Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 191

Văn bản gốc(Tây Tạng)

Trang 16 / 25 (50.000 ký tự/trang)
བྱ་བ་ལ་སོགས་པ་ལ་དངོས་པོ་ཐ་དད་པ་མེད་ན་ཡང་བློས་ཀུན་དུ་བརྟགས་པའི་ཐ་དད་པ་ལ་བརྟེན་ནས་
ཐ་དད་པའི་རྣམ་པར་དབྱེ་བར་འགྱུར་བ་དེ་བཞིན་དུ་འདི་ལ་ཡང་འགྱུར་རོ། །ཚིག་དངོས་པོའི་རང་བཞིན་གྱི་རྗེས་སུ་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྨྲ་བ་པོའི་འདོད་པའི་རྗེས་སུ་བྱེད་པ་ཡིན་ནོ། །གཞན་ཡང་ཇི་ལྟ་བུའི་དོན་ལ་སྨྲ་བ་པོ་རྣམས་ཀྱིས་ཇི་སྙེད་ཅིག་སྦྱར་བའི་སྒྲ་དེ་སྙེད་པ་དེ་ནི་དོན་དེ་ལ་བརྡའི་དབང་
གིས་རྟོགས་པར་བྱེད་ཀྱི། དོན་དམ་པར་རང་བཞིན་ནམ་རྐྱེན་ནི་ཡོད་པ་མ་ཡིན་ནོ། །སྐད་ཅིག་མ་ཞེས་བྱ་བའི་སྒྲ་འདི་ཡང་མཁས་པ་རྣམས་ཀྱིས་སྐྱེས་མ་ཐག་ཏུ་མི་གནས་པའི་དངོས་པོ་ཙམ་ལ་སྦྱར་བ་ཡིན་ནོ། །དེ་ལ་དེ་ལྟ་བུར་གྱུར་པའི་དངོས་པོ་ལ་སྐད་ཅིག་མའི་སྒྲས་བརྗོད་པར་འདོད་པ་ན་རྐྱེན་དང་བཅས་པ་
སྐད་ཅིག་མའི་སྒྲའམ་རྐྱེན་དང་བྲལ་བ་ཡང་སྦྱར་བར་བྱའོ། །ཁོ་བོ་ཅག་ནི་འདོད་པ་ཙམ་གྱི་ངོར་བྱེད་པའི་བརྡ་ཙམ་གྱི་ཚིག་འདི་ལ་ཤིན་ཏུ་གུས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། སྐྱེས་མ་ཐག་ཏུ་མི་གནས་པའི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ལ། སྐད་ཅིག་མ་ཞེས་བྱ་བ་འདིས་སོ། །
རྐྱེན་དང་ལྷན་ཅིག་ལྡན་པའི་དོན་གྱིས་འཇུག་པས་ན་རྐྱེན་བཅས་སོ། །དེ་ལྟར་ནམ་མཁའ་ལ་སོགས་པ་བྱས་པ་ཉིད་དུ་ཁས་བླངས་པ་ན་ངེས་པ་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ་ཞེས་བསྟན་ནས། ད་ནི་ཡོད་པ་ཉིད་དུ་ཁས་བླངས་པ་ན་འདི་དག་སྐད་ཅིག་མ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་གལ་
ཏེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱས་པ་བཞིན་ཞེས་བྱ་བ་ནི་བྱས་པ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་ཟུར་གྱིས་བསྟན་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པ། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བ་
ནི་གང་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་མ་ཡིན་ཏེ། དཔེར་ན་དེ་མ་ཐག་ཏུ་བསྒྲུབ་པའི་སྐད་ཅིག་མའི་དངོས་པོ་རྣམས་བཞིན་ནོ། །ཁྱེད་ཅག་གིས་དངོས་པོར་འདོད་པའི་ནམ་མཁའ་ལ་སོགས་པ་ཡང་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་གྲུབ་ཅེས་བྱ་བ་ནི་སྐད་ཅིག་མ་

ཉིད་དུའོ། །འདིས་ནི་བསྒྲུབ་བྱ་མ་ཚང་བའི་དཔེ་ཡིན་པར་དོགས་པར་མི་བྱ་བར་བསྒྲུབས་ཟིན་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ། །ཁྱེད་ཀྱིས་ཡོང་བར་འདོད་ཅེས་བྱ་བ་འདིས་ནི་འདི་ཐལ་བར་སྒྲུབ་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་གང་ཡང་རུང་བ་ལ་
མ་གྲུབ་པར་འགྱུར་རོ། །ཡང་ཇི་ལྟར་གཏན་ཚིགས་འདིའི་ཁྱབ་པ་གྲུབ་ཅེ་ན། སྐད་ཅིག་མ་དང་བྲལ་བ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་དོན་བྱེད་ནུས་པའི་མཚན་ཉིད་ཀྱི་ཡོད་པ་གཏན་ཚིགས་ཉིད་དུ་འདོད་ལ། དེ་ཡང་སྐད་ཅིག་མ་ལོག་པ་ན་ལྡོག་སྟེ། འདི་ལྟར་དངོས་པོ་རྣམས་
དོན་བྱ་བ་བྱེད་པ་ན་རིམ་གྱིས་བྱེད་དམ། ཅིག་ཅར་དུ་བྱེད། རིམ་དང་ཅིག་ཅར་དག་ལས་རྣམ་པ་གཞན་སྲིད་པ་ནི་མ་ཡིན་ཏེ། དེ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ཡང་མངོན་སུམ་ཉིད་ཀྱིས་གྲུབ་སྟེ། འདི་ལྟར་བུམ་པ་སྦྲང་རྩི་དང་ཆུ་ལ་སོགས་པ་དང་དེ་ལས་
གཞན་པའི་རྫས་དག་ཐ་མི་དད་པར་མ་འདྲེས་པར་རིམ་གྱིས་འཛིན་པ་དང་། རང་གི་ཤེས་པ་དང་ཆུ་འཛིན་པ་ཅིག་ཅར་བྱེད་པར་མངོན་སུམ་ཉིད་ཀྱི་ཡོངས་སུ་གཅོད་དོ། །དེ་ལ་གང་གི་ཚེ་བུམ་པ་འམ་རྫ་མཁན་འབྲས་བུའི་ཁྱད་པར་ཁམ་ཕོར་དང་བླུགས་མ་ལ་སོགས་པ་རིམ་གྱིས་བྱེད་པ་དམིགས་པ་དེ་ཉིད་ཀྱི་
ཚེ་དེ་དག་ཅིག་ཅར་སྐྱེད་པར་མི་ནུས་སོ། །གང་ཁོ་ནའི་ཚེ་རང་གི་ཡུལ་ཅན་གྱི་ཤེས་པ་ལ་སོགས་པ་ཅིག་ཅར་སྐྱེད་པར་དམིགས་པ་དེ་ཁོ་ནའི་ཚེ་དེ་དག་རིམ་གྱིས་མ་ཡིན་ནོ་ཞེས་འདི་ཐམས་ཅད་མངོན་སུམ་ཉིད་ཀྱིས་ངེས་སོ། །དེའི་ཕྱིར་རིམ་པ་ནི་ཅིག་ཅར་རྣམ་པར་གཅད་པ་ཉིད་ཀྱིས་ཡོངས་སུ་གཅོད་པའི་
ཕྱིར་དང་། ཅིག་ཅར་ཡང་རིམ་པ་རྣམ་པར་གཅད་པ་ཉིད་ཀྱིས་ཡིན་པའི་ཕྱིར་ཚད་མ་གཅིག་འཇུག་པ་ན་གཉིས་ལས་གཞན་ཡོངས་སུ་གཅོད་ཅིང་དེ་ལས་གཞན་མི་མཐུན་པ་རྣམ་པར་གཅོད་ལ། རྣམ་པ་གཞན་ཡང་མེད་པར་སྟོན་པ་ཡིན་པས་མངོན་སུམ་གྱི་ཚད་མ་ཉིད་ཀྱིས་ངེས་ཏེ། འདི་དག་ནི་ཕན་ཚུན་
སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་ནོ། །དེས་ན་ཕུང་པོ་གསུམ་པ་མེད་པའི་ཕྱིར་རིམ་དང་ཅིག་ཅར་དག་གི་དོན་བྱེད་པ་ལ་ཁྱབ་ལ། དེ་ཡང་བསྟན་པའི་དངོས་པོ་རྣམས་ལ་རང་གི་ཁྱབ་པར་བྱེད་པ་ལྡོག་པ་ན་དེའི་མཚན་ཉིད་ཀྱི་ཡོད་པ་བཟློག་བཞིན་པར་ལྡོག་པར་བྱེད་པའི་ཕྱིར་ཁྱབ་པ་གྲུབ་

པོ། །དུས་ཀྱི་དངོས་པོ་ཐ་དད་པ་ཁས་མ་བླངས་པའི་ཕྱིར་དངོས་པོ་རྣམས་ཀྱི་རིམ་དང་ཅིག་ཅར་བ་ཉིད་མ་གྲུབ་ཅེས་བྱ་བ་འདི་ནི་བརྗོད་པར་མི་ནུས་ཏེ། ཁོ་བོ་ཅག་ནི་དངོས་པོ་རྣམས་ཀྱི་རིམ་དང་ཅིག་ཅར་དོན་གཞན་དུ་གྱུར་བའི་དུས་ཀྱི་དངོས་པོས་བྱས་པར་མི་སྨྲའོ། །འོ་ན་ཅི་ཞེ་ན། དེ་ལྟ་དེ་ལྟར་སྐྱེས་
པས་བྱས་པ་ཡིན་ཏེ། འདི་ལྟར་གང་ཁོ་ནའི་ཚེ་གཅིག་ཡོད་པ་ཉམས་སུ་མྱོང་བ་དེ་ཁོ་ནའི་ཚེ་གཞན་གང་ཡིན་པ་ཡང་དེ་བཞིན་དུ་དེའི་རྗེས་སུ་འཇུག་སྟེ། དེ་དག་ཐམས་ཅད་ཉིད་དེ་བཞིན་དུ་སྐྱེ་བ་ན་རིམ་མ་ཡིན་པའི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་ཚོགས་པའི་ཚོགས་ལས་མྱུ་གུ་མང་པོ་
སྐྱེ་བ་ལྟ་བུའོ། །བཟློག་པ་ནི་རིམ་པའི་ཐ་སྙད་ལ་བརྟེན་པ་ཡིན་ཏེ། མྱུ་གུ་དང་སྡོང་བུ་དང་འདབ་མ་ལ་སོགས་པ་བཞིན་ནོ། །འདི་དག་ཀྱང་མངོན་སུམ་ཉིད་ཀྱིས་གྲུབ་ལ། སྐྱེ་བོ་རྣམས་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་ཐ་སྙད་དུ་བྱེད་དོ། །དེ་ལྟ་བུར་གྱུར་པའི་དོན་གྱི་ཡུལ་གྱི་དངོས་པོ་ཡང་རྒྱུའི་བྱ་བ་ཡིན་ལ།
དེའི་ཡུལ་ཡིན་པ་ཉིད་ཀྱིས་རིམ་དང་ཅིག་ཅར་དག་གི་ཐ་སྙད་ཀྱི་བྱེད་པ་ཡིན་པས་རྩོད་པ་འདི་མེད་དོ། །འོན་ཏེ་བརྟེན་པའི་དངོས་པོ་གྲུབ་པར་གྱུར་ན་དེའི་ཚེ་དེ་ལ་རིམ་དང་ཅིག་ཅར་ལོག་ན་དོན་བྱེད་པར་ནུས་པ་ལྡོག་པར་འགྲུབ་པར་འགྱུར་བ་མ་ཡིན་ནམ། དཔེར་ན་ཆོས་ཅན་གྱི་ཕྱོགས་འགའ་ཞིག་ཏུ་ཤིང་ལོག་
ན་ཤིང་ཤ་པ་ལྡོག་པ་བཞིན་ནོ། །དེ་ལྟ་མ་ཡིན་ཏེ་ཆོས་ཅན་ས་ཕྱོགས་མ་གྲུབ་ན་གང་དུ་ཤིང་ཤ་པ་མེད་པར་རྟོགས་པར་བྱེད། འདི་གྲུབ་པ་ཡང་མ་ཡིན་ཏེ། དེ་ཉིད་དགག་པར་འདོད་པའི་ཕྱིར་རོ། །ཅི་སྟེ་ཡང་གྲུབ་པར་ཁས་ལེན་ན་འོ་ན་དེ་སྤང་བར་མི་རིགས་ཏེ། དེ་ཆོས་ཅན་གྱི་ངོ་བོར་གྲུབ་པར་ཁས་
བླངས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཡོད་པའི་ཕྱིར་ཞེས་བྱ་བ་འདི་ཡང་གཏན་ཚིགས་མ་ངེས་པ་ཁོ་ན་ཡིན་ཏེ། མི་མཐུན་པའི་ཕྱོགས་ལའང་འཇུག་པའི་ཕྱིར་རོ་སྙམ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ཁོ་བོ་ཅག་གིས་རང་རྒྱུད་ཀྱི་ཚད་མ་ཉིད་ཀྱིས་བཀག་པ་སྒྲུབ་པར་བྱེད་པའི་ཁྱབ་བྱེད་མི་དམིགས་པ་འདི་སྦྱོར་
བར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་ལ་ཐལ་བ་སྒྲུབ་པར་བྱེད་པ་ཡིན་ནོ། །གལ་ཏེ་ཁྱེད་ཅག་འདི་དག་བརྟན་པའི་དངོས་པོ་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་དོན་བྱེད་ནུས་པ་ཡང་ཁས་བླང་བར་མི་བྱ་སྟེ། དེ་ལ་རིམ་དང་ཅིག་ཅར་དང་ལྡན་པ་དེའི་ཁྱབ་པར་བྱེད་པ་མེད་པའི་ཕྱིར་རོ། །ཁྱབ་པར་

བྱེད་པ་ལོག་པ་ན་ཁྱབ་པར་བྱ་བ་གནས་པར་ནུས་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་དག་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཉིད་དུ་མི་འགྱུར་རོ། །དེ་ལྟ་ན་ཡིན་དང་དོན་བྱེད་པར་ནུས་པར་ལོག་ན་དེ་དག་གི་ཡོད་པ་ཡང་ཁས་བླང་བར་མི་བྱ་སྟེ། ཡོད་པའི་མཚན་ཉིད་ནི་དོན་
བྱེད་ནུས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐབས་འདིས་དེ་དག་མེད་པ་ཉིད་དུ་བསྟན་ཏོ། །ཆོས་མི་མཐུན་པ་ཅན་གྱི་དཔེ་ཡང་གདོན་མི་ཟ་བར་དངོས་པོར་གྱུར་པའི་ཆོས་ལ་བརྟེན་པར་བྱ་བ་ཡང་མ་ཡིན་ཏེ། དེ་ལ་བསྒྲུབ་པར་བྱ་བ་ལོག་ན་སྒྲུབ་པར་བྱེད་པ་ལྡོག་པ་ཙམ་བསྟན་པར་འདོད་པའི་ཕྱིར་རོ། །དེ་ཡང་
ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཆོས་དག་ཁྱབ་པར་བྱེད་པའི་དངོས་པོར་གྲུབ་ན། ཆོས་ཅན་གྱི་ཁྱད་པར་ཡོངས་སུ་བཟུང་བ་མེད་པ་ཉིད་དུ་སྤྱིར་ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་བ་ཡང་མེད་པར་འགྱུར་རོ་ཞེས་ཚིག་ཙམ་ཉིད་ཀྱིས་རྟོགས་པར་འགྱུར་ཏེ། དཔེར་ན་ཤིང་མེད་ན་ཤིང་ཤ་པ་མེད་པ་ཡིན་ནོ་
ཞེས་བྱ་བ་ལྟ་བུའོ། །ཇི་སྐད་དུ། དེའི་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །དེ་དག་མེད་ན་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །ཞེས་བཤད་པ་ལྟ་བུའོ། །རེ་ཞིག་བསྟན་པའི་དངོས་པོ་རིམ་གྱིས་དོན་བྱེད་པར་རིགས་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་
པ་ནི། རྒྱུ་རྣམས་ཉེ་བ་མ་ཡིན་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་རང་གི་འདོད་པས་ཡོད་པ་དང་མེད་པ་ནི་མ་ཡིན་ཏེ། འོན་ཀྱང་དེའི་ཡོད་པ་དང་མེད་པ་དག་ནི་རྒྱུ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཡིན་ནོ། །དེ་ལ་གལ་ཏེ་བརྟན་པ་གཅིག་པུའི་ངོ་བོ་འདི་ཐམས་ཅད་དུ་འབྲས་བུ་འདི་ཐམས་
ཅད་ཀྱི་སྐྱེད་པའི་རྒྱུའི་ངོ་བོས་གནས་པ་ཡིན་ན་དེའི་ཚེ་ཅིའི་ཕྱིར་དེ་ཡོད་པ་ཙམ་དོན་དུ་གཉེར་བ་འབྲས་བུ་ཐམས་ཅད་ཅིག་ཅར་སྐྱེད་པར་མི་བྱེད། གང་གིས་ན་རིམ་གྱིས་འབྱུང་བར་འགྱུར། འགོར་བ་ཞེས་བྱ་བ་ནི་སྡོད་པའོ། །དེས་ན་དེའི་འབྲས་བུ་ཕྱིས་འབྱུང་པར་འགྱུར་བ་ཡང་དང་པོ་ཉིད་དུ་འགྱུར་ཏེ། རྒྱུ་
ནུས་པ་ཐོགས་པ་མེད་པའི་ཕྱིར་མངོན་པར་འདོད་པའི་འབྲས་བུ་བཞིན་ནོ་སྙམ་དུ་དོགས་པའོ། །འོན་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལས་ཀྱི་དོགས་པ་བསུ་བ་སྟེ། བརྟན་པའི་དངོས་པོ་ཐམས་ཅད་འབྲས་བུ་ཐམས་ཅད་ཀྱི་རྒྱུ་ཉིད་དུ་ཉེ་བ་ཡིན་མོད་ཀྱི། འོན་ཀྱང་དེའི་ལྷན་ཅིག་བྱེད་པ་རིམ་གྱིས་ཉེ་བར་

འགྱུར་ཏེ། དེའི་ཕྱིར་འདི་དེ་ལ་ལྟོས་ནས་འདི་རིམ་གྱིས་འབྲས་བུ་སྐྱེད་པར་བྱེད་པར་འགྱུར་རོ་ཞེ་ན་དེ་ལེགས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རྟག་པ་དེ་ལ་ལྷན་ཅིག་བྱེད་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་དཔེར་ན་ས་བོན་བང་བ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་
བྱེད་པའི་ལྷན་ཅིག་བྱེད་པ་ལ་སོགས་པ་ལྟ་བུར་ཁྱད་པར་བྱེད་པའི་ལྷན་ཅིག་པ་ཡིན་ནམ། ཇི་ལྟར་ཕྱེ་བ་ཙམ་གྱིས་གཟུགས་མཐོང་བ་ལ་མིག་དང་གཟུགས་ལ་སོགས་པ་ལྟ་བུར་དོན་གཅིག་བྱེད་པ་ཡིན། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། འདི་ལྟར་ཁྱད་པར་འདི་དེའི་ལྷན་ཅིག་བྱེད་པ་དག་
གིས་བྱེད་པ་ན་རེས་འགའ་རང་བཞིན་དེ་ལས་ཐ་མི་དད་པར་གྱུར་པའམ། ཐ་དད་པའམ། ཡང་ན་ནམ་མཁའི་གོས་ཅན་པ་དག་སྨྲ་བ་བཞིན་དུ་གཉི་གའམ། གཉི་ག་མ་ཡིན་པའི་ངོ་བོ་ཡིན་ཞེས་བྱ་བ་ཕྱོགས་བཞིའོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། དེའི་རང་གི་ངོ་བོ་བཞིན་དུ་དེ་ལས་ཐ་
མི་དད་པ་ཉིད་ཀྱིས་དེ་ཡང་རྟག་ཏུ་གནས་པའི་ཕྱིར་དང་། ཡོད་པ་ཡང་བྱེད་པར་མི་རིགས་པའི་ཕྱིར་རོ། །དེ་བྱེད་ན་ཡང་དེ་ཁོ་ན་བཞིན་དུ་དངོས་པོ་ཡང་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་རྟག་པ་ཉིད་ཉམས་སོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་ཁྱད་པར་ཁོ་ན་ལས་འབྲས་
བུ་སྐྱེ་བའི་ཕྱིར་དངོས་པོ་རྒྱུ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ། །འདི་ཞེས་བྱ་བ་ནི་རྟག་པའི་དངོས་པོའོ། །འདི་ཉིད་གསལ་བར་བྱེད་པ་ནི་དེ་ཡོད་པ་ན་འབྲས་བུ་དག་ཅེས་བྱ་བ་ལ་སོགས་པའོ། །དེ་ཡོད་པ་ན་ཞེས་བྱ་བ་ནི་ཁྱད་པར་ཡོད་པ་ནའོ། །དེ་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་ལྟར་ན་ཞེས་བྱ་བ་ནི་
དེར་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་འདི་ཉིད་ལ་གཞན་གྱི་དོགས་པ་བསུ་བ་ཡིན་ནོ། །དེ་དང་ཞེས་བྱ་བ་ནི་ཁྱད་པར་དང་ངོ་། །དེ་ལ་ཡང་ཞེས་བྱ་བ་ནི་རྟག་པ་ལའོ། །དེ་དང་འབྲེལ་པ་ཞེས་བྱ་བ་ལ་སོགས་པས་ལན་བཤད་
དོ། །འབྲེལ་པ་གང་ཡིན་ཏེ། ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲེལ་པ་ནི་གཉིས་ཁོ་ན་སྟེ། དེའི་བདག་ཉིད་དང་། དེ་ལས་བྱུང་བའོ། །དེ་ལ་རེ་ཞིག་དེའི་བདག་ཉིད་ཀྱི་མཚན་ཉིད་ནི་མ་ཡིན་ཏེ། ཐ་དད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱང་མ་ཡིན་

ཏེ། ལྷན་ཅིག་བྱེད་པ་དག་ཁོ་ན་ལས་དེ་སྐྱེ་བའི་ཕྱིར་རོ། །ཅི་སྟེ་དེ་ལས་དེ་སྐྱེ་བར་ཁས་ལེན་པར་བྱེད་ན། དེའི་ཚེ་དེ་ཙམ་དེ་ལས་བྱུང་བ་ཡིན་པས་ཁྱད་པར་རྣམས་ཅིག་ཅར་ཉིད་དུ་སྐྱེ་བར་འགྱུར་རོ། །དེ་ལྟ་ཡིན་དང་འབྲས་བུ་ཐམས་ཅད་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་ཏེ།
ཁྱད་པར་དང་ལྡན་པའི་རྒྱུ་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཅི་སྟེ་ཁྱད་པར་སྐྱེད་པ་དེ་ལ་ཡང་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་པའི་ཕྱིར་ཁྱད་པར་རིམ་གྱིས་སྐྱེད་པས་འབྲས་བུ་རྣམས་ཅིག་ཅར་འབྱུང་བར་མི་འགྱུར་རོ་སྙམ་དུ་སེམས་ན་ནི་མི་རིགས་ཏེ། དེ་ལྟ་ན་ནི་ཐུག་པ་མེད་པར་འགྱུར་རོ། །འདི་ལྟར་
ལྷན་ཅིག་བྱེད་པ་རྣམས་ཁྱད་པར་གཞན་བྱེད་པའི་ཕྱིར་ལྷན་ཅིག་བྱེད་པ་ཉིད་བརྗོད་པར་བྱ་དགོས་སོ། །ཁྱད་པར་དེ་ཡང་ཐ་དད་པ་ཉིད་ཡིན་ན་འབྲེལ་བ་གྲུབ་བོ། །དེ་ལས་བྱུང་བ་ཡིན་ན་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་རོ། །དེ་ལ་ཡང་ལྷན་ཅིག་བྱེད་པ་ལ་ལྟོས་སོ་སྙམ་པ་འདི་ཉིད་ཡང་འཇུག་གོ། །དེ་
ལྟ་ཡིན་དང་ཐུག་པ་མེད་པ་ཡིན་ན་རེས་འགའ་ཡང་ཁྱད་པར་དང་ལྷན་ཅིག་སྟེ་འབྲེལ་པ་གྲུབ་པར་མི་འགྱུར་ལ། དེ་མ་གྲུབ་ན་དེ་ལས་འབྲས་བུ་སྐྱེ་བ་མ་ཡིན་ཏེ། ཁྱད་པར་ཉིད་ལས་འབྲས་བུ་སྐྱེ་བའི་ཕྱིར་རོ། །ཅི་སྟེ་ཡང་དེ་ནི་ཁྱད་པར་དང་ལྷན་ཅིག་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་མ་ཡིན་ནོ། །
འོ་ན་ཅི་ཞེ་ན། དེ་ནི་འདུ་བའི་མཚན་ཉིད་ཡིན་ལ། རྟག་པའི་ཆོས་ཅན་དེ་ལ་ཁྱད་པར་དེ་འདུ་བའི་ཕྱིར་རོ། །དེ་འདིར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་མིན་ཞེས་བྱ་བ་ནི་ཕན་པར་བྱེད་པ་མ་ཡིན་པ་དེ་ལ་དེའི་འདུ་བར་བྱེད་དོ་ཞེས་བྱ་
བ་དང་སྦྱར་རོ། །དེ་ལ་ཕྱོགས་དང་པོ་ལ་ཕན་འདོགས་པ་ནི་ཕན་གདགས་པར་བྱ་བ་ལས་ཐ་མི་དད་པའི་ཕྱིར་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་དེ་ཉིད་ཁས་བླང་བར་བྱ་བར་འགྱུར་ན། དེ་ཡང་དེ་མ་ཐག་ཏུ་བསལ་ཟིན་ཏོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་
ཐམས་ཅད་ཀྱི་འདུ་བར་འགྱུར་རོ། །དེ་སྟོན་པར་བྱེད་པ་ནི་གལ་ཏེ་དེ་ནི་འདི་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་བཞིན་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་བཞིན་དུ་ཕན་མི་འདོགས་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །གཉི་ག་དང་གཉི་ག་མ་ཡིན་པའི་ཕྱོགས་ཀྱི་དབང་དུ་བྱས་ནས། ཐ་དད་

ཐ་དད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་རེ་རེ་བསལ་བ་ཉིད་ཀྱིས་གཉི་གའི་བདག་ཉིད་ཀྱི་ཕྱོགས་ཀྱང་བསལ་བ་ཡིན་ཏེ། དེ་ལས་མ་གཏོགས་པ་གཉི་གའི་བདག་ཉིད་ཕྱོགས་མེད་པའི་ཕྱིར་རོ། །གཞན་ཡང་རྣམ་པ་གཅིག་ལེན་པ་དང་གཏོང་བ་དག་ནི་དེ་ལས་གཞན་གྱི་རྣམ་
པ་གཏོང་བ་དང་ལེན་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །དངོས་པོ་ཡོད་པ་ལ་ནི་གཉི་ག་དང་གཉི་ག་མ་ཡིན་པའི་ངོ་བོ་ཉིད་རིགས་པ་མ་ཡིན་ནོ། །གཅིག་ལ་གཅིག་གི་ཚེ་སྒྲུབ་པ་དང་དགག་པ་ཕན་ཚུན་འགལ་བ་གཉིས་རིགས་པ་ཡང་མ་ཡིན་ཏེ། གཅིག་པ་ཉིད་ཉམས་པར་ཐལ་བར་འགྱུར་
བའི་ཕྱིར་རོ། །འདི་ཡང་གང་ཟག་ལ་སོགས་པ་བརྟག་པར་བསྟན་ཟིན་པ་དང་། དེ་སྟོན་པ་ནི་གང་ཟག་ལ་སོགས་པའོ། །ཅི་སྟེ་དོན་གྱི་བྱ་བ་གཅིག་བྱེད་པ་ལ་དེའི་ལྷན་ཅིག་བྱེད་པ་ཡིན་ནོ་ཞེས་ཕྱོགས་གཉིས་པ་ལ་བརྟན་པ་ཡིན་ན་ཇི་སྐད་དུ་ཁ་ཅིག་འདི་ལྷན་ཅིག་བྱེད་པ་ལ་ལྟོས་པ་མ་ཡིན་ལ། ལྷན་ཅིག་
བྱེད་པ་དང་བྲལ་བ་ལ་འབྲས་བུའི་བྱེད་པ་པོ་ཡང་མེད་དེ། འདི་ལྟར་གང་གི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་མཐའ་དག་ཉེ་བ་ན་མཐའི་རྒྱུ་བཞིན་དུ་བྱེད་པ་པོ་ཡིན་གྱི། འགའ་ཞིག་པ་ནི་མ་ཡིན་པ་དེའི་རང་བཞིན་འདི་འདྲ་བ་ཐོག་མ་མེད་པ་ནས་གྲུབ་པ་ཡིན་ནོ། །དེས་ན་དེ་ཡོད་ན་ཡང་ཐམས་ཅད་དུ་འབྲས་བུ་སྐྱེད་པར་
ཐལ་བར་མི་འགྱུར་རོ་ཞེས་ཟེར་བ་དེ་འདིར་སྟོན་པར་བྱེད་པ་ནི། རྟག་པ་ལྷན་ཅིག་བྱེད་པའི་ཞེས་བྱ་བ་ལ་སོགས་པའོ། །མ་ཡིན་ཞེས་བྱ་བ་ནི་བྱེད་པ་པོ་ཞེས་བྱ་བ་འདི་དང་སྦྲེལ་བར་བྱའོ། །མཐའ་རྒྱུ་བཞིན་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེའོ། །ཡང་ན་འོག་གི་བྱེད་པ་པོ་ཉིད་ཡིན་ཞེས་བྱ་བ་འདི་དང་སྦྲེལ་ལ་
ཆོས་མཐུན་པའི་དཔེར་བྱའོ། །བཞིན་ནི་དྲུག་པའི་མཐའ་ཅན་དུ་བྱའོ། །དེ་ཡོད་ཉིད་ན་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་དེ་ཡོད་ན་ཡང་ངོ་། །དེ་ལྟ་ཡིན་མོད་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལྟར་བརྟག་པ་དེ་ཡིན་དུ་ཆུག་མོད། འོན་ཀྱང་འདིར་འདི་དཔྱད་པར་བྱ་སྟེ། དེའི་ལྷན་
ཅིག་བྱེད་པ་ཚང་བའི་གནས་སྐབས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་ཅི་མ་ཚང་བའི་གནས་སྐབས་ཡིན་ནམ། འོན་ཏེ་གཞན་ཡིན། གལ་ཏེ་དེ་ཉིད་ཡིན་ན་དེའི་ཚེ་ལྷན་ཅིག་བྱེད་པ་རྣམས་དང་རྟག་པར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་འབྲེལ་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་བྱེད་པ་

དེ་དག་དང་འབྲེལ་པའི་རང་བཞིན་གང་ལ་ཡོད་ཅེས་ཚིག་རྣམ་པར་སྦྱར་རོ། །དེ་དག་ཀྱང་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པ་རྣམས་ཏེ། ལྕགས་སུ་བཅུག་པའི་སྐྱེས་བུ་བཀུག་ན། ལྕགས་ཀྱང་བཀུག་པ་བཞིན་དུ་དེ་དག་ཀྱང་རྗེས་སུ་འཇུག་པའི་ཕྱིར་རོ། །
དེ་ལྟ་ཡིན་ན་ནི་དེ་ཉིད་རང་བཞིན་སྔ་མ་མ་བཏང་བར་རྗེས་སུ་འཇུག་པར་འགྱུར་རོ། །གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་དང་འབྲེལ་པའི་རང་བཞིན་མི་འདོར་ན་དེ་དང་འབྲེལ་པའི་རང་བཞིན་མ་དོར་བ་ན་ཤུགས་ཀྱིས་ལྷན་ཅིག་བྱེད་པ་རྣམས་ཀྱང་མི་འདོར་ཏེ། འབྲེལ་པ་ཅན་ཉིད་ནི་གཉིས་པ་ལ་ལྟོས་པའི་
ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་ཉིད་དེའི་རང་བཞིན་དུ་མི་འགྱུར་རོ། །འོན་ཏེ་གཞན་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན། དེ་ལ་སྨྲས་པ། གལ་ཏེ་མ་ཚང་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་འདིའི་ལྷན་ཅིག་བྱེད་པ་མ་ཚང་བའི་ངོ་བོ་གཞན་ཡིན་ནོ་ཞེས་བྱ་བར་འདོད་ན། དེའི་ཚེ་རྟག་པ་ཉིད་ཉམས་པར་
ཐལ་བར་འགྱུར་ཏེ། ངོ་བོ་དངོས་པོ་ལས་ཐ་མི་དད་པའི་ཕྱིར་རོ། །དེ་ལྟ་བས་ན་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་པ་ཡིན་ན་ཡང་བསྟན་པ། རིམ་གྱིས་དོན་བྱེད་པར་རིགས་པ་མ་ཡིན་ལ། ཅིག་ཅར་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། དེ་ཡི་འབྲས་བུ་ཅིག་ཅར་དུ། །ཞེས་བྱ་བ་ལ་སོགས་པའོ། །གཞན་
གྱིས་རྟག་པའི་དངོས་པོའི་འབྲས་བུ་ཅིག་ཅར་བ་ཉིད་དུ་མི་འདོད་དེ། འདི་ལྟར་རྟག་པ་དག་གི་འབྲས་བུ་ནི་འདི་དག་ཡིན་པར་བརྗོད་པར་བྱ་སྟེ། བདག་གི་བདེ་བ་དང་སྡུག་བསྔལ་ལ་སོགས་པའོ། །ནམ་མཁའི་ནི་སྒྲའོ། །ཡིད་ཀྱི་ནི་ཤེས་པ་རིམ་པས་འཇུག་པ་རྣམས་སོ། །རྡུལ་ཕྲ་རབ་རྣམས་ཀྱི་
ནི་རྡུལ་གཉིས་པ་ལ་སོགས་པའི་རིམ་གྱིས་རགས་པ་རྣམས་སོ། །དུས་དང་ཕྱོགས་དང་དབང་ཕྱུག་རྣམས་ཀྱི་ནི་སྐྱེ་བ་དང་ལྡན་པ་ཐམས་ཅད་དོ། །འདི་དག་ཀྱང་རིམ་གྱིས་སྐྱེ་བར་མངོན་སུམ་ཉིད་ཀྱིས་གྲུབ་པོ། །དེའི་ཕྱིར་དེ་ལྟར་ཅིག་ཅར་བར་ཁས་བླངས་ན་མངོན་སུམ་དང་འགལ་བ་དང་། ཁས་བླངས་
པ་དང་འགལ་བར་ཡང་བསྟན་པར་འགྱུར་རོ། །ད་ནི་རྗེས་སུ་དཔག་པ་དང་འགལ་བར་བསྟན་པའི་ཕྱིར། གལ་ཏེ་འབྲས་བུ་མཐའ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འབྲས་བུ་མཐའ་དག་ཅིག་ཅར་བྱས་ནས་གང་གིས་དུས་ཕྱིས་ཀྱང་འབྲས་བུ་དག་སྐྱེད་པར་མི་བྱེད་པ་དེའི་དོན་བྱེད་པའི་རང་

བཞིན་ཏེ་ལྡོག་པ་ཡིན་ནམ། འོན་ཏེ་རྗེས་སུ་འཇུག་པར་འགྱུར་ཞེས་བྱ་བ་ཕྱོགས་གཉིས་སོ། །དེ་ལ་གལ་ཏེ་ལྡོག་པར་འགྱུར་རོ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་དེའི་སྐད་ཅིག་མ་འཇིག་པ་ཉིད་གྲུབ་སྟེ། སྐད་ཅིག་རེ་རེར་རང་བཞིན་གཞན་དང་གཞན་སྐྱེ་བའི་ཕྱིར་དང་། སྔ་མ་སྔ་མའི་རང་
བཞིན་རང་གི་ངང་གིས་འཇིག་པའི་ཕྱིར་རོ། །འོན་ཏེ་ཕྱོགས་གཉིས་ལ་རྟེན་པར་བྱེད་ན་དེའི་ཚེ་དེའི་ངོ་བོ་ནུས་པའི་བདག་ཉིད་རྗེས་སུ་འཇུག་པ་ན་ཡང་འབྲས་བུ་སྐྱེད་པར་བྱེད་པར་འགྱུར་ཏེ། སྔར་གྱི་གནས་སྐབས་བཞིན་དུ་སྔར་གྱི་རང་བཞིན་མ་དོར་བའི་ཕྱིར་རོ། །དེ་ལྟར་ཡིན་དང་དེ་ཉིད་རིམ་གྱིས་སྐྱེད་པ་
ཡིན་པའི་ཕྱིར་ཅིག་ཅར་བར་ཁས་བླངས་པ་རྗེས་སུ་དཔག་པ་དང་འགལ་ལོ། །ཅི་སྟེ་ཡང་དེ་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་མ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་འདི་ནུས་པ་ཡོད་པ་ཉིད་དོ་སྙམ་ན། ཅུང་ཟད་མི་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་ནུས་པ་རྣམ་པར་འཇོག་པའི་
རྒྱུ་མཚན་ནི་འབྲས་བུ་སྐྱེད་པ་ཡིན་ན། གང་ཡང་ཅུང་ཟད་ཀྱང་མི་བྱེད་པ་དེ་ནུས་པར་ཇི་ལྟར་འགྱུར། དེ་ལྟ་མ་ཡིན་ན་ནམ་མཁའི་པདྨ་ལ་སོགས་པ་ཡང་ཅིའི་ཕྱིར་ནུས་པར་རྣམ་པར་མི་འཇོག །གལ་ཏེ་འདི་སྙམ་དུ་འདི་ལ་ནུས་པ་ལྡོག་པ་དེ་ལྟ་ན་ཡང་ཡོད་པ་ཉིད་ལྡོག་པ་མེད་དོ། །དེ་ལྟ་ཡིན་དང་ཡོད་
པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཡིན་ནོ་སྙམ་དུ་སེམས་ན། སྐད་ཅིག་མ་ཡིན་ཐམས་ཅད་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་མཚན་ཉིད་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། དོན་བྱེད་པར་ནུས་པའོ། །གལ་ཏེ་དེ་ལྡོག་ན་ཇི་ལྟར་དེའི་མཚན་ཉིད་ཀྱི་དངོས་པོ་ཉིད་
དེ་དག་ལ་གནས་པ་རྙེད་པར་འགྱུར། དེའི་ཕྱིར་དེ་ལྟར་སྐད་ཅིག་མ་ཉིད་མ་ཡིན་པར་འདོད་པའི་ནམ་མཁའ་ལ་སོགས་པ་རྣམས་རིམ་དང་རིམ་མ་ཡིན་པ་དག་གིས་དོན་བྱེད་པར་ནུས་པས་སྟོང་པའི་ཕྱིར། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་པའི་ཐ་སྙད་དུ་བྱར་རུང་བ་ཡིན་ནོ་ཞེས་བྱ་བར་གྲུབ་
པོ། །ཅི་སྟེ་ཡང་གལ་ཏེ་དངོས་པོའི་མཚན་ཉིད་དོན་བྱེད་པར་ནུས་པ་ཁོ་ན་ཡིན་པར་གྱུར་ན་དེའི་ཚེ་འདི་ཐམས་ཅད་མཛེས་པ་ཡིན་ནོ། །གལ་ཏེ་དེ་ལྟ་མ་ཡིན་ན་དངོས་པོའི་མཚན་ཉིད་གཞན་གང་ཡིན་པ་བརྗོད་དགོས་ཏེ། འདི་ལྟར་རི་བོང་གི་རྭ་ལ་སོགས་པ་གང་དངོས་པོ་མེད་པར་འདོད་པ་དེ་ལ་རྒྱུ་མཚན་

ནི་དོན་བྱེད་པར་ནུས་པ་དང་བྲལ་བ་ཁོ་ན་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར། ཤུགས་ཀྱིས་དངོས་པོ་མེད་པའི་མཚན་ཉིད་ལས་བཟློག་པ་དོན་བྱེད་པར་ནུས་པ་ཁོ་ནའི་དངོས་པོའི་མཚན་ཉིད་དུ་གནས་སོ་སྙམ་དུ་དགོངས་
པའོ། །འདི་ལ་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི། གལ་ཏེ་དངོས་པོའི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པའོ། །དངོས་པོའི་མཚན་ཉིད་དོན་བྱེད་པར་ནུས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡོད་པ་དང་འབྲེལ་པ་སྟེ། ཡོད་པ་དང་འདུ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་མིན་ཞེས་བྱ་བ་ལ། དངོས་
པོའི་མཚན་ཉིད་དུ་རིགས་པ་ཞེས་བྱ་བ་ལྷག་མའོ། །ཅིའི་ཕྱིར་ཞེ་ན། འདུ་བ་ལ་སོགས་པ་མ་གྲུབ་པའི་ཕྱིར་དང་། སོགས་པའི་སྒྲས་ནི་ཡོད་པ་གཟུང་ངོ་། །གལ་ཏེ་ཡོད་པའམ་ཡོད་པ་དང་འདུ་བ་གྲུབ་པར་གྱུར་ན་དེའི་ཚེ་དངོས་པོའི་མཚན་ཉིད་ཡོད་པ་དང་འདུ་བ་ཡིན་པར་འགྱུར་ན། གང་གི་ཕྱིར་དེ་དག་
ཉིད་བསྒྲུབ་པར་བྱ་བ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་དང་། འཆད་པར་འགྱུར་བའི་གནོད་པར་བྱེད་པའི་ཚད་མ་ཡོད་པའི་ཕྱིར་རོ། །ཡང་ན་སྔར་བཤད་པ་ཉིད་ཀྱིས་གནོད་པར་བྱེད་པའི་ཕྱིར་ཚད་མ་ཡོད་པའི་ཕྱིར་འདུ་བ་མ་གྲུབ་པོ། །ཡོད་པ་ནི་འགའ་ཞིག་དང་ལྷན་ཅིག་འབྲེལ་པ་མ་གྲུབ་པ་དེ་ནི་ཕན་གདགས་པར་བྱ་བ་
མ་ཡིན་པའི་ཕྱིར་རོ། །ཕན་ཚུན་དུ་ཕན་མི་འདོགས་པ་དག་ནི་འབྲེལ་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་ཏོ། །གཞན་ཡང་ཡོད་པ་དང་འདུ་བ་དེ་དག་ནི་མཐའི་ཁྱད་པར་དག་གི་ཡང་དངོས་པོ་ཉིད་ལ་མཚན་ཉིད་གང་ཡིན་ཞེས་བྱ་བ་བརྗོད་པར་བྱའོ། །འདུ་བ་དང་ཁྱད་
པར་དག་ལ་ཡོད་པ་དང་འདུ་བ་མ་ཡིན་ཞིང་། ཡོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྫས་དང་ཡོན་ཏན་དང་ལས་རྣམས་ལ་སྟེ། དངོས་པོ་གསུམ་ཡོད་པར་བྱེད་པ་ནི་ཡོད་པ་ཡིན་ནོ་ཞེས་བྱ་བའི་གཞུང་གི་ཕྱིར་རོ། །དེ་ལྟས་ན་དངོས་པོའི་མཚན་ཉིད་འདི་ནི་མི་ལ་ཁྱབ་པ་ཡིན་ནོ། །ཡོད་པ་ལ་
སོགས་པ་གྲུབ་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ཡོད་པ་དང་འདུ་བ་མཚན་ཉིད་དུ་རིགས་པ་མ་ཡིན་ཏེ། དོན་གཞན་ཡིན་པའི་ཕྱིར་རོ། །གང་གིས་དེ་དེའི་མཚན་ཉིད་དུ་འགྱུར་བ་དོན་གཞན་ནི་གཞན་གྱི་ངོ་བོ་མ་ཡིན་ནོ། །འདི་ལྟར་དངོས་པོའི་རང་གི་ངོ་བོ་མ་ཤེས་པས་བློ་གྲོས་བླུན་པོ་ཚད་མ་དང་ལྡན་པ་ལ་

གང་གིས་དངོས་པོ་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་འཛིན་པར་བྱེད་པ་དེའི་མཚན་ཉིད་ཀྱི་རང་བཞིན་ཉིད་འགའ་ཞིག་ལས་ལྡོག་པར་རྟོགས་པ་མཚན་ཉིད་ཉིད་དུ་བརྗོད་པར་བྱ་སྟེ། དཔེར་ན་སྲ་བ་ཉིད་ཀྱིས་ས་བཞིན་ནོ། །དངོས་པོ་གཞན་གྱི་ངོ་བོ་ནི་མ་ཡིན་ཏེ། གཞན་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཇི་
ལྟར་དེའི་མཚན་ཉིད་ཡིན་ཏེ། མཚན་ཉིད་ཀྱི་སྒྲས་ནི་རང་བཞིན་རྗོད་པར་བྱེད་པའི་སྐབས་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་གང་དང་གང་ཡོད་པ་དེ་ཐམས་ཅད་སྐད་ཅིག་མ་ཡིན་ནོ་ཞེས་ཐམས་ཅད་ཉེ་བར་བསྡུ་བའི་ཁྱབ་པ་འདི་གྲུབ་པར་འགྱུར་བ་དངོས་པོ་གང་ཞིག་ཐ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་སྐྱེད་
པར་བྱེད་པར་མི་བྱེད་པ་དེ་ནི་དེ་འདྲ་བ་ཡོད་པ་ཉིད་ལ་གནོད་པར་བྱེད་པའི་ཚད་མ་ཅི་ཡོད། དེ་ཡོངས་སུ་མ་ཤེས་པ་ན་ཐམས་ཅད་མཁྱེན་པ་ཉིད་ཉམས་པ་ཡང་མ་ཡིན་ཏེ། དེ་ནི་ཤེས་བྱ་མཐའ་དག་ཁོ་ན་ལ་དབང་བའི་ཕྱིར་ཏེ། ཤེས་པར་རུང་བའི་དངོས་པོ་མ་ཤེས་ན། ཐམས་ཅད་མཁྱེན་པ་མ་
ཡིན་པར་འགྱུར་ན། དེ་ནི་ཤེས་བྱ་མ་ཡིན་ཏེ། དེ་ནི་ཤེས་པ་སྐྱེད་པ་ལ་ཡང་མི་ནུས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་བཤད་པ་དོན་བྱེད་དོན། །ཞེས་བྱ་བ་ལ་སོགས་པའོ། །དོན་དངོས་པོ་ཙམ་ལ་ཡོད་པ་ཉིད་དང་། མེད་པ་ཉིད་དུ་སྤྱོད་པ་གང་ཡིན་པ་དེ་ཐམས་ཅད་ནི་དོན་བྱེད་པ་དོན་དུ་གཉེར་
བས་ཡིན་གྱི་ཆགས་པས་ནི་མ་ཡིན་ཏེ། གཞན་དུ་ན་སྨྱོན་པར་འགྱུར་རོ། །དེས་ན་དངོས་པོའི་ཚོགས་གང་ཁོ་ན་དོན་བྱེད་པ་དོན་དུ་གཉེར་བ་འགའ་ཞིག་ལ་ཅི་ལྟར་དངོས་སམ་བརྒྱུད་པས་ཡུལ་འགའ་ཞིག་ཏུ་དུས་རེས་འགའ་ཉེ་བར་སྦྱོར་བ་དེ་ཉིད་ལ་རྟོགས་པ་དང་ལྡན་པ་དངོས་པོ་ཉིད་དུ་རྣམ་པར་འཇོག་པ་
རིགས་པ་ཡིན་གྱི། གཞན་ལ་ནི་མ་ཡིན་ཏེ། རྒྱུ་མཚན་མེད་པའི་ཕྱིར་དང་དགོས་པ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སོགས་པ་སྨོས་པས་མེ་དང་ཆུ་ལ་སོགས་པའི་དོན་གྱི་ཁྱད་པར་དག་ལ་སྤྱོད་པ་གཟུང་ངོ་། །དེ་ལྟ་ཡིན་དང་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱིས་གང་ཁོ་ན་
དོན་བྱེད་པ་དེ་ཁོ་ན་དངོས་པོ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་གྲུབ་པོ། །དེའི་ངོ་བོ་ཉིད་ཀྱི་དོན་བྱ་བ་བྱེད་པའི་ངོ་བོ་དེ་ཉིད་ཁོ་བོ་ཅག་གིས་སྐད་ཅིག་མ་ཉིད་དུ་བསྒྲུབ་སྟེ། དེ་ན་དོན་བྱེད་པར་ནུས་པའི་མཚན་ཉིད་ཀྱི་ཡོད་པ་གཏན་ཚིགས་ཉིད་དུ་མངོན་པར་འདོད་པའི་ཕྱིར་འཁྲུལ་པ་མེད་དོ། །དེ་ལྟ་བུར་གྱུར་

པའི་གཏན་ཚིགས་དེ་ལ་བསྒྲུབ་པར་བྱ་བས་ཐམས་ཅད་ཉེ་བར་སྡུད་པས་ཁྱབ་པ་གྲུབ་པའི་ཕྱིར་རོ། །ཕྱོགས་དང་མཐུན་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བ་མ་བྱས་པར་སྤྱིར་གཏན་ཚིགས་ཀྱི་ཁྱབ་པ་བསྟན་པ་གང་ཡིན་པ་དེ་ནི་ཐམས་ཅད་ཉེ་བར་བསྡུ་བའི་ཁྱབ་པའོ། །ཅི་སྟེ་
དོན་བྱེད་པར་ནུས་པས་སྟོང་ན་ཡང་ཅིའི་ཕྱིར་དངོས་པོ་ཉིད་དུ་མི་འདོད་ཅེ་ན། ནུས་པ་མཐའ་དག་གིས་སྟོང་གང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པའི་ཐུགས་ལ་ཡང་། །ཞེས་བྱ་བ་ལ། ཡང་གི་སྒྲ་ནི་རིགས་འདྲ་བའི་སྐད་ཅིག་དང་། ཆུ་སྐྱོར་བ་ལ་སོགས་པའི་
འབྲས་བུ་འབའ་ཞིག་ཏུ་མ་ཟད་ཅེས་བྱ་བའོ། །ངོ་བོ་འབྲས་སོགས་མ་མཐོང་ཕྱིར། །ཞེས་བྱ་བ་ནི་རྒྱུ་མཚན་མེད་པ་ཅན་གྱི་གཏན་ཚིགས་ཏེ། ངོ་བོ་ནི་དེའི་རང་བཞིན་ནོ། །འབྲས་ནི་དེའི་འབྲས་བུའོ། །སོགས་པའི་སྒྲས་དེའི་ཡུལ་དང་དུས་དང་། གནས་སྐབས་ཀྱི་ཁྱད་པར་ཡང་གཟུང་ངོ་། །
དེ་ལྟ་བུའི་ངོ་བོ་དེ་ནི་རི་བོང་གི་རྭ་ལ་སོགས་པ་དག་ལས་ཁྱད་པར་འགའ་ཡང་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་དངོས་པོ་དེ་ལ་སྐད་ཅིག་མ་ཉིད་དུ་བསྒྲུབས་པས་དོན་བྱེད་པ་དོན་དུ་གཉེར་བ་ལ་དགོས་པ་ཅུང་ཟད་ཀྱང་མེད་དེ། དེ་ནི་མཐོང་བ་དང་མ་མཐོང་བ་དག་ཏུ་ཕན་པ་དང་མི་ཕན་པ་
ཐོབ་པ་དང་སྤོང་བར་མི་རུང་བའི་ཕྱིར་རོ། །ཇི་སྐད་དུ། དོན་བྱེད་ནུས་པ་མ་ཡིན་ལ། །དེ་འདོད་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །ཞེས་བཤད་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་དེ་ལ་འདི་ཇི་ལྟར་རྟོགས་པར་བྱ་
ཞེས་བྱ་བ་ལ་སོགས་པས་བརྒལ་ཞིང་བརྟག་པའི་ཕྱིར་རྒོལ་བས་བྱེད་པའི་འབྲས་བུ་མེད་པ་ཉིད་དེ། དེ་ནི་རྒོལ་བས་སྐད་ཅིག་མ་ཉིད་དུ་བསྒྲུབ་པར་བྱ་བ་མི་འདོད་པའི་ཕྱིར་རོ། །ད་ནི་གཞན་གྱི་དོན་བྱེད་པར་ནུས་པ་ཡང་དངོས་པོའི་མཚན་ཉིད་དུ་མི་རིགས་ཏེ། ཧ་ཅང་ཁྱབ་ཆེས་པའི་ཕྱིར་རོ་ཞེས་སྟོན་པར་
བྱེད་པ་ནི། འོན་ཏེ་ནམ་མཁའི་པདྨ་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་ནམ་མཁའི་པདྨ་ལ་སོགས་པ་ལས་ནམ་མཁའི་པདྨ་ནམ་མཁའི་པདྨ་སྙམ་པ་ལ་སོགས་པའི་ཤེས་པ་སྐྱེ་བའི་མཚན་ཉིད་ཀྱི་དོན་བྱེད་པ་ལ་ནུས་པ་ཡིན་ལ། དེ་དག་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དངོས་པོའི་

མཚན་ཉིད་ནི་ནུས་པ་ཡིན་ནོ་ཞེས་བྱ་བ་འདི་ཁྱབ་ཆེས་པ་ཡིན་ནོ། །འདི་ལ་ལན་དུ། ནམ་མཁའི་པདྨ་ལ་སོགས་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའི་པདྨ་ལ་སོགས་པ་རྣམས་ལ་དོན་བྱེད་པར་ནུས་པ་མ་གྲུབ་སྟེ། དེའི་རྣམ་པར་རྟོག་པ་རྣམས་ནི་རང་གི་རྣམ་པར་རྟོག་པའི་བག་ཆགས་ཡོངས་
སུ་སྨིན་པ་ཙམ་ཁོ་ན་ལས་སྐྱེ་བས་དམིགས་པ་མེད་པའི་ཕྱིར་རོ། །ཅི་སྟེ་ནམ་མཁའི་པདྨ་ལ་སོགས་པ་ལས་སྐྱེ་བ་ལ་གནོད་པར་བྱེད་པའི་ཚད་མ་ཅི་ཡོད་ཅེ་ན། མེད་པ་རྒྱུ་ཉིད་ཡིན་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའི་པདྨ་ལ་སོགས་པ་མེད་པ་རྒྱུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་དངོས་
པོ་ནི་དེ་ཉིད་དོ། །དེ་ཡོད་ན་ནམ་མཁའི་པདྨ་ལ་སོགས་པའི་ཤེས་པ་དེ་ཐམས་ཅད་དུ་འབྱུང་བ་སྟེ། སྐྱེ་བར་འགྱུར་ཏེ། རྒྱུ་མ་ཚང་བ་མེད་པ་རྟག་པའི་ཕྱིར་རོ། །གང་གིས་རྒྱུ་མ་ཚང་བས་རེས་འགའ་མི་སྐྱེད་པ་ཞེས་བྱ་བར་འགྱུར་བ་གཞན་གྱི་ཕན་གདགས་པར་བྱ་བ་མ་ཡིན་པ་དེ་ནི་ལྟོས་པར་རིགས་པ་ཡང་མ་ཡིན་
ནོ། །སྐད་ཅིག་མ་ཡི་དངོས་རྣམས་ལ། །ཞེས་བྱ་བ་ལ་སོགས་པས་བཙུན་པ་སྦྱོར་བའི་སྡེའི་ལུགས་དོགས་པར་བྱ་བ་ཡིན་ཏེ། དེས་སྨྲས་པ། དངོས་པོ་རྣམས་སྐད་ཅིག་མ་ཡིན་ན་ཡང་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བ་ཉིད་ཡིན་ཏེ། འདི་ལྟར་དེ་དག་རང་ཉིད་ནུས་པར་འགྱུར་རམ་མི་ནུས།
གལ་ཏེ་ནུས་ན་དེའི་ཚེ་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་པར་མི་འགྱུར་ཏེ། ནུས་པ་ནི་འགའ་ལ་ཡང་ལྟོས་པར་རིགས་པ་མ་ཡིན་ནོ། །ཅི་སྟེ་མི་ནུས་པ་དེ་ལྟ་ན་ཡང་དེ་དག་གི་དེ་ལ་ལྟོས་པ་དེ་རིགས་པ་དང་མི་ལྡན་པ་གསལ་རབ་པ་ཉིད་དེ། འདི་ལྟར་ཚོགས་པ་དང་པོའི་ནང་དུ་ཆུད་པའི་ལུས་གང་ཡིན་པ་དེ་དག་ནི་
ཕན་ཚུན་དུ་ཁྱད་པར་ཐོབ་པར་བྱེད་པ་མ་ཡིན་ཏེ། སྐྱེས་བ་དང་མ་སྐྱེས་པའི་གནས་སྐབས་དག་གིས་ཡོད་པ་དང་མེད་པས་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དངོས་པོའི་གནས་སྐབས་ལ་དེ་དག་གིས་ཁྱད་པར་མེད་པའི་ཕྱིར། དེ་ལས་ཁྱད་པར་ཅན་སྐད་
ཅིག་གཞན་སྐྱེ་བར་མི་འགྱུར་རོ། །ཁྱད་པར་མེད་པ་དེ་དག་ལས་སྐད་ཅིག་གཞན་གྱི་ཁྱད་པར་སྐྱེ་ན། འབྲས་བུ་ཡང་ཅིའི་ཕྱིར་སྐྱེད་པར་མི་བྱེད། ཁྱད་པར་ཅན་དེ་དག་ནི་ཚོགས་པ་སྔ་མ་ལས་བྱུང་ངོ་ཞེས་བརྗོད་པར་རིགས་པ་ཡང་མ་ཡིན་ཏེ། ཚོགས་པ་དེའི་ནང་དུ་གཏོགས་པ་རྣམས་ཀྱང་དེ་ཉིད་ཀྱི་

ཕྱིར་ཕན་ཚུན་ཁྱད་པར་མེད་པའི་ཕྱིར་རོ། །དེ་དག་ཀྱང་ཁྱད་པར་གཞན་ལས་སྐྱེ་ན་ནི་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ཁྱད་པར་མེད་པའི་ཕྱིར་དེ་ཇི་ལྟར་རྒྱུའི་ཚོགས་པ་ཁྱད་པར་མེད་པ་ལས་འབྲས་བུ་སྐྱེ་བར་འགྱུར། ཁྱད་པར་མེད་པ་ལས་ཀྱང་སྐྱེ་ན་ཐམས་ཅད་ཐམས་ཅད་ལས་འགྱུར་རོ། །
དེ་ལྟ་ཡིན་དང་རིམ་དང་ཅིག་ཅར་དག་གིས་དེ་ལྟར་དོན་བྱེད་པ་མི་འགལ་ན་ཡང་ཇི་ལྟར་དེ་དག་དོན་བྱ་བ་བྱེད་པར་འགྱུར་བ་དེ་བཞིན་དུ་རྟག་པ་ཡང་ཡོད་པར་འགྱུར་བའི་ཕྱིར་དེ་དག་གི་སྐད་ཅིག་མ་ཉིད་ལ་རྟེན་པ་དོན་མེད་དོ། །དེས་ན་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི་མ་ངེས་པ་ཉིད་ཡིན་ནོ་སྙམ་དུ་
བསམས་པ་ཡིན་ནོ། །རྒྱུན་གྱི་གནས་སྐབས་ཁྱད་པར་ཐོབ་པས་འབྲས་བུ་སྐྱེ་བར་འགྱུར་གྱི། ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། ཇི་སྐད་དུ་བཤད་པའི་རིགས་པས་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་མེད་པས་རྒྱུན་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ། །རྒྱུན་ནི་རང་
གི་ཉེ་བར་ལེན་པའི་རྒྱུ་ཙམ་དང་ལྡན་པའི་ཁྱད་པར་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། མཐོང་བ་དང་འགལ་བའི་ཕྱིར་རོ། །འདི་ལྟར་ལྷན་ཅིག་བྱེད་པ་རྣམས་ཡོད་པ་དང་མེད་པ་དག་ལས་འབྲས་བུ་གསལ་བ་དང་བྲལ་བ་མཐོང་སྟེ། གལ་ཏེ་རང་གི་ཉེ་བར་ལེན་པ་ཙམ་དང་ལྡན་པའི་ཁྱད་པར་དུ་འགྱུར་
ན་དེའི་ཚེ་ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་པ་ཁོ་ནར་སྐྱེད་པར་བྱེད་པ་ཉིད་དུ་འགྱུར་རོ། །གཞན་ཡང་ཇི་སྐད་དུ་བཤད་པའི་རིགས་པས་རྒྱུན་ལ་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར། བུམ་པ་ལ་སོགས་པ་རྣམས་ལ་གྱོ་མོ་ལ་སོགས་པའི་ཁྱད་པར་སྐྱེ་བར་མི་སྲིད་པའི་ཕྱིར་རིགས་འདྲ་བའི་སྐད་ཅིག་རྒྱུན་
ཆད་པའི་མཚན་ཉིད་ཀྱི་འཇིག་པ་གལ་ཏེ་རྒྱུ་མེད་པ་ཅན་དུ་འགྱུར་ན། དེའི་ཚེ་ལྟོས་པ་མེད་པའི་ཕྱིར་དང་པོ་ཉིད་དུ་འགྱུར་རོ། །འོན་ཏེ་དང་པོ་མི་འགྱུར་ན་ཕྱིས་ཀྱང་མི་འགྱུར་ཏེ། སྔ་མ་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་དངོས་པོ་རྣམས་ཀྱིས་འཇིག་པ་ལ་རང་གི་རྒྱུ་ལས་ཐ་དད་
པ་གཞན་རྒྱུར་མི་འདོད་ན་དེའི་ཚེ་མེ་ལ་སོགས་པ་དང་གྲང་བ་ལ་སོགས་པ་རྣམས་ལ་ཇི་ལྟར་འགལ་བར་འགྱུར། ཅུང་ཟད་ཀྱང་མི་བྱེད་པ་ནི་འགལ་བར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་ཐམས་ཅད་ཐམས་ཅད་དང་འགལ་བར་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་དང་

འགལ་བའི་སྒོ་ནས་མི་དམིགས་པའི་སྦྱོར་བ་དང་། སྲོག་གཅོད་པ་ལ་སོགས་པའི་རྣམ་པར་གཞག་པ་ཡང་ཆེས་འབྲེལ་པར་དཀའོ་སྙམ་དུ་བསམས་པའོ། །སྨྲས་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། ནུས་པ་ཁོ་ན་ལས་འབྲས་བུ་སྐྱེ་ཞིང་ལྷན་ཅིག་བྱེད་པ་དོན་མེད་པ་ཡང་
མ་ཡིན་ཏེ། འདི་ལྟར་ལྷན་ཅིག་བྱེད་པ་ནི་རྣམ་པ་གཉིས་ཏེ། དོན་གྱི་བྱ་བ་གཅིག་བྱེད་པ་དང་། ཕན་ཚུན་ཕན་པ་བྱེད་པ་ཉིད་ཀྱིས་སོ། །དེ་ལ་བར་དུ་མ་ཆོད་པའི་འབྲས་བུ་ལ་ལྟོས་ནས་དོན་གྱི་བྱ་བ་གཅིག་བྱེད་པ་ཉིད་ཡིན་གྱི། ཕན་ཚུན་དུ་ཕན་པ་བྱེད་པ་ཉིད་ནི་མ་ཡིན་ཏེ། སྐད་ཅིག་གཅིག་ལ་ཆ་མེད་
པ་ཉིད་ཀྱིས་ཁྱད་པར་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །ཆོད་པའི་འབྲས་བུ་ལ་ལྟོས་ན་ནི་ཕན་ཚུན་དུ་ཁྱད་པར་ཅན་གྱི་སྐད་ཅིག་གོང་ནས་གོང་དུ་སྐྱེ་བའི་ཕྱིར། རྒྱུན་ལ་ལྟོས་ནས་ཕན་ཚུན་དུ་ཕན་འདོགས་པས་ཆོད་པའི་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་ཕན་ཚུན་ཕན་པ་བྱེད་པའི་ཕྱིར་མཚན་ཉིད་ལྷན་ཅིག་བྱེད་པ་ཉིད་
ཡིན་ནོ། །དེ་ལ་དང་པོའི་གནས་སྐབས་སུ་བྱུང་བ་རྣམས་ལ་གལ་ཏེ་ཡང་ཕན་ཚུན་ཁྱད་པར་མེད་པ་དེ་ལྟ་ན་ཡང་དེ་དག་གིས་ལྷན་ཅིག་བྱེད་པ་འགལ་བ་མེད་པ་ཉིད་དེ། དོན་གྱི་བྱ་བ་གཅིག་བྱེད་པའི་ཕྱིར་རོ། །དེ་དག་ནི་དེ་མ་ཐག་ཏུ་ཁྱད་པར་ཅན་གྱི་སྐད་ཅིག་སྐྱེ་བ་ལ་ཁྱད་པར་མེད་པ་ཡང་མ་ཡིན་ཏེ། རང་གི་རྒྱུ་
དང་རྐྱེན་སྔ་མ་དག་ཁོ་ན་ལས་རྣམ་པ་དེ་ལྟ་བུའི་འབྲས་བུའི་ཚོགས་སྐྱེད་པ་ན་ནུས་པ་རྣམས་སོ་སོར་སྐྱེས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་དེ་དག་ཀྱང་རང་གི་རྒྱུ་དང་རྐྱེན་གཞན་དག་ལས་ཡིན་ལ། དེ་དག་ཀྱང་གཞན་དག་ལས་ཡིན་པའི་ཕྱིར། རྒྱུའི་བརྒྱུད་པ་ཐོག་མ་མེད་པ་ཉིད་དུ་འདོད་པའི་ཕྱིར། ཐུག་པ་མེད་ཀྱང་སུན་
མི་ཕྱིན་པ་ཉིད་དོ། །ནུས་པ་སོ་སོ་ཡིན་ན་ཡང་གཞན་འདི་དག་དོན་མེད་པ་ཡང་མ་ཡིན་ཏེ། རང་གི་རྒྱུའི་སྟོབས་ཀྱིས་དེ་དག་དེ་ལྟར་སྐྱེ་བའི་ཕྱིར་རོ། །དེ་དག་ཐ་དད་པའི་ངོ་བོར་ཡོད་པ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་རྒྱུའི་དངོས་པོ་མེད་པའི་ཕྱིར་རོ། །ཕྱིས་ཀྱི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཚོགས་པ་ལོགས་
ཤིག་ཏུ་སྐྱེད་པ་ཡང་མ་ཡིན་ཏེ། སྐད་ཅིག་གཉིས་པར་འབྱུང་བའི་ཚོགས་པ་རེ་རེ་སྐྱེད་པའི་ནུས་པ་ཞེས་བྱ་བའི་དོན་ཏོ། །རང་གི་ཉེ་བར་ལེན་པ་སྨོས་པ་ནི་དང་པོའི་གནས་སྐབས་སུ་བྱུང་བའི་ལྷན་ཅིག་བྱེད་པས་བྱས་པའི་ཉེ་བར་སྦྱོར་བ་འགེགས་པ་ལྷུར་ལེན་པ་ཡིན་པར་བལྟ་བར་བྱའོ། །རང་གི་ཉེ་བར་ལེན་པ་

ཙམ་ལས་བྱུང་བའི་འབྲས་བུ་འགའ་ཞིག་ཡོད་པ་ནི་མ་ཡིན་ཏེ། ཐམས་ཅད་ནི་ཚོགས་པ་ལས་འབྱུང་བའི་ཕྱིར་རོ། །ཅི་སྐད་དུ། འགའ་ཡང་གཅིག་ལས་གཅིག་མ་ཡིན། །ཐམས་ཅད་ཚོགས་པ་ཉིད་ལ་འབྱུང་། །ཞེས་བཤད་པ་ལྟ་བུའོ། །དེ་ལས་བརྩམས་ནས་ཞེས་བྱ་བ་ནི་
དུས་ཕྱིས་སྐད་ཅིག་གཉིས་པ་ནས་བཟུང་ནས་ཞེས་བྱ་བའི་དོན་ཏོ། །དེས་བྱས་པའོ་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་གྱི་རྒྱུས་བྱས་པའོ། །ཅིའི་ཕྱིར་ཞེ་ན། དེའི་ངོ་བོའི་རང་བཞིན་ཡིན་པའི་ཕྱིར་ཏེ། དེ་རྣམས་ཏེ་དེའི་ངོ་བོ་ཁྱད་པར་ལྷན་ཅིག་བྱེད་བས་བྱས་པའི་ཁྱད་པར་གྱི་རྒྱུས་བསྐྱེད་པར་
བྱ་བའི་རང་བཞིན་ཏེ། ངོ་བོ་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཉེར་སྦྱོར་ཞེས་བྱ་བ་ནི། དེ་ཡི་ངོ་བོའི་རང་བཞིན་ཕྱིར། །ཞེས་བྱ་བ་དང་སྦྲེལ་བར་བྱའོ། །དེ་ལ་ཉེར་སྦྱོར་ཏེ་ཞེས་བྱ་བ་འདིར་དང་གི་སྒྲ་མི་མངོན་པར་བྱས་པར་བསྟན་པ་ཡིན་ནོ། །དེས་ན་དོན་འདིར་འགྱུར་ཏེ། དེ་
ལས་གནས་སྐབས་གསུམ་པར་འབྱུང་བའི་འབྲས་བུ་ལ་སྐད་ཅིག་གཉིས་པར་འབྱུང་བའི་ཁྱད་པར་གང་དག་རྒྱུའི་དངོས་པོས་ཉེ་བར་སྦྱོར་ཏེ། དེ་ལ་ཉེ་བར་སྦྱོར་བ་དེ་དག་ཀྱང་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་གྱི་རྒྱུས་བསྐྱེད་པར་བྱས་པའི་འབྲས་བུ་སྐྱེད་པར་རུང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་
སྐད་ཅིག་གསུམ་པ་ལ་སོགས་པ་འབྱུང་བའི་ཁྱད་པར་དེས་བྱས་པ་ཡིན་ནོ་ཞེས་བྱ་བའོ། །འདི་དག་གི་ངེས་པ་འདི་ཡང་ཇི་ལྟར་འབྱུང་བ་ཡིན་ཞེ་ན། ནུས་ངེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་ནི་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ཏེ། མེའི་སྲེག་པར་བྱེད་པ་མི་རྟོགས་
པ་ཉིད་ལྟ་བུར་དེ་དག་གི་རང་བཞིན་ཐ་དད་པ་ནི་རང་གི་རྒྱུ་དང་རྐྱེན་བརྒྱུད་པས་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དེ་དག་རྐྱེན་གཞན་དང་གཞན་གྱི་སྦྱོར་བས་སྐད་ཅིག་རེ་རེ་ལ་ནུས་པ་ཐ་དད་པར་སྐྱེ་སྟེ། དེའི་ཕྱིར་འདི་མཚུངས་པ་འགའ་ཞིག་ལས་འདྲ་བར་ཤེས་པར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་འདི་དག་གི་རང་
བཞིན་ཐ་དད་པ་ཁོ་ནའོ། །དེས་ན་འགའ་ཞིག་འགའ་ཞིག་གི་རྒྱུ་ཡིན་གྱི། ཐམས་ཅད་ཐམས་ཅད་ཀྱི་ནི་མ་ཡིན། ཅིའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །འབྱུང་བའི་ཞེས་བྱ་བ་ནི་སྐྱེ་བའི་ཞེས་བྱ་བའི་དོན་ཏོ། །གང་ཡང་། གལ་ཏེ་འཇིག་པ་རྒྱུ་མེད་འགྱུར། །ཞེས་སྨྲས་པ་དེ་ལ་བཤད་པ། རྒྱུན་

ཆད་ངོ་བོ་གང་ཡིན་པས། །ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་པ་ནི་རྣམ་པ་གཉིས་ཏེ། རྒྱུན་ཆད་པའི་ངོ་བོ་དང་། རྒྱུན་མི་འདྲ་བར་སྐྱེ་བའི་མཚན་ཉིད་དོ། །དེ་ལ་གལ་ཏེ་རྒྱུན་ཆད་པའི་ངོ་བོའི་འཇིག་པའི་དབང་དུ་བྱས་ནས་སྨྲ་ན། དེ་མི་རིགས་ཏེ། དེ་ནི་མཐར་ཡང་ཡོད་པ་མ་ཡིན་ཞེས་
བྱ་བ་ལ། ངོ་བོ་མེད་པའི་ཕྱིར། དེ་ནི་མཐར་ཡང་ཇི་ལྟར་འགྱུར། །ཞེས་བྱ་བ་དེ་ཅི་སྟེ་རྗོད་པར་བྱེད། དེ་ལྟ་བས་ན་འདི་ནི་རེས་འགའ་ཡང་ཡོད་པར་ཁས་མ་བླངས་པའི་ཕྱིར་དང་པོ་དང་མཐར་དངོས་པོ་མེད་པར་ཐལ་བ་གང་ཡིན་པ་དེ་འབྲེལ་པ་མེད་པ་ཉིད་དོ། །དེ་བཞིན་དུ་ཚེ་རིགས་འདྲ་བའི་སྐད་ཅིག་
གཞན་མཚམས་སྦྱོར་བས་སྐྱེ་བ་འབྱུང་བ་དེ་ལ་བཀག་པ་འབའ་ཞིག་ཡིན་ཏེ། བུམ་པ་ལ་སོགས་པ་འཆད་པར་འགྱུར་བ་ན། དེ་ཉིད་མི་འབྱུང་ངོ་ཞེས་བྱ་བའི་དོན་ཡིན་གྱི། དེ་ལ་ཅུང་ཟད་སྒྲུབ་པར་ནི་མ་ཡིན་ནོ། །ཅི་སྟེ་མི་འདྲ་བའི་སྐད་ཅིག་སྐྱེ་བའི་མཚན་ཉིད་ཀྱི་འཇིག་པ་གཉིས་པ་མངོན་པར་འདོད་ན་
དེ་ནི་རྒྱུ་མེད་པ་ཉིད་དུ་མ་གྲུབ་སྟེ། དངོས་སུ་དེ་ནི་ཐོ་བ་ལ་སོགས་པའི་རྒྱུའི་སྟོབས་ཀྱིས་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་དང་པོར་མི་སྐྱེ་སྟེ། རང་གི་རྒྱུ་ཐོ་བ་ལ་སོགས་པ་དེའི་དུས་སུ་མེད་པའི་ཕྱིར་རོ། །འགལ་བའི་རྣམ་པར་གཞག་པ་བསྒྲུབ་པའི་ཕྱིར། སྐད་ཅིག་མ་ཡི་དངོས་རྣམ་
གཉིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཁ་ཅིག་འབའ་ཞིག་གི་ཉམ་ཆུང་བ་དང་། ཆེ་བ་དང་། ཆེས་ཆེར་ཆུང་བའི་སྐད་ཅིག་སྐྱེད་པའི་རིམ་གྱིས་བསྐུམ་པ་གང་ཡིན་པ་དེ་ལ་རྒྱུར་འགྱུར་ཏེ། དཔེར་ན་གྲང་བ་ལ་སོགས་པའི་མེ་ལ་སོགས་པ་བཞིན་ནོ། །གཞན་ནི་དེ་ལྟ་མིན་པ་ནི་འགྲིབ་པའི་རྒྱུ་
མ་ཡིན་པ་སྟེ། འདི་ལྟ་སྟེ་དཔེར་ན་དུ་བ་ལ་སོགས་པ་རྣམས་ཀྱི་མེ་ལ་སོགས་པ་དེ་དག་ཉིད་བཞིན་ནོ། །དེ་ལ་དང་པོར་བསྟན་པའི་བསྐུམ་པའི་རྒྱུ་དག་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན་ཡང་ཤེས་པའི་སྣང་བ་མི་ཤེས་པའི་རབ་རིབ་ཀྱིས་བསྒྲིབས་བཞིན་པའི་འཇིག་རྟེན་འགལ་བ་ཉིད་དུ་མངོན་པར་རློམ་མོ། །རྣམ་
པ་དུ་མ་ཞེས་བྱ་བ་ནི་གྲང་བ་དང་འགལ་བ་མེ་དང་། སྒྲོན་མའི་རླུང་དང་། སྣང་བའི་མུན་པ་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་གིས་སོ། །དོན་དམ་པར་དངོས་པོ་རྣམས་ལ་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་ཡོད་པ་ནི་མ་ཡིན་ཏེ། ཡོད་པ་ནི་བདག་ཉིད་ཐམས་ཅད་ཀྱིས་གྲུབ་པས་རང་བཞིན་གཞན་

དུ་བྱ་བར་མི་ནུས་པའི་ཕྱིར་རོ། །དེ་ནི་ཐ་དད་པ་དང་ཐ་མི་དད་པས་བརྟགས་པ་ན་གཉི་ག་ལྟར་ཡང་བྱེད་པ་མི་སྲིད་པའི་ཕྱིར་རོ། །མེད་ན་ཡང་དངོས་པོ་མ་ཡིན་པ་ཉིད་ཀྱིས་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་གཉི་ག་ལྟར་ཡང་འགལ་བ་ནི་ཅུང་ཟད་ཀྱང་མེད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་
རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལ་གཞན་ཡོད་ན་མེད་པའི་ཕྱིར་འགལ་བར་རྟོགས་སོ་ཞེས་བཤད་དེ། འགལ་བར་རྟོགས་པ་ནི་འགལ་བར་ངེས་པ་ཡིན་གྱི། འགལ་བ་དེ་ཁོ་ན་ཉིད་ནི་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་གི་སྒྲས་ནི་དང་གི་དོན་དང་རིམ་པ་གཞན་དུ་སྦྱར་བ་ཡིན་ཏེ། དེ་ཉིད་ཕྱིར་ཞེས་
བྱ་བ་འདིའི་མཇུག་ཏུ་བལྟ་བར་བྱའོ། །འོན་ཏེ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་རྒྱལ་དཔོག་པ་ལ་སོགས་པའི་གཞུང་གིས་སྐད་ཅིག་མ་འཇིག་པར་དམ་བཅས་པ་མངོན་སུམ་གྱིས་གནོད་པ་ཉིད་ཀྱི་དོགས་པ་བསུ་བ་ཡིན་ཏེ། འདི་ལྟར་རི་དང་ལུས་དང་ཁང་བཟངས་ལ་སོགས་པ་ལ་དེ་ཉིད་འདི་ཡིན་ནོ་སྙམ་
པའི་མངོན་སུམ་གྱིས་བྱེད་པའི་མཇུག་ཐོགས་སུ་ངོ་ཤེས་པར་བརྗོད་པའི་མངོན་སུམ་གྱི་ཚད་མ་དངོས་པོ་རྣམས་ཀྱི་སྐད་ཅིག་མ་འཇིག་པ་འཇོམས་པར་བྱེད་པ་སྐྱེའོ། །བྲེགས་ནས་ཡང་སྐྱེས་པའི་སེན་མོ་དང་སྐྲ་དང་རྩྭ་ལ་སོགས་པ་ལ་ངོ་ཤེས་པར་མཐོང་བ་ཡིན་མོད་ཀྱི། འོན་ཀྱང་རྡོ་རྗེ་ལ་སོགས་པའི་
ཡུལ་ཅན་གྱི་ངོ་ཤེས་པ་ཚད་མ་མ་ཡིན་པར་དམིགས་པ་ཡིན་ཏེ། གནོད་པ་མེད་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གཡོ་བ་མེད་ཅིང་གནོད་མེད་པའི། །ཞེས་བྱ་བ་སྨོས་ཏེ། རབ་རིབ་ཀྱིས་ཉམས་པའི་མིག་གིས་བསྐྱེད་པའི་སྐྲ་ཤད་ཀྱི་ཤེས་པ་ཚད་མ་མ་ཡིན་པའི་དམིགས་པ་
ཡིན་པ་དེ་ཙམ་གྱིས་ཐ་མལ་པའི་མིག་གིས་བསྐྱེད་པའི་བདེན་པའི་སྐྲ་ཤད་ཀྱི་ཡུལ་ཅན་གྱི་མིག་གི་རྣམ་པར་ཤེས་པ་ཡང་ཚད་མ་མ་ཡིན་ནོ་ཞེས་སེམས་རྣལ་དུ་གནས་པས་བརྗོད་པར་རིགས་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལ་གཡོ་བ་མེད་པ་ཉིད་ཀྱིས་ཐེ་ཚོམ་མེད་པའི་ངོ་བོ་ཉིད་བརྗོད་པ་ཡིན་
ཏེ། དེ་ཉིད་འདི་ཡིན་ནམ་འོན་ཏེ་གཞན་ཡིན་ཞེས་བྱ་བ་རྣམ་པ་དེ་ལྟ་བུའི་ཐེ་ཚོམ་མེད་པའི་ཕྱིར་རོ། །གནོད་པ་མེད་པ་ཞེས་བྱ་བ་འདིས་ནི་ཕྱིན་ཅི་མ་ལོག་པར་བསྟན་ཏོ། །ངོ་ཤེས་པའི་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལ་རེ་ཞིག་འདི་ནི་མངོན་སུམ་ཉིད་དུ་མི་འགྲུབ་སྟེ།

འདི་ལྟར་དངོས་པོའི་རང་གི་མཚན་ཉིད་རྗེས་སུ་འགྲོ་བ་མེད་པ་ཉིད་ཀྱིས་བརྡ་བྱ་བར་མི་ནུས་པའི་ཕྱིར་དེ་འཛིན་པའི་ཤེས་པ་རྣམས་མངོན་པར་བརྗོད་པ་མེད་པ་ཉིད་ཡིན་ཏེ། འབྲེལ་པ་མ་བཟུང་བའི་དོན་སྒྲ་དང་ལྷན་ཅིག་སྦྱར་ནས་འཛིན་པར་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་མངོན་སུམ་ནི་ཡོད་པའི་རང་གི་མཚན་ཉིད་ནི་
ཡུལ་ཅན་ཉིད་ཡིན་པའི་ཕྱིར་གདོན་མི་ཟ་བར་རྟོག་པ་དང་བྲལ་བ་དང་། ཚད་མ་ཡིན་པའི་ཕྱིར་མ་འཁྲུལ་པར་འགྱུར་བར་བྱ་དགོས་སོ། །དེ་ཉིད་ཀྱི་ཕྱིར་མཁས་པ་རྣམས་ཀྱིས། མངོན་སུམ་རྟོག་བྲལ་མ་འཁྲུལ་པའོ། །ཞེས་བྱ་བ་རིགས་པའི་རྗེས་སུ་འགྲོ་བ་འདི་མངོན་སུམ་གྱི་མཚན་ཉིད་དུ་རྗོད་པར་བྱེད་
དོ། །ངོ་ཤེས་པ་ནི་རྟོག་པ་དང་བྲལ་བ་ཡང་མ་ཡིན་ཏེ། དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་བརྗོད་པའི་རྣམ་པ་ཉིད་ཀྱིས་རིགས་པའི་ཕྱིར་རོ། །མ་འཁྲུལ་པ་ཡང་མ་ཡིན་ཏེ། ཐ་དད་པ་ལ་ཐ་མི་དད་པར་ངེས་པར་འཇུག་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། འདི་ནི་སྔར་རྟོགས་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། གལ་ཏེ་འདི་སྔར་དམིགས་པའི་དོན་གྱིས་ཡུལ་ཅན་ཡིན་པར་གྱུར་ན་དེའི་ཚེ་སྔར་ཉིད་དུ་སྐྱེ་བར་འགྱུར་ཏེ། དེ་ཡུལ་ཡིན་པ་ཉིད་ཀྱིས་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་སྔར་གྱི་ཤེས་པ་བཞིན་ནོ། །དེ་དོན་ཅན་ཕྱིར་ཞེས་བྱ་བ་ནི་དེ་ནི་སྔར་རིག་པའི་དངོས་པོ་དོན་ཡུལ་དུ་གང་ལ་ཡོད་པ་དེ་ནི་དོན་ཅན་
དེའི་དངོས་པོ་ནི་དེའི་དོན་ཅན་ཉིད་དོ། །དེ་ལྟ་ཡང་མ་ཡིན་ཞེས་བྱ་བ་ནི་ཐལ་བ་ལས་བཟློག་པ་འཆད་པའོ། །སྦྱོར་བ་ནི་གང་ཞིག་གང་དུ་མ་ཚང་བ་མེད་པ་ཡོད་ན་ཡང་མི་འགྱུར་བ་དེ་ནི་དེའི་ཡུལ་ཅན་མ་ཡིན་ཏེ། དཔེར་ན་མ་ཚང་བ་མེད་པའི་གཟུགས་ཡོད་ན་ཡང་དེ་ལ་རྣ་བའི་རྣམ་པར་ཤེས་པ་མི་
འབྱུང་བ་བཞིན་ནོ། །རྡོ་རྗེ་ལ་སོགས་པའི་ཤེས་པ་དེའི་དུས་སུ་ངོ་ཤེས་པ་ཡང་མ་ཚང་བ་མེད་ན་མི་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེའི་ཕྱིར་དེ་ལྟར་རྡོ་རྗེ་ལ་སོགས་པ་གཞན་ལ་ལྟོས་པ་མེད་པ་རྟག་པ་ཉིད་ཡིན་ན་དེའི་ཡུལ་ཅན་གྱི་ཤེས་པ་ནི་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱི་
ཕྱིར་སྔར་ཉིད་དུ་འགྱུར་ན་དེ་ལྟ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་འདི་མི་རྟག་པ་ཉིད་དུ་གྲུབ་པོ། །དེ་ལྟ་ཡིན་དང་ཐ་དད་པ་དག་ལ་ཐ་མི་དད་པར་ངེས་པས་འཇུག་པའི་ཕྱིར་སྒྱུ་མའི་རི་ལུའི་རྣམ་པར་ཤེས་པ་བཞིན་དུ་འདི་ནི་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་འདི་ནི་མ་ཚང་བ་མེད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གནོད་པ་

མེད་པའི་ཡུལ་ཅན་ཡང་མ་གྲུབ་པ་ཡིན་ཏེ། འཁྲུལ་པ་ཉིད་དུ་གྲུབ་པ་ཇི་སྐད་དུ་བཤད་པའི་གཏན་ཚིགས་ལས་གནོད་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འདི་ཡང་བཟུང་ཟིན་པ་འཛིན་པའི་ཕྱིར་འདི་ཚད་མ་མ་ཡིན་ཏེ། དྲན་པ་བཞིན་ནོ་ཞེས་བསྟན་པའི་ཕྱིར་གྲུབ་ཟིན་པ་དོན་གྱི་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གང་ཁོ་ན་གཞལ་བའི་བྱ་བ་གྲུབ་པ་ལ་ཁྱད་པར་ཅན་གྱི་ཕན་འདོགས་པར་བྱེད་པ་དེ་ཁོ་ན་གྲུབ་པར་བྱེད་པ་དམ་པའི་བྱེད་པ་པོ་ཚད་མ་ཞེས་བྱའོ། །གལ་ཏེ་ངོ་ཤེས་པ་ཚད་མ་སྔ་མས་བཟུང་ཟིན་པའི་དོན་གྱི་ཡུལ་ཅན་དུ་གྱུར་ན། དེའི་ཚེ་གཞལ་བར་བྱ་བ་གྲུབ་པའི་དོན་ལ་འཇུག་པས་
སྒྲུབ་པར་བྱེད་པ་དམ་པ་ཉིད་མེད་པའི་ཕྱིར་ཇི་ལྟར་ཚད་མ་ཉིད་དུ་འགྱུར། གཞན་དུ་ན་དྲན་ཡང་ཚད་མ་ཉིད་དུ་འགྱུར་རོ། །ཚད་མའི་དངོས་པོར་གྱུར་པ་མ་ཡིན་ན་གནོད་པར་བྱེད་པ་ཉིད་དུ་རྟོག་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྙམ་དུ་འདི་ལོགས་ཤིག་ཏུ་ཚད་མ་ཉིད་དུ་མ་གྱུར་
མོད། དེ་ལྟ་ན་ཡང་སྔ་མའི་དོན་ཡུལ་ཡིན་པ་ཉིད་ཀྱིས་འདི་སྐད་ཅིག་མ་འཇིག་པ་ལ་གནོད་པར་བྱེད་པ་ཉིད་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལ་དོན་དམ་པར་སྔ་མའི་ཡུལ་ཡིན་པ་ཉིད་ཡོད་པ་མ་ཡིན་ཏེ། བརྗོད་པ་དང་བཅས་པའི་ཕྱིར་རོ། །ཡུལ་མེད་ན་ཡང་འཁྲུལ་
པའི་སྟོབས་ཀྱིས་སྔར་མཐོང་བའི་དོན་ལ་ངེས་པ་སྐྱེ་བའི་ཕྱིར་ངེས་པའི་དབང་གིས་སྔར་མཐོང་བའི་དོན་ཡུལ་ཡིན་ནོ་ཞེས་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །དེའི་ཕྱིར་རང་བཞིན་གྱིས་འཁྲུལ་པའི་ངོ་ཤེས་པ་འདི་ལས་སྐད་ཅིག་མ་འཇིག་པ་སེལ་བར་ག་ལ་འགྱུར། ད་ལྟའི་དུས་སུ་ཡོད་པ་ཉིད་ཅེས་བྱ་བ་
ལ་སོགས་པས་གཞོན་ནུ་མ་ལེན་གྱི་ལུགས་ཀྱིས་བཟུང་ཟིན་པ་འཛིན་པ་ཉིད་ཀྱིས་མ་གྲུབ་པར་སྟོན་པར་བྱེད་པ་ཡིན་ཏེ། དེས་སྨྲས་པ། མངོན་སུམ་སྔ་མས་དོན་ད་ལྟའི་དུས་སུ་ཡོད་པ་ཉིད་དུ་རྟོགས་པ་ནི་མ་ཡིན་ཏེ། དེ་ནི་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བའི་རྣམ་པ་འཛིན་པར་མི་འཐད་པའི་ཕྱིར་རོ། །དེ་ལྟ་བས་ན་ངོ་
ཤེས་པ་འདི་ལ་དྲན་པ་ལས་ཁྱད་པར་ཡོད་དོ། །ཇི་ལྟར་ཞེ་ན། སྔ་རོལ་གཞན་པ་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲན་པ་ནི་དེའོ་སྙམ་པས་ཤེས་པ་སྔ་མའི་རྣམ་པ་འཛིན་པ་ཉིད་ཀྱིས་འཇུག་ལ། ངོ་ཤེས་པ་ནི་འདིའོ་སྙམ་པ་དེ་ལྟ་བུའི་ཐ་དད་པར་ཡང་དོན་གྱི་རྣམ་པར་འཛིན་པ་སྐྱེ་སྟེ། དེའི་ཕྱིར་དྲན་

པ་ལས་ཁྱད་པར་དུ་གྱུར་པ་ཡིན་ཏེ། བྱེ་བྲག་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་གང་དག་ཐེ་ཚོམ་དང་ཕྱིན་ཅི་ལོག་ཡིན་པ་དེ་དག་ལ་གནོད་པར་བྱས་ནས་ངོ་ཤེས་པ་ཚད་མ་ཉིད་དུ་ཐོབ་པར་འགྱུར་བ་ཡིན་ནོ། །གང་ལས་འདི་དག་ལ་གནོད་པ་ཡིན་ཞེས་བྱ་བ་འདི་ལ་རྒྱུ་བཤད་པ་ནི། རྟོགས་པ་ལ་ནི་ཡོད་
མིན་ཕྱིར། །ཞེས་བྱ་བ་ལ། རྟོགས་པའི་དོན་ལ་དེ་དག་མེད་པའི་ཕྱིར་མེ་འབར་བའི་ཚོགས་ཆེན་པོ་དང་ལྡན་པའི་དུས་སུ་གྲང་བ་ལྟ་བུའོ། །འོན་ཏེ་ཇི་ལྟ་བུ་ལ་སོགས་པར་རྟོགས་པའི་སྔོ་བསངས་ལ་སོགས་པ་བཞིན་དུ་ཇི་ལྟར་རྗེས་སུ་དཔག་པས་བསྒྲུབས་པའི་དོན་ལ་དུས་གཞན་ཡང་མངོན་སུམ་གྱིས་གནོད་
པ་གཞན་ཉིད་དུ་འགྱུར་བ་དེ་བཞིན་དུ་འདི་ལ་ཡང་མ་ཡིན་ནམ། གལ་ཏེ་ངོ་ཤེས་པས་རྟག་པ་ཉིད་ཀྱི་དོན་གྲུབ་པ་དེ་ལྟ་ན་ཡང་དུས་ཕྱིས་དེའི་འབྲས་བུའི་རིམ་པས་དེའི་རིམ་པ་རྗེས་སུ་དཔག་པས་གྲུབ་པའི་ཕྱིར་གཞན་ཉིད་དུ་འགྱུར་བ་ཉིད་མ་ཡིན་ན། དེ་ཇི་ལྟར་སྐད་ཅིག་མ་འཇིག་པ་ཉིད་ལ་གནོད་པར་བྱེད་
ཅེས་དོགས་པ་ལ། ཅིག་ཤོས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིག་ཤོས་ཀྱིས་ཞེས་བྱ་བ་ནི་དཔེར་ན་དེ་ནི་སྔོ་བསངས་ཡིན་ཏེ། དེའི་བུ་ཡིན་པའི་ཕྱིར། དེའི་བུ་སྣང་བ་བཞིན་ནོ་ཞེས་བྱ་བའི་རྗེས་སུ་དཔག་པ་ལ་སོགས་པ་དག་གིས་སོ། །མངོན་སུམ་གྱིས་ནི་གཞན་དུ་འགྱུར། །ཞེས་
བྱ་བ་ནི་མངོན་སུམ་དུ་གྱུར་པས་གཞན་དུ་སྟེ། རྗེས་སུ་དཔག་པ་ལ་སོགས་པས་གཞལ་བའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཅས་པ་ཞེས་བྱ་བ་ནི་ཡུལ་དུ་བྱས་པ་ཞེས་བྱ་བའི་དོན་ཏོ། །ཅིག་ཤོས་སྐྱེ་བ་སྲིད་པ་མིན། །ཞེས་བྱ་བ་ནི་མངོན་སུམ་ལས་ཅིག་ཤོས་ཀྱི་རྗེས་སུ་
དཔག་པ་ལ་སོགས་པ་གནོད་པར་བྱེད་པ་ཉིད་དུ་སྐྱེ་བ་སྲིད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་དུའོ། །ཅིའི་ཕྱིར་ཞེ་ན། ཚད་མའི་ཐུ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྗེས་སུ་གྲུབ་པའི་དོན་ལ་མངོན་སུམ་གྱིས་གཞན་ཉིད་དུ་བྱེད་པ་ཞེས་བྱ་བ་ནི་རིགས་ཏེ། དེ་ནི་ཚད་མ་ཐམས་ཅད་ཀྱི་ཐུ་བོ་ཡིན་པའི་
ཕྱིར་རོ། །རྗེས་སུ་དཔག་པ་ལ་སོགས་པས་མངོན་སུམ་གྱིས་གྲུབ་པའི་དོན་གཞན་ཉིད་བྱ་བར་ནུས་པ་ནི་མ་ཡིན་ཏེ། ད་དག་སྟོབས་ཆུང་བའི་ཕྱིར་རོ། །བརྟན་པོ་ཡིས་ཞེས་བྱ་བ་ནི་ཐེ་ཚོམ་དང་། ཕྱིན་ཅི་ལོག་དག་དང་དྲལ་བས་སོ། །བཟློག་པར་ཞེས་བྱ་བ་ནི་གཞན་ཉིད་དུའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་

པས་ལེན་འདེབས་པར་བྱེད་པ་ཡིན་ཏེ། ངོ་ཤེས་པའི་ཡུལ་ད་ལྟའི་དུས་སུ་ཡོད་པ་ཉིད་གང་ཡིན་པ་དེ་ཅི་མངོན་སུམ་སྔ་མས་བཟུང་བའི་ཡོད་པ་ཉིད་ལས་ཐ་དད་དམ། འོན་ཏེ་དེ་ཉིད་ཡིན། གལ་ཏེ་ཐ་དད་ན་དེའི་ཚེ་རང་གི་ཚིག་ཉིད་ཀྱིས་ཐ་དད་དུ་བསྟན་པའི་ཕྱིར་ཁྱེད་ཅག་གིས་ཁས་
བླངས་པ་ཉམས་པར་འགྱུར་ལ། ཁོ་བོ་ཅག་གི་ནི་འདོད་པ་གྲུབ་པ་ཡིན་ནོ། །འོན་ཏེ་གཞན་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་གང་གིས་སྔ་མའི་བློ་ཡིས་རྟོགས་པ་ཡིན་ཞེས་བརྗོད་པ་དེ་ཇི་ལྟར་བློ་སྔ་མས་མི་རྟོགས། འདི་སྙམ་དུ་གལ་ཏེ་སྒྲ་ལ་སོགས་པ་ལས་སྐད་ཅིག་མ་ཉིད་ཐ་མི་དད་པ་ཡིན་ན་ཡང་
དེ་བཟུང་ན་མ་བཟུང་བར་བརྗོད་པ་དེ་བཞིན་དུ་འདི་ཡང་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་མི་རིགས་ཏེ། ཆོས་ཅན་སྒྲ་བཟུང་ན་ཡང་དེ་ལས་ཐ་མི་དད་པའི་སྐད་ཅིག་མ་ཉིད་མ་བཟུང་ངོ་ཞེས་རྣམ་པར་གཞག་པར་ནི་མི་བྱའོ། །འོན་ཀྱང་དེ་བཟུང་དུ་ཟིན་ཀྱང་ངེས་པ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་མ་ངེས་སོ་ཞེས་བརྗོད་པར་
བྱའོ། །ཉམས་སུ་མྱོང་བ་ཉིད་ཙམ་ལས་ངེས་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ནི་དོན་དུ་གཉེར་བ་དང་གོམས་པ་དང་དྲིན་དུ་གཟོ་བ་ལ་སོགས་པ་ལ་ལྟོས་པའི་ཕྱིར་རོ། །ཁྱེད་ལ་ནི་དེ་ལྟ་བུ་སྲིད་པ་མ་ཡིན་ཏེ། མངོན་སུམ་སྔ་མ་ཡང་ངེས་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དེས་ཀྱང་དངོས་པོའི་རང་གི་
ངོ་བོ་ངེས་པ་ན་དེ་ལས་ཐ་མི་དད་པའི་ད་ལྟའི་དུས་སུ་ཡོད་པ་ཉིད་ཀྱང་ངེས་པ་ཉིད་ཡིན་ནོ། །དེ་མ་ངེས་ན་དངོས་པོའི་རང་གི་ངོ་བོ་ཡང་དེ་བཞིན་དུ་མ་ངེས་པའི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་མ་ངེས་པ་ཉིད་དུ་ཐལ་བར་འགྱུར་རོ། །གང་ཡང་ཐེ་ཚོམ་ཟ་བའི་དངོས་པོ་ཡོད་པ་ན་གཏན་ལ་ཕབ་པའི་རྒྱུ་མཚན་གྱི་ངོ་ཤེས་པ་ཚད་མ་
ཉིད་ཡིན་ནོ་ཞེས་ཟེར་བ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ནོ། །འདི་ལ་ཐེ་ཚོམ་ཟ་བའི་དངོས་པོ་ཡོད་པ་ན་གཏན་ལ་ཕབ་པ་ཡོད་པ་ཡང་མ་ཡིན་ཏེ། འདྲ་བ་གཞན་དང་གཞན་སྐྱེ་བ་ན་ཡང་སྐྲ་ལ་སོགས་པ་བཞིན་དུ་ངོ་ཤེས་པ་མཐོང་བ་ནི་ཐེ་ཚོམ་མི་ཟ་བའི་ཕྱིར་རོ། །གང་ཡང་། ཅིག་ཤོས་ཀྱིས་ནི་དོན་
རྟོགས་པའང་། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། རྗེས་སུ་དཔག་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྗེས་སུ་དཔག་པ་ལ་སོགས་པ་གང་གི་སྤྱོད་ཡུལ་ཏེ། ཡུལ་ལ་མངོན་སུམ་གྱིས་གནོད་པ་སྲིད་པ་ཡིན་ན། དེ་ཚད་མ་ཉིད་མ་ཡིན་ཏེ།

གནོད་བཞིན་དུ་ཡུལ་ཡིན་པ་ཉིད་ཀྱིས་དོན་ལ་མི་སླུ་བ་མེད་པའི་ཕྱིར་རབ་རིབ་ཅན་ལ་སོགས་པའི་ཤེས་པ་བཞིན་ནོ། །དེས་ན། ཅིག་ཤོས་ཀྱིས་ནི་དོན་རྟོགས་ལ། །མངོན་སུམ་གྱིས་ནི་གཞན་དུ་འགྱུར། །ཞེས་གང་སྨྲས་པ་དེ་ནི་མ་འབྲེལ་པ་ཉིད་དེ། མི་སྲིད་པའི་ཕྱིར་རོ། །གང་ཡང་མངོན་སུམ་ཐུ་བོ་
ཉིད་དུ་བརྗོད་པ་དེ་ཡང་འབྲེལ་པ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དོན་ལ་མི་སླུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་རྣམས་ཀྱི་ཚད་མ་ཉིད་ནི་འདི་ཉིད་ཡིན་ཏེ། དོན་ཐོབ་པར་ནུས་པའོ། །དེ་ཡང་ཚད་མ་ཐམས་ཅད་ལ་ཁས་བླང་བར་བྱ་སྟེ། དེས་ན་ཅིའི་ཕྱིར་མངོན་སུམ་འདི་ཐུ་བོ་ཉིད་དུ་འགྱུར་ཡང་ཅི་སྟེ་
མངོན་སུམ་ཁོ་ན་དོན་ལ་མི་སླུ་བ་ཉིད་ཡིན་གྱི། རྗེས་སུ་དཔག་པ་ལ་སོགས་པ་ནི་མ་ཡིན་ནོ་སྙམ་ན། དེ་ཡོད་མིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་དོན་ལ་མི་སླུ་བ་ཉིད་དེ་མེད་པ་ཡིན་ན། རྗེས་སུ་དཔག་པ་ལ་སོགས་པ་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་ཏེ། ཚད་མའི་ཐ་སྙད་ཀྱི་རྒྱུ་མཚན་ནི་
དོན་ལ་མི་སླུ་བ་ཉིད་ཡིན་པའི་ཕྱིར་ལ། དེ་ཡང་འདི་ལ་མེད་པའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག་པ་འདིས། །ཞེས་བྱ་བ་ལ་སོགས་པ་སྣང་བྲལ་གྱིས་སྨྲས་པའི་ཚད་མ་དག་དོགས་པར་བྱེད་དེ། རྗེས་སུ་དཔག་པ་དེ་གང་ཡིན་ཞེ་ན། བརྗོད་འདོད་ཉི་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་སྨྲས་པ། བློ་མི་
མཐུན་པའི་གཞིར་གྱུར་པའི་དངོས་པོ་བརྗོད་པར་འདོད་པའི་ཉི་མ་དང་། ཟླ་བ་དང་། གཟའ་དང་། རྒྱུ་སྐར་ལ་སོགས་པའི་ཤེས་པ་རྣམས་ནི། དེའི་དུས་སུ་བཅད་པའི་ཟླ་བ་དང་། ཉི་མ་དང་། གཟའ་དང་། རྒྱུ་སྐར་དང་། སྐར་མ་ལ་སོགས་པའི་ཡུལ་ཉིད་ཡིན་ཏེ། ས་དང་འབྲེལ་པ་ཉིད་དུ་མི་དམིགས་པའི་
ཉི་མ་དང་། ཟླ་བ་དང་། གཟའ་དང་། རྒྱུ་སྐར་དང་། སྐར་མ་ལ་སོགས་པའི་ཤེས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན་པའི་ཕྱིར། དུས་དང་པོར་བྱུང་བའི་ལྷ་སྦྱིན་གྱི་ཟླ་བ་དང་ཉི་མ་དང་། གཟའ་དང་། རྒྱུ་སྐར་དང་། སྐར་མ་ལ་སོགས་པའི་ཤེས་པ་བཞིན་ནོ་ཞེའོ། །བརྗོད་པར་འདོད་པའི་ཉི་མ་ལ་སོགས་པ་ཡུལ་ཡིན་ནོ་
ཞེས་བྱ་བ་ནི་ཉི་མའི་གཟི་བརྗིད་ལ་སོགས་པའི་རྫས་ཡུལ་ཡིན་པའོ། །ས་དང་འབྲེལ་པ་ཉིད་དུ་མི་དམིགས་པས་ཞེས་བྱ་བའི་ཁྱད་པར་ནི་རི་མོ་ལ་སོགས་པར་གཏོགས་པའི་ཉི་མ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་དག་གིས་འཁྲུལ་པ་ལ་སོགས་པའི་དོན་དུའོ། །གཞན་ཞེས་བྱ་བ་ནི་དེ་ལས་གཞན་ཏེ། དེ་

མ་ཡིན་པའི་དུས་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཚད་མ་གཞན་འདི་ཡང་ཡིན་ཏེ་གང་དག་གཟུགས་ཉིད་ལ་སོགས་པ་སྤྱི་ལ་བརྟེན་པ་དང་། གང་ཡང་དེའི་རྟེན་དང་། གང་ཡང་དེའི་ཡུལ་ཅན་གྱི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཉེ་བར་འཇལ་བ་དང་། སྒྲ་
དང་། དྲན་པ་དང་། ངོ་ཤེས་པ་དང་། དཔྱོད་པ་དང་། གྲུབ་པས་བསྟན་པ་དང་། ཐེ་ཚོམ་དང་། ཕྱིན་ཅི་ལོག་དང་། མ་ངེས་པ་དང་། རྨི་ལམ་དང་། རྨི་ལམ་གྱི་མཐའི་ཤེས་རབ་ཀྱི་ཁྱད་པར་དེ་དག་ཐམས་ཅད་ནི་བདག་ཉིད་ཐོབ་མ་ཐག་ཏུ་འཇིག་པར་འགྱུར་བ་མ་ཡིན་ཏེ། ཤེས་བྱ་ཉིད་དང་། གཞལ་
བྱ་ཉིད་དང་། བརྗོད་བྱ་ཉིད་དང་། ཡོད་པ་དང་། མེད་པ་གང་ཡང་རུང་བ་ཉིད་དང་། ཡོད་པ་དང་། མེད་པ་ལས་ཐ་དད་པའི་ཤེས་བྱའི་ཡུལ་ཅན་གྱི་ཤེས་པས་གཅད་པར་བྱ་བ་མ་ཡིན་པ་ཉིད་དང་། གཟུང་བར་བྱ་བ་མ་ཡིན་པའི་ཡུལ་འཛིན་པའི་གཟུང་བར་བྱ་བ་མ་ཡིན་པ་ཉིད་དང་། བརྗོད་པར་བྱ་བ་མ་ཡིན་
པའི་རྗོད་པར་བྱེད་པས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དང་། རིགས་མཚུངས་པ་དང་མི་མཚུངས་པའི་རྫས་ལྡན་པ་དང་རྣམ་པར་དབྱེ་བ་ལས་སྐྱེས་པ་སྒྲའི་འབྲས་བུའི་སྒྲའི་བརྗོད་པར་བྱ་བ་ཡིན་པའི་ཕྱིར། སྔ་ན་མེད་པ་ལ་སོགས་པ་བཞིན་ནོ། །དེ་ལ་གཟུགས་ཉིད་ལ་སོགས་པ་སྤྱི་ལ་བརྟེན་པ་ནི་གཟུགས་
ལ་སོགས་པའོ། །གཟུགས་ལ་སོགས་པ་དེ་དག་གི་རྟེན་ནི་དེའི་རྟེན་ནོ། །དེ་དག་ཀྱང་གང་ཞེ་ན། བུམ་པ་ལ་སོགས་པའོ། །གྲུབ་པས་བསྟན་པ་ནི་རྣལ་འབྱོར་པའི་ཤེས་པའོ། །ལྷག་མ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །ཡོད་པ་དང་མེད་པ་ཡང་གང་རུང་བ་ནི་ཡོད་པ་ཉིད་དམ་མེད་པ་ཉིད་དོ། །ཡོད་
པ་དང་མེད་པ་དག་ལས་ཐ་དད་པའི་ཤེས་བྱ་མེད་པ་ཉིད་ཀྱི་ཕྱིར། དེའི་ཡུལ་ཅན་གྱི་ཤེས་པ་ཡང་མེད་དོ། །དེ་ཡང་མེད་པ་ཉིད་ཀྱི་ཕྱིར་དེས་གཅད་པར་བྱ་བ་མ་ཡིན་པ་ཉིད་གྲུབ་པོ། །དེ་བཞིན་དུ་གཟུང་བར་བྱ་བ་མ་ཡིན་པའི་ཡུལ་འཛིན་པ་མེད་པ་ཉིད་ཀྱི་ཕྱིར་དེ་ཡི་ས་གཟུང་བར་བྱ་བ་མ་ཡིན་པ་ཉིད་གྲུབ་པོ། །དེ་བཞིན་
དུ་གང་ལ་བརྗོད་པར་བྱ་བ་ཡོད་པ་མ་ཡིན་པ་དེ་ནི་རྗོད་པར་བྱེད་པ་སྟེ་བརྗོད་པར་བྱ་བ་མ་ཡིན་པའོ། །དེས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་སྒྲུབ་སྟེ། དོན་མེད་པ་ཉིད་ཀྱི་ཕྱིར་རོ། །རིགས་མཚུངས་པའི་རྫས་ནི་ཆུ་དང་ས་ལ་སོགས་པ་སྟེ། བྱས་པ་ཉིད་ལ་སོགས་པར་མཚུངས་པའི་ཕྱིར་རོ། །རིགས་མི་མཚུངས་པ་

ནི་ནམ་མཁའ་ལ་སོགས་པ་སྟེ། དེ་དག་ཕན་ཚུན་ལྡན་པ་དང་རྣམ་པར་དབྱེ་བ་དེ་དག་གིས་བསྐྱེད་པའི་སྒྲ་དང་པོ་གང་ཡིན་པ་དེའི་བརྒྱུད་པའི་འབྲས་བུར་གྱུར་པ་རྣ་བའི་ལམ་དུ་ཕྱིན་པ་གང་ཡིན་པ་དེས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་འདི་དག་གི་ཐ་སྙད་ནི་འདི་ཡིན་ཏེ། སྒྲའི་དང་པོའི་སྐྱེ་གནས་ནི་ལྡན་པ་
དང་རྣམ་པར་དབྱེ་བའོ། །དེ་ལས་ཕོ་ལོང་རྡེབ་པའི་ཚུལ་དུ་སྒྲ་གཞན་དག་སྐྱེའོ། །དེ་དག་ལས་ཀྱང་སོ་སོར་སྒྲ་རེ་རེ་ལས་ཞན་པ་དང་། ཆེས་ཞན་པ་དང་། ཆེས་ཆེར་ཞན་པའི་རིམ་པས་སྐྱེ་སྟེ། དེ་ལ་གང་ཞིག་རྣ་བའི་སྦུབས་ཀྱི་དབུས་ཀྱི་ནམ་མཁའི་ཡུལ་དུ་ཕྱིན་པ་དེ་དམིགས་ཀྱིས། ཅིག་ཤོས་ནི་དམིགས་པ་མ་
ཡིན་ནོ་ཞེའོ། །དེས་ན་འདིའི་ཚད་མའི་ཚོགས་སྟོན་པ་ནི། གཟུགས་ཉིད་ལ་སོགས་དོན་ཀུན་དང་། །ཞེས་བྱ་བ་ལ་སོགས་པའོ། །གཞལ་བྱ་ཉིད་དང་བརྗོད་བྱ་ཉིད་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེ་ལས་གཞན་པའི་གཏན་ཚིགས་དག་ཀྱང་བལྟ་བར་བྱའོ། །མཁའ་སྟེ་ནམ་མཁའི་པདྨ་ནི་ནམ་མཁའི་
པདྨ་སྟེ་ནམ་མཁའི་པདྨ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གསལ་བྱེད་པས་སྨྲས་པ། ལོག་པར་རྟོགས་པའི་ཅིག་ཅར་བ་མ་ཡིན་པའི་དུས་ཀྱི་ཤེས་པ་རྣམས་ནི་ཡུལ་གཅིག་ཡིན་ཏེ། དེའི་ཤེས་པ་གཞི་མཐུན་པ་མ་གསལ་བ་མཚུངས་པའི་སྒྲའི་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ད་ལྟར་གྱི་སྐད་ཅིག་ལ་སྐྱེས་བུ་དུ་མའི་ཤེས་
པ་བཞིན་ནོ། །དེ་ལ་གནོད་པར་བྱེད་པའི་ཚད་མའི་དབང་གིས་བསལ་བ་སྟེ། གཞན་དུ་བྱ་བའི་ངང་ཚུལ་འདི་ལ་ཡོད་པས་བསལ་བའོ། །བསལ་བ་མ་ཡིན་པ་ནི་མ་བསལ་བའོ། །བུམ་པ་ལ་སོགས་པའི་ཤེས་པ་དེ་དག་གི་གཞི་མཐུན་པ་ནི་དེའི་ཤེས་པ་གཞི་མཐུན་པའོ། །འདི་ནི་མ་བསལ་བ་ཡང་ཡིན་ལ་
དེའི་ཤེས་པ་གཞི་མཐུན་པ་ཡང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞི་མཐུན་བ་ལ་གནོད་པ་མེད་པ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་འདི་ཡང་སྒྲོན་མ་ལ་སོགས་པའི་ཤེས་པ་དག་གིས་འཁྲུལ་པ་བསལ་བའི་དོན་དུ་སྟེ། མཚུངས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ནི་ནག་པའི་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་འདི་
སྟོན་པ་ནི། གང་དག་རྣམ་པ་རྩོད་པའི་ཞེས་བྱ་བ་ལ་སོགས་པ་ལ་སྒྲོགས་པ་སྟེ་ཞེས་བྱ་བ་ནི་དམ་བཅའ་བར་བྱེད་པའོ། །གཅིག་ལ་བསྟེན་པ་སྟེ་གཞི་མཐུན་པར་གནོད་པ་མེད་ན་དེ་གནོད་པ་ཡོད་པ་མ་ཡིན་པ་ཡང་དེ་ཡིན་ལ། གཅིག་ལ་བརྟེན་པ་ཡང་ཡིན་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལ་ལེན་འདེབས་པར་བྱེད་པ་ནི་

རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། གཏན་ཚིགས་དང་པོ་ཞེས་བྱ་བ་ནི། དེ་ཤེས་ཉིད་དུ་བརྗོད་པའི་ཕྱིར། །ཞེས་བྱ་བ་འདི་ལ་ཟླ་བ་ལ་སོགས་པའི་ཤེས་པ་དང་པོ་ཡང་དེའི་དུས་སུ་གཅོད་པའི་ཟླ་བའི་ཡུལ་ཅན་དུ་མི་འགྱུར་ཏེ། རྒྱུར་གྱུར་པ་ཉིད་ཡུལ་ཡིན་པའི་ཕྱིར་རོ། །དུས་མཚུངས་པ་ཡང་
རྒྱུ་དང་འབྲས་བུ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། ཇི་སྐད་དུ། མེད་པ་སྔར་ནུས་མེད་ཕྱིར་དང་། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །དེ་ཕྱིར་རང་བློ་བཅས་དོན་མིན། །ཞེས་བཤད་པ་བཞིན་ནོ། །གང་ཚེ་ཞེས་བྱ་བ་ལ་སོགས་པས་ས་དང་འབྲེལ་པ་ཉིད་དུ་མི་དམིགས་
པ་ཞེས་ཁྱད་པར་དང་བཅས་པ་ཡིན་ན་ཡང་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །གཏན་ཚིགས་གཉིས་པའི་ཚོགས་ལ་ཆོས་ཅན་རིགས་ལ་སོགས་པ་མེད་པ་ཉིད་ཀྱིས་སྐད་ཅིག་མ་འཇིག་པ་མི་འདོད་པའི་ཕྱིར། དེ་ལ་དེ་མེད་པ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི་རིགས་ལ་སོགས་པ་ཞེས་བྱ་བ་
ལ་སོགས་པའོ། །སོགས་པའི་སྒྲས་ནི་དེ་ལ་བརྟེན་པའི་གཟུགས་དང་ལྡན་པ་ལ་སོགས་པ་དང་། དེའི་ཡུལ་ཅན་གྱི་ཤེས་པ་རྣམས་གཟུང་སྟེ། ཇི་སྐད་དུ་བཤད་པས་ཁྱད་པར་དུ་བྱས་པའི་ཁྱད་པར་ཅན་འདི་དག་ཀྱང་མེད་པ་ཉིད་དོ། །དེའི་ཕྱིར་དེ་དག་ལ་དེའི་སྐད་ཅིག་མ་འཇིག་པ་ཉིད་མེད་པར་བསྒྲུབ་པར་བྱ་བའི་
ཕྱིར་སྒྲུབ་པར་བྱེད་པ་སྨྲས་པ་གང་ཡིན་པ་དེ་ནི་ལོག་པ་ཡིན་ཏེ། དེ་ལ་རྩོད་པ་མེད་པའི་ཕྱིར་རོ་སྙམ་དུ་དོགས་པ་ཡིན་ནོ། །འདི་ལ་ཡང་ཞིབ་ཏུ་དཔྱད་པ་མ་བྱས་ཏེ། གལ་ཏེ་དེ་བྱེད་ན་དེའི་ཚེ་དེ་ལ་སྐྱོན་གྱི་ཚོགས་ཆེས་མང་བ་འཇུག་སྟེ། འདི་ལྟར་འདི་ཡོད་པ་དང་མེད་པ་གང་ཡང་རུང་བ་སྒྲུབ་བྱེད་དུ་སྨྲས་པ་གང་ཡིན་
པའི་རྣམ་པ་དེ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་དང་དཔེའི་ཆོས་ཅན་ལ་མ་གྲུབ་སྟེ། གང་ཡང་རུང་བའི་སྒྲ་ནི་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་ཡང་དངོས་པོ་དུ་མ་སྲིད་པ་ཡིན་ན་འགྱུར་གྱི། གཅིག་ལ་ནི་མ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་གཅིག་ལ་ཡོད་པ་དང་མེད་པ་གཉིས་སྲིད་པ་མ་
ཡིན་ཏེ། དེ་ལ་ནི་དངོས་པོའི་ངོ་བོ་ཡིན་པ་ཉིད་ཀྱིས་ཡོད་པ་ཁོ་ན་སྲིད་པའི་ཕྱིར་རོ། །དཔེའི་ཆོས་ཅན་ལ་ཡང་གཉིས་སྲིད་པ་མ་ཡིན་ཏེ། དེ་ནི་དངོས་པོ་མེད་པ་ཉིད་ཀྱིས་མེད་པ་ཁོ་ན་ཡིན་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ཁྱད་པར་ཡང་དོན་མེད་པ་ཡིན་ཏེ། འདི་ལྟར་སྒྲའི་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་

དེ་ལྟ་བུ་སྦྱོར་བ་ཡང་འདིར་རེ་ཞིག་མི་རིགས་ཏེ། བརྗོད་པར་བྱ་བ་ཉིད་སྨོས་པ་ཉིད་ཀྱིས་སྒྲར་གྲུབ་པའི་ཕྱིར་རོ། །གང་ཡང་རིགས་མཚུངས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་དག་གི་ཁྱད་པར་དེ་ནི་ཤིན་ཏུ་སྟོབས་ཆུང་བ་ཉིད་ཡིན་ནོ། །དེ་ལྟར་གཏན་ཚིགས་ཀྱི་ཁྱད་པར་གཞན་ཡང་དོན་མེད་པ་ཉིད་དོ་ཞེས་གཟུང་
བར་བྱའོ། །གཏན་ཚིགས་འདི་དག་ཐམས་ཅད་ཀྱང་མ་ངེས་པ་དག་ཡིན་ཏེ། འདི་དག་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་བྱེད་པའི་ཚད་མ་མ་བསྟན་པའི་ཕྱིར་རོ། །འདི་ཡང་ཕྱིས་སྟོན་པར་འགྱུར་རོ། །གང་ཡང་གང་དག་རྣམ་པར་རྩོད་པའི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། མཚུངས་པའི་
སྒྲའི་ཞེས་བྱ་བ་ལ་སོག་པ་སྨོས་ཏེ། མར་མེའི་ཤེས་པ་མར་མེའི་ཤེས་པའོ་སྙམ་པ་མར་མེ་ལ་སོགས་པའི་ཤེས་པ་ཡུལ་ཅན་ཐ་དད་པ་ཡིན་ན་ཡང་མཚུངས་པའི་སྒྲ་འཇུག་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་དེས་ན་སྟེ་སྒྲོན་མ་ལ་སོགས་པའི་ཤེས་པའི་ཡུལ་ཅན་མཚུངས་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཀྱིས་
མཚུངས་པའི་སྒྲས་བརྗོད་པར་བྱ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་འཁྲུལ་པ་ཅན་ཡིན་ནོ། །ཡང་ན་བཟློག་པའི་གནོད་པ་སྟེ། དེའི་ཕྱིར་དེ་དག་ལ་འཇུག་པའི་ཕྱིར་གཏན་ཚིགས་འདི་ཁྱོད་ཀྱི་འཁྲུལ་པར་འགྱུར་བ་མ་ཡིན་ནམ་སྟེ། འོན་ཀྱང་འགྱུར་བའི་དོན་ཏེ། །དེ་དག་ལ་ནི་གཞི་མཐུན་ཕྱིར་ཉིད་
ཅེས་བྱ་བ་གཞན་གྱི་ལུགས་ཀྱི་དོགས་པ་བསུ་བ་ཡིན་ཏེ། དེའི་ཤེས་པ་གཞི་མཐུན་པ་མ་བསལ་བ་ཞེས་བྱ་བའི་གཏན་ཚིགས་ཀྱི་ཁྱད་པར་ནི་སྒྲོན་མ་ལ་སོགས་པའི་ཤེས་པས་འཁྲུལ་པ་བསལ་བའི་དོན་ཁོ་ནར་བྱས་པ་ཡིན་ཏེ། མར་མེ་ལ་སོགས་པ་ཤེས་པ་དེ་དག་ནི་ཡུལ་གཅིག་པ་ཅན་གནོད་པ་
ཉིད་ཀྱི་ཕྱིར་ཏེ། འདི་ལྟར་དེའི་སྐད་ཅིག་ཉིད་ལ་མར་མེ་རྩེ་མོ་མཐོ་བ་དང་རྩེ་མོ་དུད་པ་དང་། གསལ་བ་དང་ཆེས་གསལ་བ་དམིགས་ཏེ། དེའི་ཕྱིར། རྩ་བའི་གཏན་ཚིགས་འཁྲུལ་པར་ག་ལ་འགྱུར་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེའི་ཁྱད་པར་འདི་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར། བརྗོད་འདོད་ལ་
ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གང་བསྒྲུབ་བྱའི་ཆོས་ཅན་ཉིད་ཀྱིས་བརྗོད་པར་འདོད་པ་དེ་ལ་ཡང་གནོད་པ་ཅིའི་ཕྱིར་མ་མཐོང་། འདི་ལྟར་ནག་པ་ལ་སོགས་པ་ལ་ཡང་བྱིས་པ་དང་གཞོན་ནུ་དང་དར་ལ་བབ་པ་ལ་སོགས་པའི་བྱེ་བྲག་གིས་འགྱུར་བའི་རྣམ་པ་ཉིད་ཀྱི་ཤེས་པ་སྐྱེའོ། །དྲི་ལ་སོགས་པ་

ལ་གྲང་བ་དང་དྲོ་བའི་ངོ་བོས་དེ་ལས་མར་མེ་ལ་སོགས་པ་བཞིན་དུ་འདི་དག་གི་རྣམ་པ་གཞན་གསལ་རབ་པ་ཉིད་དུ་གྲུབ་སྟེ། དེ་ལྟ་མ་ཡིན་ན་གང་ཁོ་ན་གྲང་བ་དང་འབྲེལ་པ་དེ་ཁོ་ན་གྲང་བ་དང་གལ་ཏེ་ཕྱིས་ཀྱི་དྲོ་བ་དང་འབྲེལ་པ་ཡིན་པར་འགྱུར་ན། དེའི་ཚེ་གྲང་བ་དང་དྲོ་བའི་གནས་སྐབས་
གཉི་ག་དམིགས་པར་འགྱུར་རོ། །དེ་དང་འབྲེལ་བའི་རང་བཞིན་ཡོད་ན་དེ་དག་ཀྱང་ཡོད་པར་ཐལ་བར་འགྱུར་ཏེ། ལྕགས་སུ་བཅུག་པའི་སྐྱེས་བུ་བཀུག་ན་ལྕགས་བཀུག་པ་བཞིན་ནོ་ཞེས་འདི་ནི་ཕལ་ཆེར་བཤད་ཟིན་ཏོ། །དེའི་ཕྱིར་ཁྱད་པར་དང་བཅས་པའི་གཏན་ཚིགས་ཀྱང་མ་གྲུབ་པོ། །རྗེས་སུ་
དཔག་པས་གནོད་པའི་ཡང་། །རྩོད་པའི་གཞི་ལ་གནས་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་རིམ་གྱིས་འབྱུང་བ་དེ་ནི་རྒྱུ་མ་ཚང་བ་མེད་པ་རྟག་ཏུ་ཉེ་བ་མ་ཡིན་ཏེ། གློག་དང་མར་མེ་ལ་སོགས་པའི་བློ་བཞིན་ནོ། །རྩོད་པའི་གཞིར་གྱུར་པའི་བློ་རྣམས་ཀྱང་རིམ་གྱིས་འབྱུང་བ་ཡིན་ནོ་
ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པའོ། །གཏན་ཚིགས་མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། དངོས་པོ་གཅིག་གི་ཡུལ་ཅན་ཡིན་ན་རྒྱུ་མ་ཚང་བ་མེད་པ་ནི་རིམ་གྱིས་འབྱུང་བར་མི་འཐད་པའི་ཕྱིར་རོ། །རྒྱུ་གཞན་ལ་ལྟོས་པ་ཡང་མ་ཡིན་ཏེ། རྟག་པ་ན་དེས་ཕན་གདགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །
ཕན་གདགས་པར་བྱ་བ་མ་ཡིན་པ་ཡང་ལྟོས་པར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཕན་འདོགས་ན་ཡང་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལན་བརྒྱར་དཔྱད་ཟིན་ཏོ། །སྦྱོར་བ་ཐམས་ཅད་ལ་གཏན་ཚིགས་དག་མ་ངེས་པ་ཉིད་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་གནོད་པར་
བྱེད་པའི་ཚད་མ་མེད་པའི་ཕྱིར་རོ་ཞེས་བྱ་བ་བསྟན་པ་ནི། གཏན་ཚིགས་དེ་དག་ཅེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་ཟད་དོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་བརྟན་པའི་དངོས་པོ་བརྟག་པ་སྟེ་བཅུ་གསུམ་པའོ།། །།ད་ནི་ལས་དང་དེ་འབྲེལ་པའི། །རྣམ་པར་གཞག་ལ་སོགས་
པའི་རྟེན། །ཞེས་བྱ་བ་འདི་བསྒྲུབ་པའི་ཕྱིར། རྩོད་པ་ཉེ་བར་བཀོད་པ་སྔོན་དུ་འགྲོ་བ་བཤད་པ། དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །སྐད་ཅིག་མའི་མི་རྟག་པ་སྨོས་པ་ནི་དུས་གཞན་དུ་གནས་པའི་མི་རྟག་པ་རྣམ་པར་གཅད་པའི་དོན་དུའོ། །སྐད་ཅིག་མར་ཡོད་པའི་མི་རྟག་པ་ཉིད་ནི་སྐད་ཅིག་

མའི་མི་རྟག་པའོ། །དེས་ཁྱབ་པ་ནི་ཡང་དག་པར་བསྣན་པའོ། །གལ་ཏེ་ཁྱེད་ཅག་གིས་དངོས་པོའི་ཚོགས་ཐམས་ཅད་མི་རྟག་པར་དམ་འཆའ་བར་བྱེད་པ་དེའི་ཚེ་ལས་དང་འབྲས་བུའི་འབྲེལ་པ་ལ་སོགས་པ་གང་དག་འཇིག་རྟེན་དང་བསྟན་བཅོས་དག་ལ་གྲགས་པ་དེ་དག་ཇི་ལྟར་བསྒྲུབ་པར་འགྱུར། སོགས་
པ་སྨོས་པས་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པའི་ཚད་མ་དང་། ཉམས་སུ་མྱོང་བ་ནི་ངོ་ཤེས་པ་དང་། གཞན་དུ་མཐོང་བའི་དོན་གཞན་ལ་མངོན་པར་འདོད་པ་དང་བཅིངས་པ་དང་། ཐར་པ་དང་། དྲན་པ་དང་། ཐེ་ཚོམ་སྔོན་དུ་འགྲོ་བ་ཅན་གྱི་གཏན་ལ་ཕབ་པ་དང་། རང་གིས་བཅོལ་བ་ལེན་པ་དང་།
མཐོང་བའི་དོན་ལ་ཚོར་ངས་དང་བྲལ་བ་ཞེས་བྱ་བའི་རྣམ་པ་དེ་ལྟ་བུ་བློ་ངན་པས་ཀུན་དུ་བརྟགས་པའི་ཀླ་ན་ཀའི་ཕུང་པོ་དག་གཟུང་ངོ་། །འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་དོན་དང་འགལ་བའི་དམ་འཆའ་བར་བྱེད་པ་ན་དོན་གྲུབ་པ་གྲུབ་པ་མ་ཡིན་པས་དེའི་ཕྱིར་དམ་བཅའ་བའི་ཉེས་པ་ལ་ཁས་བླངས་པ་
གྲགས་པས་གནོད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལྟར་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་གང་ཁོ་ན་བྱས་པ་དེ་ཁོ་ནས་དེའི་འབྲས་བུ་ལོངས་སྤྱོད་དོ་ཞེས་འཇིག་རྟེན་ན་གྲགས་ཏེ། ལྷ་སྦྱིན་གྱིས་བྱས་པའི་དགེ་བ་དང་མི་དགེ་བའི་ལས་དེའི་འབྲས་བུ་འདོད་པ་དང་མི་འདོད་པ་མཆོད་སྦྱིན་གྱིས་
ལོངས་སྤྱོད་དོ་ཞེས་བྱ་བར་གྲགས་པ་ནི་མེད་ལ། བསྟན་བཅོས་ལ་ཡང་མ་ཡིན་ཏེ། ཇི་སྐད་དུ། འདི་ཉིད་ཀྱིས་བྱས་པའི་ལས་གཞན་གང་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཞེས་བཤད་པ་ལྟ་བུའོ། །དེ་འདི་ཡང་སྐད་ཅིག་མའི་ཕྱོགས་ལ་འགལ་ཏེ། ལས་དང་འབྲས་བུ་འཛིན་པ་པོའི་བྱེད་པ་གཅིག་མེད་
པས་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། དགེ་སོགས་སྐབས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་འཇུག་པ་ཉིད་མ་ཡིན། །ཞེས་བྱ་བ་ནི། དེ་ནི་སྐྱེས་མ་ཐག་ཁོ་ནར་འགག་པའི་ཕྱིར་རོ། །བྱེད་པོ་གཅིག་གིས་མ་བཟུང་ཕྱིར། །ཞེས་
བྱ་བ་ནི་བྱེད་པ་པོ་གཅིག་གིས་ལས་དང་འབྲས་བུ་དེ་དག་ཡོངས་སུ་མ་བཟུང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བྱེད་པ་པོ་འབྲས