Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 191
Văn bản gốc(Tây Tạng)
Trang 13 / 25 (50.000 ký tự/trang)
ཡིན་ནོ། །དེ་ལ་རེ་ཞིག་འབྲས་བུའི་རྟགས་ནི་མ་ ཡིན་ཏེ། རྟག་པ་ལས་འབྲས་བུ་འགའ་ཡང་མི་སྐྱེ་བའི་ཕྱིར་ཏེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་རོ། །རང་བཞིན་གྱི་རྟགས་ཀྱང་ཡོད་པ་མ་ཡིན་ཏེ། ཚངས་པར་བརྗོད་པའི་ཆོས་ཅན་དེ་ཉིད་མ་གྲུབ་པའི་ཕྱིར་རོ། །ཆོས་ཅན་མ་གྲུབ་ན་དེའི་རང་བཞིན་དུ་གྱུར་པའི་ ཆོས་རང་རྒྱུད་དུ་གྲུབ་པར་མི་འགྱུར་རོ། །འོ་ན་གཞན་རྟགས་སུ་འགྱུར་རོ་ཞེ་ན། དེ་དག་ལས་ནི་མ་གཏོགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་དང་འབྲས་བུ་ལས་མ་གཏོགས་པ་གཞན་བསྒྲུབ་བྱའི་དོན་དང་འབྲེལ་པ་མེད་པའི་ཕྱིར་ལ། འབྲེལ་པ་མེད་པའི་རྟགས་ ཀྱང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཡང་དངོས་པོ་རྣམས་སྒྲའི་ངོ་བོ་ཉིད་དུ་སྒྲའི་རྗེས་སུ་འགྲོ་བ་ཉིད་སྨྲས་པ་གང་ཡིན་པ་དེ་མ་གྲུབ་པའི་ཕྱིར་དང་། བརྫུན་པ་ཉིད་ཡིན་པའི་ཕྱིར་དོན་དམ་པའི་ཚངས་པ་སྒྲའི་ངོ་བོ་ཉིད་དུ་སྒྲུབ་པར་ནུས་པ་མ་ཡིན་ལ། ལུང་ ལས་ཀྱང་དེ་གྲུབ་པ་མ་ཡིན་ཏེ། དེ་མི་གནས་པའི་ཕྱིར་རོ། །གང་ཡང་མི་དམིགས་པ་ཞེས་བྱ་བའི་རྟགས་ཡོད་མོད་ཀྱི། དེ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ་སྙམ་དུ་བསམས་པའོ། །ཡང་ན་ཡོད་པ་སྒྲུབ་པར་བྱེད་པ་བརྗོད་པར་འདོད་པའི་ཕྱིར་རོ། ། དེ་ཉིད་ཀྱི་ཕྱིར། ཡོད་པའི་སྒྲུབ་བྱེད་རྟག་ཡོད་མིན། །ཞེས་བྱ་བ་སྨོས་སོ། །གཞན་ཡང་ཚངས་པ་ཤེས་པ་ཙམ་གྱི་དོན་བྱེད་པར་ཡང་མི་རུང་བར་ཤེས་པར་གྱིས་ཤིག །དེ་མི་རུང་བ་ཉིད་ཀྱིས་དེའི་ངོ་བོ་མེད་པ་ནི་དངོས་པོ་མེད་པ་རྣམས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱའོ། །འདི་ཉིད་སྟོན་ པ་ནི་ཤེས་པ་གོ་རིམས་དང་ལྡན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་དང་པོ་ཉིད་དུ་དབང་ཕྱུག་རྟག་པར་བསྟན་ཟིན་ཏོ། །དེ་ལས་གཞན་ཞེས་བྱ་བ་བླང་བ་དང་དོར་བའི་རྒྱུ་མཚན་ཅན་སྔོན་པོ་ལ་སོགས་པ་ལས་གཞན་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་ལས་ཞེས་བྱ་བ་ནི་མཇུག་ སྡུད་པའོ། །གཞན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །མོ་གཤམ་གྱི་བུ་དང་མཚུངས་པ་ཞེས་བྱ་བ་ནི་མོ་གཤམ་གྱི་བུ་དངོས་པོ་མེད་པ་ཉིད་དུ་རྣམ་པར་འཇོག་པ་ལ་དོན་བྱ་བ་བྱེད་པར་ནུས་པ་དང་བྲལ་བ་ལས་མ་གཏོགས་པ་རྒྱུ་མཚན་གཞན་ཡོད་པ་ནི་མ་ཡིན་ནོ། །ཅི་སྟེ་འདི་སྐད་དུ། ཚངས་པ་ མཆོག་གི་བདག་ཉིད་དེ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུའི་ཆོས་རྗེས་སུ་འཛིན་པའི་ནང་གི་བྱེད་པ་ཅན་རྣལ་འབྱོར་པ་རྣམས་ཀྱིས་མཐོང་ངོ་ཞེས་བརྗོད་པ་དེ་ཡང་མི་འཐད་དོ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་རྣལ་འབྱོར་གོམས་པའི་ཤེས་པ་ལ་དེའི་བྱ་བ་ཡོད་པ་ཡིན་ན་དེའི་ཚེ་ རྣལ་འབྱོར་པས་དེའི་ངོ་བོ་མཐོང་ངོ་ཞེས་བྱ་བར་འགྱུར་ན་འདི་ནི་རིགས་པ་མ་ཡིན་ཏེ། དེ་ཙམ་དུ་ཇི་སྐད་དུ་བཤད་པའི་རྣམ་པར་ཤེས་པ་ལ་དེའི་བྱ་བ་མེད་པའི་ཕྱིར་རོ། །འདི་སྙམ་དུ་དེའི་ཡུལ་ཅན་གྱི་ཤེས་པ་སྐྱེད་པས་རྣལ་འབྱོར་པ་རྣམས་ཀྱིས་དེ་མཐོང་བ་ནི་མ་ཡིན་ཏེ། དེ་ལས་མ་གཏོགས་ པའི་རྣལ་འབྱོར་པ་དང་། རྣལ་འབྱོར་པའི་ཤེས་པ་མེད་པའི་ཕྱིར་རོ། །འོན་ཀྱང་རྣལ་འབྱོར་གྱི་གནས་སྐབས་ན་རང་གི་བདག་ཉིད་གསལ་བའི་ངོ་བོ་དེ་གསལ་བ་ན་རྣལ་འབྱོར་པ་རྣམས་ཀྱིས་མཐོང་བར་བརྗོད་དོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་སྔར་རྣལ་འབྱོར་པ་མ་ཡིན་པའི་ གནས་སྐབས་ན་དེའི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་པ་བརྗོད་པར་བྱའོ། །གལ་ཏེ་རྟག་ཏུ་གསལ་བའི་ངོ་བོ་ཡིན་པ་དེའི་ཚེ། འོ་ན་རྣལ་འབྱོར་པ་མ་ཡིན་པའི་གནས་སྐབས་ནམ་ཡང་ཡོད་པ་མ་ཡིན་ཏེ། ཚངས་པ་ནི་རྟག་ཏུ་བདག་ཉིད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཐམས་ཅད་ལ་འབད་པ་ མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་ཡང་། ཇི་ལྟར་ཁྱེད་ཀྱི་རྨི་ལམ་ལ་སོགས་པའི་གནས་སྐབས་སུ་ཤེས་པ་གཉིས་སུ་མེད་པ་ཡིན་ན་ཡང་སྣ་ཚོགས་ཀྱི་རྣམ་པ་འཛིན་པར་སྣང་ངོ་། །དེ་བཞིན་དུ་དེ་གཉིས་སུ་མེད་པ་ཡིན་ན་ཡང་མ་རིག་པའི་དབང་གིས་རྒྱུད་རྣམ་པར་མ་དག་པ་རྣམས་ལ་དེ་ལྟར་སྣང་ བ་ཡིན་ནོ་སྙམ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གང་དག་ལ་དེ་དེ་ལྟར་སྣང་བར་འགྱུར་བ་དེ་ལས་མ་གཏོགས་པའི་རྣམ་པར་མ་དག་པའི་རྒྱུད་གཞན་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །གལ་ཏེ་ཚངས་པ་ཉིད་དེ་ལྟར་སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ཐར་པ་མེད་པར་ཐལ་བར་འགྱུར་ཏེ། ཚངས་པ་ནི་ ཐམས་ཅད་དུ་གཉིས་ཀྱི་ངོ་བོར་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་རྣམ་པར་དག་པའི་ཤེས་པ་གཞན་སྐྱེ་བའི་ཕྱིར་གྲོལ་བར་རིགས་པ་ཉིད་ཡིན་ལ། ཁྱེད་ཅག་ལ་ནི་གང་གི་དབང་གིས་དེ་དེ་ལྟར་སྣང་བ་ཞེས་བྱ་བར་འགྱུར་བ། དེ་ལས་མ་གཏོགས་པའི་མ་རིག་པ་ཡོད་པ་ཡང་མ་ཡིན་ ནོ། །ཡང་ན་ཐ་མི་དད་པའི་མ་རིག་པ་དེའི་དབང་གིས་དེ་ཉིད་དེ་ལྟར་སྣང་ངོ་ཞེས་བྱ་བ་འདི་ནི་ལེགས་པར་བཤད་པའོ། །ཅི་སྟེ་ཡང་མ་རིག་པའི་དབང་གིས་དེ་གསལ་བ་ཡིན་ནོ་ཞེས་བྱ་བ་འདིས་ནི་དེའི་མ་རིག་པའི་བདག་ཉིད་གསལ་བར་བྱས་པ་ཡིན་ནོ་སྙམ་ན། གལ་ཏེ་དེ་ལྟ་ན་ཐར་བ་མེད་པར་ཐལ་བ་ཉིད་ ཆེས་ཤིན་ཏུ་གསལ་བར་བྱས་པར་འགྱུར་རོ། །གང་གིས་མ་རིག་པ་དང་བྲལ་བས་གྲོལ་བར་འགྱུར་བ་རྟག་པ་གཅིག་པུའི་ངོ་བོ་ཚངས་པ་མ་རིག་པའི་བདག་ཉིད་དུ་གནས་པ་ཡིན་ན། དེའི་བདག་ཉིད་ཀྱི་མ་རིག་པ་དང་བྲལ་བ་ནི་མ་ཡིན་ནོ། །འོན་ཏེ་མ་རིག་པ་ཐ་དད་པར་ཁས་ལེན་པར་བྱེད་ན་དེ་ལྟ་ན་ཡང་ རྟག་པ་ཉིད་ཀྱི་ཕྱིར་ཁྱད་པར་བྱར་མེད་པའི་ཚངས་པ་ལ་དེ་ནི་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་མ་རིག་པའི་དབང་གིས་དེ་ལྟར་སྣང་བར་མི་རིགས་སོ། །དེ་ལྟ་ཡིན་དང་མ་རིག་པ་དང་ལྷན་ཅིག་དེ་འབྲེལ་པ་མེད་པའི་ཕྱིར་འཁོར་བ་མེད་པར་ཐལ་བར་འགྱུར་རོ། །དེ་ནི་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་མི་ནུས་སོ་ཞེས་ཀྱང་བརྗོད་པར་མི་ རིགས་ཏེ། དངོས་པོའི་ཆོས་ལ་གོ་སྐབས་གཞན་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དངོས་པོའི་ཆོས་ཉིད་དུ་མི་འགྱུར་རོ། །དངོས་པོ་མེད་པའི་དབང་གིས་དེ་དེ་ལྟར་གསལ་བར་ཡང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་དེ་ལྟ་བུར་གྱུར་པའི་དོན་བྱ་བ་བྱེད་པའི་རང་བཞིན་ ལ་ཡང་དངོས་མེད་ཅེས་མིང་བྱེད་ན་རྩོད་པ་མེད་དེ། དེ་ཁོ་བོ་ཅག་ལ་ཇི་ལྟ་བ་བཞིན་མ་ཡིན་པར་ཞེན་པའི་བག་ཆགས་ཉིད་མ་རིག་པ་ཡིན་ཏེ། བག་ཆགས་དེ་ཡང་ཧ་ཅང་ཞེས་བྱ་བ་ལ། ནུས་པ་ཡང་རྒྱུའི་བདག་ཉིད་ཀྱི་ཤེས་པའི་བདག་ཉིད་དུ་གྱུར་པ་ཉིད་ཡིན་ནོ། །དེས་ན་མ་རིག་པའི་བདག་ཉིད་ཀྱི་ ཤེས་པ་རྒྱུར་གྱུར་པ་སྔ་མ་སྔ་མས་ཇི་ལྟ་བ་བཞིན་མ་ཡིན་པར་ཞེན་པའི་འབྲས་བུའི་ཤེས་པ་ཕྱི་མ་ཕྱི་མ་སྐྱེ་བའི་ཕྱིར་མ་རིག་པའི་དབང་གིས་དེ་ལྟར་གསལ་བར་རིགས་སོ། །མ་རིག་པ་དེ་ཡང་རྣལ་འབྱོར་གོམས་པའི་ཕྱིར་ནུས་པ་མེད་པའི་སྐད་ཅིག་གོང་ནས་གོང་དུ་སྐྱེ་བའི་རིམ་གྱིས་བྲལ་བ་ལས་ཤེས་ པའི་རྒྱུད་རྣམ་པར་དག་པ་སྐྱེ་བའི་ཕྱིར་བྱང་གྲོལ་ཐོབ་པ། དེས་ན་བཅིངས་པ་དང་ཐར་པའི་རྣམ་པར་གཞག་པ་རིགས་པ་དང་ལྡན་པ་ཡིན་ནོ། །ཁྱེད་ལ་ནི་དེ་ལྟ་བུ་ཡོད་པ་མ་ཡིན་ཏེ། ཚངས་པ་ནི་རྟག་པ་གཅིག་པུའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གནས་སྐབས་གཉིས་མེད་པའི་ཚངས་པ་ནི་གཅིག་ ཉིད་ཡིན་པའི་ཕྱིར། གཅིག་ཐར་པ་ན་ཐམས་ཅད་ཐར་པར་ཐལ་བར་འགྱུར་བ་དང་། གཅིག་མ་གྲོལ་ན་ཐམས་ཅད་ཀྱང་མ་གྲོལ་བར་ཐལ་བར་འགྱུར་བ་མི་ཟློགས་སོ། །རྣལ་འབྱོར་པ་མ་ཡིན་པའི་གནས་སྐབས་ན་བདག་ཉིད་གསལ་བའི་ངོ་བོ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་འདི་ལ་ཅུང་ཟད་ཀྱང་ཡོད་པ་ མ་ཡིན་ལ། ཤེས་པ་ནི་གསལ་བའི་བདག་ཉིད་དུ་རང་རིག་པས་གྲུབ་པོ། །དེ་ལྟར་སྒྲའི་བདག་ཉིད་ནི་ཤེས་པའི་བདག་ཉིད་ཐམས་ཅད་ལ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །ཅི་སྟེ་རྣལ་འབྱོར་པ་མ་ཡིན་པའི་གནས་སྐབས་ན་ཚངས་པ་འདི་བདག་ཉིད་གསལ་བར་ཁས་ལེན་པར་ མི་བྱེད་ན། དེ་ལྟ་ན་ཡང་སྔར་མེད་པའི་གསལ་བའི་བདག་ཉིད་དེ་ཚངས་པ་སྔར་གྱི་ངོ་བོ་མ་དོར་བར་ཕྱིས་རྣལ་འབྱོར་པའི་གནས་སྐབས་སུ་ག་ལས་བྱུང་ཞེས་བརྗོད་པར་བྱའོ། །དེ་ལྟ་བས་ན་ཁྱེད་ཀྱིས་སྒྲའི་ཚངས་པ་སྨྲ་བ་ནི་ལོག་པར་སྨྲ་བ་ཡིན་པའི་ཕྱིར་སྤྲོས་པས་ཆོག་གོ། ། གཙོ་བོ་ཡོངས་སུ་འགྱུར་བ་དང་། །ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་སྐྱོན་གྱི་ལམ་འདི་ལ་ཡང་བསྒྲེ་བར་བྱེད་དོ། །དེ་ལ། འབྲས་དེ་ཡོད་ཕྱིར་རྒྱུ་ཡིས་ན། །བསྐྱེད་བྱ་མིན་ཏེ་རྒྱུ་རིག་བཞིན། །དེ་ཕྱིར་མངོན་འདོད་རྒྱུ་མིན་ཏེ། །བསྒྲུབ་བྱ་མེད་ཕྱིར་གཞན་དག་བཞིན། །ཞེས་བྱ་བ་ལ་ སོགས་པ་དེ་ལྟ་བུའི་སྐྱོན་བརྗོད་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་སྒྲའི་ཚངས་པ་བརྟག་པ་སྟེ་ལྔ་པའོ།། །།རིག་བྱེད་སྨྲ་བའི་གཞུང་ལུགས། གྲུབ་མཐའ་ཉེས་པར་བཤད་པའི་ཞེས་བྱ་བ་ལ་སོགས་འགོད་པར་བྱེད་དེ། དེ་དག་ནི་འདི་སྐད་དུ་སྐྱེས་བུ་ གཅིག་ཉིད་འཇིག་རྟེན་མཐའ་དག་འབྱིན་པ་དང་། གནས་པ་དང་། འཇིག་པའི་རྒྱུ་ཡིན་ལ། འཇིག་པ་ན་ཡང་ཤེས་པའི་ནུས་པ་ཁྱད་པར་དུ་འཕགས་པ་མི་འཇིག་གོ་ཞེས་ཟེར་ཏེ། དེ་སྐད་དུ་ཡང་། སྣལ་མ་རྣམས་ལ་བ་ཐག་བཞིན། །ཆུ་ལ་ཆུ་ཤེལ་ཇི་བཞིན་དང་། །ལྕུག་མ་ རྣམས་ཀྱི་བླག་ཤ་བཞིན། །དེ་ནི་སྐྱེ་ལྡན་ཀུན་གྱི་རྒྱུ། །ཞེས་བཤད་དོ། །དེ་བཞིན་དུ་གང་ཡང་བྱུང་བར་གྱུར་པ་དང་གང་ཡང་འབྱུང་བ་འདི་ཐམས་ཅད་ཀྱི་ནི་སྐྱེས་བུ་ཉིད་ཡིན་ནོ་ཞེས་བྱའོ། །དབང་ཕྱུག་ཆོས་མཚུངས་ཞེས་བྱ་བ་ནི་དབང་ཕྱུག་དང་ཆོས་མཚུངས་པ་སྟེ། གཉི་ག་ཡང་ སྣ་ཚོགས་འབྱིན་པ་དང་། གནས་པ་དང་། འཇིག་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །འདི་ཙམ་ཞིག་ནི་ཁྱད་པར་ཡིན་ཏེ། དབང་ཕྱུག་པར་སྨྲ་བ་རྣམས་ཀྱི་དབང་ཕྱུག་ལས་ཐ་དད་པ་གཞན་ཡང་བདག་ལ་སོགས་པ་དང་། འདུ་བ་ལ་སོགས་པ་རྒྱུར་འདོད་ལ། སྐྱེས་བུ་སྨྲ་བ་རྣམས་ཀྱིས་ནི། ། སྐྱེས་བུ་ཁོ་ན་རྒྱུར་འདོད་དོ། །གཉི་ག་ཡང་སྣ་ཚོགས་པ་འབྱིན་པ་དང་། གནས་པ་དང་། འཇུག་པའི་རྒྱུ་མཚན་གྱི་དངོས་པོར་ནི་མཚུངས་སོ། །གྲུབ་མཐའ་ཉེས་པར་བཤད་པ་ཡི། །རྗེས་འཇུག་བློ་ཅན་ཞེས་བྱ་བ་ནི་གང་དག་ལ་གྲུབ་མཐའ་ཉེས་པར་བཤད་པའི་རྗེས་སུ་འཇུག་པའི་ བློ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བལ་གྱི་ལྟེ་བ་ནི་བ་ཐག་པ་རྐྱོང་ངོ་། །འདི་དག་ལ་ཡང་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་རྩོམ་མོ། དབང་ཕྱུག་བཞིན་ཞེས་བྱ་བ་ནི་དྲུག་པའི་མཐའ་ཅན་ལས་རང་བཞིན་གྱི་རྐྱེན་ཡིན་ནོ། །དེ་ལ་ཡང་འདི་སྐད་དུ་སྐྱེས་བུ་ནི་སྐྱེ་བ་དང་ལྡན་པའི་རྒྱུ་མ་ཡིན་ཏེ། སྐྱེ་བ་དང་བྲལ་བའི་ཕྱིར་ནམ་མཁའི་པད་མ་བཞིན་ནོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ཅིག་ཅར་བར་འགྱུར་རོ་ཞེས་བྱ་བའི་ཉེས་པ་བརྗོད་པར་བྱའོ། །ཡང་ཇི་ལྟར་གཞན་དག་གིས་དབང་ཕྱུག་བསྒྲུབ་པའི་ཕྱིར་སྒྲུབ་པར་བྱེད་པ་བརྗོད་པ་དེ་ལྟར་སྐྱེས་བུ་སྨྲ་བ་རྣམས་ཀྱིས་སྐྱེས་བུ་གྲུབ་པར་བྱ་བའི་ཕྱིར་ལེན་ པར་བྱེད་པ་དེའི་ཚེ་དེ་བཞིན་དུ་མ་གྲུབ་པ་ལ་སོགས་པའི་སྐྱོན་བརྗོད་པར་བྱའོ། །སུན་འབྱིན་པའི་རྣམ་པ་གཞན་ཡང་འདི་འདྲའི་བྱེད་པ་དེ་དག་ཅེས་བྱ་བ་ལ་སོགས་སྨོས་ཏེ། རྟོག་པ་སྔོན་དུ་གཏོང་བའི་འཇུག་པ་ལ་དགོས་པ་དང་ལྡན་པས་ཁྱབ་པ་དེ་བས་ན་ཅིའི་ཕྱིར་སྐྱེས་བུ་འདི་ཡང་འགྲོ་བ་འགོད་པར་ བྱེད་པ་འདི་འདྲ་བ་བྱེད་ཅེས་བརྗོད་པར་བྱའོ། །གལ་ཏེ་དབང་ཕྱུག་ལ་སོགས་པ་གཞན་གྱིས་བསྐུལ་བས་མི་འདོད་ཀྱང་བྱེད་པ་དེའི་ཚེ་འདི་རང་དབང་ཅན་དུ་ཁས་བླངས་པ་གང་ཡིན་པ་དེ་ཉམས་པར་འགྱུར་རོ། །ཅི་སྟེ་སྙིང་རྗེས་གཞན་རྗེས་སུ་གཟུང་བའི་དོན་དུ་བྱེད་པ་དེའི་ཚེ། དམྱལ་བ་ལ་སོགས་པ་ སྡུག་བསྔལ་དང་ལྡན་པའི་སེམས་ཅན་སྤྲུལ་པར་བྱེད་པར་མི་འགྱུར་གྱི། གཅིག་ཏུ་བདེ་བ་དང་ལྡན་པ་ཁོ་ན་བྱེད་པར་འགྱུར་རོ། །གཞན་ཡང་འབྱིན་པ་སྟེ་སྐྱེད་པའི་སྔར་བརྩེ་བར་བྱ་བ་སེམས་ཅན་མེད་པའི་ཕྱིར། རྗེས་སུ་བརྩེ་བ་གང་གི་དབང་གིས་འདི་བྱེད་པ་པོ་དང་འབྱིན་པ་པོར་རྟོག་པ་ཅི་ ལ་དམིགས་ནས་དེའི་རྗེས་སུ་བརྩེ་བར་འགྱུར། གལ་ཏེ་ཡང་འདི་རྗེས་སུ་བརྩེ་བས་བྱེད་ན་ལྷ་དང་མི་ལ་སོགས་པ་གང་དག་རྟག་ཏུ་མངོན་པར་མཐོ་བ་དང་ལྡན་པ་དེ་དག་ཅིའི་ཕྱིར་འཇིག་པར་བྱེད་དེ། གང་ཡང་སྡུག་བསྔལ་དང་ལྡན་པའི་རྒྱུད་ངན་སོང་བའི་སེམས་ཅན་དེ་དག་ཉིད་འཇིག་པར་བྱེད་ པར་ངེས་སོ་སྙམ་དུ་དགོངས་པའོ། །ཅི་སྟེ་ཡང་རྗེས་སུ་བརྩེ་བར་བྱ་བ་དེ་དག་གིས་མ་མཐོང་བའི་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་གང་ཡིན་པ་དེ་ལ་ལྟོས་ནས་འཇིག་རྟེན་བདེ་བ་དང་སྡུག་བསྔལ་དང་ལྡན་པར་བྱེད་དོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ནི་རང་དབང་ཅན་དུ་ཁས་ བླངས་པ་ཉམས་པར་འགྱུར་རོ། །ནུས་པ་ཡིན་ན་འགའ་ལ་ཡང་མི་ལྟོས་པའམ། ནུས་པ་མེད་ན་ལྟོས་ནས་ལྷའི་འཇིག་རྟེན་དུ་སྐྱེ་བའི་ཕྱིར་སྐྱེས་བུ་འདི་དེའི་རྒྱུ་ཉིད་ཉམས་པར་འགྱུར་རོ། །དེ་མ་མཐོང་བ་ན་ལྟོས་པ་ཡིན་མོད་ཀྱི། འོན་ཀྱང་ཡང་མ་མཐོང་བའི་ཆོས་ཅན་ མ་ཡིན་པའི་བདག་ཉིད་ཀྱི་སྡུག་བསྔལ་གྱི་རྒྱུ་གང་ཡིན་པ་དེ་ལ་ལྟོས་ན་བརྩེ་བ་དང་ལྡན་པར་མི་རིགས་སོ། །འོན་ཀྱང་དེ་དེ་ལ་བརྩེ་བའི་གཞན་དབང་དུ་གྱུར་པ་ཉིད་ལ་བཏང་སྙོམས་སུ་བྱ་བ་ཉིད་དུ་རིགས་སོ། །བརྩེ་བ་དང་ལྡན་པ་རྣམས་ནི་གཞན་གྱི་སྡུག་བསྔལ་གྱི་རྒྱུ་ཚོལ་བ་མ་ཡིན་ཏེ། དེ་ དག་ནི་གཞན་སྡུག་བསྔལ་དང་བྲལ་བར་འདོད་པ་ཉིད་ཀྱིས་འཇུག་པའི་ཕྱིར་རོ། །ཅི་སྟེ་རྗེས་སུ་བརྩེ་བས་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྩེད་མོའི་དོན་དུའོ། །འདི་ཡང་ཡང་དག་པ་མ་ཡིན་ཏེ། དེ་ལྟ་ན་ནི་རྩེད་མོའི་དོན་དུ་བསྐྱེད་ན་འདི་རང་དབང་ཅན་དུ་མི་འགྱུར་ཏེ། སྐྱེ་བ་དང་། གནས་པ་དང་། འཇིག་པའི་བདག་ཉིད་ཀྱི་རྩེད་མོའི་རྣམ་པ་སྣ་ཚོགས་ཀྱི་ཐབས་ལ་ལྟོས་པའི་ཕྱིར་རོ། །གཞན་ཡང་རྩེད་མོ་སྣ་ཚོགས་ཀྱི་ཐབས་གང་དག་ཡིན་པ་དེ་བྱེད་པ་ལ་གལ་ཏེ་འདི་ནུས་པ་ཡིན་ན། དེའི་ཚེ་དེ་དག་ཅིག་ཅར་ཁོ་ནར་བྱེད་པར་འགྱུར་ལ། འོན་ཏེ་དང་པོར་དེ་ལ་ནུས་པ་ མེད་པ་དེའི་ཚེ་རིམ་གྱིས་ཀྱང་བྱེད་པར་མི་འགྱུར་ཏེ། མི་ནུས་པའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར་རོ། །གཅིག་དངོས་པོ་གཅིག་ལ་ནུས་པའམ་མི་ནུས་པ་ཕན་ཚུན་འགལ་བའི་ཆོས་གཉིས་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་བྱ་བ་འདི་འདྲ་བ་རྩོམ་ཞེས་བྱ་བ་ལ་སོགས་པ་རྟོག་པ་ ཐམས་ཅད་དབང་ཕྱུག་ལ་ཡང་ཐུན་མོང་ཡིན་ཏེ། དེའི་ཕྱིར་གང་བློ་གྲོས་བཟང་པོས་གཞན་རྗེས་སུ་གཟུང་བའི་དོན་དུ་དབང་ཕྱུག་འཇུག་སྟེ། དཔེར་ན་དོན་བྱས་པ་ཐུག་པ་ཁ་ཅིག་བདག་ལ་ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བའི་དོན་མེད་ན་ཡང་གཞན་རྗེས་སུ་གཟུང་བའི་དོན་དུ་འདོམས་པར་ བྱེད་པ་དེ་བཞིན་དུ་དབང་ཕྱུག་ཀྱང་བདག་ཉིད་ཀྱི་དབང་ཕྱུག་གི་འབྱོར་པ་སྟོན་ཅིང་སྲོག་ཆགས་རྣམས་རྗེས་སུ་འཛིན་པ་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་དང་། ཡང་ན་ནུས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དཔེར་ན་དུས་ནི་དཔྱིད་ལ་སོགས་པ་མངོན་པར་གསལ་བ་ལ་རྣམ་གྲངས་ཀྱིས་རྒྱུ་བ་དང་མི་རྒྱུ་བའི་ རྣམ་པར་འགྱུར་བ་སྐྱེད་པའི་རང་བཞིན་ཡིན་པ་དེ་བཞིན་དུ་དབང་ཕྱུག་ཀྱང་འབྱིན་པ་དང་། རྗེས་སུ་འཛིན་པ་དང་། སྡུད་པའི་ནུས་པ་རྣམས་གསལ་བ་ལ་རྣམ་གྲངས་ཀྱི་སྲོག་ཆགས་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་འཇིག་པའི་རྒྱུ་ཉིད་ཡིན་ནོ་ཞེས་སྨྲས་པ་དེ་ཡང་འདི་ཉིད་ཀྱིས་ལན་བཏབ་པ་ ཡིན་ནོ། །འདི་ལྟར་གཞན་རྗེས་སུ་གཟུང་བའི་དོན་དུ་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ལ་རྗེས་སུ་འཛིན་པ་ལྷུར་བྱེད་པ་ན་འགྲོ་བ་གཅིག་ཏུ་བདེ་བ་དང་ལྡན་པ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ལན་ཡིན་ནོ། །ནུས་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་ཡང་། འབྱིན་དང་གནས་ དང་སྡུད་པ་ལ། །ཅིག་ཅར་ནུས་པ་གསལ་བ་ཅན། །འགྲོ་བ་ཅིག་ཅར་བྱེད་པར་འགྱུར། །དེ་ལྟ་མིན་ན་ནུས་གསལ་མིན། །དབང་ཕྱུག་འདི་ནི་ནུས་གསལ་བར། །རིམ་གྱིས་ཀྱང་ནི་འཐད་མ་ཡིན། །གལ་ཏེ་ནུས་གསལ་འདི་ལས་གཞན། །དངོས་པོ་གཅིག་ཏུ་ཇི་ལྟར་འགྱུར། ། ཞེས་བྱ་བའི་སུན་འབྱིན་པ་འདི་ཉིད་ཡིན་ནོ། །དུས་ནི་དཔྱིད་ལ་སོགས་པ་མངོན་པར་གསལ་བ་ལ་རྣམ་གྲངས་ཀྱིས་འཇུག་པ་ལ་ཉེས་པ་འདི་ཉིད་ཡིན་ནོ། །གྲང་བ་དང་དྲོ་བ་ཐ་དད་པ་གཉིས་བསྟན་པའི་དངོས་པོ་ཉིད་སྐད་ཅིག་རེ་རེ་ལ་འཇིག་པ་ནི་དུས་ཞེས་བྱ་བ་འདི་ནི་ཕྱིས་སྟོན་པར་འགྱུར་རོ། ། འོན་ཏེ་འདི་འབྱིན་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པས་གསལ་བྱེད་པའི་ལུགས་ཀྱི་དོགས་པ་བསུ་བ་ཡིན་ཏེ། དེས་སྨྲས་པ། ལེགས་ལྡན་བྱེད་ནི་རྩེད་མོའི་དོན་དུ་འཇུག་པ་ནི་མ་ཡིན་གྱི། འོན་ཀྱང་ཇི་ལྟར་ས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་རང་གི་འབྲས་བུ་ལ་འཇུག་པ་ གང་ཡིན་པ་ནི་རང་བཞིན་ཉིད་དེ་འདྲ་བ་ཡིན་ཏེ། དེ་བཞིན་དུ་དབང་ཕྱུག་ཀྱང་ཡིན་ནོ་ཞེའོ། །དེ་ཡང་འདི་མི་རིགས་ཏེ། དེ་ལྟ་ན་དངོས་པོ་ཐམས་ཅད་དེའི་བྱ་བ་ཙམ་དུ་འབྱུང་བའི་རྒྱུ་ནུས་པ་མ་ཚང་བ་མེད་པ་ཉེ་བའི་ཕྱིར་ཅིག་ཅར་སྐྱེ་བར་འགྱུར་རོ། །བློ་དང་ལྡན་པའི་ཁྱད་པར་ཡང་རིགས་པ་མ་ཡིན་ནོ་ཞེས་ ཁོ་བོ་ཅག་གིས་དང་པོ་ཉིད་དུ་བསྟན་ཟིན་ཏོ། །གལ་ཏེ་དེ་ལྟ་ན་མེ་ལ་སོགས་པའི་འབྲས་བུ་ཡང་ཅིའི་ཕྱིར་ཅིག་ཅར་འབྱུང་བར་མི་འགྱུར་ཞེ་ན། རང་རྒྱུའི་སྟོབས་ལས་བྱུང་བ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ཞེས་བྱ་བ་ནི་མེ་ལ་སོགས་པའི་འོ། །འང་གི་སྒྲ་ནི་དབང་ཕྱུག་ ཁོ་ནར་མ་ཟད་ཅེས་བྱའོ། །ངེས་པ་འདི་ཞེས་བྱ་བ་ནི་རང་གི་རྒྱུའི་སྟོབས་ཀྱིས་བྱས་པའོ། །འདི་སྙམ་དུ་བལ་གྱི་ལྟེ་བ་ཅན་ཅིའི་ཕྱིར་རང་གི་འབྲས་བུ་བརྒྱ་ལ་སོགས་པ་ལ་ངོ་བོ་ཉིད་ཀྱིས་འཇུག་པས་ཅིག་ཅར་མི་བྱེད་ན། བལ་གྱི་ལྟེ་བའམ་རང་བཞིན་གྱིས། །ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། བ་ཐག་པ་རྐྱོང་ཡང་རང་བཞིན་གྱིས་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྲོག་ཆགས་ཟ་བར་འདོད་པའི་ཕྱིར། །རེས་འགའ་ཡིན་པའི་ཕྱིར་དང་། ངེས་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འདི་ནི་རྟག་པ་དང་གཅིག་པུའི་ངོ་བོ་མ་ཡིན་ཏེ། དེ་ལ་ ཡང་རང་གི་རྒྱུའི་སྟོབས་ལས་བྱུང་བའི་ནུས་པ་རེས་འགའ་བ་ཡིན་ནོ། །ཅི་སྟེ་ཡང་བརྩེ་བས་ཀྱང་མ་ཡིན་ལ། རྩེད་མོས་ཀྱང་མ་ཡིན་ཏེ། འོན་ཀྱང་བློ་དང་མི་ལྡན་པ་གང་དུ་འགྲོ་བས་ཅི་ཞིག་ལྟར་འཇུག་པ་ཡིན་ནོ་སྙམ་ན། གལ་ཏེ་ཇི་ཞིག་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་ཤིན་ཏུ་མི་ ཤེས་པ་ཉིད་ཀྱིས་ཉ་པ་ལ་སོགས་པ་ཐ་མལ་པའི་སྐྱེས་བུ་ལས་འདིའི་ཚིག་ཇི་ལྟར་རྟོག་པ་དང་ལྡན་པས་གཟུང་བར་འོས་པར་འགྱུར། བློ་ལྡན་ཞེས་བྱ་བ་ནི་རྟོག་པ་དང་ལྡན་པའོ། །ཉ་པ་ནི་ཉ་ཤོར་བའོ། །སྐྱེས་བུ་སུན་འབྱིན་པ་འདི་ཉིད་ཀྱིས་གང་ཡང་དཔའ་བོའི་བུ་ལ་སོགས་པ་གཞན་དག་ གིས་འགྲོ་བའི་བྱེད་པ་པོར་བརྟགས་པ་དེ་དག་ཀྱང་གསལ་བར་ཤེས་པར་བྱའོ་ཞེས་སྟོན་པ་ནི། དཔའ་བུ་བདག་སྐྱེས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དཔའ་བུ་ནི་ཁྱབ་འཇུག་གོ། །བདག་སྐྱེས་ནི་ཚངས་པའོ། །སོགས་པའི་སྒྲས་གཞན་གྱིས་འདོད་པའི་བློ་དང་ལྡན་པའི་དུས་གང་ཡིན་པ་དེ་ གཟུང་ངོ་། །ཇི་སྐད་དུ། དུས་ཀྱིས་འབྱུང་བ་མིན་པར་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་སྨྲས་པ་ལྟ་བུའོ། །གཉིད་ལོག་པ་ལ་ཞེས་བྱ་བ་ནི་འཇིག་པའི་དུས་འཇིག་རྟེན་ན་ཐིམ་པ་ཞེས་བྱ་བའི་དོན་ ཏོ། །དེ་ལྟ་བུར་གྱུར་པ་བློ་ངན་པས་ཀུན་དུ་བརྟགས་པ་གཞན་དག་ཀྱང་སོགས་པ་སྨོས་པས་བསྡུའོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་སྐྱེས་བུ་བརྟག་པ་སྟེ་དྲུག་པའོ།། །།བདག་གི་བྱ་བ་དང་བྲལ་བ་ཉིད་དུ་བསྟན་པའི་ཕྱིར། གཞན་དག་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། གཞན་དག་ཀྱང་ནི་ཞེས་བྱ་བ་ནི་རིགས་པ་ཅན་དང་། བྱེ་བྲག་པ་རྣམས་སོ། །དེ་དག་ནི་ལུས་དང་དབང་པོ་དང་བློ་ལས་ཐ་དད་པའི་བདག་ཅེས་བྱ་བའི་རྫས་འདོད་པ་དང་། སྡང་བ་དང་འབད་པ་དང་། བདེ་བ་དང་། སྡུག་བསྔལ་དང་། ཤེས་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། འདུ་བྱེད་རྣམས་ཀྱི་རྟེན་འདུ་བའི་རྒྱུ་སེམས་མེད་པའི་ངོ་བོ་མི་འཇིག་པ་ཐམས་ཅད་དུ་འགྲོ་བ། དགེ་བ་དང་མི་དགེ་བའི་ལས་ཐ་དད་པ་རྣམས་ཀྱི་བྱེད་པ་པོ་དེའི་འབྲས་བུ་འདོད་པ་དང་མི་འདོད་པའི་ཟ་བ་པོར་ཡོངས་སུ་རྟོག་པར་བྱེད་དོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་བདག་མེད་པར་འགྱུར་ན་དེའི་ཚེ་ཤི་ནས་ལས་ ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་དེ་སུ་ཡིན། གཞན་གྱིས་བྱས་པ་གཞན་ལོངས་སྤྱོད་པ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་མ་བྱས་པ་དང་ཕྲད་པའི་སྐྱོན་དུ་འགྱུར་ཏེ། བྱེད་པ་པོ་མ་ཡིན་པ་ཉིད་འབྲས་བུ་དང་འབྲེལ་པའི་ཕྱིར་རོ། །བྱས་པ་ཆུད་གསོན་པར་ཡང་འགྱུར་ཏེ། བྱེད་པ་པོ་འབྲས་བུ་དང་འབྲེལ་པ་མེད་ པའི་ཕྱིར་རོ། །དེ་ལྟར་འདོད་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་གདོན་མི་ཟ་བར་གང་ཁོ་ན་བྱེད་པ་པོ་དེ་ཁོ་ན་ཟ་བ་པོར་ཁས་བླང་བར་བྱ་བ་ཡིན་ནོ་ཞེས་ཡོངས་སུ་རྟོག་པར་བྱེད་དོ། །དེས་ན་བྱེད་པ་པོ་དང་ཟ་བ་པོ་གང་ཡིན་པ་དེ་ནི་བདག་ཡིན་ནོ། །ཡང་གལ་ཏེ་འདི་སེམས་ཀྱི་ངོ་བོ་མ་ཡིན་ན་དེའི་ཕྱིར་ཇི་ ལྟར་མི་ཤེས་པ་བྱེད་པ་པོར་རིགས་ཤེ་ན། སེམས་འབྲེལ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སེམས་དང་འབྲེལ་པའི་ཕྱིར་ཤེས་པར་བྱེད་པ་ཡིན་པས་སེམས་ཡིན་གྱི། ཇི་ལྟར་སེར་སྐྱ་པ་སྐྱེས་བུའི་རང་གི་ངོ་བོ་སེམས་ཅན་ཡིན་ནོ་ཞེས་རྗོད་པར་བྱེད་པ་ལྟར་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ ཕྱིར་རང་གི་ངོ་བོ་ནི་མ་ཡིན་ནོ། །འོ་ན་གལ་ཏེ་རྟག་པ་འདི་ཉིད་ཇི་ལྟར་བྱེད་པ་པོ་དང་ཟ་བ་པོ་མ་ཡིན་པའམ། ཇི་ལྟར་དེའི་སྐྱེ་བའམ། འཆི་བའམ། གསོན་པ་རྣམ་པར་འཇིག་སྟེ། རྟག་པ་དང་གཅིག་པུའི་ངོ་བོ་ལ་ནི་འདི་ཐམས་ཅད་རུང་བ་མ་ཡིན་ཏེ། དཔེར་ན་ནམ་མཁའ་བཞིན་ནོ་ཞེ་ན། ཤེས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་དང་། འབད་པ་དང་། བྱེད་པར་འདོད་པ་ལ་སོགས་པ་རྣམས་བདག་དེ་ལ་འདུ་བ་ནི་བྱེད་པ་པོ་ཉིད་དོ། །བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་དང་འདུ་བ་ནི་ཟ་བ་པོ་ཉིད་དོ། །རིས་མཐུན་པ་ཁྱད་པར་ཅན་དང་། ལུས་དང་། དབང་ པོ་དང་། བློ་དང་། ཚོར་བ་སྔ་ན་མེད་པ་དག་དང་འབྲེལ་པ་ནི། བདག་དེའི་སྐྱེ་བ་ཡིན་པར་བརྗོད་དོ། །རིས་མཐུན་པ་ནི་ལྷ་དང་མི་ལ་སོགས་པའི་བྱེ་བྲག་གོ། །ཚོར་བ་དག་དང་ཞེས་བྱ་བ་ལ། དང་གི་སྒྲས་ལུས་དང་དབང་པོ་དག་སྡུད་པར་བྱེད་དོ། །དེ་ལ་ལུས་དང་དབང་པོ་དང་ཡང་ དག་པར་ལྡན་པའི་མཚན་ཉིད་ནི་དེའི་འབྲེལ་པའོ། །བློ་དང་ཚོར་བ་དག་ནི་འདུ་བའི་མཚན་ཉིད་དོ། །ཇི་ལྟར་ལྡན་པ་དང་ལྡན་ཞེ་ན། དེ་ལ་ཡང་ལྡན་པ་དང་ལྡན་པ་ཡོད་དོ། །དེའི་མ་མཐོང་བས་མངོན་པར་འདུས་བྱས་པའི་རྣ་བའི་བུ་ག་ནི་བདག་དང་ལྡན་ལ། དེ་དང་ཡང་ནམ་མཁའི་བདག་ཉིད་ཀྱི་ རྣ་བ་དང་ལྡན་ནོ། །སྔར་ཐོབ་པ་སྟེ། སྔོན་ཉེ་བར་བླངས་པའི་ལུས་དང་། དབང་པོ་དང་། བློ་དང་། ཚོར་བ་རྣམས་དང་བྲལ་བ་ནི་འདིའི་འཆི་བར་བརྗོད་དོ། །དེའི་གསོན་པ་ནི་ལུས་དང་བཅས་པ་ཆོས་དང་ཆོས་མ་ཡིན་པ་ལ་ལྟོས་པའི་ཡིད་དང་ལྡན་པ་གང་ཡིན་པའོ། །འཚེ་བ་ནི་ལུས་ དང་མིག་ལ་སོགས་པ་ལ་གནོད་པའི་ཕྱིར་བདག་འདི་ལ་འཚེ་བར་རྟོག་སྟེ་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཡང་འབྲས་བུའི་རྟེན་དང་བྱེད་པ་པོ་ལ་གནོད་པ་ནི་འཚེ་བ་ཡིན་ནོ་ཞེས་བྱ་བ་ནི་མདོ་ཡིན་ནོ། །འབྲས་བུའི་རྟེན་ནི་ལུས་ཏེ། བདེ་བ་ལ་སོགས་པ་འབྲས་བུའི་རྟེན་ཡིན་པའི་ཕྱིར་རོ། ། བྱེད་པ་པོ་ནི་དབང་པོ་ཡིན་ཏེ། ཡུལ་དམིགས་པའི་བྱེད་པ་པོ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་བདག་འདི་ཡོད་པ་ཉིད་དུ་ཤེས་པར་བྱ་བ་ཞེས་བྱ་བ་འདི་ལ། རེ་ཞིག་རྣ་མ་ཕུག་པ་ཚད་མ་བྱེད་པ་ནི་བདག་ཅག་གི་ཡོད་པ་ལ་སོགས་པར་ཁྱད་པར་མེད་པའི་ཡུལ་དང་། ཡུལ་མ་ཡིན་པའི་ཤེས་བྱའི་ཡུལ་ ཅན་བདག་གི་མངོན་སུམ་དང་རྗེས་སུ་དཔག་པ་དང་། ཉེ་བར་འཇལ་བ་དང་། སྒྲ་དང་། དྲན་པ་དང་། ངོ་ཤེས་པ་དང་། གྲུབ་པས་མཐོང་བ་དང་། གཙུག་ལག་དང་། ཐེ་ཚོམ་དང་། ཕྱིན་ཅི་ལོག་དང་། མ་ངེས་པ་དང་། རྨི་ལམ་དང་། རྨི་ལམ་གྱི་མཐའི་ཤེས་རབ་ཀྱི་ཁྱད་པར་རྣམས་ནི་བདག་ གི་ལུས་ལ་སོགས་པ་ལས་ཐ་དད་པའི་རིག་པར་བྱེད་པས་རིག་པར་བྱ་བ་ཡིན་ཏེ། རང་གི་རྒྱུ་ལ་རག་ལས་པ་དང་། སྐྱེ་བ་དང་ལྡན་པ་དང་། སྤྱི་དང་ཁྱད་པར་དང་ལྡན་པ་དང་། རྟོགས་པའི་བདག་ཉིད་དང་། ཤིན་ཏུ་མྱུར་བ་དང་། འཇིག་པ་ཉིད་དང་། འདུས་བྱས་སྐྱེད་པར་བྱེད་པ་ཉིད་དང་། ཤེས་པ་ ཉིད་ཡིན་པ་དག་གི་ཕྱིར་སྐྱེས་བུ་གཞན་གྱི་ཤེས་པ་བཞིན་ནོ། །ཆོས་མི་མཐུན་པས་ནི་ཞིག་པའི་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཡོད་པ་ལ་སོགས་པར་ཁྱད་པར་མེད་པ་ནི་སྔར་བཤད་པ་དྲུག་གོ། །ཡོད་པ་ལ་སོགས་པ་དྲུག་པོ་ད་དག་གི་ཡུལ་ནི་རྫས་དང་། ཡོན་ཏན་དང་། ལས་ རྣམས་སོ། །ཡུལ་མ་ཡིན་པ་ནི་སྤྱི་དང་། ཁྱད་པར་དང་། འདུ་བ་རྣམས་སོ། །དེ་གཉི་གའི་བདག་ཉིད་ཀྱི་ཤེས་བྱའི་ཡུལ་ཅན་མངོན་སུམ་ལ་སོགས་པའི་ཤེས་རབ་ཀྱི་ཁྱད་པར་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཉེ་བར་འཇལ་བ་ཞེས་བྱ་བ་ལ་ སོགས་པ་ནི་ཟླས་དབྱེ་བར་བསྟན་ཏོ། །གྲུབ་པས་མཐོང་བ་ནི་གང་སྐར་མ་ཤེས་པའི་བསྟན་བཅོས་ལ་སོགས་པ་སྟོན་པ་སྟེ། དེ་ནི་གྲུབ་པ་རྣམས་ཀྱི་མཐོང་བའམ། མཐོང་བ་གྲུབ་པ་ཡིན་པས་གྲུབ་པ་མཐོང་བ་ཞེས་བྱའོ། །གཙུག་ལག་ནི་སྤོབས་པའི་ཤེས་པ་སྟེ། དཔེར་ན་སྔར་བདག་གི་ སྤུན་ཟླའི་ངོ་ཤེས་ཞེས་བྱ་བ་ལྟ་བུའོ། །དེ་ཡང་ཕལ་ཆེར་དྲང་སྲོང་རྣམས་ལས་འབྱུང་བས་གཙུག་ལག་ཅེས་བྱའོ། །ཐེ་ཚོམ་ནི་ཡིད་གཉིས་སོ། །ཕྱིན་ཅི་ལོག་ནི་བཟློག་པའོ། །མ་ངེས་པ་ནི་ཡུལ་མ་ངེས་པའོ། །དང་པོ་རྨི་ལམ་གྱི་གནས་སྐབས་སུ་བྱུང་བའི་ཤེས་པ་ནི་རྨི་ལམ་མོ། །རྨི་ལམ་ གྱི་མཐའ་ནི་དེའི་ཡུལ་ལ་རྨི་ལམ་ན་ཡང་ཤེས་པ་གཞན་འབྱུང་བ་གང་ཡིན་པ་དེ་ཡིན་ཏེ། ཤེས་རབ་ཀྱི་ཁྱད་པར་རོ། །ལྷག་མ་ནི་གོ་བླའོ། །ཚད་མ་དེ་དོན་གྱིས་བསྟན་པའི་ཕྱིར། བདག་གི་ཞེས་བྱ་བའི་ཤེས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ལ་སོགས་པ་ཞེས་བྱ་བ་འདི་ལ་ སོགས་ཀྱི་སྒྲས་བློ་དང་། དབང་པོ་དང་། ཚོར་བ་རྣམས་གཟུང་ངོ་། །ཤེས་ཕྱིར་ཞེས་བྱ་བ་ནི་མཚོན་པ་སྟེ། རྒྱུ་ལ་རག་ལས་པ་དང་། སྐྱེ་བ་དང་ལྡན་པ་ལ་སོགས་པ་དེ་ལས་ཀྱང་གཞན་པ་དག་ཀྱང་གཟུང་བར་བྱའོ། །བདེ་བྱེད་བདག་པོ་ཡང་ཚད་མ་རྣམ་པ་གཞན་དུ་བྱེད་དེ། འདོད་པ་ལ་སོགས་པ་ནི་འགའ་ ཞིག་ལ་བརྟེན་པ་ཡིན་ཏེ། དངོས་པོ་ཡོད་པའི་འབྲས་བུ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྟེ། དེ་སྟོན་པ་ནི་འདོད་པ་ལ་སོགས་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་སྨོས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་དངོས་པོ་ཡོད་པའི་ཞེས་བྱ་བའི་ཁྱད་པར་འབྲས་བུ་དང་བཅས་པར་སྟོན་པར་བྱེད་དོ། །གསལ་བྱེད་པས་ཚད་མ་ སྦྱོར་བ་ནི་ལྷ་སྦྱིན་གྱི་གཟུགས་དང་། རོ་དང་། དྲི་དང་། རེག་པའི་ཤེས་པ་རྣམས་ནི་གཅིག་དང་དུ་མ་རྒྱུ་མཚན་ཅན་ཏེ། བདག་གིས་ཞེས་བྱ་བའི་ཤེས་པས་མཚམས་སྦྱོར་བར་བྱེད་པའི་ཕྱིར་དང་། བརྡ་བྱས་པ་རྣམས་གར་མཁན་གྱི་སྨིན་མ་བསྐྱོད་པ་ལ་ཅིག་ཅར་སྐྱེས་བུ་དུ་མའི་ཤེས་པ་བཞིན་ནོ། །འདིའི་དོན་ནི་འདི་ཡིན་ཏེ། དཔེར་ན་གར་མཁན་སྨིན་མ་བསྐྱོད་མ་ཐག་ཏུ་ཁོ་བོ་ཅག་གིས་གོས་འཕང་བར་བྱའོ་ཞེས་བྱ་བ་དེ་ལྟ་བུ་བརྡར་བྱས་པ་མང་པོ་རྣམས་ཀྱི་བྱེད་པ་པོ་དུ་མ་ཤེས་པ་དུ་མར་གྱུར་པའི་རྒྱུ་མཚན་ནི་སྨིན་མ་བསྐྱོད་པ་གཅིག་ཡིན་པའི་ཕྱིར་བདག་གིས་མཐོང་ངོ་། །བདག་གིས་མཐོང་ངོ་ཞེས་མཚམས་སྦྱོར་བར་བྱེད་ དོ། །དེ་བཞིན་དུ་འདི་ལ་ཡང་སྣ་ཚོགས་པའི་ཡུལ་ཅན་གྱི་ཤེས་པའི་རྒྱུ་མཚན་གཅིག་ཉིད་ཀྱི་ཕྱིར་མཚམས་སྦྱོར་བ་ཡིན་ཏེ། རྒྱུ་མཚན་གཅིག་པོ་གང་ཡིན་པ་དེ་ནི་བདག་ཅེས་བྱའོ། །དང་པོར་མཚམས་སྦྱོར་བ་ངས་མཐོང་ངོ་། །ངས་ཐོས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཤེས་པ་རྣམས་ཤེས་པ་ གཅིག་གི་རྒྱུ་མཚན་གྱིས་བྱས་པ་ཡིན་ལ། གར་མཁན་གྱི་སྨིན་མ་བསྐྱོད་པ་ནི་ཤེས་པ་རྣམས་ཡུལ་གཅིག་པ་ཉིད་དུ་བསྟན་པ་ནི་མཚམས་སྦྱོར་བ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་དོན་གཅིག་རྒྱུ་མཚན་དུ་བྱས་པ་གང་ཡིན་པ་ཤེས་པ་རྣམས་ཀྱི་འབྲེལ་པ་ནི་མཚམས་སྦྱོར་བ་ཞེས་བརྗོད་དོ། །ཚད་མ་དེ་འདི་ཉིད་ ཀྱིས་བསྟན་པའི་ཕྱིར། གཟུགས་སོགས་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་སླའོ། །འདི་ནི་དེའི་སྦྱོར་བ་གཞན་ཡིན་ཏེ། བདག་གོ་ཞེས་བྱ་བའི་ཚིག་ནི་ལུས་དང་། དབང་པོ་དང་། ཡིད་དང་། བློ་དང་། ཚོར་བའི་ཚོགས་ལས་མ་གཏོགས་པ་རྗོད་པར་བྱེད་པ་ཡིན་ཏེ། རྣམ་གྲངས་ངེས་ པ་ལས་ཐ་དད་པ་ཉིད་ཡིན་པ་ན་གཅིག་གི་ཚིག་ཡིན་པའི་ཕྱིར་བུམ་པ་ལ་སོགས་པའི་སྒྲ་བཞིན་ནོ། །དེ་འཆད་པ་ནི་འདི་ལྟར་བདག་ཅེས་བྱ་བ་ལ་སོགས་པ་སྟེ། རྣམ་གྲངས་ངེས་ལས་ཐ་དད་ན། །ཞེས་བྱ་བ་ནི་བློ་དང་དབང་པོ་ལ་སོགས་པ་རྣམ་གྲངས་གྲུབ་པའི་བློ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལས་ཐ་དད་ པ་ཡིན་པ་ན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བསྟན་པའི་ཆོས་ཀྱིས་ནི། །ཞེས་བྱ་བ་ནི་བློ་ལ་སོགས་པ་ལས་ཐ་དད་པའི་དོན་བརྗོད་པ་ཉིད་ཀྱིས་སོ། །གང་ཡང་དེ་ལྟར་ཡོངས་ངེས་པ། །ཞེས་བྱ་བ་ནི་རྣམ་གྲངས་ངེས་པ་ལས་ཐ་དད་པའི་གཅིག་གི་ཚིག་ཉིད་ཀྱིས་སོ། །ཡང་དེ་ཉིད་ལྡོག་པའི་སྒོ་ནས་བདག་ གྲུབ་པར་བྱ་བའི་ཕྱིར་གཏན་ཚིགས་སྦྱོར་བར་བྱེད་པ་ནི། གསོན་པའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བར་འགྱུར་བའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའོ། །དེ་སྟོན་པར་བྱེད་པ་ནི། གསོན་པོ་ཡི་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་བདག་ མེད་ཅེས་བྱ་བ་ནི་གསོན་པོའི་ལུས་འདི་ལའམ། ཡང་ན་བདག་འདི་ལ་བདག་མེད་པ་དང་རང་བཞིན་མེད་པ་མེད་ཀྱི། འོན་ཀྱང་ཡོད་པར་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་རྟག་པ་ཉིད་དང་ཁྱབ་བདག་ཉིད་དུ་ཇི་ལྟར་རྟོགས་པར་བྱ་ཞེས་བྱ་བ་འདི་ལ། རེ་ཞིག་རྣ་མ་ཕུག་པ་ཚད་མ་སྟོན་པ་ནི། དེ་མ་ཡིན་པའི་དུས་སུ་ངའི་རབ་ཏུ་ཤེས་པ་ནི། མའི་ལྟོ་ནས་བྱུང་མ་ཐག་པའི་དུས་ཀྱི་བདག་གི་དང་པོའི་རིག་པར་བྱེད་པའི་རབ་ཏུ་ཤེས་པ་དག་གིས་རིག་པར་བྱ་བ་ཡིན་ཏེ། ངའི་རབ་ཏུ་ཤེས་པ་ཡིན་པའི་ཕྱིར་བདག་གི་དང་པོའི་རབ་ཏུ་ཤེས་པ་བཞིན་ནོ། །དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་ཡང་ ཕྱོགས་སུ་བྱའོ། །འདི་ཡང་རྟག་པ་ཉིད་དུ་རྗེས་སུ་དཔག་པའོ། །ད་འདི་ཉིད་སྟོན་པར་བྱེད་པ་ནི། ཤེས་པ་ཕྱི་མ་ཐམས་ཅད་ནི། །ཞེས་བྱ་བ་ལ་སོགས་པའོ། །དེ་དང་པོ་བཞིན་ཞེས་བྱ་བ་ནི་དུས་ཕྱིས་བྱུང་བའི་ཤེས་པ་དེའི་དང་པོ་ནི་དེའི་དང་པོའོ། །དེ་ཉིད་ཀྱི་ཁྱབ་པ་ཉིད་བསྒྲུབ་པའི་ཕྱིར་ཚད་ མ་སྟོན་པ་ནི། ས་དང་། ཆུ་དང་། མེ་དང་། ཡིད་ལོག་པར་རྟོགས་པའི་ཡུལ་དུ་གྱུར་པའི་ཆེས་རིང་དུ་གནས་པ་རྣམས་ནི་ངའི་བདག་དང་ལྷན་ཅིག་འབྲེལ་པ་ཡིན་ཏེ། ལུས་ཅན་ཉིད་དང་། ཤུགས་དང་ལྡན་པ་དང་། གཞན་ཉིད་དང་། གཞན་མ་ཡིན་པ་ཉིད་དང་། ཕན་ཚུན་ཡང་དག་ པར་སྦྱོར་བ་དང་། རྣམ་པར་དབྱེ་བ་དང་ལྡན་པ་དག་གི་ཕྱིར་ངའི་ལུས་པོ་བཞིན་ནོ་ཞེས་བྱའོ། །དེ་སྟོན་པ་ནི་ཡུལ་ཐག་རིང་པོར་འཇུག་པའི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པའོ། །དེའི་ཕྱིར་རེ་ཞིག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། ། སྒྲུབ་བྱེད་དང་པོ་ཞེས་བྱ་བ་ནི་ངའི་ཞེས་བྱ་བའི་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་དེ་ལ་གྲུབ་པ་ལ་སྒྲུབ་པ་ཉིད་དེ། ཁྱེད་ཅག་གི་ཤེས་པ་རྣམས་ཁོ་བོ་ཅག་གིས་ཁྱེད་ཀྱི་ལུས་ལ་སོགས་པ་ལས་ཐ་དད་པ་ཐམས་ཅད་མཁྱེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པ་དང་། དེ་ལས་ གཞན་ཕ་རོལ་གྱི་སེམས་ཤེས་པ་རྣམས་ཀྱིས་ཉམས་སུ་མྱོང་བར་ཁས་བླངས་པའི་ཕྱིར་རོ། །གང་ཡང་སྐྱེས་བུ་གཞན་གྱི་ཤེས་པ་བཞིན་ནོ་ཞེས་བྱ་བའི་ཆོས་མཐུན་པའི་དཔེ་དེ་བསྒྲུབ་པར་བྱ་བ་དང་བྲལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསལ་བར་བྱེད་པ་ལྟོས་མེད་པར། ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྐྱེས་བུ་གཞན་དང་འབྲེལ་པའི་ཤེས་པ་ཡང་གསལ་བར་བྱེད་པ་གཞན་ལ་མི་ལྟོས་པར་རང་རིག་པའི་ངོ་བོ་ཉིད་དུ་སྐྱེ་སྟེ། དེས་ནི་ལུས་ལ་སོགས་པ་ལས་ཐ་དད་པའི་རིག་པར་བྱེད་པས་རིག་པར་བྱ་བ་ཉིད་ཀྱི་བསྒྲུབ་བྱས་དཔེ་འདི་སྟོང་པ་ཉིད་ཡིན་ནོ། ཅི་སྟེ་ཡང་གཞན་དག་གིས་སེམས་ཙམ་དཔེར་བརྗོད་པར་མི་འདོད་མོད་ཀྱི། འོན་ཀྱང་ཡུལ་ལ་སོགས་པའི་ཤེས་པ་གང་ལས་ཡོངས་སུ་འཛིན་པའི་ཤེས་པ་དེའི་རྣམ་པ་སྐྱེ་བ་དེ་འདིར་དཔེར་བརྗོད་པར་འདོད་དོ་སྙམ་ན། དེ་ཡི་རྣམ་པར་ཉེར་བསྒྱུར་བས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ ན་ཡང་གང་རང་རིག་པའི་ངོ་བོ་ཉིད་ཀྱིས་ཤེས་པ་རིག་པར་བྱེད་པའི་ཤེས་པ་གཞན་དང་བྲལ་བ་སྐྱེ་ལ། དེས་ན་ཐེ་ཚོམ་དུ་འགྱུར་ཏེ། གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་དེ་ཡང་རང་ལས་ཐ་དད་པའི་རིག་པར་བྱེད་པས་རིག་པར་བྱ་བ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་དང་ ལྡན་པ་ཉིད་དང་། གཞལ་བྱ་ཉིད་དང་། དྲན་པར་བྱ་བ་ཡིན་པའི་ཕྱིར་ཡུལ་བཞིན་ནོ་ཞེས་བྱ་བར་འདོད་ན་དེའི་ཕྱིར་འདི་ལ་ཡང་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པར་བྱེད་པ་མེད་པའི་ཕྱིར་བཟློག་པ་མ་ངེས་སོ། །ཤེས་པ་ཕྱི་མ་ཕྱི་མས་ཉམས་སུ་མྱོང་ན་ཡང་ཐུག་པ་མེད་དོ། །གསལ་བ་མི་ གསལ་བ་ཅན་ནི་ཡུལ་དུ་མི་འགྲུབ་སྟེ། དེའི་ཕྱིར་ཡུལ་གཅིག་བསྒྲུབ་པའི་ཕྱིར་ཤེས་པའི་རྒྱུད་པ་ཁས་བླངས་ན་སྐྱེས་བུའི་ཚེ་མཐའ་དག་དགོས་སོ། །ཅི་སྟེ་ཡང་ཐུག་པ་མེད་པས་འཇིག་པས་ཤེས་པ་ཅུང་ཟད་ཅིག་རང་རིག་པའི་ངོ་བོར་སྐྱེའོ་ཞེས་བྱ་བར་འདོད་ན། དེའི་ཚེ་དེ་དག་ཉིད་ཀྱི་སྐྱེ་བ་དང་ འཇིག་པའི་ཆོས་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་རྣམས་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་ཤེས་པ་གཞན་དག་ལ་ཡང་རང་རིག་པ་ཉིད་ཁས་ལེན་པ་ལ་སྡང་དུ་ཅི་ཡོད། ཅི་སྟེ་ཡང་དེ་ནི་རིག་པ་མ་ཡིན་པའི་ངོ་བོ་ཉིད་དུ་འདོད་ན། དེ་ལྟ་ན་ཡང་མ་གྲུབ་པ་ན་ཤེས་པ་སྔ་མ་ སྔ་མ་ཐམས་ཅད་ལ་སྒྲུབ་སྟེ། གསལ་བ་མི་གསལ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཡུལ་ཡང་འགྲུབ་པར་མི་འགྱུར་རོ། །རྣམ་པར་ཤེས་པར་སྨྲ་བ་གང་དག་ཤེས་པ་ཐམས་ཅད་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རང་ཉིད་གསལ་བ་ཡིན་གྱི། ཤེས་པ་གཞན་ གྱིས་རྟོགས་པར་བྱ་བ་ནི་མ་ཡིན་ནོ་ཞེས་འདོད་པ་དེ་ལ་བསྒྲུབ་པར་བྱ་བ་མ་ཚང་བའི་ཉེས་པ་གཡོ་བ་མེད་པ་ཉིད་དོ། །ད་བཞིན་དུ་རྒྱུ་ལ་རག་ལས་པ་དང་། སྐྱེ་བ་དང་ལྡན་པ་ལ་སོགས་པའི་སྒྲུབ་པར་བྱད་པ་གཞན་དག་ལ་ཡང་གྲུབ་པ་ལ་སྒྲུབ་པ་ལ་སོགས་པའི་སྐྱོན་བརྗོད་པར་བྱའོ། །གང་ཡང་ ཡོད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཆོས་ཅན་ཁྱད་པར་དུ་བྱས་པ་དེ་ཡང་སྔ་མ་བཞིན་དུ་དོན་མེད་པ་ཡིན་ནོ། །འདི་ཡང་སྐབས་སུ་བབ་པའི་བསྒྲུབ་བྱ་སྒྲུབ་པ་ལ་ཡན་ལག་མ་ཡིན་ཏེ། འདི་ལྟར་ངའི་མངོན་སུམ་ལ་སོགས་པའི་ཤེས་པ་ནི་ངའི་ལུས་ལ་སོགས་པ་ལས་ཐ་དད་པའི་རིག་ པར་བྱེད་པས་རིག་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་འདི་ཅམ་ཞིག་གིས་ཅི་ཞིག་མ་རྟོགས། མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི་རྣམ་པར་དབྱེ་བས་ཆོས་ཅན་རབ་ཏུ་དབྱེ་བ་ཡང་དོན་མེད་པ་ཉིད་ཡིན་ཏེ། ངའི་ཤེས་པ་ཞེས་བྱ་བ་དེ་ཙམ་ཞིག་ཁོ་ནས་རྟོགས་པའི་ཕྱིར་རོ། །ཇི་སྐད་བཤད་ པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ཕྱིར་རྒོལ་བ་དག་ལ་མ་གྲུབ་པ་ཉིད་ཡིན་པའི་ཕྱིར་གཏན་ཚིགས་རྣམས་གཞི་མ་གྲུབ་པ་ཁོ་ནའོ། །ཅི་སྟེ་ཡང་འབྲས་བུ་མེད་པའི་ཁྱད་པར་བླངས་ནས། དེ་བསྒྲུབ་པའི་དོན་དུ་སྒྲུབ་བྱེད་གཞན་ཉིད་བརྗོད་པ་དེ་ལྟ་ཡིན་ན། སྐབས་ཀྱི་དོན་ལས་སྐབས་མ་ ཡིན་པ་མ་འབྲེལ་པའི་དོན་ཅན་དོན་གཞན་ནི་ཚར་གཅད་པའི་གནས་སུ་འགྱུར་རོ། །གང་ཡང་འདོད་པ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། འདི་ལྟར་འདོད་པ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འདོད་པ་ལ་སོགས་པའི་རྟེན་རྒྱུ་ཙམ་ཞིག་སྒྲུབ་ན། དེའི་ཚེ་ གྲུབ་པ་ལ་སྒྲུབ་སྟེ། ཁོ་བོ་ཅག་འདོད་པ་ལ་སོགས་པ་རྒྱུ་མེད་པར་ནི་མི་འདོད་དེ། གཞི་ཡི་སེམས་དང་སེམས་བྱུང་རྣམས། །ཞེས་བཤད་པའི་ཕྱིར་རོ། །ཡོངས་སུ་རྟོག་ན་ནི་ཞེས་བྱ་བ་ནི་སྨྲ་བར་བྱེད་ན་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་གཞིའི་མཚན་ཉིད་ཀྱི་རྟེན་སྒྲུབ་ན་དེའི་ཚེ་དམ་བཅས་པའི་དོན་རྗེས་སུ་ དཔག་པས་གནོད་པའི་ཕྱིར་དེས་གཏན་ཚིགས་ལ་ཁྱབ་པ་མི་འགྲུབ་པོ་ཞེས་སྟོན་པ་ནི། གལ་ཏེ་དེ་རྟེན་ནི་ཞེས་བྱ་བ་ལ་སོགས་པའོ། །འདོད་པ་ལ་སོགས་པ་དེ་དག་གི་གཞི་ནི་དེའི་རྟེན་ཡིན་ནོ། །དངོས་པོ་ལུས་ཅན་ཐུར་དུ་ལྟུང་བའི་ཆོས་ཅན་ཡིན་ན་ལྟུང་བའི་གེགས་བྱས་ པས་རྟེན་དུ་བརྟག་ན། གང་དག་བདེ་བ་ལ་སོགས་པ་ལྟུང་བས་སྟོང་པ་དེ་དག་ལ་འོག་ཏུ་ལྟུང་བ་མི་སྲིད་པའི་ཕྱིར། ཅི་ཞིག་བྱེད་པ་ན་བདག་ལ་སོགས་པ་རྟེན་དུ་འགྱུར། འོན་ཏེ་དཔེར་ན་བུམ་པ་ལ་སོགས་པ་ཅུང་ཟད་མི་བྱེད་པ་རྣམས་ཀྱང་རྒྱ་ཤུག་ལ་སོགས་པའི་རྟེན་མ་ཡིན་ནམ། དེ་བཞིན་དུ་ བདེ་བ་ལ་སོགས་པའི་རྟེན་དུ་འགྱུར་རོ་ཞེ་ན། རྒྱ་ཤུག་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟུང་བའི་གེགས་དག་བྱེད་ཕྱིར་རམ། །ཞེས་བྱ་བ་ནི་སྐད་ཅིག་མ་མ་ཡིན་པའི་ཕྱོགས་ལའོ། །ཁྱད་པར་སྐྱེད་པར་བྱེད་ཕྱིར་རོ། །ཞེས་བྱ་བ་ནི་སྐད་ཅིག་མའི་ཕྱོགས་ལའོ། །ཁྱད་པར་སྐྱེད་པར་ བྱེད་པ་ནི་ཉེ་བར་ལེན་པའི་རྒྱུ་དང་ཡུལ་མཚུངས་པར་སྐྱེད་པར་བྱེད་པའོ། །འདོད་པ་ལ་སོགས་པ་དེ་དག་ལ་རྣམ་པ་འདི་གཉི་ག་ཡང་མི་སྲིད་པའི་ཕྱིར། དེ་དག་ལ་རྟེན་འགའ་ཡང་རིགས་པ་མ་ཡིན་ནོ། །གང་ཡང་དངོས་པོ་ཡོད་པའི་ཞེས་བྱ་བའི་ཁྱད་པར་དེ་ནི་དོན་མེད་པ་ཉིད་ཡིན་ཏེ། རྣམ་པར་གཅད་ པར་བྱ་བ་མེད་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། འཇིག་པའི་ངོ་བོ་མེད་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཇིག་པའི་འབྲས་བུ་ཡིན་པར་གྱུར་ན་དེའི་ཚེ་རྣམ་པར་གཅད་པར་བྱ་བའི་ཕྱིར། དངོས་པོ་ཡོད་པའི་ཞེས་བྱ་བའི་ཁྱད་པར་དོན་དང་བཅས་པར་འགྱུར་ན། ཇི་ཙམ་དུ་དེ་དངོས་པོ་ མེད་པའི་ཕྱིར་རྒྱུ་དག་གིས་ཅུང་ཟད་ཀྱང་བྱ་བ་མ་ཡིན་པའི་ཕྱིར་ཇི་ལྟར་རྒྱུ་དང་ལྡན་པར་འགྱུར། སྦྱོར་བ་ནི་གང་དངོས་པོ་མེད་པ་དེ་ནི་འགའི་ཡང་འབྲས་བུ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །འཇིག་པ་ཡང་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པའོ། །འབྲས་བུ་ ཡིན་ན་དངོས་པོ་ཉིད་དུ་ཐལ་བར་འགྱུར་ཏེ། བདེ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་ནི་འདིར་གནོད་པ་ཅན་གྱི་ཚད་མའོ། །གཞན་ཡང་ཁྱེད་ཅག་ཁས་བླངས་པ་དང་འགལ་བ་ཡང་ཡིན་ཏེ། འདི་ལྟར་འབྲས་བུ་ཞེས་བྱ་བ་ནི་རང་གི་རྒྱུ་དང་འདུ་བས་སམ། ཡོད་པ་དང་འདུ་བས་བདག་ཐོབ་པ་ཞེས་ བརྗོད་པ་ནི་ཁྱེད་ཅག་གི་ངེས་པ་ཡིན་ནོ། །རྫས་ལ་སོགས་པའི་རང་བཞིན་དང་བྲལ་བའི་འཇིག་པ་ལ་ནི་རང་གི་རྒྱུ་ལ་འདུ་བ་འམ། དེ་ལ་ཡོད་པ་དང་མེད་པ་ཡང་མ་ཡིན་ཏེ། དེ་ནི་ངོ་བོ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདི་ན་འདི་རྫས་ལ་སོགས་པ་བཞིན་དུ་སྟོན་པ་དང་དངོས་པོར་ཡང་ འགྱུར་བའི་ཕྱིར་གཏན་ཚིགས་ཀྱི་ཁྱད་པར་གྱིས་རྣམ་པར་དཔྱད་པར་བྱ་བ་ཅུང་ཟད་དུ་ཡང་མི་འགྱུར་རོ། །དེའི་ཕྱིར་དངོས་པོ་ཡོད་པ་ཞེས་བྱ་བའི་ཁྱད་པར་དོན་མེད་དོ། །གཟུགས་སོགས་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། མ་རིག་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངས་མཐོང་ངོ་། ། ངས་ཐོས་སོ་ཞེས་བྱ་བ་དེ་ལྟ་བུའི་ཤེས་པ་པོ་གཅིག་གི་རྒྱུ་མཚན་གྱིས་ཤེས་པ་རྣམས་སྦྱོར་བའི་མཚན་ཉིད་ཀྱི་མཚམས་སྦྱོར་བ་གང་ཡིན་པ་དེ་འདི་མ་ངེས་པ་ཡིན་ཏེ། འདི་ལྟར་དངོས་པོ་སྐད་ཅིག་མ་རྣམས་ལ་ཡང་འཁྲུལ་པས་བྱེད་པ་པོ་གཅིག་ཏུ་མངོན་པར་རློམ་པས་མཚམས་སྦྱོར་བ་སྲིད་པའི་ཕྱིར་རོ། ། དེ་ལྟ་བས་ན་དེ་ལྟ་བུར་གྱུར་པའི་མཚམས་སྦྱོར་བ་ལས་དངོས་པོ་རྣམ་པར་འཇོག་པར་རིགས་པ་མ་ཡིན་ནོ། །ཡང་ཇི་ལྟར་སྐད་ཅིག་མ་མང་པོ་མཚམས་སྦྱོར་བའི་རྒྱུ་མཚན་དུ་འགྲོ་བ་ཡིན་ཞེ་ན། ནུས་པའི་དབྱེ་བས་ཐ་དད་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པའི་ཁྱད་པར་ལས་དོན་དུ་ མ་ཡིན་ཡང་གཅིག་གི་རྣམ་པར་མཚམས་སྦྱོར་བ་ལ་སོགས་པ་འབྲས་བུ་གཅིག་ནི་རྒྱུ་མཚན་གྱི་རྒྱུར་འགྱུར་ཏེ། དཔེར་ན་སླེ་ཏྲེས་ལ་སོགས་པས་རིམས་ལ་སོགས་པ་ཞི་བར་བྱེད་དོ་ཞེས་བྱ་བ་འོག་ནས་རྒྱས་པར་སྟོན་པར་འགྱུར་རོ། །ཅི་སྟེ་ཡང་འདིའི་འཁྲུལ་པ་ཉིད་ཇི་ལྟར་ངེས་ཤེ་ན། གཟུགས་ དང་སྒྲ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བདག་ལ་སོགས་པ་རྟག་པ་གཅིག་པུ་སྔ་མ་དང་ཕྱི་མའི་དུས་སུ་རྗེས་སུ་འགྲོ་བའི་འབྲས་བུ་སྔོན་པོ་ལ་སོགས་པའི་ཤེས་པ་དེ་དག་ཡིན་པར་གྱུར་ན། དེའི་ཚེ་དེ་དག་གིས་རིམ་གྱིས་འབྱུང་བ་དང་འགལ་ཏེ། རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་ཅིག་ ཅར་ཁོ་ནར་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །རྟག་པ་ནི་གཞན་ལ་ལྟོས་པ་ཡང་མ་ཡིན་ཏེ། དེ་ནི་འགའ་ཞིག་གིས་ཕན་གདགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་སྤྱིར་གཅིག་རྒྱུ་སྔོན་དུ་འགྲོ་བ་ཙམ་སྒྲུབ་ན། དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། རྣམ་ ཤེས་གཅིག་གི་མཇུག་ཐོགས་སུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤེས་པ་གཅིག་གི་མཇུག་ཐོགས་སུ་སྟེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གཅིག་ལས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་པོ་སྐྱེ་བ་གསལ་པོར་ཤེས་ཏེ། འདི་ལྟར་ གང་ཁོ་ནའི་ཚེ་གར་མཁན་གྱི་གཟུགས་མཐོང་བ་དེ་ཁོ་ནའི་ཚེ་རྔ་ཟླུམ་ལ་སོགས་པའི་སྒྲ་ཐོས་ཤིང་། ཨུཏྤ་ལ་ལ་སོགས་པའི་དྲི་སྣོམ་པ་དང་། ག་པུར་ལ་སོགས་པའི་རོ་མྱང་བ་དང་། བསིལ་ཡབ་ཀྱི་རླུང་ལ་སོགས་པའི་རེག་བྱ་ཉམས་སུ་མྱོང་བར་འགྱུར་ཞིང་། ཡིད་ཀྱིས་གོས་སྦྱིན་ པར་བྱའོ་སྙམ་དུ་སེམས་པར་བྱེད་དོ། །མགལ་མེའི་འཁོར་ལོ་མཐོང་བ་བཞིན་དུ་མཐོང་བ་མྱུར་བར་རྒྱུ་བའི་ཕྱིར་རོ་ཞེས་བརྗོད་པ་ཡང་མི་རིགས་ཏེ། མི་གསལ་བར་སྣང་བར་ཐལ་བའི་ཕྱིར་རོ། །འདི་ལྟར་ཁྱེད་ཅག་གིས་མཐོང་བ་ལ་སོགས་པ་རྣམས་མཚམས་སྦྱོར་བ་ལ་ཅིག་ཅར་བཟུང་བར་མངོན་ པར་རློམ་པ་འདི་བརྗོད་པ་ཡིན་ཏེ། མཚམས་སྦྱོར་བ་ཡང་དྲན་པས་བྱས་པ་ཡིན་ལ། དེ་ཡང་འདས་པའི་ཡུལ་ཅན་ཡིན་པའི་ཕྱིར་མི་གསལ་བ་ཡིན་ནོ། །ཅིག་ཅར་གཟུགས་ལ་སོགས་པ་སྣང་བ་འདི་ནི་གསལ་བ་ཁོ་ནར་རིག་གོ། །གཞན་ཡང་ས་ར་ལ་སོགས་པ་ཡི་གེ་འཛིན་པའི་ཤེས་པ་ རྣམས་སྐྱེ་བ་ཡོད་པའི་ཕྱིར་ས་ར་ར་ས་ལ་སོགས་པ་དེ་ལ་ཡང་ཆོས་ཅིག་ཅར་འཛིན་པར་རློམ་པར་འགྱུར་རོ། །དེ་ལྟ་ཡིན་དང་འགའ་ཞིག་བཟུང་ཡང་རིམ་པར་ངེས་པ་མ་ཡིན་ཏེ། འདི་ཡང་འོག་ནས་རྒྱས་པར་འཆད་པར་འགྱུར་རོ། །འདི་ནི་གསལ་བ་ཞེས་སྨོས་པས་ལན་ཕྱོགས་ཙམ་ཞིག་ བསྟན་པ་ཡིན་ནོ། །ཅི་སྟེ་རྟག་པ་དང་། གཅིག་པུའི་དངོས་པོའི་རྒྱུ་ཉིད་ཡིན་པའི་ཕྱིར། འདི་དག་ནི་གཅིག་གི་རྒྱུ་མཚན་ཉིད་དུ་སྒྲུབ་པར་བྱེད་ན་དེའི་ཚེ་ཁྱབ་པ་རྗེས་སུ་དཔག་པས་གནོད་པ་ཉིད་དུ་སྟོན་པ་ནི། རིམ་བཞིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་མ་ཐག་ཏུ་ཞེས་བྱ་བ་ནི་གཅིག་རྗེས་ ཤུགས་ལས་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་གནོད་པར་བྱེད་པའི་རྗེས་སུ་དཔག་པ་འདི་ཡིན་ཏེ། གང་དག་རྒྱུ་ནུས་པ་ཐོགས་པ་མེད་པ་ཉེ་བ་དེ་དག་ནི་ཅིག་ཅར་འབྱུང་བ་ཡིན་ཏེ། དཔེར་ན་ཚོགས་པ་ཚང་བ་ཅིག་ཅར་འབྱུང་བའི་མྱུ་གུ་ལ་སོགས་པ་ལྟ་བུའོ། །ལྷ་སྦྱིན་གྱི་གཟུགས་ལ་ སོགས་པའི་ཡུལ་ཅན་གྱི་ཤེས་པ་ཡང་རྒྱུ་ནུས་པ་ཐོགས་པ་མེད་པ་ཉེ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་འགྱུར་བ་ཡང་མ་ཡིན་ཏེ། དེའི་ཕྱིར་བཟློག་པ་ཡིན་ནོ། །དཔེ་ཡང་བསྒྲུབ་བྱ་དང་མི་ལྡན་པ་ཡིན་ནོ་ཞེས་སྟོན་པ་ནི། གར་མཁན་གྱི་སྨིན་མ་ཞེས་བྱ་བ་ལ་ སོགས་པའོ། །གར་མཁན་གྱི་སྨིན་མ་བསྐྱོད་པ་ལ་སོགས་པ་ནི་གཅིག་མ་ཡིན་ཏེ། དེ་ནི་རྡུལ་ཕྲ་རབ་དུ་མ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་དེ་སྒྲ་གཅིག་གི་ཡུལ་དུ་འགྱུར་ཞེ་ན། དེ་ལ་གཅིག་ཏུ་བཏགས་པའི་ཕྱིར། །ཞེས་བྱ་བ་སྨོས་སོ། །འོན་ཏེ་ བཏགས་པའི་རྒྱུ་མཚན་ཡང་གང་ཡིན་ཞེ་ན། འབྲས་བུ་གཅིག་ལ་ཉེར་སྦྱོར་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྨིན་མ་བསྐྱོད་པ་འདི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུ་གཅིག་ལ་ཉེ་བར་སྦྱོར་ཏེ། དེ་ལྟ་བས་ན་ཐ་དད་ཀྱང་སྒྲ་གཅིག་གི་ཡུལ་དུ་འགྱུར་རོ། །ཅི་ སྟེ་ཡང་ཁོ་བོ་ཅག་གིས་རྣམ་པ་དེ་ལྟ་བུའི་རྟག་པ་གཅིག་བསྒྲུབ་པར་བྱ་བར་འདོད་དེ། དེས་ན་དཔེ་བསྒྲུབ་བྱ་དང་བྲལ་བར་མི་འགྱུར་རོ་ཞེ་ན། གལ་ཏེ་བསྒྲུབ་བྱ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་གྲུབ་པ་ལ་སྒྲུབ་སྟེ། ཤེས་པ་གཅིག་གི་རྒྱུ་མཚན་གྱི་འདུ་བྱེད་སྔ་མ་དང་ཕྱི་མར་ གྱུར་པ་རྣམས་གཅིག་ཏུ་ཡོད་པར་གདགས་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་ཡང་ཇི་ལྟར་བདག་ཅེས་བྱ་བའི་ཚིག་ཅེས་བྱ་བ་ལ་སོགས་པ་དེ་ལ། ངེད་ཀྱི་བློ་དང་སེམས་སོགས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་གཅིག་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཡིན་ཏེ། འདི་ལྟར་བློ་དང་། དབང་པོ་དང་། ཚོར་བ་དང་། ལུས་ཀྱི་རྣམ་གྲངས་ནི་བློ་ནི་སེམས་དང་ཤེས་པའོ། །དབང་པོ་ནི་ཨ་ཀྵི་དང་། ཚོར་བ་ནི་རིག་པའོ། །ལུས་ནི་སྐུ་དང་ལུས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཚིག་གཅིག་ཡིན་པའི་ཕྱིར་ན་ཡང་ཁོ་བོ་ཅག་གི་ལུགས་ལ་དེ་ལས་ཐ་དད་པའི་དང་ པོའི་དངོས་པོ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དེས་ན་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་མ་གྲུབ་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ། །འོན་ཏེ་འདི་ཉིད་དོགས་པར་བྱས་ནས། རྣམ་གྲངས་ངེས་པར་གྲུབ་པ་ལས་ཐ་དད་པ་ཞེས་བྱ་བའི་གཏན་ཚིགས་དེའི་ཁྱད་པར་བརྗོད་པ་མ་ ཡིན་ནམ། དེ་ཇི་ལྟར་མ་ངེས་པར་འགྱུར་ཞེ་ན། དེ་ལྟ་བས་ན་འདི་ལ་བརྗོད་པ། གཏན་ཚིགས་ཀྱི་ཁྱད་པར་འདི་ནི་མ་གྲུབ་པོ། ཅིའི་ཕྱིར་ཞེ་ན། སེམས་ཀྱི་རྣམ་གྲངས་སུ་གནས་པའི་ཕྱིར་རོ། །བདག་ཅེས་བྱ་བའི་ཚིག་འདི་སེམས་ཀྱི་རྣམ་གྲངས་ཉིད་དུ་རྣམ་པར་ གཞག་པའི་ཕྱིར་རོ། །ཇི་སྐད་དུ། སེམས་ཉིད་ང་རྒྱལ་གྱི་རྟེན་ཡིན་པའི་ཕྱིར། བདག་ཅེས་བཏགས་པ་ཡིན་ནོ་ཞེས་བཤད་དོ། །ཉེ་བར་བཏགས་ཏེ་ཐ་སྙད་དུ་བྱས་ཞེས་བྱ་བའི་དོན་ཏོ། །དེས་ན་གང་ཡང་གསལ་བྱེད་པས་དངོས་ཀྱི་དོན་མི་སྲིད་པའི་ཕྱིར་ཉེ་བར་བཏགས་པར་མི་རིགས་སོ་ཞེས་ བཤད་པ་དེ་ནི་བསམ་པ་ཡོངས་སུ་མ་ཤེས་པའི་ཕྱིར་རོ་ཞེས་གཟུང་བར་བྱའོ། །འདི་ཉིད་བརྗོད་ཅེས་བྱ་བ་འདིས་གསལ་བར་བྱེད་དོ། །དེ་ལྟ་བས་ན་གཏན་ཚིགས་ཀྱི་ཁྱད་པར་མ་གྲུབ་པོ། ཀུན་རྫོབ་ཏུ་ཡུལ་དང་བཅས་པ་ཉིད་དུ་ཁས་བླངས་ནས་གཏན་ཚིགས་འདི་མ་ངེས་པ་ཉིད་དུ་བསྟན་ཏོ། །གལ་ཏེ་ དོན་དམ་པར་བློ་ལ་སོགས་པ་ལས་ཐ་དད་པའི་དོན་རྗོད་པར་བྱེད་པ་ཉིད་དུ་སྒྲུབ་ན། དེའི་ཚེ་ཁྱབ་པ་རྗེས་སུ་དཔག་པས་གནོད་པའི་ཕྱིར་གཏན་ཚིགས་འདི་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དོན་དམ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་ཐ་སྙད་ཐམས་ཅད་ཀྱི་ཡུལ་ནི་སྒྲོ་བཏགས་པའི་དོན་ ཡིན་པའི་ཕྱིར་རོ་ཞེས་འོག་ནས་སྟོན་པར་འགྱུར་རོ། །དེའི་ཕྱིར་བདག་གི་སྒྲ་འདི་ཡུལ་མེད་པ་ཡིན་པས། ཇི་ལྟར་གཏན་ཚིགས་བསྒྲུབ་བྱས་ཁྱབ་པར་འགྱུར་སྙམ་དུ་དགོངས་པའོ། །ཁྱད་པར་དང་བཅས་པ་ཡིན་ན་ཡང་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ནམ་མཁའི་དཀྱིལ་ གྱི་པདྨ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ལ་སོགས་པ་གཏན་མེད་པ་ལ་འགའ་ཞིག་གིས་བྱེད་པ་པོ་ལ་སོགས་པའི་ཚིག་སྦྱོར་བ་དེའི་ཚེ་གཉི་ག་ལ་གྲུབ་པའི་ལུས་ལ་སོགས་པའི་རྗོད་པར་བྱེད་པའི་སྒྲ་ཐ་དད་པ་ཡིན་ན་ཚིག་གཅིག་ཡོད་དེ། ལུས་ལ་སོགས་ པ་ལས་ཐ་དད་པའི་དངོས་པོའི་ཡུལ་ཉིད་མ་ཡིན་པས་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཡང་ཇི་ལྟར་ཉེ་བར་བརྗོད་པ་མེད་པ་ལ་སོགས་པའི་ཚིག་སྦྱོར་བར་ནུས་ཤེ་ན། བརྡ་ཙམ་གྱིས་ནི་འཇུག་པ་ཡི། །ཞེས་བྱ་བ་སྨོས་ཏེ། རང་དབང་ཅན་འདོད་པ་ཙམ་གྱིས་ཡོད་པ་བརྡ་དེ་ཙམ་གྱིས་འབྱུང་བའི་ ཚིག་འདི་དག་ཇི་ལྟར་དེ་འགའ་ཞིག་ཏུ་འཇུག་པའི་རྒྱུན་བཟློག་པར་འགྱུར། ཅི་སྟེ་ཡང་གཏན་ཚིགས་ཀྱི་དོན་དེ་ཡང་རང་བཞིན་གྱི་ཚིག་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་འདི་བརྗོད་པར་འདོད་དོ། །དེས་ན་འཁྲུལ་པར་མི་འགྱུར་རོ་ཞེ་ན། བདག་ལ་སོགས་པའི་ཚིག་དག་ཀྱང་། །ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། སྒྲ་རྣམས་བརྡ་མེད་པར་རང་བཞིན་གྱིས་དོན་གསལ་བར་བྱེད་པ་མ་ཡིན་ཏེ། མ་བྱང་བ་ཡང་དེ་ལས་དོན་རྟོགས་པར་ཐལ་བའི་ཕྱིར་དང་། རང་གི་འདོད་པས་སྦྱོར་བ་མེད་པར་ཐལ་བའི་ཕྱིར་དང་། བརྡ་དོན་མེད་པར་ཐལ་བའི་ཕྱིར་རོ། །དེ་ལྟ་བས་ན་བདག་ལ་སོགས་པའི་ཚིག་ རྣམས་ནི་ངོ་བོ་ཉིད་ཀྱིས་དོན་གསལ་བར་བྱེད་པ་གྲུབ་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཅི་སྟེ་སྣང་བྲལ་གྱིས་ཁྱད་པར་མེད་པའི་གཞིའི་དངོས་པོ་གཞན་དུ་གྱུར་པའི་ཤེས་བྱའི་ཡུལ་ཡིན་པ་ཞེས་བྱ་བའི་ཁྱད་པར་གཞན་མེད་པར་བྱེད་པ་དེ་ལྟ་ན་ཡང་ཇི་སྐད་དུ་བཤད་པར་ཁྱད་པར་མ་ གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་དང་། ཁྱབ་པ་མེད་པའི་ཕྱིར་མ་ངེས་པ་ཡིན་ནོ། །གང་ཡང་གསོན་པོའི་ལུས་པོ་འདི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ལ། གལ་ཏེ་བདག་དང་ལྷན་ཅིག་ཏུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྲོག་ལ་སོགས་པ་བདག་དང་ལྷན་ཅིག་ དེའི་བདག་ཉིད་ཀྱི་མཚན་ཉིད་དམ། དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་འགའ་ཞིག་གྲུབ་པ་ཡིན་ཞེ་ན། དེའི་ཚེ་བདག་ལོག་པ་ན་ལུས་ལ་སྲོག་ལ་སོགས་པ་ལྡོག་པར་ཐལ་བ་རིགས་པ་དང་ལྡན་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་འབྲེལ་པ་མེད་པ་ལོག་ན་གཞན་ལྡོག་པར་ཐལ་བ་འབྲེལ་པ་ མེད་པ་ཉིད་དུ་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །མོ་གཤམ་གྱི་བུ་ལོག་པ་ན་དེ་དང་འབྲེལ་པ་མེད་པ་སྲོག་ལ་སོགས་པ་ལྡོག་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་མོ་གཤམ་གྱི་བུ་ལོག་པ་ན་དེ་དང་འབྲེལ་པ་མེད་པའི་སྲོག་ལ་སོགས་པ་རྣམས་ཀྱང་ལྡོག་པར་འགྱུར་ཏེ། བུམ་པ་ལ་ སོགས་པ་བཞིན་ནོ་ཞེས་ཁ་ཅིག་གིས་ཐལ་བ་སྒྲུབ་པར་བྱེད་པས་ན་མ་ངེས་པར་འགྱུར་བ་དེ་བཞིན་དུ་ཁྱོད་ལ་ཡང་བདག་ལོག་པ་ན་སྲོག་ལ་སོགས་པ་ལྡོག་པར་ཐལ་བ་ནི་མ་ངེས་པ་ཉིད་ཡིན་ནོ། །འབྲེལ་པ་མ་གྲུབ་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་ཇི་ལྟར་འབྲེལ་པ་མ་གྲུབ་པ་ཡིན་སྙམ་ ན། འདི་ལ་རེ་ཞིག་དེའི་བདག་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་ཐ་དད་ཁས་ལེན་ཕྱིར། །ཞེས་བྱ་བ་ནི་བདག་དང་སྲོག་ལ་སོགས་པ་དེ་དག་ལ་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་མ་ཡིན་ཏེ། རང་བཞིན་ཐ་དད་པར་ཁས་ལེན་པའི་ ཕྱིར་རོ། །འདི་ལྟར་སྲོག་ལ་སོགས་པ་ནི་མི་རྟག་པ་དང་། མ་ཁྱབ་པ་དང་། ལུས་ཅན་མ་ཡིན་པ་ཡིན་ལ། བདག་ནི་དེ་དག་ལས་བཟློག་པ་ཡིན་ནོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱང་མ་ཡིན་ཏེ། སྲོག་ལ་སོགས་པ་རྣམས་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་ཅིག་ཅར་བར་ཐལ་བར་འགྱུར་བའི་ ཕྱིར་རོ། །དེ་དག་ལས་མ་གཏོགས་པའི་འབྲེལ་པ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འབྲེལ་པ་དང་བྲལ་བའི་སྲོག་ལ་སོགས་པ་ལུས་དེ་གསོན་པོས་ཁྱད་པར་དུ་བྱས་པའི་ལུས་ལ་ཅིའི་ཕྱིར་ལྡོག་སྟེ་མི་ལྡོག་པ་ཉིད་དོ། །དེས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ ནོ། །འདིས་ནི་འདོད་པ་དང་། སྡང་བ་དང་། འབད་པ་དང་། སྡུག་བསྔལ་དང་། བདེ་བ་དང་། ཤེས་པ་ལ་སོགས་པ་དག་གི་རྟགས་ཉིད་དུ་གཞན་དག་གིས་སྨྲས་པ་གང་ཡིན་པ་དེ་དག་བཀག་པར་བལྟ་བར་བྱ་སྟེ། འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །སྦྱོར་བ་ནི་གང་དག་གང་དང་ འབྲེལ་པ་མེད་པ་དེ་དག་ནི་དེའི་གོ་བར་བྱེད་པ་མ་ཡིན་ཏེ། དཔེར་ན་ཏིལ་ལ་སོགས་པ་ལ་ཆུ་སྐྱར་འགྲོ་བ་ལ་སོགས་པ་བཞིན་ནོ། །སྲོག་ལ་སོགས་པ་ཡང་བདག་ལ་འབྲེལ་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ། འབྲེལ་པ་རྣམ་པ་གཉིས་ ཀ་ཡང་གོང་དུ་བཀག་ཟིན་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། ཐམས་ཅད་ཐམས་ཅད་ཀྱི་གོ་བར་བྱེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ་ཞེས་བྱ་བའོ། །གང་ཡང་བྱེད་པ་གྲུབ་པའི་ཕྱིར་བྱེད་པ་པོ་གྲུབ་པ་མ་ ཡིན་ནོ་ཞེས་སྨྲས་པ་དེ་ཡང་མ་གྲུབ་པ་སྟེ། མིག་ལ་སོགས་པ་རྣམས་ནི་དོན་དམ་པར་བྱེད་པ་ཉིད་དུ་མ་གྲུབ་སྟེ། ཐམས་ཅད་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་རྒྱུའི་དངོས་པོར་མཚུངས་པའི་ཕྱིར་དང་། བྱེད་པ་པོ་དང་བྱེད་པའི་ལས་ཀྱི་ཐ་སྙད་ནི་རང་གི་འདོད་པ་ཙམ་གྱིས་ཡོངས་སུ་ བརྟགས་པའི་ཕྱིར་རོ། །བྱེད་པ་པོ་ཙམ་སྒྲུབ་ན་གྲུབ་པ་ལ་སྒྲུབ་སྟེ། ལུས་ལ་སོགས་པ་བརྟགས་པའི་བྱེད་པ་པོ་འདོད་པའི་ཕྱིར་རོ། །དོན་དམ་པའི་བྱེད་པ་པོ་ཉིད་སྒྲུབ་པར་བྱེད་ན་མ་ངེས་པ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་བྱེད་པ་པོ་འབའ་ཞིག་ཏུ་ཡང་མིག་ལ་སོགས་པ་རྣམས་འབྲེལ་ པར་མ་གྲུབ་པའི་ཕྱིར་རོ། །གང་ཡང་། སྐྱེས་མ་ཐག་པའི་དང་པོའི་ཤེས། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དེ་ལྟར་སྒྲུབ་བྱེད་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོའི་ཤེས་པ་བཞིན་ངའི་ལུས་བཞིན་ནོ་ཞེས་བྱ་བའི་དཔེ་སྨྲས་པ་གང་ཡིན་པ་དེ་ ཇི་སྐད་དུ་བཤད་པའི་བསྒྲུབ་བྱའི་ཆོས་དང་བྲལ་བ་ཡིན་ཏེ། བདག་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །གཞན་དག་ཅེས་བྱ་བ་ལས་ཡང་གསལ་བར་བྱེད་པ་དང་། ལེགས་ལྡན་པ་ལ་སོགས་པའི་ལུགས་ཀྱིས་དོགས་པ་བསུ་བ་ཡིན་ཏེ། དེ་དག་འདི་ སྐད་ཅེས་སྨྲ་སྟེ། བདག་མངོན་སུམ་ཉིད་ཀྱིས་གྲུབ་སྟེ། འདི་ལྟར་རྟགས་དང་རྟགས་ཅན་གྱི་འབྲེལ་པ་དྲན་པ་ལ་ལྟོས་པ་མེད་པར་ངའོ་སྙམ་པའི་ཤེས་པ་ནི། གཟུགས་ལ་སོགས་པའི་ཤེས་པ་བཞིན་དུ་མངོན་སུམ་ཡིན་ནོ། །འདི་ཡང་གཟུགས་ལ་སོགས་པའི་ཡུལ་ཅན་མ་ཡིན་ཏེ། དེའི་ ཤེས་པ་ལས་ཐ་དད་དུ་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་བདག་ཁོ་ན་ཡུལ་ཡིན་ནོ་སྙམ་ན། དེ་ནི་མི་རིགས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །བདག་ང་རྒྱལ་གྱི་ཡུལ་ཉིད་དུ་མ་གྲུབ་སྟེ། དེའི་རྣམ་པས་སྟོང་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་གི་རྣམ་པས་སྟོང་པ་དེ་ནི་ དེའི་ཡུལ་ཅན་མ་ཡིན་ཏེ། དཔེར་ན་མིག་གི་ཤེས་པ་སྒྲའི་ཡུལ་ཅན་མ་ཡིན་པ་བཞིན་ནོ། །ངའོ་སྙམ་པའི་ཤེས་པ་ཡང་བདག་གི་རྣམ་པས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། དེ་ལ་རྟག་དང་ཁྱབ་བྱེད་ སོགས། །ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་བདག་ནི་རྟག་པ་དང་། ཁྱབ་པ་དང་། སེམས་པ་མེད་པ་ཅན་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འདོད་ལ། ངའོ་སྙམ་པའི་ཤེས་པ་འདི་ལ་རྟག་པ་ལ་སོགས་པར་སྣང་བ་ཡང་མི་མངོན་ནོ། །འོན་ཀྱང་ཐ་དད་པར་བདག་དཀར་ཤམ་མོ། །མི་ གཞན་པའོ། །རིད་པའོ། །ཚོར་བ་དྲག་པོས་གཟིར་བའོ་ཞེས་བྱ་བ་ལ་སོགས་པ་ལུས་ཀྱི་གནས་སྐབས་ཀྱི་རེག་པས་བསྐྱེད་པའི་ཕྱིར་ཁ་དོག་དཀར་ཤམ་ལ་སོགས་པའི་མཚན་ཉིད་དུ་སྣང་བའི་རྣམ་པའི་ང་རྒྱལ་ཅན་འདིར་ཤེས་ཏེ། དེའི་ཕྱིར་ལུས་ལ་སོགས་པའི་ གནས་སྐབས་ཀྱི་རེག་པས་བསྐྱེད་པའི་ང་རྒྱལ་ལུས་ལ་སོགས་པ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གསལ་བར་ཞེས་བྱ་བ་ནི་གསལ་པོར་ཏེ་འཁྲུལ་པ་མེད་པར་འཇུག་པའི་ཕྱིར་རོ། །དེ་ལྟ་ཡིན་དང་གང་ཡང་གསལ་བྱེད་པ་ལ་སོགས་པ་རྣམས་ཀྱིས་ལོངས་སྤྱོད་པའི་གནས་ཀྱི་ལུས་ ལ་བདག་འདི་ཉེ་བར་འདོགས་ཏེ། དཔེར་ན་རྗེས་སུ་མཐུན་པའི་གཡོག་ལ་རྒྱལ་པོས་སྨྲས་པ་ང་གང་ཡིན་པ་དེ་ཁོ་ན་བདག་གི་གཡོག་པོ་འདི་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་སྨྲས་པ་དེ་གསལ་བ་ཡིན་ནོ། །འདི་ལྟར་གལ་ཏེ་འདི་ཕལ་པ་ཡིན་པར་གྱུར་ན་དེའི་ཚེ་འཁྲུལ་པས་འཇུག་པར་འགྱུར་ཏེ། འཇིག་རྟེན་ན་སེང་གེ་དང་བྲམ་ཟེའི་ཁྱེའུ་དག་ལ་དངོས་དང་བཏགས་པས་དེ་གཉི་ག་ཡང་སེང་གེའོ་སྙམ་དུ་བློ་མི་འཁྲུལ་པར་འཇུག་པར་མི་འགྱུར་རོ། །ངའི་ལུས་ལ་སོགས་པ་ཞེས་ཐ་དད་པར་མཐོང་བའི་ཕྱིར་ལུས་ལ་སོགས་པ་ལ་ངའོ་སྙམ་པ་ནི་འཁྲུལ་པས་འཇུག་པ་ཡིན་ཏེ། བདག་ ལ་ཡང་འཁྲུལ་པས་འཇུག་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་ལ་ཡང་ངའི་བདག་ཅེས་ཐ་དད་པར་མཐོང་བ་ཡིན་ནོ། །འདི་ལ་བཏགས་པའི་ཐ་དད་པ་ཡིན་ནོ་ཞེ་ན། གཅིག་ཤེས་པ་ལ་ཡང་མཚུངས་སོ། །འོ་ན་བདག་དཀར་ཤམ་མོ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་འདི་དངོས་ཡིན་ལ་ རག་མོད། དེ་ལྟ་ན་ཡང་ཅིའི་ཕྱིར་བདག་འདིའི་ཡུལ་དུ་མི་འགྱུར་ཞེ་ན། དེའི་ངོ་བོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀར་ཤམ་ལ་སོགས་པའི་རང་བཞིན་ཏེ། དེ་ལ་གཟུགས་ལ་སོགས་པའི་ཡོན་ཏན་མེད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་དེའི་རྣམ་པས་སྟོང་པའི་ཕྱིར་ང་རྒྱལ་གྱི་ཡུལ་བདག་ཡིན་ པར་མི་རིགས་པར་བསྟན་ཏོ། །དེ་ལ་རྩོད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཡང་མི་རིགས་སོ་ཞེས་སྟོན་པ་ནི། གལ་ཏེ་སྐྱེས་བུ་ཡང་བདག་ཏུ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡོད་སོགས་ཞེས་བྱ་བ་ནི་བདག་དེའི་ཡོད་པ་དང་རྟག་པ་དང་ཁྱབ་པ་ལ་སོགས་པའོ། །འདི་སྙམ་དུ་ཇི་ལྟར་ ཁྱེད་ཅག་གིས་མངོན་སུམ་དུ་བྱས་ཀྱང་སྔོན་པོ་ལ་སོགས་པ་དེའི་རང་བཞིན་ལས་ཐ་མི་དད་པའི་སྐད་ཅིག་མ་ལ་སོགས་པ་ལ་རྩོད་པ་འཇུག་པ་དེ་བཞིན་དུ་བདག་ལ་ཡང་འགྱུར་རོ་སྙམ་དུ་སེམས་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་ལ་སོགས་པ་མངོན་སུམ་གྱིས་གཟུང་ན་ ཡང་དེ་ལས་ཐ་མི་དད་པའི་སྐད་ཅིག་མ་ལ་སོགས་པ་རྩོད་པ་རིགས་ཏེ། མངོན་སུམ་དེ་ནི་རྟོག་པ་མེད་པ་ཉིད་ཀྱིས་མ་ངེས་པའི་བདག་ཉིད་ཡིན་པས་སྐད་ཅིག་མ་ཉིད་ལ་སོགས་པ་མ་ངེས་པའི་ཕྱིར་རོ། །ཁྱེད་ཀྱི་ཕྱོགས་ལ་ནི་མི་རིགས་ཏེ། ངའོ་སྙམ་པའི་ཤེས་པ་རྟོགས་པ་དང་བཅས་པ་ཉིད་ཀྱིས་ ངེས་པའི་བདག་ཉིད་ཡིན་པས་བདག་ངེས་པའི་ཕྱིར་རོ། །གང་གིས་རྩོད་པར་འགྱུར་བ་ངེས་པས་ཡུལ་དུ་བྱས་པའི་དངོས་པོ་ལ་ནི་དེ་ལས་བཟློག་པའི་རྣམ་པ་འཛིན་པའི་སྒྲོ་འདོགས་པའི་ཤེས་པ་འཇུག་པ་ཡོད་པ་ཡང་མ་ཡིན་ཏེ། དེ་དག་ནི་ལྷན་ཅིག་མི་གནས་པ་ཉིད་ཀྱིས་གནོད་པར་བྱ་བ་དང་། གནོད་པར་ བྱེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ངེས་པ་གང་ཡིན་པ་འདི་ཉིད་ངེས་པ་རྣམས་ཀྱི་རང་རང་གི་དོན་རྟོགས་པ་ཡིན་ནོ། །གལ་ཏེ་དེ་དག་ངེས་པ་དང་ལྡན་པ་མ་ཡིན་ནམ་མ་བཟུང་བ་ཁོ་ནར་འགྱུར་རོ། །དེའི་ཕྱིར་དེ་ལྟར་གཞན་གྱི་ཕྱོགས་བསལ་བས་རང་གི་ཕྱོགས་གཞག་པའི་ཕྱིར། དེའི་ཕྱིར་ཞེས་བྱ་ བ་ལ་སོགས་པ་སྨོས་སོ། །སྦྱོར་བ་ནི་གང་དག་རིམ་གྱིས་སྐྱེ་བ་དེ་དག་ནི་བདག་དང་འདུ་བ་མ་ཡིན་ཏེ། དཔེར་ན་ས་བོན་དང་མྱུ་གུ་ལ་སོགས་པ་བཞིན་ནོ། །བདེ་བ་ལ་སོགས་པ་ཡང་རིམ་གྱིས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པའོ། །བདག་དང་འདུ་བ་ཉིད་དང་ འགལ་བ་བདག་མེད་པ་དང་འདུ་བས་རིམ་གྱིས་སྐྱེ་བ་ལ་ཁྱབ་པའི་ཕྱིར་རོ། །རྒྱུ་མ་ཚང་བ་མེད་པ་ཉེ་བའི་ཕྱིར་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་བ་ནི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མའོ། །ཡང་ན་གང་དག་དངོས་པོ་ཉིད་དང་། བྱས་པ་ཉིད་དང་། སྐྱེ་བ་དང་ལྡན་པ་ཉིད་ལ་སོགས་པའི་ཆོས་ དང་ལྡན་པ་དེ་དག་ཐམས་ཅད་ནི་བདག་མེད་པ་ཡིན་ཏེ། དཔེར་ན་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་བཞིན་ནོ། །ནང་གི་སྲོག་དང་ལུས་དང་། ཡིད་དང་བློ་དང་སྡུག་བསྔལ་དང་། བདེ་བ་ལ་སོགས་པ་ཡང་དངོས་པོ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ ཚིགས་སོ། །ཡང་ཇི་ལྟར་འདི་ལ་ཁྱབ་པ་གྲུབ་ཅེ་ན། བདག་བཅས་ཉིད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བདག་དང་བཅས་པ་ཉིད་ཡིན་ཏེ། ལུས་ལ་སོགས་པ་བདག་གིས་བྱིན་གྱིས་བརླབས་པ་ཉིད་ཡིན་ན། དེའི་ཚེ་འདི་དག་གི་རྒྱུ་བདག་ཡིན་པར་ འགྱུར་རོ། །རྒྱུ་མ་ཡིན་པ་ནི་བྱིན་གྱིས་རློབ་པ་པོར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་དེའི་རྒྱུ་ཅན་ཏེ། བདག་གི་རྒྱུ་ཅན་གྱི་ལུས་ལ་སོགས་པ་རྣམས་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་རྟག་པ་ཉིད་དང་། རིམ་ཅན་མ་ཡིན་པར་ཐལ་བར་འགྱུར་རོ་ གལ་ཏེ་འདི་སྙམ་དུ་འདི་དག་རྟག་པ་ཉིད་དུ་ཐལ་བ་ཡིན་མོད་ཀྱི། འོན་ཀྱང་དངོས་པོ་ཉིད་ལ་སོགས་པ་མི་ལྡོག་པ་ཁོ་ནའོ་སྙམ་དུ་སེམས་ན། རྟག་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པར་ཡོད་པའི་ལུས་ལ་སོགས་པ་རྣམས་དོན་བྱེད་ནུས་པ་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་ སྐབས་ནི་ཤུགས་ཀྱིས་ཚིག་ཡོངས་སུ་བསྒྱུར་ནས་སྦྱར་བར་བྱ་སྟེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དོན་བྱེད་པར་ནུས་པ་ལོག་ན་ཡང་དངོས་པོ་ཉིད་ལྡོག་སྟེ། དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་རོ། ། དངོས་པོ་ཉིད་ལོག་ན་དངོས་པོའི་ཆོས་ཡོད་པ་ལ་སོགས་པ་ཡང་ལྡོག་པའི་ཕྱིར་ཁྱབ་པ་གྲུབ་པོ། །གསལ་བྱེད་པས་འོན་ཏེ་ཡང་བདག་མེད་པ་ཞེས་བྱ་བའི་དོན་ཅི་ཞིག་བསྒྲུབ་བྱ་ཉིད་དུ་འདོད། གལ་ཏེ་རེ་ཞིག་བདག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ན་དཔེ་མེད་དེ། བདག་ ལ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །འོན་ཏེ་ལུས་བདག་མ་ཡིན་ནོ་ཞེས་བདག་འགེགས་ན་སུ་ཞིག་གིས་ལུས་བདག་ཏུ་འདོད། མེད་པ་ནི་ཚིག་ཕྱི་མའི་ཡུལ་ཅན་ཡིན་པའི་ཕྱིར་བདག་དང་བཅས་པ་ཞེས་བྱ་བ་ཡང་གང་ཞིག་ཡིན་པ་བརྗོད་པར་བྱའོ། །དཔེར་ན་ སྦྲང་བུ་མེད་དོ་ཞེས་བྱ་བ་ལྟ་བུར་མེད་པའི་སྦྱོར་བ་ཚིག་ཕྱི་མ་མེད་པར་མ་མཐོང་ངོ་། །ཅི་སྟེ་ལུས་ལ་བདག་འགེགས་ན་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ལུས་ལ་བདག་ཡོད་པར་སུ་ཞིག་འདོད། ཡང་ལུས་བདག་དང་འབྲེལ་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ན་ཡང་དཔེ་ཡོད་པ་མ་ཡིན་ནོ། །འདི་ཐམས་ ཅད་ནི་ཁྱད་པར་བཀག་པ་ཡིན་ལ། ཁྱད་པར་བཀག་ན་ཡང་སྤྱི་རྟོགས་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་གང་དགག་པར་བྱ་བ་དེ་རྗེས་སུ་གནང་བ་བྱས་པར་འགྱུར་རོ། །ཅི་སྟེ་བདག་གི་སྒྲ་ནི་མི་རྟག་པའི་ཡུལ་ཅན་ཡིན་ཏེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་སྒྲུབ་པ་དེ་ལྟ་ན་ཡང་རྟག་པའི་སྒྲས་མ་ངེས་པ་ཡིན་ནོ། ། ལུས་ལ་སོགས་པ་རྣམས་ནི་ཉེ་བར་བཏགས་ནས་བདག་གི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གལ་ཏེ་ལུས་ལ་སོགས་པ་ལས་ཐ་དད་པ་མི་རྟག་པའི་དངོས་པོ་ཡིན་པ་ཉིད་ཀྱིས་བདག་གི་སྒྲའི་ཡུལ་མི་རྟག་པ་ཡིན་པར་སྒྲུབ་པར་བྱེད་ན། དེ་ལྟ་ན་ཡང་གཟུགས་ལ་ སོགས་པ་ལས་ཐ་དད་པའི་ཡུལ་ཁས་བླངས་པའི་ཕྱིར་འགལ་བ་ཡིན་ནོ་ཞེས་སྨྲས་པ། དེ་འདི་ལ་ལན་འདེབས་པར་བྱེད་པ་ནི། བུམ་སོགས་ལ་ཡང་མཚུངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀླན་ཀ་དེ་འདི་ནི་ཁྱེད་ལ་ཡང་མཚུངས་ཏེ། འདི་ལྟར་ཁྱེད་ཅག་གིས་ཀྱང་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་རྣམས་ལ་ བདག་གིས་བྱིན་གྱིས་བརླབས་པ་མེད་པ་ཉིད་དང་། དེ་ཉེ་བར་ལོངས་སྤྱོད་པའི་གཞི་མ་ཡིན་པ་ཉིད་ཀྱིས་བདག་མེད་པར་འདོད་པ་ཁོ་ནའོ། །དེ་ལྟ་མ་ཡིན་ན་གསོན་པོའི་ལུས་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བར་འགྱུར་བའི་ཕྱིར་བུམ་པ་ལ་སོགས་པ་ བཞིན་ནོ་ཞེས་བྱ་བའི་ཐལ་བར་འགྱུར་བའི་དཔེ་ཉིད་དུ་དེ་དག་མི་ལེན་པར་འགྱུར་རོ། །དེ་ལྟ་ཡིན་དང་བུམ་པ་ལ་སོགས་པ་དེ་ལ་ཡང་ཇི་ལྟར་དེ་དག་བདག་མེད་པ་ཡིན། གལ་ཏེ་རེ་ཞིག་བདག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ་ཀླན་ཀ་མཚུངས་པ་ཡིན་ནོ། །དེའི་ ཕྱིར་བདག་གིས་བྱིན་གྱིས་བརླབས་པས་སམ། དེ་ཉེ་བར་ལོངས་སྤྱོད་པའི་གཞི་མ་ཡིན་པའི་རྣམ་པ་གང་གིས་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་དེ་དག་ཐམས་ཅད་ལ་ཁྱེད་ཅག་དང་ཡང་བདག་མེད་པ་ཉིད་ཐུན་མོང་དུ་གྲུབ་ལ། གང་ཡང་གསོན་པོའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ་ཞེས་ཁྱེད་ཅག་ གིས་གསོན་པོའི་ལུས་ལ་འགེགས་ཏེ། གང་ཞིག་བཀག་པས་གསོན་པོའི་ལུས་ཁོ་ན་བདག་དང་བཅས་པར་རྟོགས་ཀྱི། ཤི་བའི་ལུས་དང་བུམ་པ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ཉིད་ཁོ་བོ་ཅག་གིས་གསོན་པོའི་ལུས་ནི་བདག་མེད་པ་མ་ཡིན་ཏེ། དངོས་པོ་ཉིད་ལ་སོགས་པའི་ཕྱིར་རོ་ཞེས་སྒྲུབ་པར་བྱེད་ དོ། །དེ་ལྟ་བས་ན་བདག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་ནི་གཞི་མེད་པ་ཁོ་ན་ཡིན་ཏེ། ཁྱེད་ཅག་ལ་ཡང་མེད་པར་རབ་ཏུ་གྲུབ་པའི་ཕྱིར་རོ། །གཞན་ཡང་རེ་ཞིག་བདག་ལ་ཕན་མི་འདོགས་པར་གྲུབ་པའི་དཔེ་མེད་དོ་ཞེས་གང་ སྨྲས་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར་སྒྲུབ་པར་ནུས་པ་ཁོ་ན་སྟེ། གང་ཞིག་གང་གིས་རང་བཞིན་གྱི་ཁྱད་པར་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ནི་དེའི་ཕན་འདོགས་པར་ནུས་པ་མ་ཡིན་ཏེ། དཔེར་ན་གངས་ཅན་དང་འབིགས་བྱེད་དག་ལྟ་བུའོ། །ལུས་ལ་སོགས་པ་ཡང་བདག་རྟག་པ་དང་གཅིག་ པུའི་རང་བཞིན་གྱི་ཁྱད་པར་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། རང་བཞིན་གྱི་ཁྱད་པར་ནི་བདག་ལས་ཐ་མི་དད་པའི་ཕྱིར་རོ། །དེ་བྱེད་ན་བདག་ཁོ་ནའི་བྱེད་པར་འགྱུར་ཏེ། དེ་ལྟ་ན་མི་རྟག་པར་ཐལ་བར་འགྱུར་རོ། ། རང་བཞིན་གྱི་ཁྱད་པར་ཐ་དད་པ་ཡིན་ན་ཡང་འབྲེལ་པའི་རྒྱུ་མཚན་མེད་པའི་ཕྱིར་དེའི་འདི་ཞེས་བྱ་བའི་འབྲེལ་པར་མི་འགྱུར་རོ། །དེ་ལྟ་བས་ན་རྟག་པ་ལ་ཅུང་ཟད་ཀྱང་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། དེས་དེ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །གང་ཡང་སུ་ཞིག་གིས་ལུས་བདག་ཏུ་འདོད་ཅེས་ སྨྲས་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། དེ་སྐད་དུ་སྨྲ་བ་ཁ་ཅིག་ཀྱང་ཡོད་དེ། དཔེར་ན་རིག་བྱེད་སྨྲ་བ་རྣམས་ལྟར་གང་དག་ལུས་ལ་སོགས་པ་རྣམས་ནི་བདག་ཡོངས་སུ་འགྱུར་བའི་ངོ་བོ་ཡིན་པར་སྨྲ་བར་བྱེད་དོ། །དེ་ལྟ་བས་ན་དེ་ལ་བརྟེན་ནས་དགག་པ་བྱེད་དོ། །གང་ཡང་མེད་པ་ནི་ཚིག་ཕྱི་མའི་ཡུལ་ ཅན་ཡིན་པའི་ཕྱིར་བདག་དང་བཅས་པ་ཡང་གང་ཞིག་ཡིན་པ་བརྗོད་པར་བྱའོ་ཞེས་སྨྲས་པ་དེ་ཡང་འབྲེལ་པ་མེད་དེ། ཚིག་ཕྱི་མའི་དོན་ཡོད་པ་ཁོ་ན་དགག་པར་བྱ་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྒྲོ་བཏགས་པ་ཡིན་ཏེ། ཡོད་པ་དགག་པར་མི་ནུས་པའི་ཕྱིར་རོ། །དེ་ལྟ་བས་ན་གཞན་གྱིས་འཁྲུལ་ པས་སྒྲོ་བཏགས་པའི་དོན་གང་ཡིན་པ་དེ་ཉིད་ཚིག་ཕྱི་མའི་དོན་ཡིན་ནོ། །འདི་ལུང་དེ་ཉིད་རྗེས་སུ་བརྗོད་ནས་གཞན་གྱི་ལོག་པའི་ཤེས་པ་ཉིད་དུ་བརྗོད་པར་བྱ་བ་འགེགས་པར་བྱེད་དོ། །དེ་ལྟ་མ་ཡིན་ན་སྒྲོན་མ་ལ་སོགས་པ་སྐད་ཅིག་མ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་སངས་རྒྱས་པས་ཀུན་དུ་ བཏགས་པའི་སྐད་ཅིག་མ་ཉིད་ཁྱེད་ཀྱིས་འགེགས་པར་བྱེད་ན་དགག་པའི་སྦྱོར་བ་ཚིག་ཕྱི་མ་མེད་པ་ལ་མཐོང་ངོ་ཞེས་བྱ་བའི་རྩོད་པ་འདི་འབྱུང་བ་ཁོ་ནའོ། །གང་ཡང་ལུས་ལ་བདག་ཡོད་པར་སུ་ཞིག་འདོད་ཅེས་སྨྲས་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར་གང་དག་གི་ལྟ་བ་ལ་བདག་ཅེས་བྱ་བ་ མཐེ་བོའི་རི་མོ་སྔོ་བསངས་འདྲ་བའི་འབྲས་བུ་ཕྱེད་ཀྱི་ཚད་ཡིན་པ་དེ་དག་གི་ལུགས་ཀྱིས་བདག་ལུས་ཅན་ཡིན་པའི་ཕྱིར་ལུས་ལ་གནས་པར་ཡོད་པ་ཉིད་ཡིན་པས་དེ་དགག་པར་རིགས་པ་ཉིད་ཡིན་ནོ། །གང་ཡང་ལུས་བདག་དང་འབྲེལ་པ་འགེགས་ན་དཔེ་མེད་དོ་ཞེས་བྱ་བ་ཡང་མ་གྲུབ་སྟེ། ཕན་ཚུན་ཕན་ གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མེད་པའི་ཕྱིར་གངས་ཅན་དང་འབིགས་བྱེད་བཞིན་དུ་བདག་དང་ལུས་གཉིས་འབྲེལ་པ་མེད་དོ་ཞེས་སྔ་མ་བཞིན་དུ་བསྒྲུབ་པར་ནུས་པའི་ཕྱིར་རོ། །གང་ཡང་ཁྱད་པར་བཀག་ན་སྤྱི་རྟོགས་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མ་ངེས་ཏེ། ཁྱེད་ཅག་གིས་སྒྲོན་མ་ལ་སོགས་ པ་རྣམས་སྐད་ཅིག་མ་ཉིད་ཡིན་པ་བཀག་ན་ཡང་སྐད་ཅིག་མའི་སྤྱི་འགའ་ཞིག་ཁས་མི་ལེན་པའི་ཕྱིར་རོ། །ཅི་སྟེ་ཡང་ཁོ་བོ་ཅག་གིས་དུས་ཡུན་མི་རིང་བར་གནས་པའི་རྒྱུ་མཚན་གྱིས་སྒྲོན་མ་ལ་སོགས་པ་སྐད་ཅིག་མའི་སྒྲ་འཇུག་པར་འདོད་པ་ཁོ་ན་ཡིན་ཏེ། དེ་ལྟ་བས་ན་སྤྱིར་སྐད་ཅིག་མ་ཉིད་གྲུབ་པ་ཡིན་ ནོ་སྙམ་ན། གལ་ཏེ་དེ་ལྟན་བདག་གི་སྒྲ་འཇུག་པ་ཡང་ཁོ་བོ་ཅག་གི་ང་རྒྱལ་གྱི་རྟེན་སེམས་ཡིན་པར་འདོད་པ་ཉིད་ཡིན་པས་སྤྱིར་བདག་གྲུབ་པོ། །གང་ཡང་ཅི་སྟེ་བདག་གི་སྒྲ་ནི་མི་རྟག་པའི་ཡུལ་ཅན་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཕྱོགས་གཉིས་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཉིད་དེ། ཁས་མ་ བླངས་པའི་ཕྱིར་རོ། །རང་གིས་འཁྲུལ་པར་འགྱུར་བ་བདག་གི་སྒྲ་ལ་དོན་དམ་པར་ཡུལ་འགའ་ཞིག་ཀྱང་ཁས་མ་བླངས་ལ། གཟུགས་ལ་སོགས་པ་ལས་ཐ་དད་པ་ཡང་མ་ཡིན་ནོ། །རྟག་པའི་སྒྲ་ཡང་དོན་དམ་པར་དངོས་པོ་རྟག་པ་འགའ་ཞིག་ལ་འཇུག་པར་གྲུབ་པ་ཡང་མ་ཡིན་ནོ། །ལུས་ལ་ སོགས་པ་ལ་བདག་གི་སྒྲ་ཉེ་བར་བཏགས་ནས་འཇུག་པ་མ་ཡིན་ཏེ། འཁྲུལ་པ་མེད་པར་རྟོགས་པའི་ཕྱིར་རོ་ཞེས་བསྟན་ཏེ། དེས་ན་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་བདག་ཅེས་བྱ་བའི་ཆོས་ཅན་ཚད་མས་གནོད་པ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་དེ་ལ་ཁྱེད་ཀྱིས་བྱེད་པ་པོ་ཉིད་དང་ཟ་བ་པོ་ ཉིད་ཀྱི་ཐ་སྙད་བཏགས་པ་གང་ཡིན་པ་དེ་མོ་གཤམ་གྱི་བུ་བཞིན་དུ་རྟེན་མེད་པ་ཡིན་པའི་ཕྱིར་འདིའི་སུན་འབྱིན་པ་ལོགས་ཤིག་ཏུ་མི་བྱེད་དེ། རྟེན་བཀག་པ་ཉིད་ཀྱིས་འདི་དག་སྤངས་པའི་ཕྱིར་རོ། །བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པའི་སྐྱོན་ཡང་ཇི་ལྟར་མི་ འབྱུང་བ་དེ་ལྟར་ལས་དང་འབྲས་བུའི་འབྲེལ་པ་བརྟག་པར་སྟོན་པར་འགྱུར་རོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་རིགས་པ་ཅན་དང་བྱེ་བྲག་པས་ཀུན་དུ་བརྟགས་པའི་སྐྱེས་བུ་བརྟག་པ་སྟེ་བདུན་པའོ།། །།དཔྱོད་པ་པས་ཡོངས་སུ་བརྟགས་པའི་བདག་གསལ་བར་བྱ་བའི་ཕྱིར། གཞན་དག་ཀྱང་ནི་ལྡོག་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྡོག་པ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གནས་སྐབས་དག་གི་ཕན་ཚུན་ཐ་དད་པའོ། །རྗེས་སུ་འཇུག་པ་ནི་སེམས་པ་ཅན་གྱི་རྫས་དང་། ཡོད་པ་ལ་སོགས་པ་རྗེས་སུ་འགྲོ་བའོ་ཞེས་པ་དང་། རྗེས་སུ་འཇུག་པ་འདི་དག་ བདག་གི་ངོ་བོ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གཞན་དག་རྒྱལ་དཔོག་པ་རྣམས་ནི་བདག་བདེ་བ་ལ་སོགས་པའི་ངོ་བོས་ལྡོག་ཅིང་། ཡོད་པ་ལ་སོགས་པའི་ངོ་བོས་རྗེས་སུ་འཇུག་པ་སེམས་པ་ཅན་གྱི་ངོ་བོར་རྗོད་པར་བྱེད་དོ། །སེམས་པ་ཅན་དེ་ཡང་ ཇི་ལྟར་གྲངས་ཅན་པས་འདོད་པ་ལྟར་བློ་ལས་ཐ་དད་པ་གཞན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སེམས་པ་ཅན་བློའི་མཚན་ཉིད་ཡིན་ཞེས་བྱ་བས་བློ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །བློའི་མཚན་ཉིད་ནི་བློའི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །བློ་ལས་ཐ་དད་པའི་སེམས་ཀྱི་ངོ་བོ་གཞན་མ་གཏོགས་ སོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་ཇི་ལྟར་བདག་གཅིག་པུ་ལ་ལྡོག་པ་དང་རྗེས་སུ་འཇུག་པའི་བདག་ཉིད་ཀྱི་ཕན་ཚུན་འགལ་བའི་རང་བཞིན་གཉིས་རིགས་པ་ཡིན་ཞེ་ན། དཔེར་ན་སྦྲུལ་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྦྲུལ་གཅིག་ཡིན་ན་ཡང་འཁྱིལ་པ་ལ་སོགས་པའི་གནས་སྐབས་ ལོག་ནས་དྲང་པོའི