Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 191

Văn bản gốc(Tây Tạng)

Trang 19 / 25 (50.000 ký tự/trang)
ཕྱིར་རོ། །དེ་ལྟ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་མ་ངེས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གཉིས་ཉིད་ལ་སོགས་པའི་གྲངས་རྫས་དུ་མ་གང་ཡིན་པ་དེའི་བློ་དུ་མ་དང་ལྷན་ཅིག་པའི་གཅིག་ཉིད་ལས་གྲུབ་པར་ཁྱེད་ཅག་གིས་སྨྲས་པ་གང་ཡིན་པ་དེ་ནི་རྒྱུ་མཚན་མེད་པ་ཡིན་ནོ། །

ཞེས་སྟོན་པ་ནི། གལ་ཏེ་བློ་ལ་ལྟོས་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཙམ་སྨོས་པས་གཅིག་ཉིད་དང་གཉིས་ཉིད་ལ་སོགས་པ་དེའི་སྤྱི་དང་འབྲེལ་བ་ཅན་གྱི་ཤེས་པ་རྣམ་པར་གཅོད་པའི་དོན་དུའོ། །བློ་དེ་ཞེས་བྱ་བ་ནི་བགྲང་བར་བྱ་བ་དག་ལ་གཉིས་དང་གསུམ་དང་བཞི་ཞེས་བྱ་བ་
ལ་སོགས་པའི་བློ་བརྡ་གཟོ་བ་ཙམ་གྱིས་ཅིའི་ཕྱིར་མི་འདོད། དེ་ལྟ་ན་ནི་ནུས་པ་མཐོང་བ་རྒྱུ་ཉིད་དུ་བརྟགས་པར་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་རྣམས་ཐུག་པ་མེད་པར་འགྱུར་རོ། །འདི་ལྟར་ལྟོས་པའི་བློ་ཡོད་ན་ཡོད་པའི་ཕྱིར་དེ་དང་དེ་མེད་ན་ཡང་མེད་པའི་ཕྱིར་དེར་གཏོགས་པའི་རྗེས་སུ་འགྲོ་བ་དང་
ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་ཁོ་ན་བརྟག་པར་རིགས་ཀྱི་གཞན་དུ་ནི་འཁྲུ་སྨན་དང་ཕྲད་ནས་ལྟོ་འཁྲུ་བར་བྱེད་དོ་ཞེས་བྱ་བ་ཡང་བརྟག་པར་འགྱུར་རོ། །བསྡུ་བ་ལ་སོགས་པ་ལས་ལྡོག་ཅིང་དངོས་པོ་ལས་ཐ་དད་པ་དམིགས་པའི་མཚན་ཉིད་དུ་གྱུར་པར་མངོན་པར་འདོད་པའི་གཉིས་ཉིད་ལ་སོགས་པ་སྣང་
བའམ་འཐད་པ་ཡང་མ་ཡིན་ཏེ། གཅིག་དུ་མ་ལ་འཇུག་པ་བཀག་པའི་ཕྱིར་དང་། སྤྱི་དང་འདུ་བ་ཡང་འགོག་པར་འགྱུར་བའི་ཕྱིར་སྙམ་དུ་དགོངས་པའོ། །ཆེ་དང་རིང་སོགས་ཞེས་བྱ་བ་ལ་སོགས་པས་ཚད་དགག་པའི་ཕྱིར་བཤད་པ་ཚད་ཀྱི་ཐ་དད་ཀྱི་རྒྱུ་ནི་མེད་དོ། །དེ་ཡང་ཆེན་པོ་དང་རྡུལ་ཕྲ་རབ་དང་། རིང་པོ་དང་།
ཐུང་ངུ་ཞེས་བྱ་བ་རྣམ་པ་བཞི་སྟེ། དེ་ལ་ཆེན་པོ་ནི་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པའོ། །རྟག་པ་ནི་ནམ་མཁའ་དང་། དུས་དང་ཕྱོགས་དང་བདག་རྣམས་ལ་ནི་མཆོག་ཏུ་ཆེན་པོ་ཉིད་དོ། །མི་རྟག་པ་ནི་རྡུལ་ཕྲ་རབ་གསུམ་པ་ལ་སོགས་པའི་རྫས་རྣམས་ལའོ། །དེ་བཞིན་དུ་རྡུལ་ཕྲ་རབ་ཀྱང་རྣམ་པ་
གཉིས་ཏེ། རྟག་པ་དང་། མི་རྟག་པའོ། །རྟག་པ་ནི་རྡུལ་ཕྲ་རབ་དང་། ཡིད་ལ་ཟླུམ་པའི་མཚན་ཉིད་ཅན་ནོ། །མི་རྟག་པ་ནི་རྡུལ་ཕྲ་རབ་གཉིས་པ་ཉིད་དོ། །ཨུཏྤ་ལ་དང་། སྐྱུ་རུ་ར་དང་། བིལ་བ་ལ་སོགས་པ་ཆེན་པོ་ལ་ཡང་། ཁྱད་པར་དུ་འཕགས་པར་འབྱུང་བའི་དངོས་པོ་ལ་ལྟོས་ནས་
བཏགས་ནས་རྡུལ་ཕྲ་རབ་ཏུ་བརྗོད་དེ། སྐྱུར་རུའི་ཆེ་བའི་ཚད་ཅི་འདྲ་བ་དེ་འདྲ་བའི་ཨུཏྤ་ལ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །ཅི་སྟེ་རྡུལ་ཕྲ་རབ་གསུམ་པ་ལ་སོགས་པ་ལ་འཇུག་པའི་ཆེན་པོ་དང་རིང་བ་དག་དང་། རྡུལ་ཕྲན་གཉིས་འབྱར་བའི་རྡུལ་ཕྲ་རབ་དང་། ཐུང་ངུ་དག་

པ་ཁྱད་པར་ཅི་ཡོད་ཅེ་ན། བརྗོད་པ་དེ་ལ་ཆེན་པོ་ཉིད་དང་རིང་པོ་ཉིད་དག་ལ་ཕན་ཚུན་ཁྱད་པར་ཡོད་དེ། ཆེན་པོ་རྣམས་ལས་རིང་པོ་འོན་ཅིག །རིང་པོ་རྣམས་ལས་ཆེན་པོ་འོན་ཅིག་ཅེས་བྱ་བའི་ཐ་སྙད་ཐ་དད་པ་མཐོང་བའི་ཕྱིར་རོ། །རྡུལ་ཕྲ་རབ་དང་ཐུང་ངུ་དག་གི་ཁྱད་པར་ཡང་དེ་མཐོང་བའི་རྣལ་འབྱོར་པ་རྣམས་ཀྱི་མངོན་
སུམ་ཉིད་དོ་ཞེས་བྱ་བ་འདི་ནི་གཞན་དག་གི་ལུགས་ཡིན་ནོ། །གཞན་དག་ནི་ཆེན་པོ་ལ་སོགས་པ་འདི་ཡང་གཟུགས་ལ་སོགས་པ་ལས་དོན་གཞན་དུ་གྱུར་པ་ཉིད་དུ་འགྲུབ་སྟེ། དེའི་ཤེས་པ་དང་མི་འདྲའི་བློས་གཟུང་བར་བྱ་བ་ཡིན་པའི་ཕྱིར། བདེ་བ་ལ་སོགས་པ་བཞིན་ནོ་ཞེས་སེམས་ཏེ། དེ་ལ་རེ་ཞིག་
གལ་ཏེ་གཟུགས་ལ་སོགས་པའི་ཡུལ་ཅན་གྱི་དབང་པོའི་བློ་དང་མི་འདྲ་བའི་མངོན་སུམ་གྱི་ཤེས་པས་གཟུང་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་དུ་འདོད་ན། དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། དེ་ལྟར་གནས་པའི་གཟུགས་ལ་སོགས་པའི་དངོས་པོ་ལས་མ་གཏོགས་པར་ཆེན་པོ་ལ་
སོགས་པའི་ཚེ་#དབབང་པོའི་བློ་ལ་སྣང་བ་བཞིན་པར་མ་དམིགས་སོ། །ཅི་སྟེ་རྡུལ་ཕྲ་རབ་དང་ཆེན་པོའི་ཞེས་བྱ་བ་སྟེ། དེ་ལྟ་བུ་རྣམ་པར་རྟོག་པའི་བློ་གང་ཡིན་པ་དེ་དེའི་ཤེས་པ་དང་མི་འདྲ་བའི་བློས་ཞེས་བྱ་བར་འདོད་ན། དེ་ལྟ་ན་ཡང་གཏན་ཚིགས་མ་ངེས་པ་ཉིད་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་གནོད་
པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །འདི་ལ་དོན་དམ་པར་གཟུང་བར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྟོག་པ་དང་བཅས་པའི་ཕྱིར་རོ། །ཕྱོགས་གཅིག་ཏུ་མངོན་དུ་ཕྱོགས་པ་ལ་སོགས་པར་འཇུག་པའི་གཟུགས་ལ་སོགས་པ་མཐོང་བ་དེ་དག་ལ། དེ་དང་མི་འདྲ་བའི་གཟུགས་ལ་སོགས་པ་ལས་ཐ་དད་པར་
བསྟན་པར་བྱ་བའི་ཕྱིར་བརྡ་བྱས་པའི་དོར་ཆེན་པོ་ཞེས་ངེས་པ་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །དེའི་ཕྱིར་དངོས་པོ་གཞན་གྲུབ་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་གཟུགས་ལ་སོགས་པ་ལས་མ་གཏོགས་པའི་ངེས་པ་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ། །དམ་བཅའ་བ་ཡང་མངོན་སུམ་
གྱིས་གནོད་པ་ཡིན་ཏེ། མངོན་སུམ་དུ་འདོད་པའི་ཆེན་པོ་ལ་སོགས་པ་གཟུགས་ལ་སོགས་པ་ལས་མ་གཏོགས་པར་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་ཚད་དེ་ཡང་ཕྱོགས་གཅིག་ཏུ་ཕྱོགས་པ་ལ་སོགས་པར་འཇུག་པའི་གཟུགས་ལ་སོགས་པའི་དོན་ལ་དོན་དེ་དེ་ལྟ་བུར་གྱུར་པ་མ་ཡིན་པ་ལས་ཐ་དད་པ་ལ་བརྟོན་

ནས་དེའི་བདག་ཉིད་དུ་ཅི་སྟེ་མི་འདོད། དེ་ལྟ་ན་ནི་མ་མཐོང་བ་དང་མི་རིགས་པའི་དངོས་པོ་བརྟག་པར་བྱ་མི་དགོས་པར་འགྱུར་རོ། །ཐ་དད་ཉིད་ཀྱིས་ནི་ཞེས་ཉིད་ཀྱི་སྒྲས་བསྟན་ཏོ། །འདི་ལྟར་ཕྱོགས་གཅིག་ཏུ་མངོན་དུ་ཕྱོགས་པར་འཇུག་པའི་གཟུགས་ལ་སོགས་པ་མང་པོ་མཐོང་བའམ། རིག་པ་ན་རིང་
པོའོ་ཞེས་ཐ་སྙིད་དུ་བྱེད་ལ། དེ་ལ་ལྟོས་པའི་ཉུང་ངུར་སྐྱེ་བ་ལ་ཐུང་ངོ་ཞེས་བྱ་བའོ། །དེ་བཞིན་དུ་ཆེན་པོ་ལ་སོགས་པ་དེ་དག་ལ་ཡང་སྦྱར་བར་བྱའོ། །གཟུགས་ལ་སོགས་པ་བཀག་པ་བཞིན་དུ་གཅིག་དང་དུ་མའི་རྣམ་པར་རྟོག་པ་དག་ལས་ཆེན་པོ་ལ་སོགས་པ་དགག་པ་ཡང་བརྗོད་པར་བྱའོ། །གཞན་ལ་ཡང་བསྒྲུབ་པར་
བྱ་བ་མེད་པ་ལ་གཏན་ཚིགས་འཇུག་པ་མཐོང་བའི་ཕྱིར་མ་ངེས་པ་ཉིད་དུ་གསལ་རབ་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་ཇི་ལྟར་ཁང་བཟངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཀྱི་ཀུན་དུ་བརྟགས་པའི་ཆེན་པོ་ཉིད་ལ་སོགས་པ་མེད་ན་ཡང་ཁང་བཟངས་ཀྱི་ཕྲེང་ལ་སོགས་པ་དག་ལ་ཆེན་པོ་ལ་སོགས་པའི་ཤེས་པ་སྐྱེ་བར་ཉམས་
སུ་མྱོང་བ་ཡིན་ནོ། །གང་ཁོ་ནར་ཁང་བཟངས་ལ་སོགས་པ་ལ་ཕྲེང་ཞེས་བྱ་བའི་ཡོན་ཏན་དང་འདུ་བ་དེ་ལ་ཆེན་པོ་ལ་སོགས་པ་ཡང་ཡིན་ཏེ། དེས་ན་དོན་གཅིག་ལ་འདུ་བའི་སྟོབས་ལས་དེ་བཞིན་དུ་ཆེན་པོ་ཞེས་བྱ་བ་དེ་ལྟ་བུར་དེའི་ཕྲེང་བ་ལ་སོགས་པར་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་སྐད་དུ་ཡང་བརྗོད་པར་མི་ནུས་ཏེ།
དེ་ཡང་རང་གི་གཞུང་དང་འགལ་ལོ་ཞེས་བསྟན་པར་བྱ་བའི་ཕྱིར། བརྗོད་པར་འདོད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱིམ་རྣམས་ལ་ཞེས་བྱ་བ་ནི་ཁང་བཟངས་ལ་སོགས་པ་དག་ལའོ། །བརྗོད་པར་འདོད་པ་ཞེས་བྱ་བ་ནི་རྒྱང་གྲགས་དང་རྒྱང་གྲགས་ཀྱི་ཕྱེད་ལ་སོགས་པའི་ཚད་དོ། །ཅིའི་ཕྱིར་མེད་ཅེ་ན། ཁང་
བཟངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཁྱེད་ཅག་གིས་ནི་ཁང་བཟངས་ལྡན་པའི་བདག་ཉིད་ཀྱི་ཡོན་ཏན་དུ་འདོད་ཀྱི། ཡན་ལག་ཅན་གྱི་རྫས་ནི་མ་ཡིན་ཏེ། རིགས་མི་མཐུན་པས་རྫས་མི་རྩོམ་པའི་ཕྱིར་རོ། །ཡོན་ཏན་རྣམས་ནི་ཡོན་ཏན་མེད་པ་ཡིན་ནོ་ཞེས་བྱ་བའི་གཞུང་ཡིན་པས་ཡོན་ཏན་དེ་ཡང་ཚད་
དང་ལྡན་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་ཁང་བཟངས་ལ་སོགས་པའི་ཡོན་ཏན་རྣམས་ལ་ཕྲེང་བ་ཞེས་བྱ་བའི་ཡོན་ཏན་གཞན་མེད་པའི་ཕྱིར་ཁང་བཟངས་ཀྱི་ཕྲེང་ཞེས་བྱ་བ་འདི་ཉིད་དུ་མི་འགྱུར་ན་ཆེན་པོ་དང་ཐུང་ངུ་ཞེས་བྱ་བ་ལ་སོགས་པར་ལྟ་ག་ལ་འགྱུར། འདི་ལྟར་ཕྲེང་བ་ནི་གྲངས་ཀྱི་རང་བཞིན་དུ་འདོད་ལ་གྲངས་

ཀྱང་ཡོན་ཏན་ཡིན་པའི་ཕྱིར། རྫས་ཁོ་ན་ལ་བརྟེན་གྱི་ཡོན་ཏན་ལ་ནི་མ་ཡིན་ནོ། །ཅི་སྟེ་ཡང་ཕྲེང་བ་ཡན་ལག་ཅན་གྱི་རང་བཞིན་དུ་འདོད་པ་དེ་ལྟ་ན་ཡང་རྫས་ཀྱི་རྟེན་ནི་རྫས་ཁོ་ན་ཡིན་གྱི་ཡོན་ཏན་ནི་མ་ཡིན་པའི་ཕྱིར་ཕྲང་བ་ཁང་བཟངས་ལ་བརྟེན་པ་ཉིད་མི་རིགས་སོ། །ཅི་སྟེ་ཕྲེང་བ་རིགས་ཀྱི་རང་བཞིན་དུ་ཁས་ལེན་པར་བྱེད་ན་དེ་
ལྟ་ན་ཡང་རིགས་རྟེན་སོ་སོ་ལ་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པའི་ཕྱིར་གཅིག་ཀྱང་ཁང་བཟངས་ཀྱི་ཕྲེང་བར་བརྗོད་པར་འགྱུར་ཏེ། ཤིང་ལྗོན་པ་བཞིན་ནོ། །ཇི་སྐད་དུ། གལ་ཏེའང་ཁྱིམ་ནི་ལྡན་པ་ཡིན། ཕྲེང་སྟེ་དེ་ལ་ཇི་ལྟར་འགྱུར། །གལ་ཏེ་རིགས་ཡིན་ཁྱིམ་གཅིག་ལའང་། །ཕྲེང་ཞེས་བརྗོད་འགྱུར་
ལྗོན་ཤིང་བཞིན། །ཞེས་བཤད་པ་བཞིན་ནོ། །གཅིག་དང་རིང་པོ་དང་ཆེན་པོ་ལ་སོགས་པ་ཐ་སྙད་དུ་བྱེད་པ་མི་འཐད་པ་ཡང་དེའི་གནས་སྐབས་ཁོ་ན་སྟེ། ཕྲེང་དང་དེའི་རྟེན་ཁང་བཟངས་ལ་སོགས་པ་ལ་གཅིག་ཉིད་ལ་སོགས་པའི་ཡོན་ཏན་མེད་པའི་ཕྱིར་དང་། ཤིང་ལ་སོགས་པ་ལ་ཡང་བརྗོད་པར་འདོད་པའི་རིང་
པོ་ལ་སོགས་པ་མེད་པའི་ཕྱིར་རོ། །ཁང་བཟངས་ཀྱི་ཕྲེང་མང་པོ་རྣམས་ལ་ཕྲེང་བ་ཕྲེང་བ་ཞེས་རྗེས་སུ་འགྲོ་བའི་ཐ་སྙད་དུ་མི་འགྱུར་ཏེ། རིགས་ལ་རིགས་མེད་པའི་ཕྱིར་རོ། །དྲིས་པ། ཕྲེང་མང་པོ་ལ་དེ་ཡི་སྒྲ། །ཇི་ལྟར་རིགས་ལ་རིགས་མེད་ཕྱིར། །ཞེས་གང་བཤད་པ་ཡིན་ནོ། །དེས་ན་བཏགས་པའི་རྟེན་དེ་
འཛིན་པའམ། ཡང་རྟེན་དེ་གནས་པ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཕྲེང་ལ་སོགས་པ་ལ་ཆེན་པོ་ལ་སོགས་པའི་ཤེས་པ་འདི་འཁྲུལ་པས་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་ཉེ་བར་བརྟགས་པར་རིགས་པ་མ་ཡིན་ནོ། །དངོས་ཀྱི་ཤེས་པ་དང་ཁྱད་པར་མེད་པ་ནི་བརྟགས་པར་རིགས་པ་མ་ཡིན་ཏེ། ཧ་
ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ། ཕྲེང་ལ་སོགས་ལ་ཆེ་ཉིད་སོགས། །ཉེ་བར་བཏགས་པ་གང་འདོད་པ། །བཏགས་མིན་དངོས་དང་ཁྱད་མེད་པའི། །ཤེས་པའི་བཟུང་བྱ་ཡིན་ཕྱིར་རོ། །ཞེས་གང་བཤད་པ་ཡིན་ནོ། །དེ་ལ་གང་གི་དབང་གིས་འདི་འདི་ལས་སོ་སོ་བ་ཉིད་ཡིན་ནོ་ཞེས་ལྡན་
པའི་རྫས་ལས་ལོགས་སུ་བྱེད་པ་དེ་ནི་ལོགས་སུ་བྱེད་པའི་རྒྱུ་སོ་སོ་བ་ཉིད་ཅེས་བྱ་བ་ཡིན་ནོ། །དེ་ཡང་བུམ་པ་ལ་སོགས་པ་ལས་དོན་གཞན་དུ་གྱུར་པ་ཡིན་ཏེ། དེའི་ཤེས་པ་དང་མི་འདྲ་བའི་བློས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་དུ་གཞན་གྱི་བསམ་པའོ། །དེ་ལ་ཡང་ཚད་བཞིན་དུ་གཏན་

ཚིགས་མ་གྲུབ་པ་ཉིད་དང་། མ་ངེས་པ་བཞིན་ནོ་ཞེས་ཞེ་ལ་བཞག་ནས་སོ་སོ་བའི་རྒྱུ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདི་ལ་ཡང་གཟུགས་ལ་སོགས་པ་ལས་དབེན་པ་དོན་གཞན་དུ་གྱུར་པ་གཞན་སོ་སོ་བ་ཉིད་ཅེས་བྱ་བ་མངོན་སུམ་གྱི་བློ་ལས་མི་སྣང་བའི་ཕྱིར། འདི་ལ་དེའི་ཤེས་
པ་དང་མི་འདྲ་བའི་བློས་གཟུང་བར་བྱ་བ་ཉིད་མ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་དམིགས་པའི་མཚན་ཉིད་དུ་གྱུར་པ་ཉིད་དུ་མངོན་པར་འདོད་པ་དེ་ནི་མི་དམིགས་པའི་ཕྱིར་མེད་པ་ཉིད་ཡིན་ནོ། །སོ་སོ་བ་ཞེས་བྱ་བ་དེ་རྣམ་པར་རྟོག་པའི་ཤེས་པའི་དབང་གིས་གྲུབ་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པའི་དངོས་པོ་དེ་
དག་ཉིད་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར། དངོས་པོ་ཐམས་ཅད་རིགས་མཐུན་པ་དང་མི་མཐུན་པ་ལས་ལྡོག་པའི་བདག་ཉིད་ཀྱིས་ལྟོས་པ་ན་སོ་སོ་ཞེས་བྱ་བའི་ཐ་སྙད་ཀྱི་རྒྱུ་མཚན་དུ་འགྱུར་བས་དེའི་ཕྱིར་དངོས་པོ་གཞན་མ་གྲུབ་པོ། །དེ་ལྟ་བས་ན་གང་དག་ལོགས་ཤིག་གི་ཐ་སྙད་དེ་བརྗོད་པ་འདི་སོ་སོ་བ་ཉིད་ཀྱི་རྒྱུ་ལས་
ཡིན་པར་བརྗོད་པ་དེ་ཅིའི་ཕྱིར། རིགས་མཐུན་པ་དང་མི་མཐུན་པ་ལས་ཐ་དད་པའི་རང་བཞིན་གྱི་ངོ་བོ་དངོས་པོའི་མཐར་ཐུག་པར་མི་འདོད་དེ། དེའི་མཐར་ཐུག་པ་ཉིད་རིགས་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །འདིས་ནི་གཏན་ཚིགས་མ་ངེས་པ་ཉིད་དུ་བསྟན་པ་ཡིན་ནོ། །ཐ་དད་པའི་བདག་ཉིད་དེ་རང་བཞིན་གང་དག་ལ་
ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་དག་ཀྱང་ཡིན་ལ་དངོས་པོ་ཡང་ཡིན་ཏེ། དེ་དག་ལ་མཐར་ཐུག་པ་སྟེ། ཡོངས་སུ་རྫོགས་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ལ་ཡང་གཏན་ཚིགས་ཀྱིས་འཇུག་པ་མཐོང་ངོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་ཕན་ཚུན་
ཐ་དད་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ལ་སོགས་པ་ཡོན་ཏན་རྣམས་ལ་སོ་སོ་བ་ཉིད་ཀྱི་ཡོན་ཏན་ཡོད་པ་ནི་མ་ཡིན་ཏེ། ཡོན་ཏན་རྣམས་ལ་ཡོན་ཏན་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་ཕུན་ཚུན་ལྡོག་པའི་བདག་ཉིད་ཀྱིས་དེ་དག་སོ་སོ་ཞེས་བརྗོད་པར་འགྱུར་ན། དེ་ལ་ཡང་ལོགས་ཤིག་གི་ཐ་སྙད་ཀྱི་
ཡན་ལག་གི་རྒྱུ་མཚན་སྟོན་པར་བྱེད་པ་དེ་བཞིན་དུ་རྫས་སུ་མངོན་པར་འདོད་པའི་བུམ་པ་ལ་སོགས་པ། གཞན་ལ་ཡང་རང་ལས་ཐ་དད་པའི་སོ་སོ་ཉིད་ཀྱི་མིང་ཅན་གྱི་ཡོན་ཏན་གཞན་མེད་པར་ཡང་འགྱུར་རོ། །དེ་དག་ལས་ཤེས་པ་འདི་བཏགས་པ་ཡང་མ་ཡིན་ཏེ། དངོས་ཀྱི་ཤེས་པ་དང་ཁྱད་པར་མེད་པའི་ཕྱིར་རོ་སྙམ་

དུ་བསམས་པ་ཡིན་ནོ། །ཡང་ན་ལོགས་ཤིག་གི་ཐ་སྙད་ནི་ཐ་དད་པའི་བདག་ཉིད་ཀྱིས་དངོས་པོའི་རྒྱུ་མཚན་ཅན་དུ་བསྟན་པར་བྱ་བའི་ཕྱིར་དམ་བཅའ་བ་རྗེས་སུ་དཔག་པས་གནོད་པ་བཤད་པ་ནི་ཇི་ལྟར་ཕན་ཚུན་ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བ་ནི་གང་དག་ཕུན་ཚུན་དུ་ལྡོག་པའི་བདག་ཉིད་དེ་དག་ནི་རང་གི་ཐ་དད་པའི་སོ་
སོ་བ་ཉིད་ལ་བརྟེན་པ་མ་ཡིན་ནོ། །བདེ་བ་ལ་སོགས་པ་བཞིན་ནོ། །བུམ་པ་ལ་སོགས་པ་ཡང་ཕན་ཚུན་ལྡོག་པའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཅིག་ལ་དུ་མ་ཡོད་པ་མ་ཡིན་ཞིང་། འདུ་བ་ཡང་འགེགས་པར་འགྱུར་བའི་ཕྱིར་འབྲེལ་པ་མི་འཐད་པ་དང་། བདེ་བ་ལ་སོགས་
པ་ལ་དེའི་ཐ་སྙད་མེད་པར་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ལ་ལྡན་པ་དང་རྣམ་པར་དབྱེ་བ་དག་སུན་དབྱུང་བའི་ཕྱིར། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་རིམས་བཞིན་དུ་རྫས་རྣམས་ལ་ལྡན་པ་དང་རྣམ་པར་དབྱེ་བའི་ཤེས་པའི་རྒྱུ་མ་ཕྲད་པ་དག་གི་ཕྲད་པ་དང་། ཕྲད་པ་རྣམས་ཀྱི་
མ་ཕྲད་པའི་རང་བཞིན་གང་ཡང་རུང་བ་དང་། གཉི་གའི་ལས་ལས་བྱུང་བ་དང་། ལྡན་པ་ལས་བྱུང་བ་དང་། ལྡན་པ་ལས་བྱུང་བའི་ལྡན་པ་དང་། རྣམ་པར་དབྱེ་བ་དག་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་ལུགས་སོ། །འདི་ཡང་གཞུང་ལུགས་ཙམ་ཡིན་གྱི། འདི་དག་དངོས་པོ་དེ་ཉིད་དུ་སྒྲུབ་པ་ལ་ཚད་མ་ཅུང་
ཟད་ཀྱང་ཡོད་པ་ནི་མ་ཡིན་པས་དེའི་ཕྱིར་གཞན་གྱིས་དེ་དག་བརྟགས་པ་ནི་དོན་མེད་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ལ་སྒྲུབ་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་མེད་པ་དེ་ནི་རྟོགས་པ་དང་ལྡན་པ་རྣམས་ཀྱི་ཡོད་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །གཞན་གྱི་ལྡན་པ་དང་རྣམ་
པར་དབྱེ་བ་དག་ལ་ཡང་སྒྲུབ་པར་བྱེད་པའི་ཚད་མ་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འོན་ཏེ་ལྡན་པ་ཡོད་མིན་ན། །ཞེས་བྱ་བ་ལ་སོགས་པས་ནི་གསལ་བའི་ལུགས་བསྟན་པས་གཏན་ཚིགས་མ་གྲུབ་པ་ཉིད་དུ་དོགས་པར་བྱེད་དོ། །དེ་སྨྲས་པ། གལ་ཏེ་ལྡན་པ་ཞེས་བྱ་བ་དོན་གཞན་དུ་
འགྱུར་བ་མེད་པར་གྱུར་ན། དེའི་ཚེ་ཞིང་དང་ས་བོན་དང་ཆུ་ལ་སོགས་པ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱི་ཚེ་མྱུ་གུ་ལ་སོགས་པའི་འབྲས་བུ་མེད་པར་གྱུར་ན་དེ་ལྟ་ན་ཡང་མ་ཡིན་ཏེ། དེ་ལྟ་བས་ན་ཐམས་ཅད་ཀྱི་ཚེ་འབྲས་བུ་མི་རྩོམ་པའི་ཕྱིར་ཞིང་ལ་སོགས་པ་མྱུ་གུ་ལ་སོགས་པའི་འབྲས་བུ་སྐྱེད་པ་ལ་

རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཡིན་ཏེ། དཔེར་ན་འཇིམ་གོང་དང་དབྱུག་གུ་དང་ཆུ་དང་སྐུད་པ་ལ་སོགས་པ་བུམ་པ་ལ་སོགས་པ་བྱེད་པ་ལ་རྫ་མཁན་ལ་སོགས་པ་ལ་ལྟོས་པ་དང་བཅས་པ་བཞིན་ནོ། །ལྟོས་པ་དང་བཅས་པ་གང་ཡིན་པ་འདི་ནི་ལྡན་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གཞན་
ཡང་ལྡན་པ་འདི་རྫས་དག་གི་ཁྱད་པར་ཉིད་དུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དེ་ལས་དོན་གཞན་ཉིད་དུ་མངོན་སུམ་ཉིད་ཀྱིས་གྲུབ་པོ། །འདི་ལྟར་འགའ་ཞིག་ལ་ལ་ལས་ལྡན་པའི་རྫས་ལོང་ཤིག་ཅེས་བརྗོད་པ་ན། རྫས་གང་དག་གི་ལྡན་པ་ཁོ་ན་དམིགས་པ་དེ་ཁོ་ན་ལེན་གྱི་རྫས་ཙམ་ནི་མ་ཡིན་ནོ། །གཞན་དུ་ན་གང་ཡང་རུང་བ་ལེན་
པར་འགྱུར་རོ། །འདི་དག་ཐམས་ཅད་བཟློག་ནས་རྣམ་པར་དབྱེ་བ་སྒྲུབ་པ་ལ་ཡང་སྦྱར་བར་བྱའོ། །གཞན་ཡང་གལ་ཏེ་ལྡན་པ་དང་རྣམ་པར་དབྱེ་བ་འདི་དག་དངོས་པོ་འདི་ལས་དོན་གཞན་དུ་གྱུར་པར་མི་འགྱུར་ན། ཁྱད་པར་མེད་པར་ཡང་དངོས་པོ་འདི་ནི་བར་མེད་པ་ཡིན་ལ། འདི་ནི་བར་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་
བློ་ཐ་དད་པར་ཇི་ལྟར་རིགས་པར་འགྱུར། ཁྱད་པར་གྱི་ཤེས་པ་ནི་དངོས་པོའི་ཁྱད་པར་མེད་པར་སྐྱེ་བར་འོས་པ་མ་ཡིན་ཏེ། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྡོ་བ་དང་སེང་ལྡེང་ལ་སོགས་པ་ཤིན་ཏུ་རིང་བ་ན་གནས་པ་ན་ཡང་ཡུལ་ཐག་རིང་པོ་ན་གནས་པའི་སྐྱེས་བུ་ལ་བར་མེད་
པར་ངེས་པའི་བློ་གང་ཡིན་པ་འདི་འབྱུང་བ་དང་། གང་ཡང་ཤིང་གི་རྩེ་མོ་ཕྲ་མོ་ལ་འབྲེལ་པ་ན་ཆུ་སྐྱར་ལ་སོགས་པ་ཅུང་ཟད་རྩེ་མོ་ཕྲ་མོ་དང་བར་མེད་པ་ཡིན་ཡང་བར་དང་བཅས་པར་ངེས་པ་གཞན་འདི་ཡང་ཡང་འབྱུང་སྟེ། རྣམ་པ་གཉིས་པོ་འདི་ཡང་དེ་མ་ཡིན་པ་ལ་དེ་ལྟ་བུའི་ངོ་བོས་འཇུག་པའི་ཕྱིར་འདི་ནི་ལོག་པའི་བློ་
ཡིན་ནོ། །ལོག་པའི་བློ་ནི་དངོས་ཀྱི་དོན་ཉམས་སུ་མྱོང་བ་མེད་པར་གང་དུ་ཡང་འབྱུང་བ་མ་ཡིན་ཏེ། བ་ལང་མཐོང་བ་ཉམས་སུ་མྱོང་བ་མེད་པར་བ་མེན་གྱི་དངོས་པོ་མཐོང་བ་ལས་འདི་ནི་བ་ལང་ངོ་སྙམ་དུ་འཁྲུལ་པ་མ་ཡིན་ནོ། །དེ་ལྟ་བས་ན་འཁྲུལ་པའི་བློ་འདིའི་རྒྱུ་མཚན་དངོས་ཀྱི་དོན་འགའ་ཞིག་བརྗོད་པར་བྱ་དགོས་
གོར་མ་ཆག་གོ། །དེ་བརྗོད་ན་ཡང་ལྡན་པ་དང་རྣམ་པར་དབྱེ་བ་དེ་ཉིད་གྲུབ་ལ། དེ་དག་ལས་མ་གཏོགས་པའི་བློ་འདིའི་རྒྱུ་མཚན་གཞན་སྒྲུབ་པར་ནུས་པ་ནི་མ་ཡིན་ནོ། །གཞན་ཡང་ལྷ་སྦྱིན་རྣ་ཆ་ཅན་ཞེས་བྱ་བའི་བློ་འདི་སྐྱེ་བ་ན་རྒྱུ་མཚན་གང་གིས་སྐྱེ་བ་ཡིན་ཞེས་བརྗོད་པར་བྱ་དགོས་སོ། །སྐྱེས་བུ་དང་རྣ་ཆ་ཙམ་དུ་

འབྱུང་བས་བསྐྱེད་པར་འོས་པ་མ་ཡིན་ཏེ། དེར་ཐམས་ཅད་དུ་ལྷ་སྦྱིན་དང་རྣ་ཆ་དག་གི་དེ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གང་ཁོ་ན་འགའ་ཞིག་གིས་འགའ་ཞིག་ཏུ་ཡོད་པར་དམིགས་པ་དེ་ཁོ་ན་གཞན་དུ་སྒྲུབ་པ་དང་དགག་པའི་སྒོ་ནས་འཇིག་རྟེན་ན་ཐ་སྙད་འཇུག་པར་མཐོང་སྟེ། གལ་ཏེ་ཡང་
ཁྱེད་ཅག་གིས་ལྡན་པ་ནམ་ཡང་མ་དམིགས་ན་དེའི་ཕྱིར་འདི་ནག་པ་རྣ་ཆ་མེད་པའམ། རྣ་ཆ་ཅན་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་དབྱེ་བའི་ཐ་སྙད་དུ་འགྱུར་རོ། །འདི་ལྟར་འདི་ལ་ནག་པ་རྣ་ཆ་མེད་པ་ཞེས་བྱ་བ་འདིས་རྣ་ཆ་བཀག་པ་ནི་མ་ཡིན་ཏེ། ཡུལ་དང་དུས་ཀྱི་བྱེ་བྲག་གིས་ཡོད་པར་ངེས་པའི་ལུས་ཅན་དེ་ནི་དགག་པར་མི་
ནུས་པའི་ཕྱིར་རོ། །ནག་པ་ཡང་མ་ཡིན་ཏེ། དེ་ནི་དེ་དང་གྲུབ་པ་དང་བདེ་བ་མཚུངས་པའི་ཕྱིར་རོ། །དེ་ལྟ་བས་ན་ནག་པ་རྣ་ཆ་དང་ལྡན་པ་འགེགས་པ་ཡིན་ནོ། །དེ་བཞིན་དུ་ནག་པ་རྣ་ཆ་ཅན་ཞེས་བྱ་བ་སྒྲུབ་པའི་ངག་འདིས་ཀྱང་ནག་པ་དང་རྣ་ཆ་དག་གང་ཡང་རུང་བ་སྒྲུབ་པ་ནི་མ་ཡིན་ཏེ། དེ་དག་གྲུབ་ཟིན་པའི་ཕྱིར་རོ། །
ལྷག་མར་གྱུར་པས་མ་གྲགས་པའི་ལྡན་པ་ཉིད་སྒྲུབ་པ་ཡིན་པར་གོའོ། །དེ་ལྟ་བས་ན་གང་གི་དབང་གིས་ནག་པ་རྣ་ཆ་ཅན་དང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དགག་པ་དང་སྒྲུབ་པ་ལ་སོགས་པ་རབ་ཏུ་རྣམ་པར་ཕྱེ་བ་ནས་རྟོག་པར་འགྱུར་བ་ལྡན་པ་ལ་སོགས་པའི་དངོས་པོ་ཡོད་པ་ཁོ་ནའོ། །སོགས་པའི་སྒྲས་ཁྱད་པར་
ཉིད་དུ་བླངས་པ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་གཟུང་ངོ་། །བརྗོད་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཁྱད་པར་མེད་པའི་ཕྱིར་ས་བོན་ལ་སོགས་པ་རྟག་ཏུ་འབྲས་བུ་བྱེད་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་ལ་ས་བོན་ལ་སོགས་པ་ཁྱད་པར་མེད་པ་ཉིད་དུ་མ་གྲུབ་སྟེ། སྐད་ཅིག་འཇིག་པ་
ཉིད་ཀྱི་དངོས་པོ་ཐམས་ཅད་ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པ་ཉིད་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །གང་ཡང་། ཞིང་དང་ས་བོན་ཆུ་སོགས་རྣམས། །ཞེས་སྨྲས་པ་དེ་ལ་ཡང་སྤྱིར་ལྟོས་པ་ཉིད་ཙམ་ཞིག་སྒྲུབ་ན་གྲུབ་པ་ལ་སྒྲུབ་པའོ་ཞེས་བསྟན་པའི་ཕྱིར། ཡོད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། ཡོད་ན་ཡང་ས་བོན་ལ་སོགས་བར་ཆད་མེད་པ་ལ་སོགས་པའི་གནས་སྐབས་གཞན་ལ་ལྟོས་པ་དང་བཅས་པ་མྱུ་གུ་ལ་སོགས་པའི་འབྲས་བུ་འགྲུབ་པར་ནུས་པ་ནི་ཁོ་བོ་ཅག་གིས་ཀྱང་འདོད་པ་ཉིད་ཡིན་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དེ་ལ་བར་ཆད་མེད་པ་ལ་སོགས་པའི་གནས་སྐབ་ཀྱི་ཁྱད་པར་རྣམས་

གང་དག་གནས་སྐབས་གཞན་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སོགས་པའི་སྒྲས་ནི་འགལ་བ་མེད་པའི་རྐྱེན་གྱིས་གནོད་པ་མེད་པ་ལ་སོགས་པ་གཟུང་ངོ་། །གནས་སྐབས་གཞན་གང་ལ་བར་ཏེ། རིང་བ་ན་གནས་པ་དང་འགལ་བས་གནོད་པ་ཞེས་བྱ་བ་ལ་སོགས་པ་འབྲས་བུ་སྐྱེ་
བ་ལ་གེགས་བྱེད་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །གནས་སྐབས་ཀྱང་རང་བཞིན་ལས་ཐ་མི་དད་པའི་ཕྱིར་དོན་གཞན་དུ་གྱུར་པའི་ལྡན་པ་མ་གྲུབ་པོ། །ཅི་སྟེ་ཁྱེད་ཅག་གིས་མངོན་པའི་འདོད་པའི་ལྡན་པ་ཞེས་བྱ་བ་དངོས་པོ་གཞན་ཞིག་ལ་ལྟོས་པ་དང་བཅས་པ་ཉིད་སྒྲུབ་པར་འདོད་ན་དེའི་ཚེ་རྣམ་པ་དེ་
ལྟ་བུའི་ཆོས་ཀྱིས་གཏན་ཚིགས་ལ་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་མ་ངེས་པ་ཉིད་དང་། དཔེ་ཡང་བསྒྲུབ་བྱ་མ་ཚང་བ་ཡིན་ནོ་སྙམ་དུ་བསམས་པའོ། །འདི་སྙམ་དུ་ཁྱེད་ཆག་ལ་གང་གི་ཕྱིར་ལྟོས་པ་དང་བཅས་པ་ཉིད་ཙམ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པར་འགྱུར་ན། གནས་སྐབས་ཀྱི་ཁྱད་པར་གཞན་ལ་ལྟོས་པའི་ཞིང་ལ་
སོགས་པའི་འབྲས་བུ་སྐྱེད་པའི་རྒྱུ་ཡིན་གྱི། དོན་གཞན་དུ་གྱུར་པའི་ལྡན་པ་ལ་ལྟོས་པ་དང་བཅས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་བྱ་ཞེས་དོགས་པ་ལ། གལ་ཏེ་ཆུ་ལ་སོགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ལྡན་པ་ཙམ་ལ་ལྟོས་པ་དང་བཅས་པ་ཡིན་པར་གྱུར་ན་དེའི་ཚེ་
དང་པོ་བཏབ་པ་ཉིད་ཀྱི་ཞིང་ལ་སོགས་པའི་འབྲས་བུ་སྐྱེ་བར་ཐལ་བར་འགྱུར་ཏེ། ཕྱིས་གཞན་དུ་རྒྱུ་མ་ཚང་བ་མེད་པའི་ཕྱིར་རོ། །ཅི་སྟེ་དང་པོར་བཏབ་པའི་ཚེ་མི་འབྱུང་ན་རྒྱུ་མ་ཚང་བ་ཉིད་ཀྱིས་སྐྱེད་པར་བྱེད་པ་མ་ཡིན་པའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར། སྔ་མ་བཞིན་དུ་ཕྱིས་ཀྱང་མི་སྐྱེད་པར་
ཐལ་བར་འགྱུར་རོ། །ཞིང་ལ་སོགས་པ་ནི་ཕན་འདོགས་པར་བྱེད་པ་མ་ཡིན་པའི་ལྡན་པ་ལ་ལྟོས་པ་རིགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ལྡན་པ་རྣམས་ནི་རེས་འགའ་བ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། དེའི་རྒྱུ་ཞིང་ལ་སོགས་པ་རྣམས་རྟག་ཏུ་ཉེ་བ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་
ལྡན་ལ་བསྐྱེད་པར་བྱ་བ་དེ་ཡང་ཞིང་ལ་སོགས་པའི་ལས་ལ་སོགས་ལ་ལྟོས་པ་དང་བཅས་པ་ཉིད་དུ་འདོད་ན་མ་ཡིན་ཏེ། དེ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །འདི་ལྟར་ལས་དེ་ཡང་ཅིའི་ཕྱིར་སྐྱེད་པར་མི་བྱེད་ཅེས་བརྒལ་ཞིང་རྟོག་ན་ཅི་ཞིག་བརྗོད་པར་བྱ་བར་འགྱུར། དེའི་རྒྱུ་

སྐུལ་བར་བྱེད་པ་མེད་པའི་ཕྱིར་རོ་ཞེ་ན། དེ་ལ་ཅིའི་ཕྱིར་མེད་ཅེས་རྒྱུ་རྟག་པར་ཁས་ལེན་པ་ལ་ཐམས་ཅད་དུ་བརྒལ་ཞིང་བརྟག་པ་མཚུངས་སོ། །གང་གི་ལྟར་ན་དངོས་པོ་ཐམས་ཅད་མི་རྟག་པ་ཡིན་པ་དེའི་ལྟར་ན་རྒྱུའི་རྒྱུད་པ་ཐོག་མ་མེད་པའི་ཕྱིར་དངོས་པོ་ཐམས་ཅད་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་བ་མ་ཡིན་ཏེ། རྒྱུ་སྔ་
མ་སྔ་མ་ལ་རག་ལས་པར་འགྱུར་བའི་ཕྱི་མ་ཕྱི་མ་དེ་དག་ཐམས་ཅད་ཅིག་ཅར་བའི་རྒྱུ་མ་ཚང་བས་མི་ཉེ་བའི་ཕྱིར་རོ། །དེ་ལྟ་བས་ན་ཁྱེད་ཅག་གི་ལྟ་བ་ཁོ་ན་ལ་ཞིང་ལ་སོགས་པ་ཐམས་ཅད་དུ་མྱུ་གུ་ལ་སོགས་པའི་འབྲས་བུ་སྐྱེ་བའི་རྒྱུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཞིང་ལ་སོགས་པ་ལྡན་པ་གཞན་ལ་ལྟོས་པ་དང་
བཅས་པ་ནི་མ་ཡིན་ནོ་ཞེས་བྱ་བ་གྲུབ་པོ། །གང་ཡང་། དེ་ཡང་ཁྱད་པར་ཉིད་ཡིན་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། བར་ཆད་མེད་པར་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་དེ་མཐོང་བ་ལས་ཁྱད་པར་ཅན་གྱི་རྫས་ལེན་པར་བྱེད་པ་ལྡན་པ་ཅན་གྱི་དངོས་པོ་ལས་དོན་གཞན་དུ་གྱུར་པའི་ལྡན་པ་
རྟོགས་པ་པོའི་མཐོང་བའི་ལམ་དུ་འཇུག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔར་བྱུང་བའི་བར་དང་བཅས་པ་སྐྱེ་བའི་གནས་སྐབས་གང་ཡིན་པ་དེ་ལས་ཁྱད་པར་ཅན་བར་མེད་པ་སྐྱེ་བའི་དངོས་པོ་གང་དག་ཡིན་པ་དེ་དག་ཁོ་ན་ལྡན་པའི་སྒྲའི་བརྗོད་པར་བྱ་བ་ཡིན་ཏེ། ལྡན་པའི་སྒྲ་ནི་གནས་སྐབས་ཀྱི་ཁྱད་པར་
ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་རྣམ་པ་དེ་ལྟ་བུའི་དངོས་པོ་ལྡན་པའི་སྒྲའི་ཡུལ་གྱི་དངོས་པོར་གྱུར་པ་མཐོང་བ་གང་ཡིན་པ་དེ་དག་ཁོ་ན་ལན་པར་བྱེད་ཀྱི་གཞན་དག་ནི་མ་ཡིན་ནོ། །རྟོག་པ་དང་ལྡན་པ་རྣམས་སྒྲས་མ་བསྐུལ་བའི་དོན་ལ་སྒྲས་འཇུག་པ་ནི་མ་ཡིན་ནོ། །གང་ཡང་། གལ་ཏེ་འདི་
ན་དེ་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་བར་ཆོད་གཞན་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་ཐ་དད་པའི་རྒྱུ་མཚན་ནི་དེ་ལྟ་དེ་ལྟར་སྐྱེ་བའི་དངོས་པོ་གཞན་ཉིད་ཡིན་ཏེ་དེས་ན་འདི་ནི་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ནོ། །དེ་ལ་བར་ཆོད་པར་སྐྱེ་བའི་དངོས་པོ་གང་ཡིན་པ་དེ་ནི་བར་ཆད་དང་བཅས་
པའི་ཤེས་པའི་རྒྱུ་མཚན་ཡིན་ནོ་ཞེས་སྦྲེལ་ལོ། །གཞན་ཉིད་དུ་ཞེས་བྱ་བ་ནི་བར་མེད་པར་སྐྱེ་བ་གང་ཡིན་པ་ཞེས་སྦྱར་རོ། །ཁྱིམ་དང་འབིགས་བྱེད་གངས་རི་བཞིན། །ཞེས་བྱ་བ་ནི་འདི་དག་ཉིད་ཀྱི་ཅི་རིགས་སུ་དཔེར་བརྗོད་པ་ཡིན་ཏེ། འདི་ལྟར་གཞན་གྱི་ལུགས་ཀྱིས་ཀྱང་བར་མ་ཆད་པར་སྐྱེས་པའི་ཁང་པ་རང་ཉིད་

ལྡན་པའི་བདག་ཉིད་དག་ལ་བར་མེད་པའི་བློའི་རྒྱུ་མཚན་ལྡན་པ་གཞན་ཡོད་པ་མ་ཡིན་ལ། བར་ཆད་ནས་སྐྱེས་པ་དེ་དག་ཉིད་ལ་ཡང་བར་ཆད་དང་བཅས་པའི་བློའི་རྒྱུ་མཚན་གྱི་རྣམ་པར་དབྱེ་བ་ཡང་ཡོད་པ་མ་ཡིན་ཏེ། ཡོན་ཏན་རྣམས་ལ་ཡོན་ཏན་མེད་པའི་ཕྱིར་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །གངས་ཅན་དང་
འབིགས་བྱེད་དག་ལ་ཡང་བར་ཆད་དང་བཅས་པའི་བློའི་རྒྱུ་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། ཕྲད་པ་སྔོན་དུ་འགྲོ་བ་ཅན་གྱི་མ་ཐོབ་པ་ནི་རྣམ་པར་དབྱེ་བ་ཡིན་ནོ་ཞེས་བྱ་བ་ནི་གཞུང་ལུགས་ཡིན་པའི་ཕྱིར་རོ། །གང་ཡང་། བར་ཆད་བཅས་ལ་བར་མེད་པར། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེས། ལོག་པའི་ཤེས་
པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོག་པའི་བློ་ཐམས་ཅད་ཆོས་མཐུན་པ་འཛིན་པ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་འདི་ནི་མ་གྲུབ་སྟེ། འགའ་ཞིག་ཆོས་མཐུན་པ་ལ་ལྟོས་པ་མེད་པར་ཡང་དབང་པོ་ཉམས་པ་ཙམ་གྱིས་སྐྱེ་བར་མཐོང་བའི་ཕྱིར་ཏེ། དཔེར་ན་རྣམ་པར་རྟོག་པའི་སེམས་གཞན་དུ་སོང་བ་ཡང་མདུན་ན་
གནས་པའི་ཟླ་བ་གཅིག་གི་བདག་པོ་ཙམ་གྱིས་རབ་རིབ་ཀྱིས་བྱས་པའི་དབང་པོ་ཉམས་པ་ལས་ཟླ་བ་གཉིས་ཀྱི་རྣམ་པའི་རྗེས་སུ་བྱེད་པ་ཤིན་ཏུ་གསལ་བར་སྣང་བ་རྟོག་པའི་ཆ་ཤས་ཀྱིས་མ་སྦགས་པའི་བློ་སྐྱེ་བ་བཞིན་ནོ། །གཞན་དུ་གྱུར་པའི་སེམས་ཅན་ལ་ཞེས་བྱ་བ་འདིས་ནི་ཟླ་བ་གཉིས་ཀྱི་བློ་ལས་རྣམ་པར་རྟོག་
པ་མེད་པ་ཉིད་ཀྱི་བློ་བརྟན་པ་ཡིན་ནོ། །རྣམ་པར་རྟོག་པ་མེད་པའི་སེམས་ལ་ནི་ཆོས་མཐུན་པ་འཛིན་པ་ཡོད་པ་མ་ཡིན་ཏེ། དེ་ནི་སྔར་དང་ཕྱིས་མཐོང་བའི་དངོས་པོ་གཅིག་ཉིད་དུ་ཞེན་པའི་བདག་ཉིད་ཀྱིས་སྔར་ཉམས་སུ་མྱོང་བ་བརྗོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་ན་ལོག་པའི་བློ་ཐམས་ཅད་
གཙོ་བོའི་དོན་འཕེན་པར་བྱེད་པ་ཉིད་དུ་ཆུག་མོད། དེ་ལྟ་ན་ཡང་འདོད་པ་འགྲུབ་པར་འགྱུར་བ་མ་ཡིན་ནོ་ཞེས་སྟོན་པ་ནི། ཡང་ན་བར་མེད་སོགས་ཞེས་བྱ་བ་ལ་སོགས་པ་ལ་སོགས་པ་སྨོས་པ་ནི་བར་ཆད་མེད་ཅིང་སྐྱེ་བའི་དངོས་པོ་གཟུང་ངོ་། །དངོས་པོ་དེ་ཉིད་བར་ཆད་པ་དང་བར་མ་ཆད་པར་སྐྱེ་བ་ནི་དེའི་
རིགས་ཅན་མ་ཡིན་པ་སྤངས་ནས་འཇུག་པའི་དོན་དུ་ཆེས་དང་པོར་སྦྱར་བའི་རྣམ་པར་དབྱེ་བ་ལ་སོགས་པའི་བརྗོད་པ་ཉིད་ཀྱིས་དངོས་སུ་ཡོད་པའི་ཕྱིར་ཁྱེད་ཅག་གི་འདོད་པ་གྲུབ་པ་མ་ཡིན་ནོ། །རྣ་ཆ་ཅན་ཞེས་བྱ་བ་ཡང་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། བཤད་པ་རྣ་ཆ་ཅན་ཞེས་བློ་འདི་ཡང་། །ཞེས་

བྱ་བ་ལ་སོགས་པ་ལ། ཇི་ལྟར་ནག་པ་དང་རྣ་ཆ་དག་གི་གནས་སྐབས་ཀྱི་ཁྱད་པར་ཐོབ་པ་ནི་ལྡན་པ་སྐྱེའི་ཐམས་ཅད་དུ་ནི་མ་ཡིན་པ་དེ་བཞིན་དུ་གནས་སྐབས་ཀྱི་ཁྱད་པར་གྱི་རྒྱུ་མཚན་ཅན་དུ་གྱུར་པ་རྣ་ཆ་ཅན་ཞེས་བྱ་བའི་བློ་འདི་ཡིན་ན་ཅིའི་ཕྱིར་ཐམས་ཅད་དུ་འགྱུར། ནག་པ་དང་རྣ་ཆ་གང་དག་ལ་གནས་སྐབས་ཀྱི་ཁྱད་པར་
སྐྱེས་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གང་ཡང་། གཞན་དུ་མཐོང་བའི་དངོས་པོ་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དེ་འདྲ་བའི་གནས་སྐབས་ཁྱད་པར་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་ཀྱི་ཁྱད་པར་གང་ཞིག་བློ་འདིའི་རྒྱུ་མཚན་དུ་བརྗོད་པ། དམིགས་པའི་མཚན་ཉིད་དུ་གྱུར་པ་དེ་གནས་
སྐབས་གཞན་དུ་མ་དམིགས་པར་དགག་པ་སྒྲུབ་པར་བྱེད་ཀྱི། ཁྱེད་ཅག་གིས་ཀུན་དུ་བརྟགས་པའི་ལྡན་པ་དེ། ལྡན་པ་ཅན་གྱི་དངོས་པོ་ལས་དབེན་པ་གང་དུ་ཡང་བློ་ལ་མི་སྣང་བའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་ཁོ་བོ་ཅག་ལ་ལྡན་པ་ལ་སྒྲུབ་པར་
བྱེད་པའི་ཚད་མ་མེད་ན་ཁྱེད་ཅག་ལ་གནོད་པར་བྱེད་པའི་ཚད་མ་ཅི་ཞིག་ཡོད་སྙམ་དུ་སེམས་ན། ལྡན་པའི་དངོས་པོ་བློ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་ལྡན་པའི་བློ་གང་ཡིན་པ་དེ་ནི་ཁྱེད་ཅག་གིས་ཀུན་དུ་བརྟགས་པའི་ལྡན་པའི་གཞི་མེད་པར་དངོས་པོའི་ཁྱད་པར་ཙམ་ལས་བྱུང་བ་ཡིན་ཏེ། ཁང་བཟངས་
ལ་སོགས་པའི་ལྡན་པ་བཞིན་ནོ། །ནག་པ་རྣ་ཆ་ཅན་ཞེས་བྱ་བ་ལ་སོགས་པ་ཡང་ལྡན་པའི་བློ་ཉིད་ཡིན་ནོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སོ། །རྣམ་པ་གཅིག་ཏུ་ན་དངོས་པོ་དུ་མ་ཉེ་བ་ན་སྐྱེ་བ་དེ་ནི་ཁྱེད་ཅག་གིས་ཀུན་དུ་བརྟགས་པའི་ལྡན་པ་དང་བྲལ་བ་དངོས་པོ་དུ་མ་ལྡན་པ་ཙམ་ལས་བྱུང་བ་ཡིན་ཏེ། སོ་སོར་ངེས་པའི་
གནས་སྐབས་རྣལ་མ་དུ་མའི་ཡུལ་ཅན་བཞིན་ནོ། །ལྡན་པའི་བློ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ལྡན་པའི་བློ་ཞེས་བྱ་བ་ནི་ལྡན་པའི་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཚད་མ་གཉིས་པོ་འདི་ཉིད་རྣམ་པར་དབྱེ་བ་དགག་པ་ལ་བརྗོད་པར་བྱ་སྟེ། རྣམ་པར་དབྱེ་བའི་བློ་ཡིན་པའི་ཕྱིར་རམ་
དངོས་པོ་དུ་མ་ཉེ་བ་ལ་རག་ལས་ཏེ། བྱུང་བའི་ཕྱིར། གཞན་གྱིས་མངོན་པར་འདོད་པའི་རྣམ་པར་དབྱེ་བ་དང་བྲལ་བའི་དངོས་པོའི་ཁྱད་པར་ཙམ་རྒྱུ་མཚན་ཅན་ཡིན་ཏེ། དཔེར་ན་ལུག་ལ་སོགས་པ་ལ་རྣམ་པར་དབྱེ་བའི་བློའམ། ཐག་ཤིན་ཏུ་རིང་བ་ན་གནས་པའི་ཁྱིམ་གཉིས་ཀྱི་ཡུལ་ཅན་ནམ། འབིགས་

བྱེད་དང་གངས་ཅན་གྱི་བློ་བཞིན་ནོ་ཞེས་བྱ་བ་དང་ལྡན་པ་མ་ཡིན་པའི་བློ་ཡིན་ནོ་ཞེས་བྱ་བ་ནི་ཅི་རིགས་པའི་དོན་ཏོ། །ཅི་སྟེ་གང་གིས་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པའི་དོགས་པ་ལྡོག་པར་འགྱུར་བ་འདི་ལ་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གཏན་ཚིགས་གནོད་པ་ཅན་གྱི་
ཚད་མ་ཅི་ཡོད་ཅེ་ན། གཅིག་ནི་དུ་མ་ལ་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གཅིག་དུ་མ་ལ་འཇུག་པ་མི་རིགས་པ་དེ་ལྟར་དེ་གཅིག་ལ་འཇིག་རྟེན་ངོ་བོས་ཞེས་བྱ་བ་ལ་སོགས་པས་ཡན་ལག་ཅན་དགག་པར་རྒྱས་པར་བསྟན་པའི་ཕྱིར་ཡང་འདིར་རྒྱ་མི་བསྐྱེད་དོ། །གཞན་ཉིད་དང་གཞན་མ་ཡིན་པ་
དག་ཉིད་སུན་འབྱུང་བར་བཤད་པ། གཞན་དང་གཞན་མིན་བརྗོད་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྟེ། གང་ལས་འདི་ནི་གཞན་ནོ། །འདི་ནི་གཞན་མ་ཡིན་པའོ་ཞེས་བྱ་བའི་བརྗོད་པ་དང་རྟོགས་པ་དག་ཏུ་འགྱུར་བ་གཞན་དང་གཞན་མ་ཡིན་པ་དེའི་རྒྱུ་མཚན་ནི་གོ་རིམས་བཞིན་དུ་གཞན་ཉིད་དང་གཞན་མ་
ཡིན་པ་ཉིད་ཡིན་པར་གྲུབ་པོ། །སོགས་པའི་སྒྲས་རྟོགས་པ་བཟུང་ངོ་། །སྦྱོར་བ་ནི་གང་འདི་གཞན་དང་གཞན་མ་ཡིན་པའི་བློ་དེ་ནི་བུམ་པ་ལས་ཐ་དད་པའི་དོན་གཞན་དུ་གྱུར་པའི་རྒྱུ་མཚན་ཅན་མ་ཡིན་ཏེ། དེའི་ཤེས་པ་དང་མི་མཐུན་པའི་ཕྱིར་བདེ་བ་ལ་སོགས་པའི་བློ་བཞིན་ནོ་ཞེས་བྱ་བའོ། །འདི་ལྟར་ཕྱོགས་གཅིག་
ན་གནས་པའི་གང་བུ་དག་ལ་གཞན་དང་གཞན་མ་ཡིན་ཞེས་བྱ་བའི་བློ་འཇུག་པའི་ཕྱིར། རེ་ཞིག་འདི་ཕྱོགས་ཀྱི་རྒྱུ་མཚན་ཅན་མ་ཡིན་ལ། དུས་ཀྱི་རྒྱུ་མཚན་ཅན་མ་ཡིན་ཏེ། ད་ལྟར་བའི་དུས་གཅིག་ལ་ད་ལྟར་བར་གནས་པ་ཕྱོགས་དང་ཡུལ་མ་ངེས་པ་དང་ལྡན་པའི་གཞོན་ནུ་དང་གནས་བརྟན་དག་ལ་རྣམ་པར་
དབྱེ་ནས་གཞན་དང་གཞན་མ་ཡིན་པའི་བློ་འཇུག་པའི་ཕྱིར་ཏེ། དེ་ཁྱད་པར་མེད་ན་ཡང་ཁྱད་པར་ཡོད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །བློ་འདིའི་རྒྱུ་མཚན་གཞན་བརྗོད་པར་ཡང་མི་ནུས་ཏེ། དེ་ལྟ་བས་ན་འདིའི་རྒྱུ་མཚན་གང་ཡིན་པ་དེ་ནི་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་དོ་ཞེས་བྱ་བར་གྲུབ་པོ། །ཕྱོགས་དུས་དེ་
ཡི་རྒྱུ་མཚན་མིན། །ཞེས་བྱ་བ་ནི་ཕྱོགས་དང་དུས་ཀྱིས་ཕྱོགས་དང་ལྡན་པའི་ཉེ་བ་དང་བསྐལ་པའི་དངོས་པོ་ལ་རྒྱུ་མཚན་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་དང་དུས་ཀྱི་སྒྲ་དག་གིས་བཏགས་ནས་ཕྱོགས་དང་དུས་ཀྱི་ཡུལ་ཕྱོགས་དང་ལྡན་པ་དག་བསྟན་ཏོ། །འདི་ལྟར་གཞན་གྱིས་གཞན་ཉིད་དང་གཞན་

མ་ཡིན་པ་ཉིད་རྣམ་པ་འདི་གཉིས་ཀྱང་ཕྱོགས་དང་དུས་ཀྱིས་བྱས་པ་ཡིན་ནོ་ཞེས་བརྗོད་དེ། དེ་ལ་ཕྱོགས་ཀྱིས་བྱས་པའི་སྐྱེ་བོ་ནི་འདི་ལྟ་བུ་ཡིན་ཏེ། ཕྱོགས་གཅིག་ན་གནས་པའི་གང་བུ་དག་ལ་ལྟ་བ་པོ་གཅིག་ཉེ་བའི་དབང་དུ་བྱས་ནས། འདི་ནི་དེ་ལས་བསྐལ་པ་ཡིན་ནོ་ཞེས་གཞན་ཉིད་ལ་མི་བརྟེན་པའི་བློ་སྐྱེ་ལ། དེའི་
ཕྱིར་དེ་ལ་ལྟོས་ནས་ཕྱོགས་ཀྱི་ཕྱོགས་གཅིག་གཞན་དང་ལྡན་པ་ལས་གཞན་ཉིད་སྐྱེ་བ་དང་། བསྐལ་པའི་དབང་དུ་བྱས་ནས་འདི་ནི་འདི་ལས་ཉེ་བ་ཡིན་ནོ་ཞེས་གཞན་མ་ཡིན་པ་ཉིད་ལ་དམིགས་པའི་བློ་སྐྱེ་སྟེ། དེ་ལ་ལྟོས་ནས་ཕྱོགས་ཀྱི་ཕྱོགས་གཅིག་གཞན་དང་ལྡན་པ་ལས་གཞན་མ་ཡིན་པ་ཉིད་སྐྱེ་བ་ཡིན་ནོ། །
དུས་ཀྱིས་བྱས་པའི་སྐྱེ་བའི་རིམ་པ་ཡིན་ཏེ། འདི་ལྟར་ད་ལྟར་བའི་དུས་ཀྱི་དང་ཡུལ་མ་ངེས་པ་ཕྱོགས་དང་ལྡན་པའི་གཞོན་ནུ་དང་། གནས་བརྟན་དག་གི་ནང་ནས་གང་ཞིག་སྐྲ་དཀར་དང་གཉེར་མ་དང་སྨ་ར་སྤྱི་ཅེར་ལ་སོགས་པས་ཉི་མ་ཤར་བ་དང་ནུབ་པ་མང་བ་ཉིད་རྗེས་སུ་དཔག་པའོ། །དེ་ལ་ལྟ་བ་པོ་གཅིག་ལ་
གཞོན་ནུའི་དབང་དུ་བྱས་ནས་བསྐལ་པའི་བློ་སྐྱེ་སྟེ། དེ་ལ་ལྟོས་ནས་དུས་ཀྱི་ཕྱོགས་གཅིག་གཞན་དང་ལྡན་པས་གཞན་ཉིད་སྐྱེ་བ་དང་། གནས་བརྟན་གྱི་དབང་དུ་བྱས་ནས་ཀྱང་གང་ཞིག་སྤྱི་ཅེར་མ་ཡིན་པ་ལ་སོགས་པས་ཉི་མ་འཆར་བ་དང་ནུབ་པ་དག་ཉུང་བ་ཉིད་རྗེས་སུ་དཔག་པ་དེ་ལས་གཞོན་ནུ་ཉེ་བའི་བློ་སྐྱེ་སྟེ་དེ་ལ་
ལྟོས་ནས་དུས་ཀྱི་ཕྱོགས་གཅིག་གཞན་དང་ལྡན་པས་གཞན་མ་ཡིན་པ་ཉིད་སྐྱེའོ་ཞེས་བྱའོ། །གཞན་ཉིད་དང་གཞན་མ་ཡིན་པ་ཉིད་སྒྲུབ་པར་བྱེད་པ་འདི་ནི་མ་ངེས་པ་ཡིན་ཏེ་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་ཡང་གཏན་ཚིགས་འཇུག་པའི་ཕྱིར་རོ་ཞེས་སྟོན་པ་ནི། ཇི་ལྟར་སྔོན་པོ་ལ་སོགས་གཟུགས། །ཞེས་བྱ་
བ་ལ་སོགས་པའི། །འབྱུང་བ་ནི་སྐྱེ་བ་སྟེ། དེ་དང་ལྷན་ཅིག་གནས་པའོ། །ཞེས་ཚིག་རྣམ་པར་སྦྱར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པ་དག་ལ་རིམ་གྱིས་སྐྱེ་བའི་ཕྱིར་དུས་ཀྱི་ཁྱད་པར་དང་རིམ་གྱིས་གནས་པས། ཕྱོགས་ཀྱི་ཁྱད་པར་ཡོན་ཏན་རྣམས་ལ་ཡོན་ཏན་མེད་པའི་
ཕྱིར་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་ཀྱི་མཚན་ཉིད་ཀྱི་ཡོན་ཏན་མེད་ན་ཡང་སྔོན་པོ་གཞན་ནི་སྔོན་པོ་གཞན་མ་ཡིན་ནོ་ཞེས་བྱ་བ་གཞན་དང་གཞན་མ་ཡིན་པ་བསྟན་པ་ཡིན་ནོ། །དེ་བཞིན་དུ་བུམ་པ་ལ་སོགས་པས་ཡང་ཅིའི་ཕྱིར་མི་འདོད། འདིས་ནི་འདི་བསྟན་པ་ཡིན་ཏེ། གལ་ཏེ་འདི་ལ་དོན་གཞན་དུ་གྱུར་པའི་རྒྱུ་

མཚན་ཉིད་ཙམ་སྒྲུབ་པར་འདོད་ན་དེའི་ཚེ་གཏན་ཚིགས་མ་ངེས་པ་ཡིན་ཏེ། དེ་ནི་བསྒྲུབ་པར་བྱས་པ་ལས་བཟློག་པ་ལ་ཡང་འཇུག་པའི་ཕྱིར་རོ། །ཅི་སྟེ་རྟག་པར་གྱུར་པའི་དུས་དང་ཕྱོགས་ཀྱི་དངོས་པོའི་རྒྱུ་ཅན་གྱི་ཁྱད་པར་གང་ཡིན་པ་དེ་བློའི་རྒྱུ་མཚན་དུ་བསྒྲུབ་པར་འདོད་ན། དེའི་ཚེ་དཔེ་མེད་ལ་
དམ་བཅའ་བ་ཡང་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །འདི་ལྟར་བརྗོད་པར་ནུས་ཏེ། གང་གཞན་དང་གཞན་མ་ཡིན་པའི་བློ་ཡིན་པ་དེ་ནི་གཞན་གྱིས་བརྟགས་པའི་ཡོན་ཏན་དང་བྲལ་བའི་དོན་ཙམ་གྱིས་བྱས་པའི་རིམ་གྱིས་སྐྱེ་བར་གནས་པའི་རྒྱུ་མཚན་ཅན་ཡིན་ཏེ། གཞན་དང་གཞན་མ་ཡིན་པའི་བློ་ཡིན་པའི་ཕྱིར།
གཟུགས་ལ་སོགས་པ་ལ་གཞན་དང་གཞན་མ་ཡིན་པའི་བློ་བཞིན་ནོ། །བུམ་པ་ལ་སོགས་པ་ལ་ཡང་གཞན་དང་གཞན་མ་ཡིན་པའི་བློ་འདི་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་སྔོན་པོ་ལ་སོགས་པ་རྣམས་ལ་དོན་གཅིག་ལ་འདུ་བས་གཞན་ཉིད་དང་གཞན་ཉིད་མ་ཡིན་པའི་བློ་འདི་ནི་
ཉེ་བར་བཏགས་པ་ཡིན་ཏེ། དེས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །སྔོན་པོ་ལ་སོགས་པ་ལ་ཡང་བརྒྱུད་ནས་གཞན་ཉིད་ལ་སོགས་པའི་རྒྱུ་མཚན་ཡོད་པར་ཁས་བླངས་པའི་ཕྱིར་དཔེ་ལ་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བློ་འཁྲུལ་པ་མེད་པའི་ཕྱིར་ཉེ་བར་བཏགས་པ་ཉིད་དུ་མི་རིགས་
སོ་ཞེས་འདི་ནི་བསལ་ཟིན་ཏོ། །རང་གི་རྟེན་ལ་ཡང་དེ་དག་དམིགས་པ་མེད་པའི་ཕྱིར་དེའི་སྟོབས་ཀྱིས་ཤེས་པ་རིགས་པ་མ་ཡིན་ན། དེའི་ཕྱིར་གང་ལས་གཟུགས་ལ་སོགས་པ་ལ་དེའི་རྒྱུ་མཚན་དུ་འགྱུར། དུས་སྔ་མ་དང་ཕྱི་མར་འབྱུང་བའི་བདེ་བ་ལ་སོགས་པ་དག་ལ་ཡང་ཅི་ཞིག་བརྟག་སྟེ། དེ་ལ་ནི་
དོན་གཅིག་ལ་འདུ་བ་ཡོད་པ་མ་ཡིན་ནོ། །གཞན་ཡང་དུས་དང་ཕྱོགས་དག་སྔར་བཀག་པ་ཉིད་ཀྱིས་མེད་པའི་ཕྱིར་དེའི་རྒྱུ་ཅན་གྱི་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་དག་ཀྱང་མེད་པའི་ཕྱིར་གང་གིས་གཏན་ཚིགས་མ་ངེས་པར་འགྱུར་བ་གང་ལས་དེའི་རྒྱུ་མཚན་ཅན་ཉིད་དུ་དགོས། གང་གིས་ལྟོས་པའི་
བློ་དང་ལྷན་ཅིག་པའི་དེ་དང་ལྡན་པ་ལས་གཞན་ཉིད་ལ་སོགས་པ་སྐྱེ་བར་འགྱུར་བ་ཕྱོགས་དང་དུས་དག་ནི་ཕྱོགས་གཅིག་ཡང་དག་པར་ཡོད་པ་མ་ཡིན་ཏེ། དེ་དག་ནི་གཅིག་གི་བདག་ཉིད་ཀྱིས་ཆ་ཤས་མེད་པའི་ཕྱིར་རོ། །ཡན་ལག་ཐ་དད་པ་ཉེ་བར་བཏགས་པ་ནི་དོན་བྱེད་པའི་རྗེས་སུ་བྱེད་པར་ཡང་རིགས་

པ་མ་ཡིན་ཏེ། དེ་ནི་དངོས་པོའི་རང་བཞིན་དང་རྗེས་སུ་འབྲེལ་པའི་ཕྱིར་དང་། ཉེ་བར་བཏགས་པ་དེ་ཡང་བརྫུན་པ་ཡིན་པས་དེའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །གཞན་གྱི་གཏན་ཚིགས་ཀྱང་སྔ་མ་བཞིན་དུ་མ་གྲུབ་པར་བརྗོད་པར་བྱའོ། །གྲངས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གཞན་དག་ནི་སྐབས་
སུ་བབ་པའི་གྲངས་ལ་སོགས་པའི་ཡོན་ཏན་གྱི་དངོས་པོ་སྒྲུབ་པར་བྱེད་པ་དེ་དོགས་པ་བསུ་བ་ཡིན་ནོ། །ཇི་སྐད་དུ་བཤད་པའི་གྲངས་ལ་སོགས་པའི་ཡོན་ཏན་འདི་ཐམས་ཅད་ནི་རྫས་ལས་ཐ་མི་དད་པ་མ་ཡིན་ཏེ། དེ་དག་ནི་རྫས་དེ་རྣམ་པར་གཅོད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གང་ཞིག་གང་གཞན་
ལས་རྣམ་པར་གཅོད་པར་བྱེད་པ་དེ་དག་ནི་དེ་ལས་ཐ་མི་དད་པ་མ་ཡིན་ཏེ། ལྷས་བྱིན་གྱི་དབྱིག་པ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་འདི་ལ་རྫས་ལས་ཐ་མི་དད་པ་བཀག་པ་ཙམ་སྒྲུབ་ན་དམ་བཅའ་བ་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡོད་དེ། ཀུན་རྫོབ་ཏུ་ཡོད་པ་ཐམས་ཅད་ནི་དངོས་པོ་མེད་པ་ཉིད་ཀྱིས་དེ་
ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འདོད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་འདིར་རྣ་མ་ཕུག་པའི་ལན་དོགས་པར་བྱེད་དེ། དེས་སྨྲས་པ། ཚོགས་པ་དང་རྒྱུན་དང་གནས་སྐབས་ཀྱི་ཁྱད་པར་རྣམས་ནི། དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་མ་ཡིན་ཏེ།
སོ་སོར་ངེས་པའི་ཆོས་དང་ལྡན་པའི་ཕྱིར། གཟུགས་དང་རོ་ལ་སོགས་པ་བཞིན་ནོ་ཞེའོ། །དེ་ནི་དེ་ཁོ་ན་ཉིད་དུ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གལ་ཏེ་དོན་དམ་པའི་ཆོས་དང་ལྡན་པ་ཉིད་གཏན་ཚིགས་སུ་འདོད་ན། དེའི་ཚེ་གཏན་ཚིགས་མ་གྲུབ་སྟེ། སངས་རྒྱས་བ་ལ་ནི་རྒྱུན་
ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པ་རྣམས་ལ་དོན་དམ་པར་ངེས་པའི་དོན་དང་ལྡན་པ་ཉིད་དུ་མ་གྲུབ་པོ། །འོན་ཏེ་སྤྱིར་གཏན་ཚིགས་ཡིན་ཏེ། དེ་ནི་ནམ་མཁའི་པད་མ་ལ་སོགས་པ་དག་ལ་ཡང་མེད་པ་ཉིད་དང་། ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ལ་སོགས་པ་བརྟགས་པའི་ངེས་པའི་ཆོས་ཡོད་པའི་ཕྱིར་
གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །དེ་སྐད་ཉིད་དུ་བརྗོད་པ་ན་ཞེས་བྱ་བ་ནི། སྤྱིར་བརྟགས་པས་ཉེ་བར་བརྗོད་པ་མེད་པ་དང་ལྡན་པའི་ཆོས་མ་སྤངས་པར་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདིའི་གཏན་ཚིགས་འདི་ནི་མ་ངེས་པ་ཡིན་ཏེ། གང་གི་ཕྱིར་ཐ་དད་པ་སྟེ་གཞན་ཉིད་དང་། ཐ་དད་མེད་

པ་སྟེ་གཞན་མ་ཡིན་པ་ཉིད་འདི་དག་ནི་དངོས་པོ་ཁོ་ན་ལ་རྣམ་པར་གནས་ཀྱི་གཞན་དུ་མ་ཡིན་ནོ། །རྒྱུན་ལ་སོགས་པ་ཡང་བཏགས་པར་ཡོད་པ་ཉིད་ཀྱིས་དངོས་པོར་ཡོད་པ་མ་ཡིན་ན་དེའི་ཕྱིར་ཇི་ལྟར་འདི་དག་དངོས་པོ་ལས་ཐ་དད་པ་དང་ཐ་མི་དད་པ་གྲུབ་པར་འགྱུར། དེའི་ཕྱིར་དེ་ལྟར་སྦྱོར་བ་
དང་པོ་ལ་གྲངས་ལ་སོགས་པ་རྫས་ལས་ཐ་མི་དད་པ་བཀག་པ་ཙམ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པོ་ཞེས་བསྟན་པ་ཡིན་ནོ། །ཡང་ཅི་སྟེ་ཐ་མི་དད་པ་བཀག་པ་ཙམ་སྒྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དགག་པ་ཉིད་ཀྱིས་སྒྲུབ་པ་གོ་བར་བྱེད་པ་ཡིན་པའི་ཕྱིར། དགག་པ་གཉིས་ཀྱིས་རྫས་ལས་ཐ་དད་པ་ཉིད་བསྒྲུབ་པར་
བྱ་བ་ཡིན་ནོ་སྙམ་ན། དེ་འདིར་གལ་ཏེ་རྫས་ལ་སོགས་པ་ཡང་ཞེས་བྱ་བ་ལ་སོགས་པ་དོགས་པར་བྱས་ནས། གྲངས་ལ་སོགས་པ་མ་གྲུབ་ཕྱིར། །ཞེས་བྱ་བ་ལ་སོགས་པས་འགེགས་པར་བྱེད་དོ། །དེ་ལྟར་ཞེས་བྱ་བ་ནི་རྫས་ལས་ཐ་དད་མེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་ཉིད་དོ་ཞེས་བྱ་བའི་དོན་
ཏོ། །གྲངས་ལ་སོགས་པའི་རྟེན་མ་གྲུབ་པ་དེ་ཉིད་སྟོན་པ་ནི། བསྡུ་བ་སོགས་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བརྗོད་པ་ཡིན་ཞེས་བྱ་བ་ནི་གཅིག་གོ་གཉིས་དག་གོ་མང་པོ་རྣམས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །འདི་སྙམ་དུ་རྫས་ཀྱི་བདག་ཉིད་དུ་ཡོད་པའི་གྲངས་ལ་སོགས་པ་ཐ་དད་དུ་བསྒྲུབ་
པར་བྱ་བ་གཞན་ཉིད་དོ་སྙམ་དུ་སེམས་ན། རང་གི་ངོ་བོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ལ་རང་གི་ངོ་བོ་ལས་ཐ་དད་པ་ཡོད་པ་མ་ཡིན་ཏེ། དེ་རང་བཞིན་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འགལ་བར་འགྱུར་ཞེས་བྱ་བ་ནི་ཕན་ཚུན་འགལ་བ་སྟེ། ཐ་དད་པ་དང་ཐ་མི་དད་པ་དག་ལ་ནི་
ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་ཅིག་ཅར་གཅིག་ལ་འགལ་བའི་ཕྱིར་རོ། །དེ་ལྟ་ན་རེ་ཞིག་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་ཀྱི་མཐར་ཐུག་པའི་ཡོན་ཏན་རྣམས་བཀག་ནས། བློ་ལ་སོགས་པ་འབད་པའི་མཐར་ཐུག་པ་རྣམས་ནི་བདག་ལ་བརྟེན་པ་ཉིད་དུ་འདོད་དེ། དེ་དག་ཀྱང་བདག་བཀག་
པ་ཉིད་ཀྱིས་བཀག་པར་བལྟ་བར་བྱའོ། །འདི་དག་བདག་ལ་བརྟེན་པར་རིགས་པ་ཡང་མ་ཡིན་ཏེ། འདི་ལྟར་འདི་དག་གི་སྐྱེ་བའི་རྒྱུ་ཉིད་ཀྱིས་བདག་ལ་བརྟེན་པར་འགྱུར་རམ་གནས་པའི་རྒྱུ་ཉིད་ཀྱིས་ཡིན། རེ་ཞིག་སྐྱེ་བའི་རྒྱུའི་རྒྱུ་ཉིད་ཀྱིས་ནི་མ་ཡིན་ཏེ། བདེ་བ་ལ་སོགས་པ་རྒྱུ་མ་ཚང་བ་མེད་པ་ཉིད་

ཀྱིས་ཐམས་ཅད་ཀྱི་ཚེ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་གྱི་བོགས་དབྱུང་དུ་མེད་པ་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལན་བརྒྱར་དཔྱད་ཟིན་ཏོ། །རྟག་པ་ནི་འབྲས་བུ་སྐྱེད་པར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་རིམ་དང་ཅིག་ཅར་དག་གིས་ཁྱབ་པའི་ཕྱིར་ལ། རྟག་
པ་ཡང་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བར་བསྟན་ཟིན་པའི་ཕྱིར་རོ། །གནས་པའི་རྒྱུ་ཉིད་ཀྱིས་ཀྱང་རིགས་པ་མ་ཡིན་ཏེ། གནས་པ་ནི་གནས་པ་པོ་ལས་ཐ་མི་དད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེའི་རྒྱུ་ཡིན་ན་གནས་པ་པོའི་རྒྱུ་ཉིད་བརྗོད་པར་འགྱུར་རོ། །དེ་ཡང་དེ་མ་ཐག་ཏུ་བཀག་པ་ཡིན་
ཏེ། གནས་པ་པོ་དེ་ཡང་ཡོངས་སུ་མཐར་ཐུག་པའི་བདག་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། རྒྱུ་འགའ་ཡང་ཡོད་པ་མ་ཡིན་ཏེ། དེ་དེ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །གནས་པ་ལས་གནས་པ་ཐ་དད་པ་ཡིན་ན་ཡང་དེས་ཅུང་ཟད་ཀྱང་མ་བྱས་ཏེ། དོན་གཞན་དུ་གྱུར་པའི་གནས་པའི་རྒྱུ་ཡིན་པའི་
ཕྱིར་རོ། །དེ་ལྟ་ཡིན་དང་ཅུང་ཟད་ཀྱང་མི་བྱེད་པ་ཇི་ལྟར་དེའི་རྟེན་དུ་འགྱུར། དེ་དང་འབྲེལ་པའི་གནས་པའི་རྒྱུ་ཡིན་པས་འདི་དེའི་ཕན་འདོགས་པར་བྱེད་པ་ཡང་རིགས་པ་མ་ཡིན་ཏེ། དེའི་འབྲེལ་པ་ཉིད་མ་གྲུབ་པའི་ཕྱིར་རོ། །གནས་པ་ལ་རྒྱུ་ཉིད་རིགས་པ་ཡང་མ་ཡིན་ཏེ། རྟག་པ་ནི་གང་དུ་ཡང་
ནུས་པ་མི་འཐད་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་གནས་པར་བྱ་བའི་དངོས་པོ་འདི་རང་ཉིད་བསྟན་པ་མ་ཡིན་པའི་རང་བཞིན་ཡིན་ནམ། བརྟེན་པའི་རང་བཞིན་ཞིག་ཏུ་འགྱུར། གལ་ཏེ་བརྟན་པ་མ་ཡིན་པའི་ངོ་བོ་ཡིན་ན། དེ་ཇི་ལྟར་གཞན་གྱིས་གནས་པར་ནུས་ཏེ། དེའི་རང་བཞིན་
ཉམས་པར་ཐལ་བའི་ཕྱིར་རོ། །ཅི་སྟེ་བརྟེན་པའི་རང་བཞིན་ཡིན་ན་དེ་ལྟ་ན་ཡང་གནས་པ་པོ་ཅུང་ཟད་ཀྱང་མི་བྱེད་པ་ཉིད་དེ། རང་ཉིད་བརྟན་པའི་རང་བཞིན་ཡིན་པ་ཉིད་ཀྱིས་དེ་རང་ཉིད་གནས་པར་གྲུབ་པའི་ཕྱིར་རོ། །གཞན་ཡང་རེ་ཞིག་ལུས་ཅན་གྱི་དངོས་པོ་གང་དག་ཡིན་པ་དེ་དག་འོག་ཏུ་ལྟུང་བའི་
གེགས་བྱེད་པ་ཉིད་ཀྱིས་བརྟེན་པ་ཡིན་ན་བདེ་བ་ལ་སོགས་པ་འདི་གང་དག་ཡིན་པ་དེ་དག་ལུས་ཅན་མ་ཡིན་པ་ཉིད་ཀྱིས་འོག་ཏུ་འགྲོ་བ་ཡོད་པ་མ་ཡིན་པའི་ཕྱིར་ཅི་ཞིག་བྱེད་པ་ན་དེ་དག་གང་རྟེན་དུ་འགྱུར། ཡོད་པ་དང་མེད་པ་ནི་ཆ་མེད་པ་དང་དེ་བས་ཉེ་བར་བརྗོད་པ་མེད་པ་ཉིད་ཀྱིས་རྟེན་དུ་མི་འཐད་པའི་ཕྱིར་རོ། །

དེ་ལྟར་བདེ་བ་ལ་སོགས་དང་གཞན་དག་ཀྱང་ཅི་རིགས་པར་རྟེན་ཉིད་དུ་མ་གྲུབ་པའི་ཕྱིར་ཡོན་ཏན་ཞེས་བྱ་བ་མེད་དོ་སྙམ་དུ་བསམས་པའོ། །གཞན་ཡང་གཞན་དག་གིས་བློ་ཤེས་པ་རང་བཞིན་དུ་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ་བློ་དང་། དམིགས་པ་དང་ཤེས་པ་ཞེས་བྱ་བ་ནི་དོན་
གཞན་དུ་གྱུར་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ཡང་དེ་ལྟ་བུའི་ངོ་བོ་ཡིན་ན་ཡང་གཞན་དག་གིས་རང་རིག་པའི་ངོ་བོར་ནི་མི་འདོད་ཀྱི། འོན་ཀྱང་བློ་གཞན་གྱིས་རྟོགས་པར་བྱ་བ་ཉིད་ཡིན་ཏེ། དེ་ལྟ་བུར་གྱུར་པ་ནི་གཟུགས་ལ་སོགས་པ་བཞིན་དུ་རང་ལས་མ་གྲུབ་པའི་ཕྱིར་བློ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་
སྟོན་པར་འགྱུར་རོ། །བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། སྡང་བ་དང་། འབད་པ་རྣམས་ཀྱང་ཤེས་པ་མ་ཡིན་པའི་ངོ་བོ་ཉིད་དུ་འདོད་པ་ཡང་ཚད་མའི་མཚན་ཉིད་བརྟག་པར་འགེགས་པར་འགྱུར་རོ། །ལྕི་བ་ཉིད་དང་གཤེར་བ་ཉིད་དང་སྣུམ་པ་ལ་སོགས་པ་བཞིན་དུ་དགག་པ་བསྒྲུབ་པར་བྱའོ་
ཞེས་བྱ་བ་དེ་ལྟར་ངེས་པར་བྱས་ནས་འདི་དག་གི་དགག་པ་མ་བྱས་པར་འདུས་བྱས་པ་དགག་པ་ནི། ཤུགས་བརྗོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདུས་བྱས་པ་ནི་རྣམ་པ་གསུམ་སྟེ། ཤུགས་དང་། བག་ཆགས་དང་། གནས་པ་འཇིག་པའོ། །དེ་ལ་ཤུགས་ཞེས་བྱ་བ་ནི་ས་དང་ཆུ་དང་མེ་དང་
རླུང་དང་ཡིད་དེ་ལུས་ཅན་གྱི་རྫས་ལྔ་པོ་དག་ལ་འབད་པས་བཅོམ་པའི་ཁྱད་པར་ལ་ལྟོས་པ་ལས་སྐྱེས་པ་ཡིན་ཏེ། དེ་ཡང་ཕྱོགས་ཀྱིས་བྱ་བ་ངེས་པའི་རྒྱུན་དང་རེག་པ་དང་ལྡན་པའི་རྫས་དང་ལྡན་པ་དང་འགལ་བ་ཡིན་ནོ། །དེ་བཞིན་དུ་མདའ་ལ་སོགས་པ་གང་གི་དབང་གིས་མདའ་བར་དུ་ལྟུང་བར་མི་
འགྱུར་བ་འབད་པའི་ཁྱད་པར་གྱིས་སྐྱེད་པ་ལས་ཀྱི་ཁྱད་པར་གྱི་རྒྱུ་ཅན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཕྱོགས་ཀྱི་བྱ་བ་ངེས་པའི་འབྲས་བུས་རྗེས་སུ་དཔག་པ་ཡོད་པ་ཉིད་དུ་གྲུབ་པོ། །ཡལ་ག་ལ་སོགས་པ་ལ་ནི་བོར་བས་སྣང་བ་ལས་བྱུང་བ་ལས་སྐྱེས་པའོ། །གོམས་པའི་མིང་ཅན་ནི་བདག་གི་ཡོན་
ཏན་ཤེས་པ་ལས་སྐྱེས་པ་ཤེས་པའི་རྒྱུ་གང་ཡིན་པ་འདི་བརྗོད་དོ། །དེ་ཡང་མཐོང་བ་དང་ཐོས་པ་དང་ཉམས་སུ་མྱོང་བ་དག་ལ་དྲན་པ་དང་། ངོ་ཤེས་པའི་འབྲས་བུས་དཔག་པས་ཡོད་པ་ཉིད་དུ་གྲུབ་པོ། །གནས་པ་འཇིག་པ་ནི་ལུས་ཅན་གྱི་རྫས་ཀྱི་ཡོན་ཏན་གང་ཞིག་འབད་པས་གཞན་དུ་བྱས་པ་མཁྲང་

བའི་ཆ་ཤས་བཀོད་པའི་ཁྱད་པར་དུས་གཞན་དུ་གནས་པ་ཅན་རང་གི་རྟེན་དུ་སྔ་མ་བཞིན་དུ་ཇི་ལྟར་གནས་པ་བཞིན་དུ་འཇིག་པར་བྱེད་པ་སྟེ། དཔེར་ན་ཏ་ལའི་ལོ་མ་ལ་སོགས་པ་དུས་ཡུན་རིང་མོར་བལྟབ་པ་བརྐྱང་བས་གྲོལ་བ་ཡང་དེ་ལྟ་བུ་ཁོ་ནར་གནས་པ་བཞིན་ནོ། །གཞུ་དང་ཡལ་ག་དང་རྭ་ལ་སོགས་པ་དང་
གོས་ལ་སོགས་པ་ཐུར་དུ་བཀུག་པ་དག་ལ་དེའི་འབྲས་བུ་མངོན་པ་ཉིད་ཡིན་ནོ། །མཐའ་དག་ཅེས་བྱ་བ་རྣམ་པ་གསུམ་ཆར་ཡང་ངོ་། །དེ་ལ་ཤུགས་ཞེས་བྱ་བ་ནི་ལས་ཀྱི་རྒྱུན་བརྗོད་པའི་འབྲས་བུར་མ་གྲུབ་སྟེ། དངོས་པོའི་ཚོགས་མཐའ་དག་ལ་ཁྱབ་པའི་སྐད་ཅིག་མ་འཇིག་པ་བསྒྲུབ་ཟིན་པའི་ཕྱིར་
རོ། །དེ་ལྟ་བས་ན་དེ་རུ་རང་གི་ངོ་བོ་ཐོབ་པ་ལས་ཕྱིས་དངོས་པོ་ཐམས་ཅད་མེད་པའི་ཕྱིར་འདི་བྱ་བ་གང་གི་རྒྱུན་གྱི་རྒྱུར་འགྱུར་བ་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །འོན་ཏེ་རང་གི་ཉེ་བར་ལེན་པའི་ཡུལ་ཡོངས་སུ་སྤངས་ནས་དངོས་པོ་རྣམས་ཡུལ་ལ་ཁྱབ་པར་སྐྱེ་བ་ཉིད་ཀྱི་བྱ་བའི་རྒྱུན་འདོད་ན། དེའི་ཚེ་ཡང་མ་
ངེས་པ་ཉིད་ཡིན་ཏེ། དེ་ལྟ་བུའི་རྣམ་པའི་བདག་ཉིད་དུ་གྱུར་པའི་རྒྱུན་ལས་དེ་ལྟར་སྐྱེ་བའི་དངོས་པོ་རྒྱུ་དང་རྐྱེན་སྔོན་དུ་འགྲོ་བ་ཉིད་རྗེས་སུ་དཔོག་པར་བྱེད་ཀྱི། ཇི་སྐད་དུ་བཤད་པའི་འདུས་བྱས་པ་ནི་མ་ཡིན་ཏེ། དེ་དང་ལྷན་ཅིག་རྗེས་སུ་འགྲོ་བ་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་རྣམ་པ་དེ་ལྟ་
བུའི་འདུས་བྱས་པའི་སྟོབས་ཀྱིས་མདའ་ལ་སོགས་པ་མི་ལྟུང་བར་གྱུར་ན་དེའི་ཚེ་དེ་དག་ནམ་ཡང་ལྟུང་བར་མི་འགྱུར་ཏེ། ཐམས་ཅད་དུ་ལྟུང་བའི་གེགས་ཀྱི་རྒྱུ་ཤུགས་ཀྱིས་གནས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཁྱད་པར་མེད་པའི་ནམ་མཁའི་ཡུལ་དུ་འཕངས་པའི་མདའ་གློ་བུར་དུ་ལྟུང་བར་དམིགས་
པ་གང་ཡིན་དེ་ཇི་ལྟར་འཐད་པར་འགྱུར། ལུས་ཅན་རླུང་ལ་སོགས་པ་དང་ཕྲད་པས་ནུས་པ་ཉམས་པར་བྱས་པའི་ཕྱིར་ཤུགས་ཞིག་པས་ལྟུང་བ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། དང་པོ་ཉིད་དུ་ལྟུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དང་འགལ་བའི་རླུང་དང་ཕྲད་པ་ནི་ཐམས་ཅད་དུ་ཡོད་
པ་ཉིད་ཡིན་ནོ། །ཅི་སྟེ་ཡང་ཤུགས་ནི་ངེས་པ་ཁོ་ནར་དང་པོ་སྟོབས་དང་ལྡན་པའི་ཕྱིར་འགལ་ན་ཡང་རླུང་དང་ཕྲད་པ་ཁྱད་པར་དུ་བསད་ནས་འདི་མདའ་ཡུལ་གཞན་དུ་ཁྱེད་པར་བྱེད་པ་ཡིན་ནོ་སྙམ་ན། གལ་ཏེ་དེ་ལྟ་ན་གང་གིས་ཡུལ་ཤིན་ཏུ་ཐག་རིང་བར་ཡང་དེ་ཁྱེར་བར་མི་བྱེད་པ་ཕྱིས་དེ་སྟོབས་ཆུང་བར་

སུས་བྱས། ཐམས་ཅད་དུ་ཁྱད་པར་མེད་པའི་རླུང་དང་ཕྲད་པ་དང་ལྡན་པའི་ནམ་མཁའི་དཀྱིལ་དུ་འཕངས་པའི་མདའ་ཡང་བར་དུ་ལྟུང་བར་མཐོང་བ་ཡིན་ནོ། །ཕྱིས་ཤུགས་གཞན་དུ་གྱུར་པར་ཡང་བརྗོད་མི་ནུས་ཏེ། གཞན་དུ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རོ། །མདའ་ལ་སོགས་པ་དེ་ནི་
ཐམས་ཅད་དུ་འདུ་བའི་རྒྱུན་མེད་པ་ཁོ་ནའོ། །ལས་ཞེས་བྱ་བའི་རྒྱུ་ཕྱིས་ཁྱད་པར་དུ་འགྱུར་བ་ཡིན་ནོ་ཞེས་བརྗོད་པར་རིགས་པ་ཡང་མ་ཡིན་ཏེ། དེ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །ཤུགས་ཀྱིས་གཞན་དུ་གྱུར་ན་ཡང་སྔ་མ་འཇིག་པའི་རྒྱུ་མེད་པའི་ཕྱིར་དེའི་གནས་སྐབས་ཉིད་ཡིན་པས་
མདའ་མི་ལྡུད་བ་ཁོ་ནར་འགྱུར་རོ། །དེའི་འཇིག་པའི་རྒྱུ་རླུང་དང་ཕྲད་པ་ཡང་མ་ཡིན་ཏེ། དང་པོ་ཉིད་དུ་ལྟུང་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །རླུང་ཐམས་ཅད་དུ་ཁྱད་པར་གོམས་པ་ཞེས་བྱ་བ་སུན་དབྱུང་བའི་ཕྱིར། གོམས་པར་བརྗོད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། གལ་ཏེ་དྲན་པ་ལ་སོགས་པའི་འབྲས་བུ་ལས་ཕྱིར་གོམས་པ་ཙམ་བསྒྲུབ་ན། དེའི་ཚེ་འགྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་སྔར་ཉམས་སུ་མྱོང་བས་བསྒོས་པའི་ནུས་པའི་མཚན་ཉིད་ཀྱི་རང་གི་བདག་ཉིད་དུ་གྱུར་པའི་དངོས་པོ་དེ་དང་ཕྲད་པ་ཡང་ཁྱད་པར་མེད་པ་དེའི་ཕྱིར་འདི་ན་ནི་ཅི་ཡང་མ་ཡིན་ནོ། །གང་
ལ་བག་ཆགས་ཞེས་བྱ་བར་གྲགས་པ་དྲན་པ་ལ་སོགས་པའི་རྒྱུར་འདོད་པ་ཁོ་ནའོ། །ཅི་སྟེ་བདག་གི་ཡོན་ཏན་གྱི་རང་བཞིན་གྱིས་དངོས་པོ་བསྒྲུབ་པར་འདོད་ན། དེའི་ཚེ་རྣམ་པ་དེ་ལྟ་བུ་དང་ལྷན་ཅིག་གང་དུ་ཡང་དྲན་པ་ལ་སོགས་པ་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་དང་། དམ་བཅས་
པ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། དེའི་རྟེན་གྱི་བདག་སྔར་བཀག་པ་ཉིད་ཀྱིས་མེད་པའི་ཕྱིར། དེ་ཡང་མེད་པར་གྲུབ་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལ་བརྟེན་པ་དེ་ནི་དེ་མེད་པ་ན་གནས་པ་ཐོབ་པ་མ་ཡིན་ཏེ། རྩིག་པ་ལ་སོགས་པ་མེད་པ་ལ་རི་མོ་བཞིན་ནོ། །གཞན་གྱི་ལུགས་
ཀྱིས་འདུས་བྱས་པ་ཡང་བདག་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ། བདག་དེ་ནི་སྔར་བསལ་ཟིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདུས་བྱས་ནི་སེམས་ཀྱི་བག་ཆགས་ཀྱི་བདག་ཉིད་དུ་རིགས་ཀྱི་བདག་གི་ཡོན་ཏན་མ་ཡིན་ནོ་ཞེས་བྱ་བ་ནི་

ཚད་མའི་འབྲས་བུ་སྟེ། གཅིག་ནི་ཚད་མས་གྲུབ་པའི་ཕྱིར་ལ། གཞན་ནི་བཟློག་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གསུམ་པ་ཡང་སུན་དབྱུང་བའི་ཕྱིར། གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདི་དངོས་པོ་གནས་པ་གང་ཡིན་པ་འཇིག་པར་བྱེད་པ་རེས་འགའ་འདི་རང་ཉིད་མི་
བརྟན་པའི་རང་བཞིན་ཉིད་ཡིན་པའམ། ཡང་ན་བརྟན་པའི་རང་བཞིན་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །གལ་ཏེ་མི་བརྟན་པའི་རང་བཞིན་ཡིན་ན་དེའི་ཚེ་འདི་སྐད་ཅིག་ལས་ཕྱིས་མེད་པའི་ཕྱིར། འདི་གང་གི་འཇིག་པ་པོར་འགྱུར། འོན་ཏེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་དངོས་པོ་ལ་སྟེ་
བརྟན་པའི་དོན་རྣམས་ཀྱང་ཡོད་པ་ལ་དེའི་ངོ་བོ་སྟེ། རང་བཞིན་གྱིས་བརྟན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གནས་ཞེས་བྱ་བ་ནི་གཞན་གྱིས་ཀུན་དུ་བརྟགས་པས་ཅུང་ཟད་ཀྱང་མི་བྱེད་པའི་འཇིག་པ་པོས་ཅི་ཞིག་བྱ་ཞེས་སྔ་མ་བཞིན་དུ་སུན་འབྱིན་པ་བརྗོད་པར་བྱའོ། །ཅི་སྟེ་ཡང་དངོས་པོ་ཐམས་ཅད་སྐད་ཅིག་
མ་ཡིན་ན་ཡང་སྐད་ཅིག་མ་གཅིག་ཏུ་གནས་པའམ། རྒྱུན་གྱིས་རྗེས་སུ་འཇུག་པ་ལ་དེའི་ནུས་པར་བརྗོད་དོ་སྙམ་དུ་སེམས་ན། འདི་ལ་ཡང་རང་གི་རྒྱུ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་རྒྱུ་ཉིད་ལས་འགྲུབ་པ་ན་སྐད་ཅིག་གཅིག་གནས་པ་གྲུབ་སྟེ། འདི་ལྟར་འདི་དག་གི་གནས་པ་ནི་བདག་ཉིད་
ཐོབ་པའི་མཚན་ཉིད་ལ་བརྗོད་ཀྱི། རང་ཉིད་གཡོ་བའི་བདག་ཉིད་ཀྱི་དུས་ཕྱིས་གནས་པ་མེད་པའི་ཕྱིར་ཡོད་པའི་བདག་ཉིད་ཐོབ་པ་རྣམས་དུས་ཕྱིས་བདག་གི་ངོ་བོ་འཛིན་པའི་མཚན་ཉིད་ནི་མ་ཡིན་ནོ། །གནས་ན་ཡང་ནམ་ཡང་མི་ལྡོག་པར་ཐལ་བར་འགྱུར་ཏེ། སྔ་མ་བཞིན་དུ་ཕྱིས་ཀྱང་ཁྱད་པར་མེད་པའི་ཕྱིར་དང་།
དེའི་རང་བཞིན་མ་ཡིན་པ་དེ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱི་མ་ཕྱི་མའི་འབྲས་བུ་སྐྱེ་བ་ནི་སྔ་མ་སྔ་མའི་རྒྱུའི་ནུས་པས་བྱས་པའི་ཕྱིར་རྒྱུན་ལ་ཡང་འདུས་བྱས་པའི་ནུས་པ་འགྲུབ་པ་མ་ཡིན་ནོ། །འོ་ན་སྐད་ཅིག་མ་ཡིན་པ་འདི་འཇིག་པ་པོར་འགྱུར་རོ་ཞེ་ན། གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
སྐད་ཅིག་མ་མ་ཡིན་པ་གང་ཡིན་པ་དེ་ནི་གཞན་དུ་འགྱུར་བ་མི་སྲིད་པའི་ཕྱིར་རང་ཉིད་ཀྱིས་གནས་པ་མ་ཡིན་པས་ཅི་ཞིག་བྱེད་ན་འདི་དེའི་འཇིག་པ་པོར་འགྱུར་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །ཡང་ཇི་སྟེ་འདི་འཇིག་པར་བྱེད་པ་པོར་མ་གྱུར་མོད། འོན་ཀྱང་སྐད་ཅིག་མ་ཉིད་སྐྱེད་པར་བྱེད་པར་འགྱུར་རོ་སྙམ་ན། འདིའི་

རྒྱུ་ཉིད་མ་མཐོང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞལ་བྱའི་དེ་ཁོ་ན་ཉིད་རྣམ་པར་འཇོག་པ་ནི་ཚད་མ་ལ་རག་ལས་པ་ཡིན་ནོ། །གང་གི་དེའི་ཐ་སྙད་དུ་འགྱུར་བ་གོས་ལ་སོགས་པ་ལ་འདིའི་རབ་ཏུ་གྲགས་པའི་རྒྱུ་ལས་མ་གཏོགས་པ་མངོན་སུམ་དང་མི་དམིགས་པ་དག་གིས་སམ། མིག་ལ་
སོགས་པ་བཞིན་དུ་འབྲས་བུ་ལྡོག་པ་ལས་རྒྱུ་ཉིད་དུ་མཐོང་བ་སྟེ། ངེས་པ་ནི་མ་ཡིན་ནོ། །ཅི་སྟེ་ནུས་པ་མ་མཐོང་བ་ཡང་རྒྱུ་ཉིད་དུ་རྟོག་པར་བྱེད་ན། དེའི་ཚེ་འདུས་བྱས་པའམ་གཞན་དབྱུག་པ་ལ་སོགས་པ་ཡང་སྐྱེ་བའི་རྒྱུར་འགྱུར་ཏེ། བརྟག་པར་བྱའོ་ཞེས་བྱ་བ་ལྷག་མའོ། །གང་གིས་ཁྱེད་ཅག་ནུས་པ་ཡོངས་སུ་
མ་ངེས་པའི་འདུས་བྱས་པའི་བདག་ཉིད་གཅིག་ཡོངས་སུ་བརྟགས་པས་ཡོངས་སུ་ཚིམ་པར་འགྱུར་བ་ནུས་པ་མ་མཐོང་བ་ཉིད་དུ་ནི་ཁྱད་པར་འགའ་ཡང་མེད་དོ། །འདི་ཁྱེད་ཅག་གི་སྐྱེ་བའི་རྒྱུར་འདོད་པ་ཡང་མ་ཡིན་ཏེ། འོན་ཀྱང་གོས་ལ་སོགས་པ་སྐྱེས་པ་ཡོད་པའི་དུས་ཕྱིས་འཇིག་པར་འགྱུར་བའི་ཡོན་ཏན་
དུ་འདོད་དོ། །དེ་ལ་ཡང་འདི་ནི་ཅུང་ཟད་ཀྱང་མི་བྱེད་དོ་ཞེས་དང་པོར་བརྗོད་ཟིན་ཏོ། །སྐྱེ་བའི་རྒྱུ་ཉིད་དུ་ཁས་བླངས་ནས་ཉེས་པ་འདི་བརྗོད་པ་ཡིན་ཏེ། རེས་འགའ་ལ་ལ་རང་གི་གཞུང་ལུགས་ཀྱི་ལུགས་ལས་འདས་ནས་འདི་ལྟར་རྟོགས་པར་བྱེད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་
ཐམས་ཅད་ཀྱི་དོན་ཉེ་བར་སྡུད་པར་བྱེད་དོ། །ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ཀྱི་ཡོན་ཏན་སུན་དབྱུང་བའི་ཕྱིར། ཡིད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་མཐོང་བའི་བྱེད་པ་པོ་ནི་འབྲས་བུ་སྟེར་བ་བདག་གི་ཡོན་ཏན་བདག་དང་ཡིད་ལྡན་པ་ལས་སྐྱེས་པ་རང་གི་འབྲས་བུ་དང་འགལ་བ་
མེད་པའོ། །དེ་ཡང་ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཆོས་ནི་བྱེད་པ་པོ་ལ་འདོད་པ་དང་ཕན་པ་དང་ཐར་པའི་རྒྱུའོ། །ཆོས་མ་ཡིན་པ་ནི་མི་འདོད་པ་དང་མི་ཕན་པ་དང་འཆིང་བའི་རྒྱུའོ་ཞེས་གཞན་དག་གིས་མ་མཐོང་བའི་མཚན་ཉིད་སྨྲས་པ་དེ་འདི་ནི་བདག་དང་ཡིད་དང་
དེ་དག་གི་ལྡན་པ་དེའི་རྒྱུ་ཉིད་དུ་འདོད་པ་སྔར་བཀག་པའི་ཕྱིར་རྒྱུ་མེད་པས་མེད་དོ་ཞེས་བྱ་བར་གྲུབ་པོ། །སྒྲ་ནི་ནམ་མཁའི་ཡོན་ཏན་ཉིད་དུ་འདོད་དེ། དེ་ནི་དང་པོ་ཉིད་དུ་རིམ་སོགས་ཐོས་ཞེས་བྱ་བ་ལ་སོགས་པས་བསལ་ཟིན་པའི་ཕྱིར་ཡང་འདིའི་སུན་འབྱིན་པ་མི་བརྗོད་དོ། །དེ་ཁོ་ན་ཉིད་བསྡུས་པའི་

དཀའ་འགྲེལ་ལས། ཡོན་ཏན་གྱི་དོན་བརྟག་པ་སྟེ་བཅུ་དྲུག་པའོ།། །།ལས་ཀྱི་ཚིག་གི་དོན་དབྱུང་བའི་ཕྱིར། སྐད་ཅིག་གིས་འཇིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་ལས། འདེགས་པ་དང་། འཇོག་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། འགྲོ་བ་ཞེས་བྱ་བ་རྣམས་ནི་ལས་ཡིན་ནོ་
ཞེས་འབྱུང་ངོ་། །དེ་ལ་འདེགས་པ་ནི་སྟེང་དང་འོག་གི་ཕྱོགས་དག་དང་ལྡན་པ་དང་རྣམ་པར་དབྱེ་བའི་རྒྱུ་ལས་སྐྱེ་བ་གང་ཡིན་པ་སྟེ། དཔེར་ན་ལུས་ཀྱི་ཡན་ལག་གམ་དེ་དང་འབྲེལ་པའི་ལུས་ཅན་གྱི་རྫས་བོད་པ་ལ་སོགས་པ་ལ་ནམ་མཁའ་ལ་སོགས་པའི་སྟེང་དང་འོག་དང་ཐད་ཀའི་ཆའི་ཁྱད་པར་དག་དང་ལྡན་པའི་
རྒྱུ་འོག་ཕྱོགས་ཀྱི་ཆ་རྣམ་པར་དབྱེ་བའི་རྒྱུ་འབད་པ་ལ་སོགས་པའི་དབང་གིས་ལས་སྐྱེ་བ་གང་ཡིན་པ་དེ་ནི་འདེགས་པ་ཞེས་བྱའོ། །འདི་ལས་བཟློག་པའི་ལྡན་པ་དང་རྣམ་པར་དབྱེ་བའི་རྒྱུའི་ལས་ནི་འཇོག་པའོ། །རྫས་དྲང་པོ་འཁྱོག་པ་ཉིད་ཀྱི་རྒྱུ་ནི་བསྐུམ་པ་སྟེ། ཇི་སྐད་དུ་དཔུང་པ་ལ་སོགས་པའི་རྫས་དྲང་པོའི་
སོར་མོ་ལ་སོགས་པ་རྩེ་མོའི་ཡན་ལག་གང་དག་ཡིན་པ་དེ་དག་ནམ་མཁའ་ལ་སོགས་པའི་རང་དང་ལྡན་པ་དག་དང་རྣམ་པར་དབྱེ་བ་དང་བདག་ཉིད་རྩ་བའི་ཡུལ་དག་དང་ལྡན་པ་ན་ལས་གང་གིས་དཔུང་པ་ལ་སོགས་པའི་མཚན་ཉིད་ཀྱི་ཡན་ལག་ཅན་གུག་པོར་གྲུབ་པར་བྱེད་པ་དེ་ནི་བསྐུམ་པ་ཞེས་བྱའོ། །འདི་ལས་
བཟློག་པའི་ལྡན་པ་དང་རྣམ་པར་དབྱེ་བ་སྐྱེད་པ་ལས་གང་གིས་ཡན་ལག་ཅན་དྲང་པོར་སྒྲུབ་པར་བྱེད་པ་དེ་ནི་བརྐྱང་བའོ། །ཡུལ་དང་ཕྱོགས་མ་ངེས་པའི་བུམ་པ་ལ་སོགས་པ་དང་རྣམ་པར་དབྱེ་བའི་རྒྱུ་གང་ཡིན་པ་དེ་ནི་འགྲོ་བའོ། །འདེགས་པ་ལ་སོགས་པ་ལས་རྣམ་པ་བཞི་ནི་ཡུལ་དང་ཕྱོགས་ངེས་པའི་ནམ་མཁའ་
ལ་སོགས་པ་དག་དང་ལྡན་པ་དང་རྣམ་པར་དབྱེ་བའི་རྒྱུ་ཡིན་ལ། འགྲོ་བ་ནི་མ་ངེས་པའི་ཕྱོགས་དང་ཕྱོགས་ཀྱི་ཆོས་ཐམས་ཅད་དང་ལྡན་པ་དང་རྣམ་པར་དབྱེ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ལས་རྣམ་པ་ལྔ་ཁོ་ནས་འགྱུར་ཏེ། འཁྱམ་པ་དང་གཡོ་བ་དང་སྤྲོ་བ་ལ་སོགས་པ་རྣམས་ནི་འགྲོ་བ་ཉིད་ཀྱི་ཁོངས་སུ་འདུས་
པའི་ཕྱིར་རོ། །ལས་རྣམ་པ་ལྔ་པོ་འདི་ཡང་ལུས་ཅན་གྱི་རྫས་ལ་གནས་པའི་ལྡན་པ་དང་རྣམ་པར་དབྱེ་བའི་འབྲས་བུས་དཔག་པས་ཡོད་པ་ཉིད་དུ་གྲུབ་པོ། །ལྡན་པ་དང་རྣམ་པར་དབྱེ་བའི་ཁྱད་པར་གྱི་ཐུན་མོང་གི་འབྲས་བུ་ཡིན་ཏེ། དེའི་ཕྱིར་འདི་འབྲས་བུ་ལས་གྲུབ་པོ། །དེ་བཞིན་དུ་མངོན་སུམ་གྱིས་ཀྱང་ཡིན་

ཏེ། ཇི་སྐད་དུ་གྲངས་དང་ཚད་དང་སོ་སོ་བ་ཉིད་དང་ལྡན་པ་དང་རྣམ་པར་དབྱེ་བ་དག་དང་གཞན་ཉིད་དང་། གཞན་མ་ཡིན་པ་ཉིད་དག་དང་། ལས་རྣམས་ནི་གཟུགས་ཅན་དང་འདུ་བའི་ཕྱིར་མིག་གིས་གཟུང་བར་བྱ་བ་ཡིན་ནོ་ཞེས་བཤད་དོ། །དེ་ལྟ་བས་ན་འདི་དག་ནི་མདོར་བསྡུས་པས་གཞན་གྱི་
གཞུང་ལུགས་བསྟན་པའོ། །དེའི་ཕྱིར་འདི་ལ་ལྡན་པ་དང་རྣམ་པར་དབྱེ་བ་དག་ནི་སྔར་བཀག་པའི་ཕྱིར་དེའི་འབྲས་བུ་ཉིད་མ་གྲུབ་བོ། །ཅི་སྟེ་བར་མ་ཆད་པར་སྐྱེ་བ་ཙམ་གྱི་མཚན་ཉིད་ཀྱིས་ལྡན་པ་དང་རྣམ་པར་དབྱེ་བ་དག་དེའི་འབྲས་བུ་ཡིན་པ་ཉིད་ཀྱིས་རྒྱུ་ཉིད་དུ་བརྗོད་ན་དེ་ལྟ་ན་ཡང་གཏན་ཚིགས་མ་ངེས་པ་ཡིན་
ཏེ། རྣམ་པ་དེ་ལྟ་བུའི་ལས་དང་དེ་དག་གང་དུ་ཡང་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ལས་བཟློག་པས་གཏན་ཚིགས་ལ་ཁྱབ་པའི་ཕྱིར་འགལ་བ་ཡང་ཡིན་ནོ། །རྒྱུ་རྩམ་ཡོད་པ་ཉིད་དུ་སྒྲུབ་ན་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། རླུང་ལ་སོགས་པ་རྣམ་པ་དེ་ལྟ་བུའི་ལྡན་པ་དང་རྣམ་པར་དབྱེ་བའི་
རྒྱུ་ཉིད་དུ་འདོད་པའི་ཕྱིར་རོ། །ཁྱད་པར་སྒྲུབ་པ་ཡང་དམ་བཅའ་བ་ལ་རྗེས་སུ་དཔག་པས་གནོད་པ་ཡིན་ཏེ། འདི་ལྟར་བྱ་བ་དང་འདུ་བའི་དངོས་པོ་སྐད་ཅིག་མ་ཡིན་པའམ། སྐད་ཅིག་མ་མ་ཡིན་པ་ཡིན། རེ་ཞིག་སྐད་ཅིག་མ་ནི་མ་ཡིན་ཏེ། དེ་ནི་སྐྱེ་བའི་ཡུལ་ཉིད་དུ་ཞིག་པའི་ཕྱིར་ཏེ། ཉམས་པའི་ཕྱིར་
ཡུལ་གཞན་དུ་ཕྱིན་པར་མི་སྲིད་པའི་ཕྱིར་རོ། །སྦྱོར་བ་ནི་གང་དག་ཡུལ་གང་དུ་ཞིག་པ་དེ་ནི་དེའི་དུས་ཕྱིས་དེ་ལས་ཡུལ་གཞན་དུ་ཕྱིན་པ་མ་ཡིན་ཏེ། སྒྲོན་མ་ལ་སོགས་པ་བཞིན་ནོ། །བརྗོད་པར་འདོད་པའི་དངོས་པོ་ཐམས་ཅད་ཀྱང་སྐྱེ་བའི་ཡུལ་ཉིད་དུ་ཞིག་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་
དམིགས་པའོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཤིན་ཏུ་མྱུར་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆེས་མྱུར་དུ་འཇིག་པར་འདོད་པ་གང་ཡིན་དེ་དག་དེ་ལྟ་བུ་ཡིན་ནོ། །ཡང་ཆེས་མྱུར་དུ་འཇིག་པར་འདོད་པའི་སྒྲོན་མ་ལ་སོགས་པ་ཡང་སྐྱེ་བའི་དུས་ཕྱིས་ཀྱི་བྱ་བ་ཡིན་ཏེ། འདི་
ནི་སྐད་ཅིག་དྲུག་ཏུ་གནས་པ་ཉིད་ཀྱིས་སྐད་ཅིག་མ་མ་ཡིན་པའི་ཕྱིར། ཅི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རེ་ཞིག་རང་གི་རྒྱུ་དང་འབྲེལ་བའི་དུས་ནི་དང་པོ་ཡིན་ནོ། །དེ་ནས་ཕྱིས་སྤྱི་གསལ་བའི་དུས་སོ། །དེ་ནས་ཡན་ལག་གི་ལས་ཀྱི་དུས་སོ། །དེའི་མཇུག་ཐོགས་སུ་

ཡན་ལག་རྣམ་པར་དབྱེ་བའི་དུས་སོ། །དེ་ནས་རང་རྩོམ་པར་བྱེད་པའི་ཡན་ལག་གི་ལྡན་པ་ཞིག་པའོ། །དེ་ནས་རྫས་འཇིག་པའོ་ཞེས་བྱ་བ་སྒྲོན་མ་ལ་སོགས་པའི་དངོས་པོ་ཡང་སྐད་ཅིག་མ་དྲུག་ཏུ་གནས་པར་འདོད་དེ། དེའི་ཕྱིར་དངོས་པོ་སྐད་ཅིག་ལ་འགྲོ་བ་དང་ལྡན་པ་འགའ་ཡང་མེད་པའི་ཕྱིར་བྱ་བ་དང་
ལྡན་པ་ཐམས་ཅད་ནི་སྐྱེས་པ་ལས་དུས་ཕྱིས་བྱུང་བ་ཉིད་ཀྱི་བྱ་བ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། །གཞན་ནི་སྐད་ཅིག་མ་ཉིད་དུ་མི་རུང་བའི་ཕྱིར་རོ། །ཅི་སྟེ་ཡང་གལ་ཏེ་ཁོ་བོ་ཅག་གིས་ཀྱང་དངོས་པོ་རྣམས་སྐད་ཅིག་མ་ཉིད་དུ་འདོད་དེ། དེ་ལྟ་ན་ཡང་འདི་དག་གི་བྱ་བ་སྐྱེ་བའི་དུས་ཉིད་དུ་
འབྱུང་བར་ཅིའི་ཕྱིར་མི་འགྱུར་སྙམ་ན། རྒྱབ་དང་མདུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་རྒྱབ་ཀྱི་ཡུལ་དང་བྲལ་ལ་མདུན་ཡུལ་དང་འཇུག་པ་དང་། ཕྲད་པ་ནི་འགྲོ་བ་པོ་ཡིན་པའམ། །རྒྱབ་ཏུ་བརྐྱང་བ་ལ་སོགས་པའི་རྟེན་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་
ནོ། །གང་གིས་སྔར་གྱི་ཡུལ་ཡོངས་སུ་སྤངས་པ་སྔོན་དུ་འགྲོ་བ་ཅན་རྒྱབ་ཀྱི་ཡུལ་ནོན་པར་འགྱུར་བ་སྐད་ཅིག་གཅིག་ཙམ་དུ་འབྱུང་བ་འདི་ཙམ་ཞིག་སྡོད་པ་ནི་ཡོད་པ་ཡང་མ་ཡིན་ནོ། །ཡོད་པའི་དུས་སུ་ཡང་འཇིག་པས་དབང་བྱས་པའི་ཕྱིར་ཡུལ་གཞན་དུ་ཕྱིན་པར་མི་ནུས་སོ། །དེ་ལྟ་བས་ན་སྐྱེ་བའི་དུས་སུ་
འབྱུང་བའི་བྱ་བ་ཡང་རིགས་པ་མ་ཡིན་ནོ། །སྔོན་དང་ཕྱི་མ་དག་གི་མཐར་ཡང་མ་ཡིན་ཏེ། དེ་ནི་དེའི་དུས་ན་ཉེ་བར་བརྗོད་པ་མེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་ཀྱང་མེད་པ་གང་ཡིན་པ་དེ་ཡུལ་ཤིན་ཏུ་ཐག་རིང་པར་ཕྱིན་པར་འགྱུར་བ་ལྟ་རེ་ཞིག་ཞོག །འོན་ཀྱང་རྡུལ་ཕྲ་རབ་ཙམ་གྱི་ཡུལ་
ཕྱོགས་སུ་ཕྱིན་པ་ཡང་མེད་པའི་ཕྱིར་སྐད་ཅིག་མ་ལ་བྱ་བ་ག་ལ་ཡོད་སྐད་ཅིག་མ་མ་ཡིན་པ་ལ་ཡང་མེད་དོ་ཞེས་སྟོན་པ་ནི། དངོས་པོ་བརྟེན་ན་ཞེས་བྱ་བ་ལ་སོགས་པའི་རྟག་ཏུ་གཅིག་གི་ངོ་བོའི་དངོས་པོ་ནི་སྐད་ཅིག་མ་མ་ཡིན་པ་ཞེས་བྱ་བ་ལ། དེ་ནི་བྱ་བ་དང་མི་འདུ་བ་གསལ་རབ་པ་ཉིད་དེ། ནམ་མཁའ་
བཞིན་དུ་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཐམས་ཅད་དུ་ཁྱད་པར་མེད་པའི་དེ་ལ་ནི་བྱ་བ་སྲིད་པ་མ་ཡིན་ཏེ། ནམ་མཁའ་བཞིན་ནོ། །སྐད་ཅིག་མ་མ་ཡིན་པར་འདོད་པའི་དངོས་པོ་ཡང་ཐམས་ཅད་དུ་ཁྱད་པར་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའི་ཐལ་བར་

འགྱུར་བའོ། །གལ་ཏེ་འདི་སྙམ་དུ་སྐད་ཅིག་མ་མ་ཡིན་པའི་དངོས་པོ་ཁྱད་པར་མེད་པ་དེ་ལྟ་ན་ཡང་རང་བཞིན་གྱིས་དེ་འགྲོ་བ་པོ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་བྱ་བ་དང་ལྡན་པ་ཉིད་དུ་འགྱུར་བས་དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། གལ་ཏེ་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །གལ་ཏེ་ལྷ་སྦྱིན་ལ་སོགས་པ་སྐད་ཅིག་མ་མ་ཡིན་པ་ཉིད་དུ་འདོད་པ་འདི་དག་རང་བཞིན་གྱིས་འགྲོ་བ་དང་། འདེགས་པ་ལ་སོགས་པ་དང་ལྡན་པ་ཡིན་ན་དེའི་ཚེ་ནམ་ཡང་མི་གནས་པར་མི་འགྱུར་ཏེ། ཐམས་ཅད་དུ་འགྲོ་བ་པོ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འགྲོ་བ་ལ་སོགས་པ་དང་
ལྡན་པའི་ལྷ་སྦྱིན་ལ་སོགས་པའི་འདི་མི་གཡོ་བའི་གནས་སྐབས་སུ་འགྲོ་བ་ལ་སོགས་པ་མེད་ན་ཡང་དེ་དག་སྟེ་འགྲོ་བ་ལ་སོགས་ཐོབ་པར་འགྱུར་ཏེ། འགྲོ་བ་ལ་སོགས་པ་རྩོམ་པའི་དུས་བཞིན་དུ་ངོ་བོ་མ་དོར་བའི་ཕྱིར་རོ། །ཅི་སྟེ་སྐྱོན་འདིས་འཇིགས་ནས་འདི་འགྲོ་བ་པོ་མ་ཡིན་པ་ལ་སོགས་པའི་ངོ་བོ་ཉིད་དུ་ཁས་ལེན་པར་
བྱེད་པ་དེ་ལྟ་ཡིན་ན་ཐམས་ཅད་ཀྱི་ཚེ་མི་འགྲོ་བ་ལ་སོགས་པར་འགྱུར་ཏེ། གཅིག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །སོགས་པའི་སྒྲས། འདེགས་པ་ལ་སོགས་པ་གཟུང་ངོ་། །དེ་ལྟ་ཡིན་དང་འགྲོ་བ་ལ་སོགས་པ་ཡོད་ན་ཡང་དེ་མི་གཡོ་བ་ཁོ་ནར་འགྱུར་ཏེ། འགྲོ་བ་པོ་མ་ཡིན་པའི་ངོ་བོ་
མ་དོར་བའི་ཕྱིར་མི་གཡོ་བའི་གནས་སྐབས་བཞིན་ནོ། །གཡོ་བའི་ལས་འདི་ལ་ཡོད་པས་གཡོ་ལྡན་ནོ། །གཡོ་མིན་ངོ་བོའི་དུས་བཞིན་ནོ། །ཞེས་བྱ་བ་ལ་བཞིན་ནི་བདུན་པའི་མཐའ་ཅན་ནོ། །ཅི་སྟེ་ཡང་འདི་གཅིག་གི་ངོ་བོ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འགྲོ་བ་པོ་ལ་སོགས་པ་དང་འགྲོ་བ་པོ་མ་ཡིན་
པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གཉི་གའི་ངོ་བོ་ཡིན་པས་དེའི་ཕྱིར་ཇི་སྐད་དུ་བཤད་པའི་སྐྱོན་དུ་ཐལ་བར་མི་འགྱུར་ལ། གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་གཅིག་ཅེས་བྱ་བ་ལ་སོགས་པའོ། །གཅིག་ཚེའང་ཞེས་བྱ་བ་ལ། འང་གི་སྒྲ་ནི་རིམ་པ་ཐ་དད་པ་སྟེ། ཡང་ཞེས་
བྱ་བའི་མཇུག་ཏུ་བལྟ་བར་བྱའོ། །ཡང་གཞན་དུ་ཡང་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཞེས་བྱ་བ་ནི་འགྲོ་བ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་འགྲོ་བ་པོ་ཉིད་དང་འགྲོ་བ་པོ་མ་ཡིན་པ་ཉིད་ལ་སོགས་པ་འགལ་བའི་ཆོས་དང་ལྡན་པས་གཅིག་ཉིད་ཉམས་པར་ཐལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་སྐད་ཅིག་

མ་ཉིད་དུ་གྲུབ་པོ་ཞེས་བསྟན་པའི་ཕྱིར། དེ་དག་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་གཡོ་བ་དང་མི་གཡོ་བའི་གནས་སྐབས་སུ་འབྱུང་བ་དག་གོ། །གཡོ་དང་མི་གཡོ་དངོས་པོ་བཞིན། །ཞེས་བྱ་བ་ནི་ལྕུག་མ་དང་རེ་ལྡེ་ལ་སོགས་པ་བཞིན་ནོ། །དེ་ལྟར་རེ་ཞིག་དམ་བཅའ་བ་ལ་རྗེས་སུ་
དཔག་པས་གནོད་པ་བསྒྲུབས་ནས། མངོན་སུམ་གྱིས་གནོད་པ་ཡང་བསྒྲུབ་པའི་ཕྱིར། མཐོང་བ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དམིགས་པའི་མཚན་ཉིད་དུ་གྱུར་པ་ཡིན་པ་མ་དམིགས་པ་དེ་ནི་རྟོག་པ་དང་ལྡན་པ་རྣམས་མེད་པའི་ཐ་སྙད་འཇུག་པ་ཡིན་ཏེ། དཔེར་ན་ཕྱོགས་འགའ་ཞིག་ན་
བུམ་པ་མ་དམིགས་པ་བཞིན་ནོ། །གཟུགས་ལ་སོགས་པ་ལས་མ་གཏོགས་པའི་ལས་ཀྱང་མི་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའོ། །དེ་ལྟ་དེ་ལྟར་ཡུལ་གཞན་བདག་གིར་བྱེད་པས་སྐྱེ་བའི་གཟུགས་ལ་སོགས་པ་ལས་མ་གཏོགས་པའི་ལས་ནི་དབང་པོའི་ཤེས་པ་ལ་སྣང་བར་རྟོགས་པ་མ་
ཡིན་ནོ། །གང་ཡང་འདེགས་པ་དང་འཇོག་པ་པོ་སྙམ་པའི་བརྗོད་པ་དང་ལྡན་པའི་བློ་འདི་སྐྱེ་བ་དེ་ནི་བརྗོད་པ་དང་བཅས་པའི་ཕྱིར་མངོན་སུམ་མ་ཡིན་ནོ། །འདི་ནི་ལས་ཀྱི་ཚིག་གི་དོན་ཉམས་སུ་མྱོང་བའི་སྟོབས་ཀྱིས་འབྱུང་བར་ཡང་རིགས་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཉིད་དེ་ལྟ་དེ་ལྟར་སྐྱེ་བ་མཐོང་བའི་
ཕྱིར། བརྡ་ཇི་ལྟ་བ་བཞིན་དུ་དེ་དག་ཁོ་ན་ལ་ཞེན་ནས་འཇུག་པའི་ཕྱིར་རོ། །འདི་ཡང་རྟག་པ་དང་མི་རྟག་པ་དག་ལ་འགྲོ་བ་ལ་སོགས་པ་མེད་པའི་ཕྱིར་ཞེས་དེ་མ་ཐག་ཏུ་བསྟན་ཟིན་ཏོ། །དེས་ན་མངོན་སུམ་ཁོ་ན་ལས་གྲུབ་པ་ཡིན་ནོ་ཞེས་གང་སྨྲས་པ་འདི་ནི་མ་གྲུབ་པོ། །ཇི་སྐད་དུ་བཤད་པ་ཉིད་ཀྱི་དོན་
ཉེ་བར་བསྡུ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བརྗོད་པའི་མངོན་སུམ་དང་། རྗེས་སུ་དཔག་པ་དག་གིས་བསལ་ཟིན་པའི་ཕྱིར་རོ། །བྱེ་དང་ཕྲད་པ་མི་རིགས་ཕྱིར། །ཞེས་བྱ་བ་ནི་སྔོན་མ་དང་བྱེ་བ་མི་རིགས་པའི་ཕྱིར་ལ། རྒྱབ་མ་དང་ཕྲད་པ་མི་རིགས་པའི་
ཕྱིར་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །འོ་ན་གལ་ཏེ་ཇི་ལྟར་འཇིག་རྟེན་ན་འགྲོ་བའི་ཐ་སྙད་དུ་འགྱུར་ཞེ་ན། འདྲ་བ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲ་བ་གཞན་གྱི་དངོས་རྣམས་ཞེས་བྱ་བ་ནི་དེ་དག་ནི་འདྲ་བ་ཡང་ཡིན་ལ་གཞན་ཡང་ཡིན་ནོ་ཞེས་བསྡུ་བ་བྱས་ལ་དེ་དག་ཀྱང་ཡིན་ལ་དངོས་

པོ་ཡང་ཡིན་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །འདྲ་བ་གཞན་གྱི་དངོས་པོ་དེ་དག་བར་ཆད་མེད་པར་རང་གི་ཉེ་བར་ལེན་པའི་རྒྱུའི་ཡུལ་སྤངས་ནས་སྐྱེ་བ་ཡོད་པ་གང་ཡིན་པ་དེའི་སྐྱེ་བ་དམིགས་པའི་རྒྱུའི་ཕྱིར་དེ་ཉིད་འགྲོ་བ་འདི་ཡིན་ནོ་ཞེས་འཁྲུལ་པར་འགྱུར་ཏེ། དཔེར་ན་འགའ་ཞིག་ཏུ་
ངེས་པའི་སྒྲོན་མ་ཡུལ་གཞན་དུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་བློའི་རྒྱུ་ཉིད་དུ་འགྱུར་བ་བཞིན་ཏེ། སྒྲོན་མ་དེ་ཉིད་ཡུལ་གཞན་དུ་ཕྱིན་པ་ནི་མ་ཡིན་ཏེ། དེ་ནི་སྐད་ཅིག་མ་དྲུག་ཏུ་གནས་པ་ཉིད་དུ་མངོན་པར་འདོད་པའི་ཕྱིར་རོ། །དངོས་པོའི་རང་བཞིན་ཉིད་སྔོན་དང་ཕྱི་མའི་མཐས་སྟོང་པར་སྐྱེའོ་ཞེས་བརྗོད་དེ། དེས་
ན་དེ་ནི་དམིགས་པ་ཉིད་དུ་རིགས་པ་ཁོ་ནའོ། །རྣམ་པ་གཅིག་ཏུ་ན་སྐྱེ་བ་ཞེས་བྱ་བ་འདི་ནི་ལྔ་པའི་མཐའ་ཅན་ཏེ། བར་མེད་པར་སྐྱེ་བ་ལས་འདྲ་བ་གཞན་གྱི་དངོས་པོ་རྣམས་