ནམ་གཉི་ག་འམ་གཉི་ག་མ་ཡིན་པའི་ངོ་བོའི་བྱ་བ་གང་ཡིན་པ་དེ་ནི་ཁྱེད་ཅག་གིས་ཀུན་དུ་བརྟགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྡན་ཞེས་ བྱ་བ་ནི་བྱ་བ་དང་ལྡན་པ་སྟེ། དེ་ཡོད་པ་ན་འབྱུང་བ་ཙམ་ལས་རྒྱུ་ཉིད་དོ་ཞེས་སྐབས་དང་སྦྱར་རོ། །དེ་ཉིད་ཅེས་བྱ་བ་ནི་མི་མཐུན་པའི་བྱ་བ་དང་བྲལ་བའི་དངོས་པོ་ཙམ་རྒྱུ་ཡིན་ལ་རག་མོད་ཅེས་བྱ་བའི་དོན་ཏོ། །གང་གིས་མཆོག་ཏུ་རྗོད་པར་བྱེད་པ་དེ་ལ་ཁྱད་པར་ཅི་ཡོད་ཅེ་ན། ས་བོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པ་སྟེ་དངོས་པོ་ཙམ་ན་ས་བོན་ལ་སོགས་པ་བྱ་བ་གཞན་དང་ལྡན་པས་སྟོང་པ་ན་ཞེས་བྱ་བའི་དོན་ཏོ། །འདིས་ནི་འབྲས་བུ་རྣམས་དངོས་པོ་ཙམ་དུ་རྟོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་དུ་གྲུབ་ཀྱི། བྱ་བར་རྟོགས་པའི་རྗེས་སུ་འགྲོ་བ་ལ་སོགས་པའི་རྗེས་སུ་བྱེད་པ་ཉིད་ནི་མ་ཡིན་ནོ་ཞེས་ བསྟན་པ་ཡིན་ནོ། །འདི་སྙམ་དུ་འབྲས་བུ་བྱ་བར་རྟོགས་པའི་རྗེས་སུ་འགྲོ་བ་ལ་སོགས་པའི་རྗེས་སུ་བྱེད་པར་མ་གྲུབ་མོད་ཀྱི་འོན་ཀྱང་དེའི་རྒྱུའི་དངོས་པོར་འགྱུར་རོ་སྙམ་དུ་སེམས་ན། ནུས་པ་མ་མཐོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་ན་བྱ་བ་ཡང་རྒྱུར་བརྟགས་ནས་གཞན་ཡང་བརྟག་པར་བྱ་བར་འགྱུར་ ཏེ། ནུས་པ་མ་མཐོང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཐུག་པ་མེད་པར་འགྱུར་རོ། །ཅི་སྟེ་རྒྱུ་མཚན་མེད་པའི་ཕྱིར་གཞན་མི་བརྟག་པ་དེའི་ཚེ་བྱ་བ་ཡངས་རྟག་པར་བྱ་བར་མི་འགྱུར་ཏེ། དེ་ལ་ཡང་རྒྱུ་མཚན་མེད་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་བྱ་བ་འདི་འབྲས་བུ་སྐྱེད་པར་བྱེད་པ་དེ་ཅི་བྱ་བ་ གཞན་དང་ལྡན་པས་སམ། འོན་ཏེ་ཡོད་པ་ཙམ་གྱིས་ཡིན་གལ་ཏེ་བྱ་བ་གཞན་དང་ལྡན་པས་ཡིན་ན་དེའི་ཚེ་བྱ་བ་གཞན་ཁོ་ན་རྒྱུ་ཉིད་དུ་འགྱུར་གྱི་བྱ་བ་ནི་མ་ཡིན་ནོ། །དེ་ལ་ཡང་བྱ་བ་གཞན་རྒྱུ་ཉིད་དུ་བརྒལ་ཞིང་བརྟག་པ་མཚུངས་སོ། །དེ་ལ་ཡང་གལ་ཏེ་བྱ་བ་གཞན་དང་ལྡན་པ་རྒྱུའི་དངོས་པོར་རྟོག་པར་ བྱེད་ན་དེའི་ཚེ་ཐུག་པ་མེད་པར་འགྱུར་རོ། །ཅི་སྟེ་ཡོད་པ་ཙམ་གྱིས་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་བྱ་བ་བཞིན་དུ་དངོས་པོ་ཡང་ཡོད་པ་ཙམ་ཉིད་ཀྱིས་འབྲས་བུ་བསྐྱེད་པར་འགྱུར་བའི་ཕྱིར་བྱ་བ་བརྟགས་པ་དོན་མེད་དོ་ཞེས་སྟོན་པ་ནི། ཇི་ལྟར་གཞན་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་བྱ་བ་གཞན་ཏེ་བྱ་བ་ གཞན་མྱུ་གུ་ཡང་མེ་ལ་སོགས་པའི་འབྲས་བུའི་རྒྱུར་འདོད་པ་དེ་བཞིན་དུ་དངོས་པོ་གཞན་ལ་ཡང་མི་མཐུན་པའི་བྱ་བས་སྟོང་པ་ཉིད་རྒྱུར་ཅི་སྟེ་མི་འདོད། ཅི་སྟེ་ཡང་དངོས་སུ་བྱ་བ་འབྲས་བུ་ལ་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བྱ་བ་དང་ལྡན་པའི་དངོས་པོ་ཉིད་ཡིན་ནོ་ཞེ་ན། ཡང་ན་དངོས་ལ་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། རྒྱུར་འདོད་དོ་ཞེས་སྐབས་དང་སྦྱར་རོ། །བྱ་བ་དང་ལྡན་པའི་དངོས་པོ་ལ་ཡང་འདི་རྒྱུར་འགྱུར་བ་ན། བྱ་བ་གཞན་དང་ལྡན་པ་དང་བྲལ་བ་ཉིད་དུ་འགྱུར་བའི་ཕྱིར་དེ་ཉིད་དཔེར་འགྱུར་རོ་སྙམ་དུ་བསམས་པའོ། །ཡོད་པ་ལ་མ་གཏོགས་པའི་བྱ་བའི་དངོས་པོ་ཡོད་པ་མ་ཡིན་ཏེ། དམིགས་པའི་མཚན་ཉིད་དུ་ གྱུར་པ་མི་དམིགས་པའི་ཕྱིར་རོ་ཞེས་སྟོན་པ་ནི། སྣང་རུང་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ། ཁྱེད་ཅག་གིས་ནི་བྱ་བ་སྣང་རུང་ཉིད་དུ་བསྟན་ཏེ། ཇི་སྐད་དུ་གཞོན་ནུ་མ་ལེན་གྱིས། དེའི་ཕྱིར་འབྲས་གྲུབ་སྔ་རོལ་དུ། །གང་གི་བྱ་བ་མཐོང་གྱུར་པ། །ཞེས་བྱ་བ་ལ་སོགས་པ་བཤད་པ་བཞིན་ནོ། །གཞན་ཡང་ བྱ་བའི་བདག་ཉིད་ཀྱི་དངོས་པོ་དེ་བྱ་བ་དང་ལྡན་པའི་དངོས་པོ་དེ་ལས་དོན་གཞན་དུ་གྱུར་པ་ཞིག་གམ། དོན་གཞན་དུ་གྱུར་པ་མ་ཡིན་པ་ཞིག་ཡིན་གྲང་། དངོས་པོ་ཡོད་པ་ལ་རྣམ་པ་གཞན་མེད་པའི་ཕྱིར་གཉི་ག་དང་གཉི་ག་མ་ཡིན་པའི་རྣམ་པར་རྟོག་པ་ནི་མི་སྲིད་པ་ཉིད་དོ། །དེ་ལ་གལ་ཏེ་དོན་གཞན་དུ་གྱུར་ པ་ཡིན་ན་དེའི་ཚེ་དངོས་པོ་རྒྱུ་ཉིད་དུ་མི་འགྱུར་ཏེ། དེ་ལས་ཐ་དད་པའི་བྱ་བ་ཉིད་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་ཡང་བྱ་བ་དང་འབྲེལ་པའི་ཕྱིར་རྒྱུ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཕན་ཚུན་དུ་ཕན་འདོགས་པ་མ་ཡིན་པ་ནི་འབྲེལ་པར་མི་འགྲུབ་པའི་ཕྱིར་རོ། །ཅི་སྟེ་དངོས་པོས་བྱ་བ་ལ་ཕན་འདོགས་པར་བྱེད་པ་ཡིན་ ནོ་སྙམ་ན། དེ་ཡང་མི་རིགས་ཏེ། གང་གིས་བྱ་བ་ལ་ཕན་འདོགས་པར་བྱེད་པ་དེ་ལ་བྱ་བ་གཞན་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐུག་པ་མེད་པས་ན་བྱ་བ་རྣམས་ཉིད་ཕན་ཚུན་བྱེད་པའི་ཕྱིར་དངོས་པོ་དང་ལྷན་ཅིག་བྱ་བ་འབྲེལ་པ་ནམ་ཡང་འགྲུབ་པར་མི་འགྱུར་རོ། །ཅི་སྟེ་བྱ་བ་གཞན་མེད་པ་ཁོ་ནར་དངོས་པོ་བྱ་ བར་ཕན་འདོགས་སོ་ཞེས་བྱ་བ་ཡིན་ན་དེའི་ཚེ་བྱ་བ་བཞིན་དུ་འབྲས་བུ་ཡང་བྱ་བ་དང་བྲལ་བའི་ཡོད་པ་ཉིད་ཙམ་གྱིས་ཅིའི་ཕྱིར་མི་བྱེད་དེ། གང་གིས་ན་བྱ་བ་དོན་གཞན་དུ་གྱུར་པ་རྟོགས་པར་བྱེད། འབྲས་བུ་ལ་ཡང་དེ་ཡོད་པ་ཙམ་གྱིས་ཕན་འདོགས་པར་བྱེད་པ་ལ་འགེགས་པ་འགའ་ཡང་ཡོད་པ་ནི་མ་ཡིན་ནོ། ། དེ་ལྟ་བས་ན་དོན་གཞན་དུ་གྱུར་པའི་བྱ་བ་རིགས་པ་མ་ཡིན་ནོ། །ཅི་སྟེ་དོན་གཞན་དུ་གྱུར་པ་མ་ཡིན་པ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་ཡོད་པ་ཉིད་བྱ་བ་ཡིན་ནོ་ཞེས་འགྲུབ་སྟེ། དངོས་པོའི་རང་བཞིན་ཉིད་ཡོད་པའི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་སྐྱེ་བ་ལས་ཐ་དད་པ་ཉིད་བྱ་བར་མ་གྲུབ་ པོ། །གཞན་ཡང་ཇི་ལྟར་བློ་སྐྱེ་བ་ན་བྱ་བ་དང་བྲལ་ཡང་ཡོད་པ་ཙམ་གྱིས་དོན་ཡོངས་སུ་གཅོད་པར་བྱེད་པ་དེ་ལྟར་དངོས་པོ་ཐམས་ཅད་ལ་ཡང་རྒྱུ་ཉིད་དུ་དུས་ཕྱིས་འབྱུང་བའི་བྱ་བ་མེད་ན་ཡང་འབྱུང་ངོ་ཞེས་བྱ་བ་འདི་སྟོན་པ་ནི་ཇི་ལྟར་བློ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བློ་ལ་སྐྱེ་བ་ལས་མ་གཏོགས་པའི་བྱ་བ་ཡོད་པ་མ་ཡིན་ཏེ་འདི་ ལྟར་ཡོད་པ་དང་འབྲལ་བ་ལ་སྐྱེས་བུའི་དབང་པོའི་བློ་སྐྱེ་བ་ནི་མངོན་སུམ་མོ་ཞེས་བྱ་བའི་མདོ་འདི་ལ་སྐྱེ་བ་སྨོས་པའི་དགོས་པ་རྗོད་པར་བྱེད་པའི་གཞོན་ནུ་མ་ལེན་གྱིས། བློ་ནི་སྐྱེ་བ་ཞེས་བརྗོད་ལ། །སྐྱེ་བཞིན་པ་ན་ཚད་མ་ཉིད། །སྐྱེ་བ་ལས་ནི་མ་གཏོགས་པར། །རྒྱུ་རྣམས་བྱ་བ་མཐོང་བ་ཡིན། །ཚད་མའང་དེ་ལྟར་འགྱུར་ འོང་ཞེས། །དེ་ལྟར་སྐྱེ་བར་བརྗོད་པར་འདོད། །ཅེས་སྨྲའོ། །དེའི་རྒྱུ་ཉིད་དུ་ཞེས་བྱ་བ་ནི། དེའི་རྒྱུ་སྟེ་སྐྱེ་བའི་རྒྱུ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །འདི་སྙམ་དུ་བློ་ལ་བྱ་བ་མེད་པར་རིགས་ཏེ། དེའི་དུས་ཕྱིས་གནས་པ་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ་སྙམ་ན། ཇི་ལྟར་བློ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབས་ཞེས་བྱ་བ་ནི་སྔར་བསྟན་པའི་དངོས་པོ་བརྟག་པར་དངོས་པོ་མཐའ་དག་ལ་ཁྱབ་པའི་སྐད་ཅིག་མ་འཇིག་པ་ཉིད་བསྒྲུབས་ཟིན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་བློ་ཉིད་བཞིན་དུའོ། །དེའི་ཕྱིར་ཞེས་བྱ་བ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་དག་ སྐད་ཅིག་མ་ཡིན་པ་དེ་དག་ནི་སྐྱེ་བ་ལས་ཐ་དད་པའི་བྱ་བས་སྟོང་པ་ཡིན་ཏེ། བློ་བཞིན་ནོ། །ས་བོན་ལ་སོགས་པ་ལ་ཡང་སྔར་སྐད་ཅིག་མ་ཉིད་དུ་བསྒྲུབས་ཟིན་ཏོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཕྱིས་གནས་པ་མ་ཡིན་པས་རྟེན་མེད་པའི་བྱ་བ་མི་རིགས་པ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ ལྟ་བས་ན་རྒྱུ་དང་འབྲས་བུ་རྣམ་པར་འཇོག་པའི་རྒྱུ་མཚན་ནི་དེ་མ་ཐག་པ་ཙམ་ཉིད་ཡིན་གྱི་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་འདིས་གནས་པ་ཡིན་ནོ། །གང་ཡང་རོ་ལ་སོགས་པ་སྐྱེ་བཞིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་འཁྲུལ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྒྱུན་གྱིས་འཇུག་པས་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། རྒྱུན་ལ་ལྟོས་ནས་གཟུགས་དང་རོ་ལ་སོགས་པ་ཕན་ཚུན་ལྷན་ཅིག་བྱེད་པའི་རྒྱུའི་དངོས་པོར་འདོད་པ་ཉིད་ཡིན་ཏེ། ཇི་སྐད་དུ། ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ། །དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་བཤད་པ་བཞིན་ནོ། །འོན་ ཏེ་མེད་བཞིན་དུ་རེས་འགའ་བ་ལང་དང་རྟ་ལ་སོགས་པའི་དེ་མ་ཐག་ཏུ་ཡང་དུ་བ་འབྱུང་བ་མ་ཡིན་ནམ། དེ་ཇི་ལྟར་དེ་མ་ཐག་པ་འཁྲུལ་པ་མ་ཡིན་ཞེ་ན། གཞན་གྱི་དེ་མ་ཐག་བྱུང་ནའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་ནི་རྒྱུ་དང་འབྲས་བུའི་དངོས་པོར་རྟོགས་པའི་རྒྱུ་མཚན་དེ་མ་ཐག་པ་ཙམ་ཡིན་པར་ནི་མི་སྨྲའོ། ། འོ་ན་ཅི་ཞེ་ན། ངེས་པ་གང་ཡིན་པའོ། །འདི་ལྟར་གང་ཞིག་གང་ཁོ་ནའི་དེ་མ་ཐག་ཏུ་འབྱུང་བ་དེ་ནི་དེའི་རྒྱུ་ཡིན་པར་འདོད་ལ། དུ་བ་ནི་བ་ལང་ལ་སོགས་པ་ཉིད་ཀྱི་དེ་མ་ཐག་ཏུ་འབྱུང་བ་ནི་མ་ཡིན་ཏེ། །བ་ལང་ལ་སོགས་པ་མེད་ན་ཡང་དེ་ཡོད་པའི་ཕྱིར་རོ། །གཞན་ཡང་འདི་ལ་བརྟེན་པའི་དངོས་པོ་སྨྲ་བ་ཁྱེད་ཅག་ལ་ཡང་ ཅིའི་ཕྱིར་དུ་བ་བ་ལང་ལ་སོགས་པའི་མཇུག་ཐོགས་སུ་འབྱུང་ན་ཡང་དེ་རྒྱུ་མ་ཡིན་ན་ཞེས་བྱ་བའི་རྩོད་པ་འདི་འཇུག་པ་ཡིན་ནོ། །འདིར་གཞན་གྱིས། གལ་ཏེ་གང་ཞིག་འབྲས་གང་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་གང་ལ་གང་ཞིག་ཅེས་བྱ་བ་ལ་སོགས་པས་རང་གི་ཕྱོགས་ལ་ལན་བཤད་དོ། །དེ་ལྟར་རེ་ཞིག་ དངོས་པོ་རྣམས་སྐད་ཅིག་མ་ཉིད་ཡིན་ན་ཡང་རྒྱུ་དང་འབྲས་བུའི་དངོས་པོ་བསྒྲུབས་ནས། ད་ནི་དེའི་རྟོགས་པ་པོའི་ཚད་མ་བསྒྲུབ་པའི་ཕྱིར། མངོན་སུམ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཁྱེད་ཅག་གི་བརྟན་པའི་དངོས་པོ་དམིགས་པ་ཡིན་པར་གྲུབ་པ་དེ་ལྟར་ཁོ་བོ་ཅག་གི་སྐད་ཅིག་མ་ཡང་འགྲུབ་པར་ འགྱུར་ཏེ། འདི་ལྟར་དངོས་པོ་དམིགས་པར་འགྱུར་བ་ན། རྣམ་པ་དང་བཅས་པའི་ཤེས་པས་སམ། རྣམ་པ་མེད་པས་ཡིན་གྲང་། དེ་ལ་གལ་ཏེ་རྣམ་པ་དང་བཅས་པས་ཡིན་ཏེ། དེའི་ཚེ་རང་གི་རྣམ་པ་ཉམས་སུ་མྱོང་བ་ཉིད་ཀྱི་ཤེས་པ་དོན་ཉམས་སུ་མྱོང་བ་ཡིན་པའི་ཕྱིར་བརྟེན་པ་དང་མི་བརྟེན་པའི་ཕྱོགས་ དག་ལ་ཁྱད་པར་འགའ་ཡང་མེད་དོ། །ཅི་སྟེ་རྣམ་པ་མེད་པས་ཡིན་ན་དེའི་ཚེ་ལང་ཁྱད་པར་མེད་པ་ཉིད་ཡིན་ཏེ། འདི་ལྟར་གང་གི་དུས་མཉམ་དུ་འབྱུང་བའི་གཟུགས་ལ་སོགས་པ་ཁོ་ན་རྟོགས་ཀྱི་གཞན་ནི་མ་ཡིན་པ་རང་གི་རྒྱུ་སྔ་མ་དག་ཁོ་ན་ལས་དེའི་ཤེས་པ་དེ་ལྟ་བུ་ཉེ་བར་སྐྱེ་བ་ཡིན་ཏེ། དེ་ནི་དེ་རྟོགས་པ་བདག་ ཉིད་ཁོ་ནས་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་དུས་མཚུངས་པར་འབྱུང་བའི་གཟུགས་ལ་སོགས་པ་རྟོགས་པའི་རང་བཞིན་གྱི་ཤེས་པ་ཁས་ལེན་པར་བྱེད་པ་ན་བརྟན་པ་དང་མི་བརྟེན་པའི་དོན་ལ་ཁྱད་པར་འགའ་ཡང་མེད་དོ། །གང་གིས་དུས་མཉམ་པའི་ངོ་བོ་ཉིད་དུ་མཚུངས་ན་ཡང་གཟུགས་ལ་སོགས་པ་ཉིད་ཤེས་པས་ གཅོད་ཀྱི་དབང་པོས་ནི་མ་ཡིན་པ་ཞེས་བྱ་བར་འགྱུར་བ་ཁྱེད་ཅག་གིས་རྒྱུ་སྔ་མས་བྱས་པ་ཉིད་ཀྱི་དུས་མཚུངས་པར་འབྱུང་བར་ངེས་པའི་གཟུགས་ལ་སོགས་པ་འཛིན་པའི་རང་བཞིན་གྱི་ཤེས་པ་ཁས་བླང་བར་བྱ་གོར་མ་ཆག་གོ། །དེ་ཡང་དངོས་པོ་རྣམས་སྐད་ཅིག་མ་ཉིད་ཡིན་ན་ཡང་མཚུངས་པ་ཡིན་པའི་ཕྱིར་འདི་ནི་ ཅི་ཡང་མ་ཡིན་ནོ། །གལ་ཏེ་རྣམ་ཤེས་རྣམ་པ་དང་། །ཞེས་བྱ་བ་ལ་སོགས་པས་ཕ་རོལ་པོ་གཉི་ག་ལ་ཀླན་ཀ་བྱེད་དེ། གལ་ཏེ་ཤེས་པ་རྣམ་པ་དང་བཅས་པ་ཡིན་ན། དེའི་ཚེ་ཟ་འོག་གི་གདིང་བ་ལ་སོགས་པ་ལ་ཤེས་པ་སྣ་ཚོགས་དུ་མ་ཉིད་དུ་འགྱུར་རོ། །གཅིག་ལ་སྣ་ཚོགས་པ་ཉིད་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་རྣམ་པ་མེད་པ་ཡིན་ན་དེའི་ཚེ། འདི་ནི་སྔོན་པོ་རིག་པ་ཡིན་གྱི། སེར་པོ་རིག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་གཞག་པ་འགྲུབ་པར་མི་འགྱུར་ཏེ། ཐམས་ཅད་དུ་རྟོགས་པའི་ངོ་བོ་ཉིད་དུ་ཁྱད་པར་མེད་པས་ཉེ་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ལ་ སོགས་པས་ལེན་འདེབས་པར་བྱེད་དོ། །ཀླན་ཀ་འདི་ནི་གཉིས་ཀ་ལ་ཡང་མཚུངས་ཏེ། གང་གི་ཕྱིར་ཁྱེད་ཅག་གིས་ཀྱང་གདོན་མི་ཟ་བར་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་ཕྱོགས་དག་ལས་གང་ཡང་རུང་བའི་ཕྱོགས་ཞིག་ཁས་བླང་བར་བྱ་དགོས་ཏེ། གཞན་དུ་ན་དོན་འཛིན་པའི་ཤེས་པ་འགྲུབ་པར་ མི་འགྱུར་རོ། །གང་གིས་ན་ཤེས་པས་དོན་འཛིན་པར་འདོད་པའི་ཕྱོགས་འདི་གཉིས་ལས་མ་གཏོགས་པའི་རྣམ་པ་གཞན་ཡོད་པ་ཡང་མ་ཡིན་ནོ། །གཉི་གའི་སྐྱོན་གང་ཡིན་པ་དེ་ཡང་གཅིག་ལ་ཀླན་ཀར་རིགས་པ་མ་ཡིན་ནོ། །དེས་ན་འདི་ལ་ཁྱེད་ཅག་གི་ལན་གང་ཡིན་པ་དེ་ནི་ཁོ་བོ་ཅག་གིར་ ཡང་འགྱུར་ཏེ། འདི་ལྟར་རྣམ་པ་དང་བཅས་པའི་ཕྱོགས་ལ། ཁྱེད་ཀྱིས་གདོན་མི་ཟ་བར་རྣམ་པ་རྣམས་བརྫུན་པ་ཉིད་དམ་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཐ་དད་པ་ཡིན་ན་ཡང་ཤེས་པ་གཅིག་དང་ཐ་མི་དད་པ་ཉིད་ཡིན་ནོ་ཞེས་ལན་གདབ་པར་བྱ་དགོས་ལ། དེ་ཉིད་ཁོ་བོ་ཅག་གི་ལན་ཡང་ཡིན་ནོ། ། རྣམ་པ་མེད་པའི་ཕྱོགས་ལ་ཡང་ཤེས་པ་རྒྱུ་སྔ་མས་བྱས་པ་ཉིད་ཀྱི་ངེས་པའི་དོན་རྟོགས་པའི་རང་བཞིན་དུ་བརྗོད་པར་བྱ་དགོས་ལ། དེ་ཉིད་ཁོ་བོ་ཅག་ཤེས་པ་རྣམ་པ་མེད་པར་སྨྲ་བའི་སངས་རྒྱས་པ་རྣམས་ཀྱི་ཡང་ལན་དུ་འགྱུར་བས་འདི་ནི་ཀླན་ཀ་མ་ཡིན་ནོ། །ལན་ཞེས་བྱ་བ་ནི་ལན་གདབ་པའོ། ། དེ་ལྟ་བས་ན་དེ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པའི་ཚད་མ་བསྟན་ནས། བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པའི་སྐྱོན་སྤང་བར་བྱ་བའི་ཕྱིར། གལ་ཏེ་འབྲས་བུར་འདོད་པ་རྒྱུས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་བྱེད་པ་པོའམ་ཟ་བ་པོ་འགའ་ཞིག་འདོད་པར་གྱུར་ན་དེའི་ ཚེ་སྐད་ཅིག་འཇིག་པ་ཉིད་དུ་ཁས་ལེན་པ་བྱེད་ན་བྱས་པ་ཆུད་ཟོས་པ་ལ་སོགས་པར་ཐལ་བར་འགྱུར་རོ། །གང་གི་ཕྱིར་སྣ་ཚོགས་པ་ནི་རྐྱེན་ཉིད་འདི་པ་ཙམ་སྟེ། བྱེད་པ་པོ་འགའ་ཞིག་གིས་ཅུང་ཟད་བྱས་པ་མ་ཡིན་ལ་ལོངས་སྤྱད་པ་ཡང་མ་ཡིན་ན་དེའི་ཕྱིར་ཇི་ལྟར་བྱས་པ་ཆུད་ཟོས་པ་ལ་སོགས་པར་ཐལ་བར་འགྱུར། ཅི་སྟེ་སྔོན་གྱི་དགེ་བ་ལ་སོགས་པའི་སེམས་པས་བསྒོས་པའི་འདོད་པ་དང་མི་འདོད་པའི་འབྲས་བུ་སྐྱེད་པར་བྱེད་པའི་ནུས་པ་ཞིག་པ་དང་སྔོན་གྱི་ལས་ཀྱིས་མ་བསྒོས་པའི་ནུས་པའི་ཁྱད་པར་གྱི་རྒྱུ་ལས་འབྲས་བུ་སྐྱེ་བའི་ཕྱིར། གོ་རིམས་བཞིན་དུ་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པའི་སྐྱོན་དུ་ཐལ་བར་འགྱུར་བ་བརྗོད་ན་དེ་ ནི་མི་རིགས་ཏེ། སྔོན་གྱི་ལས་ཀྱིས་བསྒོས་པའི་ནུས་པའི་རྒྱུན་ལ་བདག་མེད་པ་དང་ལྷན་ཅིག་འགལ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་རྒྱ་སྐྱེགས་ལ་སོགས་པའི་ཁུ་བས་བཅུས་པའི་ས་བོན་ལ་སོགས་པའི་རྒྱུན་རྗེས་སུ་འཇུག་པ་ཉིད་ཡིན་པ་དེ་བཞིན་དུ་སྔོན་གྱི་ལས་ཀྱིས་བསྒོས་པའི་ནུས་པའི་ཁྱད་པར་ཡང་ཡིན་ཏེ། གང་གི་ཕྱིར་ དུས་ཕྱིས་ཡོངས་སུ་སྨིན་པ་ཐོབ་པ་ལས་འདོད་པའམ་མི་འདོད་པའི་འབྲས་བུ་སྐྱེ་བ་ཡིན་གྱི། སྔོན་གྱི་ལས་ཀྱིས་མ་བསྒོས་པའི་འདུ་བྱེད་ཀྱི་རྒྱུན་ལས་འབྲས་བུ་སྐྱེ་བར་འདོད་པ་ཡང་མ་ཡིན་པས་དེའི་ཕྱིར་གང་ལས་མ་བྱས་པ་དང་། ཕྲད་པའི་སྐྱོན་དུ་འགྱུར། གསལ་བྱེད་པ་ན་རེ་བརྟན་པའི་ཕྱིར་སེམས་པ་ལས་དག་གིས་ དགོས་པ་ཡོད་པ་མ་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་མི་རིགས་ཏེ། སྔ་མའི་རང་བཞིན་ཡོངས་སུ་མ་དོར་བའི་བརྟན་པ་ལ་བག་ཆགས་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །བརྟན་པ་མ་ཡིན་པ་ལ་ནི་རང་བཞིན་གྱི་ཁྱད་པར་གཞན་སྐྱེད་པ་ཉིད་བག་ཆགས་ཡིན་ནོ། །གང་ཡང་བསྟན་བཅོས་ལས། བརྟན་ལུང་མ་བརྟན་བསྒོ་བྱ་བ། ། ཞེས་བཤད་པ་དེ་ནི་རྒྱུན་གྱིས་བརྟན་པ་ལས་དགོངས་པ་ཡིན་ནོ། །གང་རྒྱུན་ཆད་པ་དེའི་དུས་ཆེས་རིང་བར་འབྱུང་བའི་འབྲས་བུ་སྐྱེ་བའི་དུས་སུ་ཉེ་བ་མེད་པའི་ཕྱིར་རྒྱུ་ཉིད་ཡོད་པ་མ་ཡིན་ནོ། །དེས་ན་དེའི་རྣམ་པ་དེ་ལྟ་བུར་འབྲས་བུ་སྐྱེ་བ་ལ་བག་ཆགས་ཀྱི་རྟེན་མི་རིགས་སོ་ཞེས་བྱ་བར་དགོས་པའོ། །དེ་ལྟ་བས་ན་འདིས་ གང་ཅུང་ཟད་བརྗོད་པ་དེ་ནི་གཞན་གྱི་གྲུབ་པའི་མཐའ་མི་ཤེས་པ་ཉིད་ཡིན་པའི་ཕྱིར་བཏང་སྙོམས་སུ་བྱ་བར་འོས་སོ། །གཞོན་ནུ་མ་ལེན་ན་རེ་ཁོ་བོ་ཅག་ནི་བྱེད་པ་པོ་འགའ་ཞིག་གིས་བྱས་པའི་ལས་འཇིག་པའི་ཕྱིར་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་ཕྲད་པར་ནི་མི་སྨྲའོ། །ཁྱེད་ཅག་གི་གཞུང་གིས་བྱེད་པ་པོ་འགའ་ ཞིག་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལས་དང་དེའི་འབྲས་བུ་དག་སྐྱེ་བ་དང་འཇིག་པ་རྗེས་སུ་འགྲོ་བ་མེད་པ་ཁས་བླང་བའི་ཕྱིར། བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་ཐལ་བར་འགྱུར་བར་སྨྲའོ་ཞེས་ཟེར་རོ། །དེའི་ཕྱིར་འདི་ལ་རྣམ་པ་དེ་ལྟ་བུའི་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་མི་ འདོད་པ་ཐོབ་པར་མི་རིགས་སོ་ཞེས་བསྟན་པའི་ཕྱིར། སྐད་ཅིག་གིས་འཇིག་རྣམ་རྟོག་གིས། །ཞེས་བྱ་བ་སྨོས་ཏེ། ལས་ཀྱི་སྐད་ཅིག་སྔ་མ་རྗེས་སུ་འགྲོ་བ་མེད་པར་ཞིག་པའི་ཕྱིར་བྱས་པ་ཆུད་ཟོས་པ་དང་། འབྲས་བུའི་སྐད་ཅིག་སྔ་མ་མེད་པ་ཉིད་སྐྱེ་བའི་ཕྱིར་མ་བྱས་པ་དང་ཕྲད་པ་ཞེས་བྱ་བ་དེ་ལྟ་བུ་སྐད་ཅིག་ཐ་ དད་པའི་རྣམ་པར་རྟོག་པས་བྱས་པ་ཆུད་ཟོས་པ་ལ་སོགས་པའི་རྩོད་པ་དེ་ནི་འདོད་པ་ཉིད་ཡིན་ནོ། །རྗེས་སུ་འགྲོ་བའི་དངོས་པོའི་ཆ་ཉུང་ངུ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱའོ། །གང་ཡང་། དེ་ཕྱིར་རྟོག་པ་དང་ལྡན་རྣམས། །འབྲས་བུ་འདོད་པས་རྗེས་འཇུག་མིན། །ཞེས་སྨོས་པ་དེ་ལ། སེམས་ཅན་ཡོད་ལྟ་མ་ཉམས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་གང་དག་ལྷན་ཅིག་སྐྱེས་པ་ལས་གཞན་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་མ་སྤངས་པ་དེ་དག་ལ་སྐད་ཅིག་མ་ཐ་དད་པའི་རྣམ་པར་རྟོག་པ་འདི་མེད་པ་ཉིད་དེ། འདི་ལྟར་རྒྱུན་ལ་གཅིག་པ་ཉིད་དུ་ཞེན་ནས་ བདག་ཅག་བདེ་བར་འགྱུར་རོ་ཞེས་ཡོངས་སུ་དགའ་བར་བྱས་ནས་ལས་ལ་འཇུག་པར་འགྱུར་རོ། །གང་དག་སོ་སོའི་སྐྱེ་བོ་དགེ་བ་དེ་དག་ནི་དེ་ལྟར་རིགས་པ་དང་ལུང་དག་གིས་ཇི་ལྟ་བ་བཞིན་དུ་སྐད་ཅིག་མ་དང་བདག་མེད་པ་དག་རྟོགས་པའི་ཕྱིར་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་དེ་དག་ཀྱང་། དེ་ལྟར་རྟེན་ཅིང་འབྲེལ་པར་ འབྱུང་བའི་ཆོས་ཉིད་རྟོགས་པར་འགྱུར་ཏེ། སྙིང་རྗེ་ལ་སོགས་པ་སྔོན་དུ་འགྲོ་བའི་སྦྱིན་པ་ལ་སོགས་པ་དག་ལས་བདག་དང་གཞན་ལ་ཕན་པར་འབྱུང་བར་བྱེད་པའི་འདུ་བྱེད་སྐད་ཅིག་མ་ཉིད་གཞན་དུ་བརྒྱུད་པ་སྐྱེའི། འཚེ་བ་ལ་སོགས་པ་དག་ལས་ནི་མ་ཡིན་པས་དེས་ན་དེ་དག་རྒྱུ་དང་འབྲས་བུའི་སོ་སོར་ངེས་པ་བཟུང་ ནས་དགེ་བ་ལ་སོགས་པའི་བྱ་བ་དག་ལ་འཇུག་པར་འགྱུར་རོ། །ཇི་སྐད་དུ། ཇི་སྲིད་དེ་ནི་བདག་ལ་ནི། །སྲིད་པ་ཡོངས་སུ་མ་བཅོམ་པར། །དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། །རང་བཞིན་དུ་ནི་གནས་མི་འགྱུར། །གྲོལ་བ་པོ་ནི་མེད་ན་ཡང་། །ལོག་པར་སྒྲོ་འདོགས་གཞོམ་ཕྱིར་རྩོམ། །ཞེས་ བཤད་པ་ལྟ་བུའོ། །རྒྱུ་དང་འབྲས་བུའི་དངོས་པོ་དེ་རྟོགས་པ་པོ་ཚད་མ་ཇི་ལྟར་གྲུབ་པ་དེ་ལྟར་བསྟན་ཟིན་པ་ཁོ་ནའོ། །གང་ཡང་། སྐད་ཅིག་འཇིག་པའི་དངོས་རྣམས་ལ། །ངོ་ཤེས་པ་ཡང་འཐད་པར་དཀའ། །ཞེས་སྨྲས་པ་དེ་ལ། སེམས་རྣམས་འགའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་ བུ་འབྲས་བུ་ཅན་ཉིད་ཅེས་བྱ་བ་ནི་འདི་ལ་འབྲས་བུ་ཡོད་པས་འབྲས་བུ་ཅན་ཏེ། རྒྱུ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་དང་འབྲས་བུ་ཅན་གྱི་དངོས་པོ་ནི་འབྲས་བུ་དང་འབྲས་བུ་ཅན་ཉིད་དེ། རྒྱུ་དང་འབྲས་བུའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གང་གིས་ཉམས་སུ་མྱོང་བ་གང་ཁོ་ན་དེ་ཉིད་ཀྱིས་དྲན་པ་ཞེས་བྱ་བར་ འགྱུར་བ་དྲན་པ་པོ་དོན་དམ་པར་ཡོད་པ་ཉམས་སུ་མྱོང་བ་ནི་འགའ་ཡང་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུན་གང་ལ་ཉམས་སུ་མྱོང་བ་ཤིན་ཏུ་གསལ་པོས་གོང་ནས་གོང་དུ་ཤིན་ཏུ་ཆེས་ཁྱད་པར་ཅན་གྱི་སྐད་ཅིག་སྐྱེ་བས་དྲན་པ་ལ་སོགས་པའི་ས་བོན་བསྒོས་པ་དེ་ཉིད་ལ་དྲན་པ་ལ་སོགས་པ་སྐྱེ་བར་འགྱུར་གྱི་གཞན་ དུ་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་སོ་སོར་ངེས་པའི་ཕྱིར་རོ་ཞེས་བྱ་བ་སྤྱིའི་དོན་ཏོ། །ཇི་སྐད་དུ། གཞན་གྱིས་དྲན་དང་ལོངས་སྤྱོད་སོགས། །ཐལ་བར་འགྱུར་བའང་གནོད་བྱེད་མིན། །དེ་ཡིས་འགའ་ཡང་མ་དྲན་ཕྱིར། །འདི་ལྟར་མྱོང་ལས་དྲན་པ་འབྱུང་། །ཞེས་བཤད་པ་ལྟ་བུའོ། །ངོ་ཤེས་པ་ལ་ སོགས་པ་སྐྱེ་བ་ཡང་དྲན་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་འགལ་བ་མེད་དོ། །གང་གིས་བློ་ཐ་དད་ན་ཡང་རྒྱུ་མཚན་མེད་ཅེས་བརྗོད། ངོ་ཤེས་པ་ལ་སོགས་པའི་རྒྱུ་མཚན་ཤེས་པ་པོ་གཅིག་པུ་འགའ་ཞིག་གྲུབ་པ་ཡོད་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་རྒྱུ་དང་འབྲས་བུའི་དངོས་པོ་ཙམ་གྱིས་དེ་ ཁས་བླངས་པའི་ཕྱིར་རོ། །གང་ཡང་སྲིད་པའི་བཙོན་རར་འདོད་ཆགས་ལ་སོགས་ཞེས་བྱ་བ་ལ་སོགས་པས་བཅིངས་པ་དང་། ཐར་པའི་རྣམ་པར་གཞག་པ་མི་འཐད་དོ་ཞེས་བྱ་བ་སྨྲས་པ་དེ་ལ། མ་རིགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་ལ་ནི་སྐྱེས་ བུ་གཅིག་ལ་བརྟེན་པའི་བཅིངས་པ་དང་། ཐར་པ་དག་གང་དུ་ཡང་མ་གྲུབ་སྟེ། བཅིང་བར་བྱ་བ་དང་གྲོལ་བར་བྱ་བ་འགའ་ཡང་མ་གྲུབ་པའི་ཕྱིར་ཏེ། མ་རིག་པ་ལ་སོགས་པ་འདུ་བྱེད་རྣམས་ནས་རྒ་ཤིའི་མཐར་ཐུག་པའི་སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ཀྱིས་བཅིངས་པ་ཞེས་ཐ་སྙད་དུ་བྱེད་པ་འབའ་ཞིག་ཏུ་ཟད་དོ། །དེ་ སྐད་དུ་ཡང་། དེ་ལྟ་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །མ་རིག་པ་ལ་སོགས་པ་དེ་དག་ཀྱང་དེ་ཁོ་ན་ཉིད་ཤེས་པ་ལས་བྲལ་བ་ནི་དྲི་མ་དང་བྲལ་བའི་བློ་གང་ཡིན་པ་དེ་ནི་གྲོལ་བ་ཞེས་བྱ་སྟེ། ཇི་སྐད་དུ། གང་ཕྱིར་ཆགས་སོགས་ཉོན་མོངས་བས། །བསྒོས་པའི་ སེམས་ཉིད་འཁོར་བ་སྟེ། །དེ་ཉིད་དེ་དག་ལས་གྲོལ་བ། །སྲིད་མཐར་ཕྱིན་ཅེས་བརྗོད་པ་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ནོ། །གང་ཡང་བཅིངས་དང་གྲོལ་བ་དེ་དག་ནི། གཞི་གཅིག་ཅེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་དཔེ་ལ་བསྒྲུབ་བྱ་མ་ཚང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བཅིངས་པ་དང་ ཐར་བ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཚེ་དངོས་པོ་ཐམས་ཅད་སྐྱེས་མ་ཐག་ཁོ་ནར་འཇིག་པ་ཡིན་ནོ་ཞེས་བསྒྲུབས་པ་དེའི་ཚེ་བཅིངས་པ་དང་ཐར་པ་དེ་དག་གཞི་གཅིག་པ་ཉིད་གང་དུ་ཡང་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར་དཔེ་མ་གྲུབ་བོ། །དེའི་ཕྱིར་དེ་ལྟར་རང་གི་ཕྱོགས་རྣམ་པར་བཞག་ ནས། བདག་ལ་ཀུན་དུ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ཕྱོགས་འགེགས་པར་བྱེད་དོ། །གལ་ཏེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། དེ་ཁོ་ན་ཉིད་བསྒོམ་པ་ལ་སོགས་པ་དག་གིས་བདག་ལ་ཁྱད་པར་འགའ་ཞིག་བྱེད་ན། དེའི་ཚེ་དེའི་བཅིངས་པ་དང་ཐར་པ་ལ་ སོགས་པའི་རྣམ་པར་གཞག་པར་འགྱུར་ན། གང་གིས་རྒྱུ་དང་འབྲས་བུ་ངེས་པའི་མཚམས་ཀྱི་མཚན་ཉིད་ཅན་གྱི་བཅིངས་པ་དང་ཐར་པ་ལ་སོགས་པའི་རྣམ་པར་གཞག་པ་འདི་འདྲ་བ་འདི་བྱེད་པར་འགྱུར་བ་གང་གི་ཕྱིར་རྟག་པ་ཉིད་ཀྱིས་དེ་ལ་ཁྱད་པར་སྒྲུབ་པར་བྱེད་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་ངེས་པར་རྒྱུ་དང་འབྲས་བུར་ འདོད་པའི་མཚན་ཉིད་བཅིངས་པ་དང་ཐར་པ་རྣམ་པར་གཞག་པ་བྱེད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་བཞིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་བདག་ལ་ཁྱད་པར་སྐྱེད་པ་ཡིན་ན་དེའི་ཚེ་ཁྱད་པར་བདག་ཉིད་དུ་འགྱུར་བ་ཡིན་པའི་ཕྱིར་ལ། བདག་ཀྱང་དེ་ལས་ཐ་མི་དད་པའི་ཕྱིར་ཁྱད་པར་བཞིན་ དུ་མི་རྟག་པ་ཉིད་དུ་འགྱུར་རོ། །ཁྱད་པར་གཞན་དུ་གྱུར་པ་ནི་མི་རིགས་ཏེ། འབྲེལ་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ལན་བརྒྱར་བརྟགས་ཟིན་ཏོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། ལས་དང་འབྲས་བུའི་འབྲེལ་པ་བརྟག་པ་སྟེ་བཅུ་བཞི་པའོ།། །།ད་ནི། ཡོན་ཏན་རྫས་དང་ལས་རིགས་པ། །འདུ་ སོགས་ཁྱད་པར་གྱིས་སྟོང་པ། །ཞེས་བྱ་བ་དེ་བསྒྲུབ་པར་བྱ་བའི་ཕྱིར་ཚིག་གི་དོན་དྲུག་བརྟག་པ་ཉེ་བར་འགོད་པར་བྱེད་པ་ནི། རྐང་མིག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐང་མིག་པ་ལ་སོགས་པ་རྣམས་ན་རེ། སྔར་བསྟན་པའི་དངོས་པོ་བརྟག་པར། རིགས་ལ་སོགས་པ་དངོས་མེད་ཕྱིར། །སྐད་ཅིག་འཇིག་ པར་འདོད་པ་མིན། །ཞེས་བྱ་བ་འདིས་སྔར་རིག་པ་ལ་སོགས་པ་རང་བཞིན་མེད་པ་ཉིད་དང་ལྡན་པ་གང་ཡིན་པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། བྱེ་བྲག་དང་། འདུ་བ་ཞེས་བྱ་བ་ཚིག་གི་དོན་དྲུག་དམ་པའི་དོན་དུ་རྫས་སུ་ཡོད་དོ་ཞེས་ཟེར་རོ། །རྐང་མིག་གི་སློབ་མ་ཡིན་པའི་ ཕྱིར་རྐང་མིག་པ་སྟེ། རིགས་པ་ཅན་རྣམས་སོ། །བྱེ་བྲག་པ་རྣམས་ནི་གཟེགས་ཟན་གྱི་སློབ་མ་སྟེ་གཟེགས་ཟན་པ་ཞེས་བྱའོ། །ལུང་ཙམ་དག་ཅེས་བྱ་བ་ནི་འདི་དག་ལ་རིགས་པ་དང་བྲལ་བ་ལུང་ཙམ་ཡོད་པ་ཡིན་པས་ལུང་ཙམ་པ་དག་གོ། །དེ་ལ་རེ་ཞིག་ས་ལ་སོགས། །ཞེས་བྱ་བ་ལ་སོགས་པས། རེ་ཞིག་ རྫས་ཀྱི་ཚིག་གི་དོན་དགག་པར་བྱ་བའི་དོན་དུ་དེའི་རྣམ་པ་དབྱེ་བ་འཆད་དེ། ཐ་དད་དུ་རྣམ་པར་ཕྱེ་ན་བདེ་བླག་ཏུ་སུན་དབྱུང་བ་བརྗོད་པར་ནུས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྣམ་པ་དགུ་ཞེས་བྱ་བ་ནི། མདོ་ལས་ས་དང་ཆུ་དང་། མེ་དང་རླུང་དང་། ནམ་མཁའ་དང་། དུས་དང་ཕྱོགས་དང་། བདག་དང་ཡིད་ཅེས་བྱ་བ་ ནི་རྫས་དག་ཡིན་ཞེས་བྱའོ། །དེ་ལ་ཡང་། །ས་དང་ཆུ་དང་མེ་དང་རླུང་། །ཞེས་བྱ་བའི་རྫས་ཀྱི་གྲངས་བཞི་པོ་འདི་ནི། རྟག་པ་དང་མི་རྟག་པའི་ཁྱད་པར་གྱི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། འདིར་རྣམ་པ་གཉིས་པོ་འདི་བསྟན་པའི་ཕྱིར། རེ་ཞིག་གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་ལ་སོགས་པ་རྡུལ་ཕྲ་རབ་ ཀྱི་བདག་ཉིད་རྣམས་ནི་རྟག་པ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་སོགས་པས་བརྩམས་པ་ནི་མི་རྟག་པ་སྟེ། རྒྱུ་དང་ལྡན་པ་ནི་མི་རྟག་པའོ་ཞེས་བྱ་བར་རིགས་པས་སོ། །དེ་སོགས་ཀྱིས་ཞེས་བྱ་བ་རྡུལ་ཕྲ་རབ་དག་ལ་སོགས་པ་དེ་དག་གང་ལ་ཡོད་པའི་རྡུལ་ཕྲ་རབ་གཉིས་འབྱར་བ་ གཉིས་པ་ལ་སོགས་པ་དེ་དག་ནི་དེ་སོགས་སོ། །ནམ་མཁའ་ལ་སོགས་པ་ནི་རྟག་པ་ཁོ་ནའོ་སྙམ་དུ་བསམས་པའོ། །རེ་ཞིག་རྫས་ཀྱི་གྲངས་བཞི་པོ་དེ་འདིར་དགག་པར་འདོད་ནས། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ས་ལ་སོགས་པ་འདི་དག །རྡུལ་ཕྲ་རབ་རྟག་པའི་རང་བཞིན་དུ་བརྗོད་པ་གང་ཡིན་པ་དེ་ དག་ལ་ནི་དངོས་པོ་མཐའ་དག་ལ་ཁྱབ་པའི་སྐད་ཅིག་མ་འཇིག་པ་བསྒྲུབས་པའི་ཕྱིར་རྟག་པའི་ངོ་བོ་མེད་པར་བསྒྲུབས་པ་ཉིད་ཡིན་ནོ། །གང་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་མ་ཡིན་ཏེ། སྐད་ཅིག་མ་མ་ཡིན་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བའི་ཕྱིར། དེའི་མཚན་ཉིད་ཅན་གྱི་ཡོད་པ་ཉིད་ ཉམས་པ་ཡིན་ནོ་ཞེས་ཁྱབ་པ་བསྒྲུབས་ཟིན་ཏོ། །འདི་ལ་ཡང་གནོད་པར་བྱེད་པའི་ཚད་མ་བཤད་པ་ནི། རྟག་ན་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་རི་ལ་སོགས་པ་རགས་པ་རྣམས་ལ་རྒྱུར་གྱུར་པའི་རྡུལ་ཕྲ་རབ་དག་རྟག་པར་ཡོད་པ་ནི་ཡིན་ནོ་ཞེས་ཁས་ལེན་པར་བྱེད་པ་དེའི་ཚེ། དེའི་འབྲས་བུ་ རགས་པ་རྣམས་རྒྱུ་མ་ཚང་བ་མེད་པའི་ཕྱིར་ཅིག་ཅར་ཁོ་ནར་སྐྱེ་བར་འགྱུར་རོ། །སྦྱོར་བ་ནི་གང་དག་རྒྱུའི་ཚོགས་པ་ཐོགས་པ་མེད་པ་ཅན་དེ་དག་ནི་ཅིག་ཅར་འབྱུང་བ་ཡིན་ཏེ། མཚུངས་པར་སྐྱེས་པའི་མྱུ་གུ་མང་པོ་དག་བཞིན་ནོ། །རྡུལ་ཕྲ་རབ་རྟག་པའི་འབྲས་བུ་ཉིད་དུ་མངོན་པར་འདོད་པ་རགས་པའི་ དངོས་པོ་རྣམས་ཀྱང་རྒྱུའི་ཚོགས་པ་ཐོགས་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྒྱུ་ཚོགས་ཀྱང་མི་སྐྱེ་ན་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱི་ཚེ་མི་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་བྱ་བར་ནི་གནོད་པར་བྱེད་པའི་ཚད་མའོ། །འདི་སྙམ་དུ་རྒྱུ་རྣམ་པ་གསུམ་དུ་འདོད་དེ། འདུ་ བའི་རྒྱུ་དང་། འདུ་བ་མ་ཡིན་པའི་རྒྱུ་དང་། རྒྱུ་མཚན་གྱི་རྒྱུའོ། །དེ་ལ་གང་ལ་འབྲས་བུ་གང་འདུ་བ་དེ་ནི་དེའི་རྒྱུ་སྟེ། དཔེར་ན་རྡུལ་ཕྲ་རབ་གཉིས་པ་ལ་རྡུལ་ཕྲན་གཉིས་ལྟ་བུའོ། །གང་ཞིག་གང་ལ་མི་འདུ་བའི་རྒྱུའི་དངོས་པོ་ཙམ་དུ་གྱུར་པ་དེ་ནི་འདུ་བ་མ་ཡིན་པའི་རྒྱུ་ཡིན་ཏེ། དཔེར་ན་ཡན་ལག་ཅན་གྱི་ རྫས་ཙམ་པོ་ལས་ཡན་ལག་གི་ལྡན་པ་ལྟ་བུའོ། །རྒྱུ་ལྷག་མའི་རྒྱུ་མཚན་གྱི་རྒྱུ་སྟེ། དཔེར་ན་ཆོས་ལ་སོགས་པའོ་ཞེས་བྱ་བ་འདི་ནི་འདི་དག་གི་རྣམ་པར་དབྱེ་བ་ཡིན་ནོ། །དེ་ལ་ལྡན་པ་ལ་སོགས་པ་ལ་ལྟོས་པར་འགྱུར་བ་ནི་མི་ཉ་བའི་ཕྱིར་རྒྱུ་མ་ཚང་བ་ཉིད་དུ་མ་གྲུབ་སྟེ། དེའི་ཕྱིར་གཏན་ཚིགས་མ་གྲུབ་བོ་ཞེས་ དོགས་པ་ལ། །དེ་དག་ལྡན་པ་ལ་སོགས་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྡུལ་ཕྲ་རབ་རྣམས་ལ་ལྡན་པ་ལ་སོགས་པས་ཁྱད་པར་འགའ་ཞིག་བྱེད་ན་དེའི་ཚེ་དེ་དག་ལ་ལྟོས་པར་འགྱུར་ན། ཇི་སྲིད་དུ་རྡུལ་ཕྲ་རབ་རྣམས་རྟག་པའི་ཕྱིར། གཞན་དག་གིས་ཁྱད་པར་དུ་བྱར་མེད་པ་ཉིད་ཡིན་ན་ དེ་ཇི་ལྟར་ན་དེ་དག་ལྡན་པ་ལ་སོགས་པ་ལྟོས་པར་འགྱུར། ལུས་དང་ས་ལ་སོགས་པ་རགས་པ་རྣམས་ཅིག་ཅར་སྐྱེ་བ་ཡོད་པ་ཡང་མ་ཡིན་ཏེ། ལུས་ལ་སོགས་པ་རིམ་གྱིས་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་བཟློག་པའི་སྦྱོར་བ་ནི། གང་དག་འབྲས་བུ་རིམ་པ་དང་ལྡན་པའི་རྒྱུ་ཡིན་པ་དེ་དག་ནི་མི་རྟག་པ་ ཡིན་ཏེ། རིམ་པ་དང་ལྡན་པའི་མྱུ་གུ་ལ་སོགས་པའི་འབྲས་བུ་འགྲུབ་པར་བྱེད་པའི་ས་བོན་ལ་སོགས་པ་བཞིན་ནོ། །རྡུལ་ཕྲ་རབ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྣ་མ་ཕུག་པས་རྡུལ་ཕྲ་རབ་རྣམས་རྟག་པ་ཉིད་དུ་སྒྲུབ་པའི་ཕྱིར་ཚད་མ་སྨྲས་པ། རྡུལ་ཕྲ་རབ་རྣམས་ སྐྱེད་པར་བྱེད་པར་མངོན་པར་འདོད་པ་ནི། ཡོད་པའི་ཆོས་དང་ལྡན་པ་མ་ཡིན་ཏེ། ཡོད་པར་སྒྲུབ་པར་བྱེད་པའི་ཚད་མའི་ཡུལ་མ་ཡིན་པའི་ཕྱིར། བོང་བུའི་རྭ་བཞིན་ནོ་ཞེའོ། །ཡོད་པ་སྟེ་བདོག་པའི་ཆོས་ནི་ཡོད་པའི་ཆོས་ཏེ་ཡོད་པ་ཉིད་དོ། །དེ་དང་ལྡན་པ་ནི་ཐོབ་པ་སྟེ། ཡོད་པ་ཞེས་བྱ་བའི་ ཐ་ཚིག་གོ། །དེ་བཀག་པ་འདི་ནི་རྡུལ་ཕྲན་སྐྱེད་བྱེད་དེ། རྡུལ་ཕྲ་རབ་རྣམས་སྐྱེད་པར་བྱེད་པའི་རྒྱུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚད་མ་དེ་དག་འདི་དོགས་པ་བསུ་བ་སྔོན་དུ་འགྲོ་བ་ཅན་བསྟན་པའི་ཕྱིར། གལ་ཏེ་རྡུལ་ཕྲན་སྐྱེད་བྱེད་འདོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡུལ་ཕྲ་རབ་སྐྱེད་པར་བྱེད་པའི་ཆོས་དང་ལྡན་ པ་མ་ཡིན་པར་འདོད་ཅེས་སྦྲེལ་ལོ། །ཡོད་པ་དམིགས་པ་སྟེ། རྟོགས་པ་དེའི་དོན་ཏེ་དགོས་པ་ཚད་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་རྟོགས་པར་བླའོ། །འདིས་ནི་རྡུལ་ཕྲ་རབ་རྣམས་མི་རྟག་པ་ཉིད་དུ་དམ་བཅས་པ་ལ་རྗེས་སུ་དཔག་པས་གནོད་པ་ཉིད་བསྟན་ཏེ། ཡོད་པ་རྒྱུ་དང་མི་ལྡན་རྟག །ཅེས་ བཤད་པའི་ཕྱིར་རྒྱུ་མེད་པ་ཉིད་ཀྱིས་རྡུལ་ཕྲ་རབ་རྣམས་རྟག་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །མིན་ཏེ་མ་གྲུབ་ཕྱིར་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མ་གྲུབ་པ་ཉིད་དུ་བཤད་དོ། །འོན་ཏེ་ཐག་པ་ལ་སོགས་པ་སྣམ་བུ་ལ་སོགས་པ་ཁོ་ནའི་རྒྱུ་ཉིད་དུ་གྲགས་པ་མ་ཡིན་ནམ། རྡུལ་ཕྲ་རབ་རྣམས་ཀྱི་ནི་མ་ཡིན་ན། དེ་ ཇི་ལྟར་རྡུལ་ཕྲ་རབ་རྣམས་ཀྱི་རྒྱུ་ཐག་པ་ལ་སོགས་པ་མཐོང་ཞེས་བྱ་ཞེ་ན། གང་ཕྱིར་སྣམ་བུ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་འོག་ནས་སྟོན་པར་འགྱུར་རོ་སྙམ་དུ་བསམས་པའོ། །གཞན་ཡང་ཡུལ་དང་དུས་དང་། རང་བཞིན་གྱིས་བསྐལ་པའི་དོན་རྣམས་དམིགས་པར་བྱེད་པའི་ཚད་མ་ལོག་ན་ ཡང་ཡོད་པར་མི་འགལ་བའི་ཕྱིར། དེས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་སྟོན་པ་ནི། ཡོད་འཛིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་མེད་པ་ལ་ངེས་པ་མེད། །ཅེས་བྱ་བ་ནི་ཤ་ཟ་ལ་སོགས་པ་བཞིན་ནོ་སྙམ་དུ་བསམས་པའོ། །དེ་ལྟར་རེ་ཞིག་རྒྱུའི་རྫས་བཀག་ནས། འབྲས་བུའི་རྫས་ དགག་པར་བྱ་བའི་ཕྱིར། དེས་བརྩམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་ནི་གཟུགས་ལ་སོགས་པའོ། །ཡན་ལག་ནི་སྣལ་མ་ལ་སོགས་པའོ། །དེ་འདི་ཡོད་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པ་ཡོན་ཏན་དང་ཡན་ལག་ལས་ཐ་དད་པ་ཡན་ལག་ཅན་དེ་མ་དམིགས་ཏེ། སྣམ་བུ་ལ་ སོགས་པའི་མཚན་ཉིད་ཀྱི་ཡན་ལག་ཅན་གྱི་རྫས་དཀར་པོ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་སྣལ་མ་ལ་སོགས་པ་ཡན་ལག་དག་ལས་དོན་གཞན་དུ་གྱུར་པ་གང་དུ་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་མི་སྣང་ངོ་། །དེའི་ཕྱིར་འདིར་ཡོན་ཏན་དག་ལས་དོན་གཞན་དུ་གྱུར་པའི་རྫས་མི་དམིགས་པས་ ཡོན་ཏན་དང་ཡོན་ཏན་ཅན་དུ་སྨྲ་བ་དང་། །ཡན་ལག་ལས་མ་གཏོགས་པའི་ཡན་ལག་ཅན་མི་དམིགས་པས་ཡན་ལག་ཅན་དུ་སྨྲ་བ་བསལ་ཏོ། །སྦྱོར་བ་ནི་གང་དམིགས་པའི་མཚན་ཉིད་དུ་གྱུར་པ་གང་ན་མ་དམིགས་པ་དེ་ནི་དེ་ན་མེད་པ་ཡིན་ཏེ། དཔེར་ན་ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་བུམ་པ་ལ་ སོགས་པ་མི་དམིགས་པ་ལྟ་བུའོ། །ཡུལ་དེ་ཉིད་དུ་ཡོན་ཏན་དང་ཡན་ལག་ལས་དོན་གཞན་དུ་གྱུར་པའི་སྣང་བ་ཉིད་དུ་མངོན་པར་འདོད་པའི་ཡོན་ཏན་ཅན་དང་ཡན་ལག་ཅན་ཡང་མི་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། ཆེན་པོ་དང་རྫས་དུ་མ་དང་ ལྡན་པ་ཉིད་དང་། གཟུགས་ནི་དམིགས་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་སྣང་རུང་ཉིད་དུ་མངོན་པར་འདོད་པའི་ཕྱིར་རོ། །ཉེ་བར་བསྒྱུར་དང་ཕྲད་པ་ན། །ཞེས་བྱ་བ་ལ་སོགས་པས་གསལ་བྱེད་པ་དང་སྣང་བྲལ་ལ་སོགས་པ་རྣམས་གཏན་ཚིགས་མ་གྲུབ་པ་ཉིད་དུ་སྟོན་པར་བྱེད་དེ། དེ་དག་གིས་སྨྲས་པ། ཡོན་ཏན་ ལས་མ་གཏོགས་པའི་ཡོན་ཏན་ཅན་ཡང་དག་པར་དམིགས་པ་ཁོ་ན་སྟེ། དེའི་གཟུགས་ལ་སོགས་པའི་ཡོན་ཏན་མ་བཟུང་ན་ཡང་དེ་འཛིན་པའི་ཕྱིར་རོ། །འདི་ལྟར་ཉེ་བར་སྒྱུར་བ་ཉེ་བའི་གནས་སྐབས་ཀྱི་ཤེལ་རྡོའི་རི་ལ་ཡོད་པའི་དཀར་པོའི་ཡོན་ཏན་མ་དམིགས་ན་ཡང་མཐོང་བ་ཉིད་དོ། །ཆུ་སྐྱར་ལ་སོགས་པ་ཡང་ མཚན་མོ་ཉུང་ཟད་ཉུང་ཟད་སྣང་བ་ན་ཡང་དེར་གཏོགས་པའི་སྐྱེ་བོ་ལ་སོགས་པའི་གཟུགས་མ་མཐོང་ཡང་བཟུང་བ་ཁོ་ནའོ། །དེ་བཞིན་དུ་ལུས་རྐང་པའི་བར་དུ་རལ་གས་གཡོགས་པའི་སྐྱེས་བུ་ལ། དེའི་སྔོ་བསངས་ལ་སོགས་པའི་གཟུགས་མ་བཟུང་བར་ཡང་སྐྱེས་པ་སྐྱེས་པ་ཞེས་རྟོགས་པ་སྐྱེ་བ་ཡིན་ནོ། །ངུར་སྨྲིག་ དང་གུར་གུམ་ལ་སོགས་པས་གོས་དམར་པོ་ལ་དེའི་ངོ་བོ་འདྲེས་པའི་ངོ་བོ་ཉིད་ཀྱིས་ཟིལ་གྱིས་མནན་པ་མ་དམིགས་ན་ཡང་གོས་ཀྱི་བློར་འགྱུར་བ་ཡིན་ནོ། །དེའི་ཕྱིར་རེ་ཞིག་དེ་ལྟར་མངོན་སུམ་ཉིད་ཀྱིས་ཡོན་ཏན་དང་ཡོན་ཏན་ཅན་ཐ་དད་པར་གྲུབ་པར་བསྟན་ནས། ད་ནི་རྗེས་སུ་དཔག་པས་ཀྱང་གྲུབ་པོ་ཞེས་བསྟན་པའི་ ཕྱིར། པདྨ་སོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། པདྨ་ལ་སོགས་པ་ལས་གཟུགས་ལ་སོགས་པ་ཡོན་ཏན་ཡིན་ཏེ། པདྨའི་གཟུགས་ལ་སོགས་པ་ཞེས་བྱ་བ་དེ་ལྟ་བུའོ། །པདྨ་ལ་སོགས་པ་དེ་ཡིས་གཟུགས་ལ་སོགས་པ་དེ་ནི་རྣམ་པར་གཅོད་པའི་ཕྱིར་ཏེ། དཔེར་ན་ནག་པའི་རྟ་ཞེས་ནག་པས་ བདག་པོ་གཞན་དག་ལས་རྣམ་པར་གཅོད་པ་ན་རྟ་དེ་ལས་ཐ་དད་པ་ཡིན་པ་བཞིན་ནོ། །དེ་བཞིན་དུ་སྦྱོར་བ་གཞན་ནི་ས་དང་ཆུ་དང་མེ་དང་རླུང་གི་རྫས་རྣམས་ནི་སོ་སོར་གཟུགས་དང་། རོ་དང་དྲི་དང་རེག་པའི་ཡོན་ཏན་དག་ལས་ཐ་དད་པ་ཡིན་ཏེ། གཅིག་གི་ཚིག་དང་མང་པོའི་ཚིག་གི་ཡུལ་ཡིན་པའི་ཕྱིར། ཟླ་བ་ དང་རྒྱུ་སྐར་རྣམས་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །གང་གི་ཕྱིར་ཇི་ལྟར་ཟླ་བ་ཞེས་བྱ་བ་ནི་གཅིག་གི་ཚིག་ཡིན་ལ། རྒྱུ་སྐར་རྣམས་ཞེས་བྱ་བ་མང་པོའི་ཚིག་སྟེ། ཟླ་བ་དང་རྒྱུ་སྐར་རྣམས་ཐ་དད་པའི་རྒྱུ་མཚན་དུ་དམིགས་པ་དེ་བཞིན་དུ་འདི་ལ་ཡང་ས་ཞེས་བྱ་བ་ནི་གཅིག་གི་ཚིག་གོ། །གཟུགས་དང་། རོ་དང་། དྲི་དང་། རེག་པ་རྣམས་ཞེས་བྱ་བ་ནི་མང་པོའི་ཚིག་གོ། །དེ་བཞིན་དུ་ཆུ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །རྒྱུ་སྐར་ཐ་དད་པ་ནི་རྒྱལ་ལ་སོགས་པའོ། །དེ་ལྟར་ཡོན་ཏན་དང་ཡོན་ཏན་ཅན་ཐ་དད་པར་བསྒྲུབས་ནས། ཡན་ལག་དང་ཡན་ལག་ཅན་ཐ་དད་པར་བསྒྲུབ་པར་བྱ་བའི་ཕྱིར། དེ་བཞིན་སྣམ་སྣལ་ཐ་དད་ དེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་རྣམས་ནི། སྣམ་བུ་ནི་སྤྱད་པའི་ཡུལ་དུ་གྱུར་པའི་སྣལ་མ་དག་ལས་གཞན་ཡིན་ཏེ། བྱེད་པ་པོ་ཐ་དད་པའི་ཕྱིར། བུམ་པ་ལ་སོགས་པ་བཞིན་ནོ། །སྣལ་མ་དང་སྣམ་བུ་དག་ནི་གཞན་ཡིན་ཏེ། ནུས་པ་ཐ་དད་པའི་ཕྱིར། དུག་དང་གཉེན་པོ་བཞིན་ནོ། །དུས་ དང་སྔ་དང་ཕྱིས་འབྱུང་བའི་ཕྱིར་ཡང་སྟེ། ཕ་དང་བུ་བཞིན་ནོ། །ཚད་མ་ཐ་དད་པའི་ཕྱིར་ཏེ། ཨུཏྤ་ལ་དང་སྐྱུ་རུ་ར་དང་བིལ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའོ། །འདི་དག་གི་ཁྱབ་པ་བསྒྲུབ་པའི་ཕྱིར། འགལ་བའི་ཆོས་དང་ལྡན་པས་ན་ཞེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་ཕན་ཚུན་ཐ་དད་པའི་རྒྱུ་ མཚན་ནི་འགལ་བའི་ཆོས་དང་ལྡན་པ་ཙམ་ཡིན་ཏེ། ཀ་བ་ལ་སོགས་པ་བཞིན་ནོ། །དེ་ཡང་ཡན་ལག་ཅན་དག་ལ་ཡང་ཡོད་དེ། འདི་ལྟར་སྣལ་མ་དག་གི་བྱེད་པ་པོ་ནི་བུད་མེད་ཡིན་ལ་སྣམ་བུའི་ནི་ཐ་ག་པའོ། །སྣམ་བུ་ནི་གྲང་བ་སེལ་བ་ལ་སོགས་པའི་འབྲས་བུ་ནུས་ཀྱི་སྣལ་མ་རྣམས་ནི་མ་ཡིན་ ནོ། །སྣལ་མ་རྣམས་ནི་དང་པོར་དམིགས་ཏེ། དུས་སྔར་བྱུང་བའི་ཕྱིར་རོ། །སྣམ་བུ་ནི་ཕྱིས་ཐ་ག་པ་ལ་སོགས་པས་བྱེད་པའི་དུས་ཕྱིས་དམིགས་པའི་ཕྱིར་དུས་ཕྱིས་བྱུང་བ་ཉིད་ཡིན་ནོ། །སྣམ་བུའི་ཞེང་དང་སྲིད་དུ་ཚད་ཇི་ཙམ་ཡོད་པ་དེ་ཙམ་སྣལ་མ་རེ་རེ་ལ་ཡོད་པ་མ་ཡིན་པའི་ཕྱིར་ཚད་ཐ་དད་པ་ཡིན་ནོ། ། དེའི་ཕྱིར་གཏན་ཚིགས་རྣམས་མ་ངེས་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་རེ་ཞིག་རྗེས་སུ་དཔག་པས་ཡན་ལག་དང་ཡན་ལག་ཅན་དག་ཐ་དད་པར་བསྒྲུབས་ནས། མངོན་སུམ་གྱིས་ཀྱང་ཐ་དད་པར་བསྒྲུབ་པའི་ཕྱིར། རགས་པའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ ཡན་ལག་ཅན་མེད་པར་གྱུར་ན་ཐམས་ཅད་མི་འཛིན་པར་ཐལ་བར་འགྱུར་ཏེ། རྡུལ་ཕྲ་རབ་རྣམས་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ། །རགས་པ་མེད་པ་ན་རྡུལ་ཕྲ་རབ་ཅེས་བྱ་བའི་ཐ་སྙད་ཉིད་དུ་ཡང་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རགས་པའི་དངོས་པོ་ལ་ལྟོས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པར་བླ་བར་ཟད་དོ། །འོན་ཏེ་ཤེལ་ལ་སོགས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཤེལ་ལ་སོགས་པ་རང་ལ་ཡོད་པའི་ཡོན་ཏན་ལ་དམིགས་ནས་ཡང་འབའ་ཞིག་ལ་དམིགས་སོ་ཞེས་གང་སྨྲས་པ་དེ་ནི་མ་གྲུབ་སྟེ། དེའི་ཤེས་པ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ཀྱིས་འཁྲུལ་པས་ ཡུལ་མེད་པ་ཡིན་པའི་ཕྱིར་རོ། །འདི་ལྟར། ཐད་སྐྱེས་ཀྱི་མེ་ཏོག་ལ་སོགས་པས་ཉེ་བར་སྒྱུར་བས་ཤེལ་རྡོ་མེད་པ་ཉིད་ཀྱི་དམར་པོ་ལ་སོགས་པའི་ངོ་བོ་དམིགས་ལ། ཆུ་སྐྱར་དང་ལྷ་ཁང་ལ་སོགས་པ་དཀར་པོ་ཡིན་ན་ཡང་སྲེ་བོའི་ངོ་བོར་མཐོང་སྟེ། དེ་དག་དེའི་དངོས་ཏེ་དམར་པོ་ལ་སོགས་པའི་ངོ་བོ་ཉིད་ དེ་ཁོ་ན་ཉིད་དུ་ཡོད་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རང་གི་ཕྱོགས་འཇིག་པར་འགྱུར་བའི་ཕྱིར་ཏེ། གལ་ཏེ་དེ་དག་དེའི་དངོས་ཉིད་དེ་ཁོ་ན་ཉིད་དུ་གྱུར་ན་དེའི་ཚེ་དེའི་ངོ་བོ་མ་བཟུང་ན་ཡང་དེ་དག་འཛིན་པ་ཡོད་པ་མ་ཡིན་ནོ་ཞེས་ཁྱེད་ཀྱིས་དེ་མ་ཐག་ཏུ་བརྗོད་པ་གང་ཡིན་པའི་ཕྱོགས་དེ་འཇིག་པར་འགྱུར་ རོ། །འདི་སྙམ་དུ་དམར་པོ་ལ་སོགས་པའི་ངོ་བོ་ལས་མ་གཏོགས་པའི་ཤེལ་ལ་སོགས་པ་ཡང་དམིགས་པ་ཁོ་ནའོ་སྙམ་ན། དེའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམར་པོ་ལ་སོགས་པའི་ངོ་བོ་དེ་ལས་ཐ་དད་པ་ཤེལ་ལ་སོགས་པའི་མཚན་ཉིད་བདག་གི་རང་བཞིན་མ་མཐོང་སྟེ། དམར་ པོ་ལ་སོགས་པའི་ངོ་བོ་ཁོ་ནར་དམིགས་པའི་ཕྱིར་རོ། །གལ་ཏེ་ཤེལ་ལ་སོགས་པ་དེའི་ངོ་བོ་མ་ཡིན་པ་ཡང་དམར་པོ་ལ་སོགས་པའི་ངོ་བོས་དམིགས་པ་ཡིན་ནོ་ཞེ་ན། གཞན་རྣམ་རིག་བློའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྣམ་པའི་དབང་གི་ཤེས་པ་དོན་སོ་སོར་ངེས་པའི་ཡུལ་ཅན་དུ་འཇོག་ སྟེ། གལ་ཏེ་གཞན་གྱི་རྣམ་པ་ཅན་གྱི་ཤེས་པ་ཡང་གཞན་གྱི་ཡུལ་ཅན་དུ་འགྱུར་བ་དེ་ལྟ་ཡིན་ན་གཟུགས་ཀྱི་ཤེས་པ་ཡང་སྒྲ་ལ་སོགས་པའི་ཡུལ་དུ་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་ཤེས་པ་གཞན་གྱི་རྣམ་པ་ཅན་ཡང་གཞན་གྱི་ཡུལ་ཅན་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་འདོད་པ་འགྲུབ་ པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་བཞིན་དཀར་སོགས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དཀར་པོ་ལ་སོགས་པ་ཁོ་དེ་ལས་མ་གཏོགས་པའི་ཡོན་ཏན་ཅན་གྱི་དངོས་པོ་དང་བྲལ་བ་དེ་ལྟར་དམར་པོ་ལ་སོགས་པའི་རིག་གོ་ཞེས་བྱ་བ་དེ་ལྟ་བུ་ཡང་སྲིད་པར་འགྱུར་ན་དེ་ལྟ་ན་ཡང་ཡན་ལག་ཅན་མི་ འགྲུབ་པོ། །འང་ཞེས་བྱ་བ་ནི་རིམ་པ་བཞིན་དུ་སྦྱར་བ་དང་ངེས་པར་བཟུང་བ་ཡིན་ཏེ། དཀར་སོགས་ཞེས་བྱ་བ་འདིའི་དེ་མ་ཐག་ཏུ་བལྟ་བར་བྱའོ། །འདི་འཁྲུལ་པ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྷག་མའོ། །གང་ཡང་། རལ་གའི་ནང་གནས་སྐྱེས་བུ་ལ། །ཞེས་ བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་མངོན་སུམ་མ་ཡིན་ཏེ། རྟོག་པ་དང་བཅས་པའི་ཕྱིར་དང་། རྣམ་པ་མི་གསལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཤེས་པ་འདི་ནི་རྗེས་སུ་དཔག་པ་ཡིན་ནོ། །གཟུགས་ལ་སོགས་པ་འདུས་པ་ཙམ་གྱི་མཚན་ཉིད་ཀྱི་སྐྱེས་བུ་ཡུལ་ཅན་ཡིན་པས་དེའི་ཕྱིར་ཡན་ལག་ཅན་མ་ གྲུབ་པོ་ཞེས་སྟོན་པ་ནི། དེའི་རྒྱུ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་གཟུགས་ལ་སོགས་པའི་ཚོགས་པ་ཙམ་གྱིས་བདག་ཉིད་དེ་གནས་ལུགས་གང་ལ་རྒྱུར་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བ་ལ་དེའི་རྒྱུ་ཅན་གྱི་གནས་ལུགས་ཏེ། དབྱིབས་ཀྱི་ཁྱད་པར་རལ་ག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་ བྱའོ། །འདིས་ནི་འབྲས་བུར་བརྗོད་པའི་རྟགས་ཀྱི་ཁྱད་པར་གྱིས་བསྐྱེད་པའི་རྗེས་སུ་དཔག་པའི་ཤེས་པ་ཡིན་པར་བསྟན་པ་ཡིན་ནོ། །གང་ཡང་གོས་དམར་ལ་ནི་གོ་ཞེས་སྨྲས་པ་དེ་ལ། ངུར་སྨྲིག་གུར་གུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གོས་སྐད་ཅིག་མ་ཡིན་པའི་ཕྱིར་དཀར་པོ་ལ་སོགས་ པ་སྔར་རང་བཞིན་ཞིག་པ་ནི། ཚོགས་པ་གཞན་གྱི་སྟོབས་ཀྱིས་སྔ་མ་མེད་པའི་གཟུགས་ལ་སོགས་པ་སྐྱེ་བ་ཡིན་ཏེ། དེ་མངོན་སུམ་གྱིས་བཟུང་བ་ན། ཕྱིས་བརྡ་ཇི་ལྟ་བ་བཞིན་དུ་གོམས་པའི་ཁྱད་པར་གྱི་སྤྱིའི་ཡུལ་ཅན་གོས་སོ་གོས་སོ་ཞེས་བྱ་བའི་མངོན་སུམ་གྱི་རྗེས་ལ་བྱུང་བའི་ཀུན་རྫོབ་པ་དོན་ དམ་པར་ཡུལ་མེད་པ་ཉིད་ཀྱི་སྲེད་པའི་ཤེས་པ་སྐྱེ་བའི་ཕྱིར་འདི་ལ་མངོན་སུམ་ཉིད་མ་གྲུབ་པོ། །འདི་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། མངོན་སུམ་སྔ་མས་བཟུང་ཟིན་པ་ཡུལ་ཡིན་པའི་ཕྱིར་དང་། རྟགས་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལ་ཟིལ་གྱིས་གནོན་པའི་དངོས་པོ་ ཅུང་ཟད་ཀྱང་ཡོད་པ་ནི་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་གོས་ཀྱི་དཀར་པོ་ལ་སོགས་པའི་གཟུགས་མ་ཉམས་པ་མེད་པ་ཉིད་ཡིན་ན་དེ་ལྟར་བཀྲུས་པ་ལ་སོགས་པའི་གནས་སྐབས་སུ་ཡང་དམིགས་པར་འགྱུར་སྙམ་ན། སླར་ཡང་ཆུ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ལྕགས་ལ་སོགས་པ་ མེ་དང་འབྲེལ་པ་ལ