Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 191

Văn bản gốc(Tây Tạng)

Trang 12 / 25 (50.000 ký tự/trang)
་ལྕེ་ལ་སོགས་པའི་ཡུལ་ཅན་དཔེར་བརྗོད་དོ། །ཡང་འདི་ལ་གནོད་པ་ཅན་གྱི་ཚད་མ་གང་ཡིན་ཞེ་ན། བརྗོད་པ། གལ་ཏེ་རིམ་པ་དང་
ལྡན་པའི་ཡུལ་གྱི་དབང་ཕྱུག་གི་ཤེས་པ་དེ་སྣ་ཚོགས་སུ་སྣང་བ་སྐྱེ་བར་འགྱུར་ན། དེའི་ཚེ་རིམ་པ་ཅན་དུ་གྲུབ་པ་ཉིད་དོ། །གལ་ཏེ་མི་སྐྱེ་ན་དེའི་ཚེ་ཉེ་བའི་རྒྱུ་མཚན་མེད་པའི་ཕྱིར་དེ་ཤེས་པ་མ་ཡིན་ནོ། །ཡུལ་མེད་ན་ཡང་འབྱུང་བ་སྐྱེ་བ་ཁས་བླངས་པའི་ཚད་མ་ཉིད་ཉམས་པར་འགྱུར་རོ། །ཞིག་

པ་དང་མ་སྐྱེས་པའི་ཡུལ་ཅན་ལ་ཡུལ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་འདིར་གནོད་པར་བྱེད་པའི་ཚད་མའོ། །གང་ཡང་། ཆོས་མི་མཐུན་པ་རྡུལ་དུ་འདོད། །ཅེས་གང་བརྗོད་པ་དེ་ཡང་ཆོས་མི་མཐུན་པའི་དཔེ་ལ་བསྒྲུབ་བྱའི་ཆོས་ལྡོག་པ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཁོ་
བོ་ཅག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་ཅན་རྒྱས་པར་འགེགས་པར་འགྱུར་བའི་ཕྱིར་དང་། བཀག་ཟིན་པས་དེའི་ཕྱིར་རྫ་མཁན་ལ་སོགས་པ་རྡུལ་ཕྲ་རབ་ཁོ་ནའི་བྱེད་པ་པོ་ཉིད་དུ་གྲུབ་པོ། །དེའི་ཕྱིར་བློ་དང་ལྡན་པ་སྔོན་དུ་འགྲོ་བ་ཅན་བསྒྲུབ་བྱའི་ཆོས་ཆོས་མི་མཐུན་པར་བསྟན་
པའི་རྡུལ་ཕྲ་རབ་དག་ལས་ལྡོག་པ་མེད་པའི་ཕྱིར་བསྒྲུབ་བྱའི་ཆོས་ལྡོག་པ་མེད་པ་ནི་ཆོས་མི་མཐུན་པའི་དཔེའི་སྐྱོན་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཁོ་བོ་ཅག་གིས་ཁྱད་པར་བསྒྲུབ་བྱར་འདོད་པ་ཡིན་ན་དེའི་ཚེ་ཆོས་མཐུན་པའི་དཔེ་བསྒྲུབ་བྱ་དང་བྲལ་བ་སྔར་བསྟན་པར་འགྱུར། ཇི་ཙམ་དུ་སྤྱིར་བློ་དང་ལྡན་
པ་སྔོན་དུ་འགྲོ་བ་ཙམ་སྒྲུབ་སྟེ། དེ་གྲུབ་པ་ན་ཤུགས་ཀྱིས་དབང་ཕྱུག་ལུས་ལ་སོགས་པའི་བྱེད་པ་པོར་འགྲུབ་པོ། །བུམ་པ་ལ་སོགས་པ་བཞིན་དུ་དེ་དག་གི་བྱེད་པ་པོ་རྫ་མཁན་ལ་སོགས་པ་ནི་མ་ཡིན་ཏེ། དེས་ནི་སྤྱིར་ཁྱད་པར་གྱི་མཐར་ཐུག་པའི་ཕྱིར་དང་། ལུས་ལ་སོགས་པ་ལ་ཡང་
བྱེད་པ་པོ་གཞན་མི་སྲིད་པའི་ཕྱིར་ཤུགས་ཀྱིས་ཁྱད་པར་བཟུང་བ་མེད་པར་ཡང་དེ་དག་གི་བྱེད་པ་པོར་དབང་ཕྱུག་ཁོ་ན་ཡིན་པར་གྲུབ་པོ་སྙམ་དུ་སེམས་ན། གལ་ཏེ་སྤྱིར་ན་བློ་ལྡན་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་གྲུབ་པ་ལ་སྒྲུབ་པའི་ཉེས་པ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ངོ་
བོ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་སྣ་ཚོགས་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་པའོ། །ལས་ལས་སྐྱེས་ཞེས་བྱ་བ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དགེ་བ་དང་མི་དགེ་བའི་ལས་ལས་བྱུང་བའོ། །དེའི་ཕྱིར་དགེ་བ་དང་མི་དགེ་བའི་ལས་བྱེད་པའི་སྐྱེས་བུ་བློ་དང་ལྡན་
པ་རྣམས་འདིའི་རྒྱུ་ཉིད་དུ་གྲུབ་པས་གྲུབ་པ་ལ་སྒྲུབ་པའོ། །འོ་ན་ཁྱད་པར་བསྒྲུབ་པར་བྱའོ་སྙམ་ན། རྟག་གཅིག་བློ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྔར་བསྟན་ཟིན་ན་ཡང་མཇུག་བསྡུ་བའི་དོན་དུ་ཡང་མངོན་པར་བརྗོད་དོ། །འདི་ལ་བློ་གཅིག་ཡོད་པས་ན་བློ་གཅིག་གོ། །

འདི་ནི་རྟག་པ་ཡང་ཡིན་ལ་བློ་གཅིག་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་བའམ། ཡང་ན་འདི་ལ་རྟག་པ་དང་གཅིག་པའི་བློ་ཡོད་ཅེས་བསྡུ་བར་བྱའོ། །བསྒྲུབ་བྱས་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་མཐུན་པའི་དཔེ་ཞེས་བྱ་བའི་ལྷག་མའོ། །འཁྲུལ་པ་ཡིན་ཞེས་བྱ་བ་ནི་
གཏན་ཚིགས་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །ཇི་ལྟར་ཞེ་ན། སྐར་ཁུང་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་ལུས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་སུན་དབྱུང་འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་དང་ལྡན་པའི་ཕྱིར་ཞེས་
བྱ་བ་ལ་སོགས་པའི་སྒྲུབ་པར་བྱེད་པ་དེ་དག་ལ་ཡང་ཇི་ལྟར་རིགས་པར་སུན་འབྱིན་པ་འདི་ཉིད་བརྗོད་པར་བྱའོ། །འདི་ཉིད་ཅེས་བྱ་བ་ནི་མ་གྲུབ་པ་ཉིད་དང་། འབྲེལ་པ་མེད་པའི་ཕྱིར་འཁྲུལ་པ་དང་། འབྲེལ་པ་ཡོད་ན་འགལ་བ་ཉིད་དང་། བསྒྲུབ་བྱ་མ་ཚང་བ་དང་། སྤྱིར་གྲུབ་པ་ལ་སྒྲུབ་པ་ལ་སོགས་
པའོ། །འདི་ལྟར་གཟུགས་ལ་སོགས་པ་དང་ལྡན་པ་ཉིད་སེམས་དང་ལྡན་པས་བྱིན་གྱིས་བརླབས་པ་ཅི་འདྲ་བ་དེ་འདྲ་བ་ལུས་ལ་སོགས་པ་དེ་ལ་ཡང་མ་གྲུབ་བོ། །གཟུགས་ལ་སོགས་པ་དང་ལྡན་པ་ཙམ་དང་འབྲེལ་བ་མ་གྲུབ་པའི་ཕྱིར་འཁྲུལ་པ་ཡིན་ནོ། །འབྲེལ་པ་ཡོད་པར་ཁས་ལེན་ན་འདོད་
པ་ལས་བཟློག་པ་སྒྲུབ་པའི་ཕྱིར་འགལ་བ་ཡིན་ལ། ཆོས་མཐུན་པའི་དཔེ་བསྒྲུབ་བྱ་དང་བྲལ་བ་ཡིན་ཏེ། རྟག་པ་དང་གཅིག་པུའི་སེམས་དང་ལྡན་པས་བྱིན་གྱིས་བརླབས་པ་ཉིད་ཀྱིས་བསྒྲུབ་བྱའི་ཆོས་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །སྤྱིར་སྒྲུབ་ན་གྲུབ་པ་ལ་སྒྲུབ་ལ། ཁྱད་པར་ནི་
འཁྲུལ་པ་སྟེ། བུམ་པ་ལ་སོགས་པ་ལ་གཞན་དུ་མཐོང་བའི་ཕྱིར་ཞེས་བྱའོ། །དེ་ལྟར་གཏན་ཚིགས་གཞན་དག་ལ་ཡང་སྦྱར་བར་བྱའོ། །གང་ཡང་སྡོད་ནས་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་སྒྲུབ་པར་བྱེད་པ་སྨྲས་པ་དེ་ལ་ཡང་ལྷག་པའི་སུན་འབྱིན་པ་ནི། སྐད་ཅིག་འཇིག་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། དངོས་པོ་ཐམས་ཅད་སྐྱེས་པའི་དེ་མ་ཐག་ཏུ་འཇིག་པ་ཉིད་ཀྱིས་སྐད་ཅིག་ཙམ་ཡང་མི་གནས་པའི་ཕྱིར། ག་ལས་སྡོད་ནས་འཇུག་པར་འགྱུར། དེ་ལྟ་བས་ན་གཏན་ཚིགས་ཕྱིར་རྒོལ་བ་ལ་མ་གྲུབ་བོ། །དབང་ཕྱུག་དེ་ཉིད་ཀྱིས་མ་ངེས་པ་ཡང་ཡིན་ཏེ། གང་གི་ཕྱིར་དབང་ཕྱུག་ནི་རིམ་པ་ཅན་

གྱི་འབྲས་བུ་རྣམས་ལ་སྡོད་ནས་འཇུག་པ་ཡིན་མོད་ཀྱི། འོན་ཀྱང་འདི་སེམས་དང་ལྡན་པས་བྱིན་གྱིས་བརླབས་པ་ནི་མ་ཡིན་ཏེ། ཐུག་པ་མེད་པས་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཇི་ལྟར་བློ་གྲོས་བཟང་པོས་བྱས་པ་བཞིན་དུ་སེམས་པ་མེད་པ་ཅན་ཞེས་ཁྱད་པར་དང་བཅས་པ་གཏན་ཚིགས་
སུ་བྱེད་པ་དེ་ལྟ་ན་ཡང་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་མ་ངེས་པ་ཉིད་མི་ཟློགས་པ་ཁོ་ནའོ། །གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་བྱེད་པ་གང་ཡིན་པ་དེ་ཉིད་ཁྱད་པར་དུ་རིགས་ཀྱི། མི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟློག་པར་མི་བྱེད་པ་གང་ཡིན་པ་ཁས་བླངས་
ན་ཡང་མེད་པ་དང་འདྲ་བ་ཉིད་ཡིན་ནོ། །ཁྱད་པར་དང་བཅས་པ་ཉིད་ཡིན་ན་ཡང་སྔར་བཤད་པའི་མ་གྲུབ་པ་ལ་སོགས་པའི་ཉེས་པའི་གནས་སྐབས་སོ་ན་འདུག་པ་ཡིན་ནོ། །གང་ཡང་། འབྱིན་པའི་ཐོག་མར་སྐྱེས་བུ་ཡི། །ཐ་སྙད་ཅེས་བྱ་བ་ལ་སོགས་པ་དེ་ལ། འཇིག་པའི་ཚེ་ན་སྐྱེས་བུ་རྣམས། །
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་ཕྱིས་རབ་ཏུ་བྱང་བ་རྣམས་ཀྱི་ཞེས་བྱ་བའི་ཁྱད་པར་དེ་མ་གྲུབ་པོ། །འདི་ལྟར་ཁོ་བོ་ཅག་གི་ལུགས་ཀྱིས་འཇིག་པའི་ཚེ་ན་སྐྱེས་བུ་རྣམས་ཤེས་པ་དང་། དྲན་པ་འཇིག་པ་དང་། ལུས་དང་དབང་པོ་དང་བྲལ་བར་གནས་པ་མ་ཡིན་ཏེ། འོན་ཀྱང་ཤེས་པ་གསལ་
བ་ཁྱད་པར་དུ་འཕགས་པ་དང་ལྡན་པའི་འོད་གསལ་ལ་སོགས་པའི་ལྷའི་རིས་དེ་དག་ཏུ་སྐྱེ་བར་འགྱུར་རོ། །གང་ཡང་དམྱལ་བ་ལ་སོགས་པའི་རྣམ་པར་སྨིན་པ་ངེས་པ་སྒྲུབ་པར་བྱེད་པའི་ལས་ཅན་དེ་དག་ནི་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སྐྱེ་བར་འགྱུར་རོ་ཞེས་འདོད་ལ། ཆགས་པའི་དུས་ན་
ཡང་འོད་གསལ་ལ་སོགས་པ་དེ་དག་ཉིད་ནས་ཤི་འཕོས་ནས། འདིར་ཤེས་པ་དང་དྲན་པ་མི་འཇིག་པ་ཉིད་དུ་འབྱུང་ངོ་། །དེ་ལྟ་བས་ན་དུས་ཕྱིས་རབ་ཏུ་བྱང་བ་རྣམས་ཀྱི་ཞེས་བྱ་བའི་ཁྱད་པར་མ་གྲུབ་བོ། །གཏན་ཚིགས་མ་ངེས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལས་ཐེ་ཚོམ་ཟ་བའི་
ཕྱིར་རོ། །གཞན་ཡང་གཞན་གྱིས་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཙམ་སྒྲུབ་ན་གྲུབ་པ་ལ་སྒྲུབ་སྟེ། ཐམས་ཅད་ཀྱི་ཐ་སྙད་ཐོག་མ་མེད་པ་ནི་གཞན་གྱིས་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་འདོད་པའི་ཕྱིར་རོ། །འོན་ཏེ་དབང་ཕྱུག་གི་མཚན་ཉིད་ཀྱི་སྐྱེས་བུས་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་

ཉིད་དུ་སྒྲུབ་ན། དེའི་ཚེ་གཏན་ཚིགས་མ་ངེས་པ་ཉིད་ཡིན་ཏེ། གཞན་དུ་ཡང་ཐ་སྙད་སྲིད་པའི་ཕྱིར་རོ། །དཔེ་ཡང་བསྒྲུབ་པར་བྱ་བ་དང་བྲལ་བ་ཉིད་ཡིན་ནོ། །སྐྱོན་འདི་ཡང་སྤྱིར་སྔར་བཤད་ཟིན་ཏོ། །གཏན་ཚིགས་འགལ་བ་དང་དམ་བཅས་པ་ཁས་བླངས་པས་
གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཁ་མེད་པ་ཡི་སྟོན་པ་པོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐ་སྙད་དབང་ཕྱུག་གིས་བསྟན་པ་སྔོན་དུ་འགྲོ་བ་ཅན་སྲིད་པ་ཡིན་ན། དེའི་ཚེ་གཏན་ཚིགས་མི་འགལ་བར་འགྱུར་ན། ཇི་སྲིད་དུ་འདི་ཁ་དང་བྲལ་བའི་ཕྱིར་སྟོན་པ་པོར་མི་རིགས་ལ། ཁ་
མེད་པ་དེ་ཡང་ལུས་དང་བྲལ་བ་ཉིད་ཀྱིས་ཏེ། ལུས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདིའི་ལུས་དང་འབྲེལ་པ་དེ་ཡང་ཅི་ལྟར་གྲུབ་ཅེ་ན། ཆོས་དང་ཆོས་མིན་མེད་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་རྒྱུའི་ཆོས་དང་ཆོས་མ་ཡིན་པ་དང་བྲལ་བའི་ཞེས་བྱ་བའི་དོན་ཏོ། །དེ་སྐད་
དུ་ཡང་བྱེད་པས། ཇི་ལྟར་དབང་ཕྱུག་གི་བློ་ལ་ཚད་མ་ཡོད་པ་དེ་བཞིན་དུ་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་རྟག་པ་ཉིད་ལ་ནི་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བཤད་དོ། །དེ་ལྟ་བས་ན་དབང་ཕྱུག་སྟོན་པ་པོ་མི་སྲིད་པའི་ཕྱིར། ཐ་སྙད་དེའི་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་མ་གྲུབ་བོ། །
འོན་ཀྱང་དབང་ཕྱུག་ལས་ཐ་དད་པའི་སྐྱེས་བུ་གཞན་གྱིས་བསྟན་པ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ནོ། །དེའི་ཕྱིར་འདོད་པ་ལ་གནོད་པར་བྱེད་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ། །འོན་ཏེ་དབང་ཕྱུག་སྟོན་པ་པོ་ཉིད་དུ་ཁས་ལེན་པར་བྱེད་པ་དེའི་ཚེ། ཁ་མེད་པ་ཉིད་དུ་ཁས་བླངས་པ་ཉམས་
པས་ཁས་བླངས་པ་ལ་གནོད་དོ། །འབྱུང་བ་ཆེ་ལ་སོགས་གསལ་བ། །ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་སྔ་མ་བཞིན་དུ་གཏན་ཚིགས་རྣམས་མ་ངེས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །སྤྱི་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཉིད་དང་། ཁྱད་
པར་དཔེ་ལ་བསྒྲུབ་བྱ་མེད་པ་ཞེས་བྱ་བ་ཡང་སྦྱར་བར་བྱའོ། །དེ་ལྟར་དབང་ཕྱུག་སྒྲུབ་པར་བྱེད་པའི་ཚད་མ་རྣམས་རྒྱས་པར་བཀག་ནས། ད་ནི་ཁྱབ་པའི་སྐྱོན་བརྗོད་པའི་སྒོ་ནས་དེའི་གནོད་པར་བྱེད་པའི་ཚད་མ་རང་གི་ཕྱོགས་བསྒྲུབ་པར་བྱ་བའི་དོན་དུ་བསྟན་པའི་ཕྱིར། སྒྲུབ་བྱེད་ཀུན་ལ་ཁྱབ་པ་ནི། །

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་སྒྲུབ་པར་བྱེད་པ་ཐམས་ཅད་ལ། བསྒྲུབ་པར་བྱ་བས་གཏན་ཚིགས་ལ་ཁྱབ་པ་གང་ཡིན་པ་དེ་ནི་འཆད་པར་འགྱུར་བའི་རྗེས་སུ་དཔག་པ་དང་འགལ་ལོ། །ཅི་སྟེ་ཅིའི་ཕྱིར་དམ་བཅའ་བ་ལ་རྗེས་སུ་དཔག་པ་དང་འགལ་བར་
མི་བརྗོད་ཅེ་ན། འདི་སྙམ་དུ་སེམས་ཏེ། གལ་ཏེ་དམ་བཅའ་བ་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་ན། དེའི་ཚེ་དེའི་ཉེས་པ་བརྗོད་པར་བྱ་བ་ཡོད་ན། ཇི་སྲིད་དུ་དངོས་སམ་བརྒྱུད་པས་འདི་བསྒྲུབ་བྱ་འགྲུབ་པའི་ཡན་ལག་ཏུ་འགྱུར་བ་མ་ཡིན་ནོ། །དེ་ལྟ་ཡིན་དང་སྒྲུབ་པར་བྱེད་པའི་ཉེས་
པ་བརྗོད་པའི་སྐབས་སུ་དམ་བཅའ་བའི་སྐྱོན་བརྗོད་པ་གང་ཡིན་པ་དེ་ནི་རྒོལ་བ་ཚར་གཅད་པའི་གནས་སུ་འགྱུར་རོ། །དེ་ལྟ་བས་ན་སྒྲུབ་པར་བྱེད་པའི་སྦྱོར་བ་ལ་དམ་བཅའ་བའི་སྐྱོན་བརྗོད་པར་མི་བྱའོ། །གང་ལ་འབའ་ཞིག་ཏུ་དམ་བཅའ་བ་དང་འགལ་བ་བརྗོད་པ་དེ་ལ་དེའི་སྒོ་ནས་ཁྱབ་བ་
ཉིད་ལ་དེ་སྦྱོར་བར་བྱེད་དོ་ཞེས་གཟུང་བར་བྱའོ། །ཡང་ན་དེ་སྒྲུབ་པར་བྱེད་པའི་སྦྱོར་བ་ལས་གཞན་དུ་བལྟ་བར་བྱའོ། །ཅི་སྟེ་ཁྱབ་པའི་དུས་སུ་ཡང་ཇི་ལྟར་རྗེས་སུ་དཔག་པ་དང་འགལ་བ་བརྗོད་ཅེ་ན། འགལ་བའི་ཆོས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགལ་བའི་ཆོས་ཀྱིས་
ཞེས་བྱ་བ་ནི་ཚད་མས་གནོད་པས་སོ། །དེ་ཚད་མས་གནོད་པ་དེ་ནི་མེད་པ་ཡིན་པས་མེད་པ་ཉིད་ཀྱི་ཕྱིར་ཁྱབ་པ་མི་རིགས་ཏེ། མེད་པས་ཁྱབ་པ་མི་འགྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གིས་ཁྱབ་པ་ལ་གནོད་པར་འགྱུར་བའི་རྗེས་སུ་དཔག་པ་དེ་ཡང་གང་ཡིན་ཞེ་ན། སྐྱེ་བ་མེད་ཕྱིར་
དབང་ཕྱུག་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་སྐྱེ་བ་མེད་པ་དེ་ནི་འགའ་ཞིག་གི་ཡང་རྒྱུ་མ་ཡིན་ཏེ། དཔེར་ན་ནམ་མཁའི་པད་མ་བཞིན་ནོ། །དབང་ཕྱུག་ཀྱང་སྐྱེ་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་ནི་ཐལ་བར་འགྱུར་བ་སྒྲུབ་པར་བྱེད་
པ་ཡིན་ཏེ། དེས་ན་གཞི་མ་གྲུབ་པར་བརྩད་པར་མི་བྱའོ། །གཞན་དུ་ཐམས་ཅད་ཅིག་ཅར་འབྱུང་། །ཞེས་བྱ་བ་ནི་རྒྱུ་ནུས་པ་ཐོགས་པ་མེད་པ་ཡིན་པའི་ཕྱིར། དུས་གཅིག་ཏུ་མངོན་པར་འདོད་པའི་འབྲས་བུའི་ཚོགས་བཞིན་དུ་ཐམས་ཅད་ཅིག་ཅར་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །འདི་ལ་

འདི་གནོད་པར་བྱེད་པའི་ཚད་མ་ཡིན་ནོ། །ཡང་ན་འདི་དོན་བརྗོད་པ་ཙམ་ཡིན་ནོ། །ཐལ་བར་འགྱུར་བའི་སྒྲུབ་པར་བྱེད་པ་འདི་ལྟར་བྱ་སྟེ། གང་ཞིག་རྒྱུ་མ་ཚང་བ་མེད་པ་དེ་ནི་འབྱུང་བ་ཁོ་ན་ཡིན་ཏེ། དཔེར་ན་ཐ་མའི་གནས་སྐབས་སུ་ཕྱིན་པའི་ཚོགས་པ་ལས་རྒྱུ་
མ་ཚང་བ་མེད་པའི་མྱུ་གུ་འབྱུང་བ་ལྟ་བུའོ། །དབང་ཕྱུག་གི་རྒྱུ་ཅན་གྱི་འགྲོ་བ་ཐམས་ཅད་དུ་རྒྱུ་མ་ཚང་བ་མེད་པ་ཡིན་པའི་ཕྱིར་ཅིག་ཅར་འབྱུང་བར་འགྱུར་རོ། །འདི་སྙམ་དུ་དབང་ཕྱུག་འབའ་ཞིག་རྒྱུ་མ་ཡིན་གྱི། འོན་ཀྱང་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་ལྷན་ཅིག་བྱེད་པའི་རྒྱུ་གཞན་ལ་ལྟོས་ནས་
བྱེད་དེ། དབང་ཕྱུག་ནི་རྒྱུ་མཚན་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ལ་སོགས་པ་རྒྱུ་གཞན་མ་ཚང་བས་རྒྱུ་མ་ཚང་བ་མེད་པ་ཉིད་མ་གྲུབ་པོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གལ་ཏེ་དེའི་ལྷན་ཅིག་བྱེད་པ་རྣམས་ཀྱིས་ཕན་གདགས་པར་བྱ་བ་འབའ་ཞིག་ཡོད་ན། དེའི་ཚེ་དེ་
ལྷན་ཅིག་བྱེད་པ་ལ་ལྟོས་པ་ཡིན་ནོ། །ཇི་སྲིད་དུ་རྟག་པའི་ཕྱིར་གཞན་གྱིས་ཁྱད་པར་ཅུང་ཟད་ཙམ་ཡང་བྱར་མེད་པ་དེ་ནི་ལྷན་ཅིག་བྱེད་པ་དག་ལས་ཐོབ་པར་བྱ་བ་མེད་པའི་ཕྱིར་ཅིའི་ཕྱིར་དེ་ལྟ་བུར་གྱུར་པའི་ཕན་པ་མི་བྱེད་པ་དེ་དག་ལ་ལྟོས། གཞན་ཡང་གང་ཡང་ཁྱེད་ཀྱི་ལྷན་ཅིག་བྱེད་པ་དེ་
དག་ཐམས་ཅད་ཀྱང་དབང་ཕྱུག་ལ་རག་ལས་ཏེ། སྐྱེ་བ་ཅན་ཉིད་ཀྱིས་རྟག་ཏུ་ཉེ་བ་ཡིན་པའི་ཕྱིར་ཇི་ལྟར་གཏན་ཚིགས་མ་གྲུབ་པ་ཡིན། མ་ངེས་པ་ཡང་མ་ཡིན་ཏེ། རྒྱུ་མ་ཚང་བ་མེད་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་མ་ཚང་བ་མེད་པ་ཡང་མི་སྐྱེ་ན་ཁྱད་པར་མེད་པའི་ཕྱིར་
ཐམས་ཅད་ལས་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གསལ་བྱེད་པ་ན་རེ། དབང་ཕྱུག་ཅེས་བྱ་བ་རྟག་པའི་དངོས་པོ་རྣམས་རྒྱུ་མ་ཚང་བ་མེད་པ་རྟག་ཏུ་ཉེ་བ་ཡིན་མོད་ཀྱི། འོན་ཀྱང་ཅིག་ཅར་མི་སྐྱེད་དེ། དབང་ཕྱུག་ནི་བློ་སྔོན་དུ་བཏང་ནས་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་གལ་ཏེ་དབང་ཕྱུག་
ཡོད་པ་ཙམ་ཉིད་ཀྱིས་བློ་སྔོན་དུ་མ་སོང་བར་ཡང་དངོས་པོ་རྣམས་སྐྱེད་པར་བྱེད་པ་ཡིན་ན་དེའི་ཚེ་ཀླན་ཀ་དེར་འགྱུར་བ་ཡིན་ན། གང་གི་ཚེ་བློ་སྔོན་དུ་བཏང་སྟེ་བྱེད་པ་དེའི་ཚེ་སྐྱོན་མེད་དེ། དེ་ནི་རང་གི་འདོད་པས་འབྲས་བུ་རྣམས་ལ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ་

ཞེས་ཟེར་རོ། །འདི་ཡང་མི་རིགས་ཏེ། གང་གིས་དབང་ཕྱུག་ཅེས་བྱ་བ་རྒྱུ་ནུས་པ་ཐོགས་པ་མེད་པ་རྟག་ཏུ་ཉེ་ན་ཡང་དེའི་འདོད་པ་མེད་པས་འཇུག་པར་མི་འགྱུར་བ་འབྲས་བུ་རྣམས་ནི་རྒྱུའི་འདོད་པ་ཡོད་པ་དང་མེད་པ་ལ་ལྟོས་ནས་འཇུག་པ་དང་ལྡོག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་
རྣམས་ནི་རྒྱུ་ལས་ཡོད་པའི་ནུས་པ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཡིན་ནོ། །འདི་ལྟར་བྱེད་པ་པོ་འདོད་ན་ཡང་མི་ནུས་པ་མི་སྐྱེད་ལ། མི་འདོད་ན་ཡང་ས་བོན་ལ་སོགས་པ་ནུས་པས་བསྐྱེད་དོ། །དེ་ལ་གལ་ཏེ་དབང་ཕྱུག་ཅེས་བྱ་བའི་རྒྱུ་འབྲས་བུ་སྐྱེ་བའི་དུས་བཞིན་དུ་དངོས་པོ་རྣམས་ཀྱི་ནུས་པ་
ཐོགས་པ་མེད་པ་རྟག་ཏུ་གནས་ན་དེ་ཅིའི་ཕྱིར། གང་གིས་སྐྱེ་བའི་དུས་བཞིན་དུ་ཅིག་ཅར་སྐྱེ་བར་མི་འགྱུར་བ་དེའི་ཕན་པ་མི་བྱེད་པའི་འདོད་པ་དེ་ལ་ལྟོས། གལ་ཏེ་ཅིག་ཅར་འབྱུང་བ་ཡིན་ན་དེ་དག་གིས་བདག་ཉིད་རྒྱུ་མ་ཚང་བ་མེད་པ་ཉིད་དུ་དེ་ལྟར་བསྟན་པ་ཡིན་ན་གང་གིས་ན་འདོད་པ་ལ་ལྟོས་པར་འགྱུར་བ་
གཞན་གྱིས་ཕན་མ་བཏགས་པའི་དབང་ཕྱུག་ཀྱང་ལྟོས་པ་ཅུང་ཟད་ཀྱང་མེད་པ་ཡིན་ན། གཞན་ཡང་བློ་ལས་མ་གཏོགས་པའི་འདོད་པ་གཞན་ནི་མེད་ལ། དབང་ཕྱུག་གི་བློ་ཡང་ཁྱེད་ཀྱིས་རྟག་པ་གཅིག་པུར་འདོད་དོ། །དེ་ལྟ་ཡིན་དང་དབང་ཕྱུག་བློ་སྔོན་དུ་གཏོང་བར་བྱེད་པ་ཡིན་ནམ། ཡང་ཅིའི་
ཕྱིར་དངོས་པོ་རྣམས་ཅིག་ཅར་སྐྱེ་བར་མི་འགྱུར་ཏེ། དབང་ཕྱུག་བཞིན་དུ་དེའི་བློ་ཡང་རྟག་ཏུ་ཉེ་བའི་ཕྱིར་རོ། །གང་གི་ཚེ་ཡང་འོན་ཏེ་ཡང་དེའི་བློ་མི་རྟག་པ་ཉིད་དུ་ཁས་ལེན་པར་བྱེད་པ་དེའི་ཚེ་ཡང་དབང་ཕྱུག་ཡོད་པས་ཡོད་པའི་ཕྱིར་ཏེ་དབང་ཕྱུག་བཞིན་དུ་རྟག་ཏུ་ཡོད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཉེས་པ་དེ་
ཉིད་སོ་ན་འདུག་པ་ཡིན་ནོ། །དེ་ལྟ་བས་ན་བློ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའི་ཕྱིར་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །འགལ་བ་ཉིད་ཀྱང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །དེ་ལྟར་ཡོད་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་བཟློག་པའི་སྦྱོར་བ་
ནི། གང་ཞིག་གང་གི་ཚེ་མི་འགྱུར་བ་དེ་ནི་དེའི་ཚེ་རྒྱུ་མ་ཚང་བ་མེད་པ་མ་ཡིན་ཏེ། དཔེར་ན་སྦྱང་ན་གནས་པའི་ས་བོན་གྱི་གནས་སྐབས་ཀྱི་སྐྱེ་བཞིན་པ་མ་ཡིན་པའི་མྱུ་གུ་ལྟ་བུའོ། །དངོས་པོ་གཅིག་སྐྱེ་བའི་དུས་ན་ཡང་སྣ་ཚོགས་ཐམས་ཅད་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ཁྱབ་པར་བྱེད་པ་

མི་དམིགས་པའོ། །སྒྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ཏེ། དབང་ཕྱུག་རྒྱུ་ཡིན་ན་རྒྱུ་མ་ཚང་བ་མི་འཐད་པར་བསྒྲུབས་ཟིན་པའི་ཕྱིར་རོ། །ཚད་མ་གཞན་ཡང་། གང་དག་རིམ་གྱིས་འབྱུང་བ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་རྩོམ་པར་བྱེད་པའི་ཆ་
ཤས་ཀྱི་དབྱིབས་ཀྱི་ཁྱད་པར་དང་ལྡན་པ་ལ་སོགས་པའི་སྒྲུབ་པར་བྱེད་པ་ཇི་སྐད་དུ་བཤད་པ་དག་ལས་བྱུང་བའི་འདོད་པའི་བསྒྲུབ་བྱའི་ཆོས་ཀྱི་ཡུལ་ཅན་བླུན་པོ་རྣམས་དེ་དབང་ཕྱུག་རྒྱུར་མངོན་པར་ཞེན་པ་རྣམས་ཀྱི་ཡིད་ཆེས་པ་སྟེ། ངེས་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཇི་སྐད་དུ་ཉེས་པས་
སུན་དབྱུང་བའི་ཕྱིར་དེ་དག་ལས་འདོད་པའི་བསྒྲུབ་པར་བྱ་བ་ལ་ཡིད་ཆེས་པ་མི་སྐྱེ་བའི་ཕྱིར་དཔེའི་ཆོས་ཅན་མ་གྲུབ་པ་མ་ཡིན་ནམ་ཞེ་ན། འདི་ནི་བདེན་ཏེ། དེ་ཉིད་ཀྱི་ཕྱིར་བླུན་པོ་ཡི། །ཞེས་བྱ་བ་སྨོས་ཏེ། བླུན་པོ་རྣམས་ནི་སྒྲུབ་པ་ལྟར་སྣང་བ་འབྱེད་པར་མི་ནུས་པ་ཉིད་ཀྱིས་སྒྲུབ་པར་བྱེད་པ་ལྟར་སྣང་བ་
དག་ལས་ཀྱང་དེ་དག་ཡིད་ཆེས་སྐྱེ་བ་ཉིད་ཡིན་ནོ། །འོན་ཏེ་དེ་ལྟ་ན་ཡང་དཔེ་ལ་བསྒྲུབ་བྱ་མེད་པ་ཡིན་ཏེ། བླུན་པོའི་ཡིད་ཆེས་པ་དེ་དག་གི་ཡང་དབང་ཕྱུག་རྒྱུ་མཚན་གྱི་རྒྱུར་འདོད་པས་དེའི་ཕྱིར། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཀྱང་ཞེས་བྱ་བ་ནི་བླུན་པོའི་ཡིད་ཆེས་པའོ། །
དེས་བྱུང་ཞེས་བྱ་བ་ནི་དབང་ཕྱུག་ལས་བྱུང་བར་འདོད་ན། སྒྲུབ་པ་བརྗོད་པ་དོན་མེད་དེ། །སྒྲུབ་བྱེད་རྗོད་པ་དོན་མེད་པར་འགྱུར་རོ། །དབང་ཕྱུག་ཁོ་ན་ལས་དེ་དག་སྐྱེའོ་སྙམ་དུ་བསམས་པའོ། །དབང་ཕྱུག་སྒྲུབ་པར་བྱེད་པ་བརྗོད་པའི་ལྷན་ཅིག་བྱེད་པ་ལ་ལྟོས་ནས་དེ་དག་གི་སྐྱེད་པར་བྱེད་པ་ཡིན་
གྱི། འབའ་ཞིག་པ་ནི་མ་ཡིན་ཏེ། དེས་ན་འདི་འབྲས་བུ་མེད་པར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། རྟག་ཕྱིར་གསོས་འདེབས་མེད་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲུབ་པར་བྱེད་པ་བརྗོད་པ་འདི་དབང་ཕྱུག་འདིའི་ནུས་པ་མེད་པའི་རང་བཞིན་བསལ་ནས། ནུས་པ་
སྐྱེད་པ་དེའི་ཚེ་ལྷན་ཅིག་བྱེད་པར་འགྱུར་ན། ཇི་སྲིད་དུ་རྟག་པའི་ཕྱིར་དབང་ཕྱུག་བསྐྱེད་པར་བྱ་བ་མ་ཡིན་ཞིང་། བཟློག་པར་བྱ་བ་མ་ཡིན་པའི་རང་བཞིན་ཉིད་ཀྱིས་སུ་ཞིག་གིས་ཀྱང་གསོས་གདབ་པར་བྱ་བ་མ་ཡིན་པས་དེ་འདིའི་ལྷན་ཅིག་བྱེད་པར་མི་རིགས་སོ། །གཞན་ཡང་ཇི་ལྟར་སྒྲུབ་

པར་བྱེད་པའི་རྒྱུ་ནུས་པ་ཡོངས་སུ་མཐོང་བ་ལས་མ་གཏོགས་པར་ནུས་པ་ཡོངས་སུ་མ་མཐོང་བའི་རྒྱུ་ཉིད་དབང་ཕྱུག་ལ་ཡང་རྟོག་ན་ཁྱེད་ཅག་ལ་ཧ་ཅང་ཐལ་བར་འགྱུར་བ་ཁོ་ན་སྟེ། གང་གི་ཕྱིར་དབང་ཕྱུག་དེར་ཡོངས་སུ་རྟོག་ན་དབྱིག་པ་ལ་སོགས་པ་ཡང་བརྟག་པར་བྱ་བ་ཉིད་ཡིན་ཏེ། ཁྱད་པར་མེད་
པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། གང་དག་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་གྱུར་མཐོང་བར་ཞེས་ཁ་བསྐང་ངོ་། །དེའི་རྒྱུ་གཞན་ཉིད་རྟོག་ཅེས་བྱ་བ་ནི་ཇི་ལྟར་ནུས་པ་ཡོངས་སུ་མཐོང་བའི་རྒྱུ་དག་ལས་འདིའི་རྒྱུ་གཞན་ཡིན་པས་རྒྱུ་གཞན་ཏེ། དེའི་དངོས་པོ་ནི་རྒྱུ་གཞན་ཉིད་དོ། །
དེ་རྟོག་པ་ནི་རྟོག་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གང་ཡང་། ཀུན་གྱི་བྱེད་པོ་ཉིད་གྲུབ་ན། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལས་བྱེད་པ་པོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཀྱི་བྱེད་པ་པོ་ཉིད་ཡིན་པའི་སྟོབས་ཀྱིས་འདི་ཐམས་ཅད་ཤེས་པར་ཁྱེད་ཅག་གིས་འདོད་དེ། དེས་ན་
དེ་བཀག་པའི་ཕྱིར་དེའི་ཐམས་ཅད་ཤེས་པ་ཡང་འབད་པ་མེད་པར་མི་དགོས་པར་བསལ་བ་ཡིན་ནོ། །སྒྲུབ་པར་བྱེད་པ་རྣམས་སུན་མ་ཕྱུང་བར་ཁས་བླངས་ནས། སྐྱོན་གཞན་ཇི་སྐད་བཤད་པའི་ཉེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་ཉེས་པ་ནི། རྗེས་སུ་དཔག་པ་དང་
འགལ་བའི་མཐར་ཐུག་པ་རྣམས་སོ། །འདི་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ། སྒྲུབ་པར་བྱེད་པ་དེ་དག་ལས་ལུས་དང་རི་ལ་སོགས་པ་རྣམས་ཀྱི་བྱེད་པ་པོ་བློ་དང་ལྡན་པ་ཡིན་པར་གྲུབ་པ་ཡིན་མོད་ཀྱི། འོན་ཀྱང་འདི་གཅིག་གི་རྒྱུ་གང་ཡིན་པ་དེ་ཁོ་ན་གཞན་གྱི་ཡང་ཡིན་པར་མ་ངེས་པ་ཉིད་དེ།
འབྲས་བུ་སོ་སོ་ལ་བྱེད་པ་པོ་ཡང་ཐ་དད་པ་སྲིད་པའི་ཕྱིར་རོ། །སྐར་ཁུང་ལ་སོགས་པ་གཅིག་ཀྱང་རྒྱུ་མང་པོས་བྱས་པར་མཐོང་བས། དེའི་ཕྱིར་བྱེད་པ་པོ་གཅིག་མ་གྲུབ་པོ། །ཇི་སྲིད་དུ་བྱེད་པ་པོ་གཅིག་མ་གྲུབ་པ་དེ་སྲིད་དུ། གང་ལས་ཐམས་ཅད་ཤེས་པར་འགྱུར། འདི་ལ་བློ་གྲོས་བཟང་པོས་
བྱེད་པ་པོ་གཅིག་བསྒྲུབ་པའི་ཕྱིར་ཚད་མ་བྱེད་དེ། ཚངས་པ་ལ་སོགས་པ་ནས་ཤ་ཟའི་བར་ནི་གཅིག་གིས་བྱིན་གྱིས་བརླབས་པ་ཡིན་ཏེ། ཕན་ཚུན་ཁྱད་པར་དུ་འཇུག་པའི་ཕྱིར་རོ། །འདི་ན་གང་དག་ཕན་ཚུན་ཁྱད་པར་གྱིས་འཇུག་པ་དེ་དག་ནི་གཅིག་ལ་རག་ལས་པར་མཐོང་སྟེ། དཔེར་ན་

འཇིག་རྟེན་འདིའི་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་གྱི་བདག་པོ་རྣམས་ནི་ས་ཐམས་ཅད་ཀྱི་མིའི་བདག་པོ་གཅིག་ལ་རག་ལས་པ་བཞིན་ནོ། །དེ་བཞིན་དུ་ཀླུ་དང་། སྲིན་པོ་དང་། གནོད་སྦྱིན་ལ་སོགས་པ་རྣམས་ཀྱང་ཕན་ཚུན་ཁྱད་པར་གྱིས་
འཇུག་པ་ཉིད་དེ། དེ་དག་ཀྱང་དབང་ཕྱུག་གཅིག་གི་གཞན་གྱི་དབང་ཡིན་ནོ་སྙམ་དུ་ཁོ་བོ་ཅག་སེམས་སོ། །དེ་འདིས་གལ་ཏེ་དབང་ཕྱུག་ཅེས་བྱ་བ་བྱིན་གྱིས་རློབ་པ་པོ་གཅིག་གིས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་དོན་འདི་སྒྲུབ་པར་འདོད་པ་དེའི་ཚེ་གཏན་ཚིགས་མ་ངེས་པ་ཡིན་ཏེ། བཟློག་
པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པས་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །དཔེ་ཡང་བསྒྲུབ་པར་བྱ་བ་དང་བྲལ་བ་ཉིད་ཡིན་ནོ། །འོན་ཏེ་བྱིན་གྱིས་རློབ་པ་པོ་ཙམ་གྱིས་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་སྒྲུབ་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཡང་དག་པར་རྫོགས་
པའི་སངས་རྒྱས་འཇིག་རྟེན་མཐའ་དག་གི་གཙུག་གི་ནོར་བུས་འགྲོ་བ་ཐམས་ཅད་སྙིང་རྗེའི་དབང་གིས་བྱིན་གྱིས་བརླབས་པར་ཁོ་བོ་ཅག་འདོད་པ་ཁོ་ན་ཡིན་ཏེ། གང་གི་སྟོབས་ཀྱིས་དེ་ལྟར་ཡང་དམ་པ་དག་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །བརྗོད་
པའི་སྒྲུབ་བྱེད་གཞན་འདི་ཡང་ཡིན་ཏེ། སྲིད་པ་བདུན་ནི་བློ་གཅིག་གིས་སྤྲུལ་པ་ཡིན་ཏེ། དངོས་པོ་གཅིག་གི་ཁོངས་སུ་འདུས་པའི་ཕྱིར། ཁང་པ་གཅིག་གི་ནང་དུ་གཏོགས་པའི་ཁང་མིག་བཞིན་ཏེ། ཇི་ལྟར་ཁང་པ་གཅིག་གི་ཁོངས་སུ་འདུས་པའི་ཁང་མིག་རྣམས་ཐིག་མཁན་གྱི་བློ་གཅིག་
གཅིག་གིས་བྱས་པ་ཉིད་དུ་མཐོང་བ་དེ་ལྟར་སྲིད་པ་བདུན་ཡང་སྲིད་པ་གཅིག་གི་ཁོངས་སུ་འདུས་པ་ཡིན་ཏེ། དེའི་ཕྱིར་དེ་དག་ཀྱང་བློ་གཅིག་གིས་བྱས་པར་ངེས་སོ། །གང་འདི་དག་བློ་གཅིག་གིས་སྒྲུབ་པར་བྱེད་པ་དེ་ནི་སྲིད་པ་མཐའ་དག་གི་ཐིག་མཁན་གཅིག་པུ་སྟེ། ལེགས་ལྡན་དབང་ཕྱུག་
ཆེན་པོ་ཡིན་ནོ་ཞེས་བྱའོ། །དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གནས་དང་ཁང་པ་དག་ནི་དངོས་པོ་གཅིག་མ་ཡིན་ཏེ། ཐ་སྙད་ཟོར་ཡང་བར་བྱ་བའི་ཕྱིར་མང་པོ་དག་ལ་མིང་འདི་བྱས་སོ། །དེ་ཉིད་ཀྱི་ཕྱིར་དཔེ་ཡང་སྒྲུབ་པར་བྱེད་པ་དང་བྲལ་བ་ཡིན་ཏེ། ཁང་པ་གཅིག་ཏུ་གཏོགས་

པའི་ཁང་མིག་ལ་སོགས་པ་ནི་ཐིག་མཁན་དུ་མས་བྱས་པར་མཐོང་བའི་ཕྱིར་ཡང་གཏན་ཚིགས་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་སྒྲུབ་པར་བྱེད་པ་གཞན་དག་ལ་ཡང་ཇི་ལྟར་རིགས་པ་སུན་འབྱིན་པ་བརྗོད་པར་བྱའོ། །གང་ཡང་། མི་མཐུན་བློ་གཞི་ཡི་དངོས་པོ། །ཞེས་བྱ་བ་
ལ་སོགས་པ་སྨོས་པ་དེ་ལ། དེ་བསྒྲུབ་བྱ་ཕྱིར་སྒྲུབ་སྨྲས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྤྱིར་ཐམས་ཅད་ཤེས་པ་འགའ་ཞིག་ཡོད་དོ་ཞེས་སྒྲུབ་ན་དེའི་ཚེ་ཁོ་བོ་ཅག་ལ་ཁྱེད་ཀྱིས་སྒྲུབ་པར་བྱེད་པ་འདི་མཛེས་པ་མ་ཡིན་ཏེ། གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡོད་པའི་ཕྱིར་རོ། །
འོན་ཀྱང་གང་དག་ཐམས་ཅད་མཁྱེན་པ་ལ་སྐུར་པ་འདེབས་པའི་རྒྱལ་དཔོག་པ་དེ་དག་ལ་མཛེས་པ་ཡིན་ནོ། །འོན་ཏེ་དབང་ཕྱུག་ཏུ་བརྗོད་པའི་ཐམས་ཅད་ཤེས་པ་ཉིད་སྒྲུབ་ན་དེ་ནི་མི་རིགས་ཏེ། འབྲེལ་པ་མ་གྲུབ་པས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །དཔེ་ཡང་བསྒྲུབ་པར་བྱ་བས་སྟོང་པ་
ཉིད་ཡིན་ནོ། །དེའི་ཕྱིར་ཁོ་བོ་ཅག་ལ་སྒྲུབ་པར་བྱེད་པ་འདི་མཛེས་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཡང་སྣ་ཚོགས་པར་འབྱུང་བ། །ཞེས་བྱ་བ་ལ་སོགས་པ་ཆོས་ཅན་གྱི་ཁྱད་པར་བསྟན་པ་དེ་གང་དུ་ཡང་ཉེ་བར་མི་མཁོ་སྟེ། ཁྱེད་ཀྱིས་གཞན་མགོ་རྨོངས་པར་བྱ་བའི་
ཕྱིར། རང་གི་གྲུབ་མཐའ་བསྒྲགས་པ་འདི་བྱས་པ་འབའ་ཞིག་ཏུ་ཟད་དོ། །འདི་ལྟར་རྣམ་པ་དེ་ལྟ་བུའི་ཆོས་ཅན་གྱི་ཁྱད་པར་མེད་ན་ཡང་། གལ་ཏེ་སྒྲུབ་པར་བྱེད་པ་མ་གྲུབ་པ་ལ་སོགས་པའི་སྐྱོན་དང་བྲལ་བ་དེའི་ཚེ་མངོན་པར་འདོད་པའི་བསྒྲུབ་བྱ་འགྲུབ་པར་འགྱུར་བ་ཁོ་ནའོ། །འོན་ཏེ་སྒྲུབ་པར་
བྱེད་པ་མ་གྲུབ་པ་ལ་སོགས་པའི་སྐྱོན་གྱིས་སྐྱོན་ཅན་ཡིན་པ་དེའི་ཚེ་རྣམ་པ་དེ་ལྟ་བུའི་ཁྱད་པར་བཟུང་ན་ཡང་བསྒྲུབ་བྱ་མི་འགྲུབ་པས། རྣམ་པ་ཐམས་ཅད་དུ་ཁྱད་པར་དོན་མེད་དོ། །གང་ཡང་མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་ཟློག་པར་བྱེད་པ་དེ་ཉིད་ཁྱད་པར་དུ་རིགས་སོ། །གཞན་
ཡང་གཏན་ཚིགས་གཞི་མ་གྲུབ་སྟེ། ཇི་སྐད་དུ་བཤད་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནི་ཕྱིར་རྒོལ་བ་ལ་མ་གྲུབ་པ་ཡིན་ནོ། །དེ་ལྟ་བས་ན་བསྟན་བཅོས་ལ་གྲགས་པ་ནི་ཆོས་ཅན་དུ་བྱ་བ་མ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་དབང་ཕྱུག་བརྟག་པ་

སྟེ་གཉིས་པའོ།། །།གཉི་གའི་བྱ་བ་དང་བྲལ་བ་ཉིད་དུ་བསྟན་པའི་ཕྱིར། དེ་ལྟར་རང་བཞིན་དབང་ཕྱུག་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གྲངས་ཅན་ཁ་ཅིག་ནི་གཙོ་བོ་འབའ་ཞིག་ལས་འབྲས་བུ་ཐ་དད་པ་འདི་དག་འཇུག་པ་མ་ཡིན་ཏེ། དེ་
ནི་སེམས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སེམས་པ་མེད་པ་ནི་བྱིན་གྱིས་རློབ་པ་པོ་མེད་པ་རང་གི་འབྲས་བུ་རྩོམ་པར་བྱེད་པ་མ་མཐོང་ལ། སྐྱེས་བུ་བྱིན་གྱིས་རློབ་པ་པོར་ཡང་མི་རིགས་ཏེ། དེའི་ཚེ་མི་ཤེས་པའི་ཕྱིར་རོ། །འདི་ལྟར་བློ་ངེས་པའི་དོན་ཉིད་སྐྱེས་བུས་ཤེས་པར་བྱེད་དེ། འབྱིན་
པའི་སྔར་བློ་འདི་ནི་མི་ཤེས་པ་ཁོ་ན་སྟེ། ནམ་ཡང་དོན་འགའ་ཡང་ཤེས་པ་མ་ཡིན་ནོ། །དོན་མི་ཤེས་པར་ཡང་འགའ་ཡང་བྱ་བར་མི་ནུས་པས་འདི་བྱེད་པ་པོ་མ་ཡིན་ནོ། །དེ་ལྟ་བས་ན་དབང་ཕྱུག་ཉིད་གཙོ་བོ་ལ་ལྟོས་ནས་འབྲས་བུ་ཐ་དད་པའི་བྱེད་པ་པོ་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ། །ལྷ་སྦྱིན་
ལ་སོགས་པ་གཅིག་པུ་སྐྱེད་པར་བྱེད་པ་ནི་མ་ཡིན་ལ། རྫ་མཁན་འབའ་ཞིག་ཀྱང་བུམ་པ་བྱེད་པ་མ་ཡིན་ནོ་ཞེས་ཟེར་རོ། །རང་བཞིན་དང་དབང་ཕྱུག་དག་སོ་སོར་རྒྱུ་ཡིན་པ་བཀག་པའི་ཕྱིར། དབང་ཕྱུག་དང་གཙོ་བོ་ཞེས་བྱ་བ་གཉི་ག་ལྷན་ཅིག་པ་འདི་ཡང་སྐྱེ་བ་ཅན་ཏེ། སྐྱེ་བ་དང་ལྡན་
པའི་བྱེད་པ་སྟེ། སྐྱེད་པར་བྱེད་པ་ཞེས་བྱ་བར་མ་གྲུབ་པའོ། །འོན་ཏེ་འདི་དག་སོ་སོར་བྱེད་པ་པོ་ཉིད་བཀག་མོད་ཀྱི། འོན་ཀྱང་ལྷན་ཅིག་པ་མ་བཀག་པ་ཉིད་དེ། མིག་ལ་སོགས་པ་འབའ་ཞིག་པ་རྣམས་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་ནུས་པ་མེད་ལ། ལྷན་ཅིག་པ་རྣམས་མི་
འགྱུར་བ་ནི་མ་ཡིན་ལ་ཞེས་དོགས་པ་ལ། ལྷན་ཅིག་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་པ་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པ་ཉིད་དོ། །དེ་ཡང་རྣམ་པ་གཉིས་ཏེ། ཕན་ཚུན་ཁྱབ་པར་བྱེད་པའམ། དོན་གཅིག་བྱེད་པ་ཡིན་གྲང་། དེ་ལ་རེ་ཞིག་ཁྱད་པར་སྐྱེད་པར་བྱེད་པའི་མཚན་
ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་ཀྱིས་བརྟག་པ་དང་པོ་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དབང་ཕྱུག་དང་གཙོ་བོ་དེ་རྟག་པ་ཉིད་ཀྱིས་འགྱུར་བ་མེད་པའི་ཕྱིར་རོ། །རྟོག་པ་གཉིས་པ་ཡང་རིགས་པ་མ་ཡིན་ཏེ་ཞེས་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་རྣམས་ཅིག་ཅར་ཐལ་བར་འགྱུར་

བའི་ཕྱིར་རོ། །ནུས་པ་ཐོགས་པ་མེད་ཅིང་མ་ཚང་བ་མེད་པའི་དབང་ཕྱུག་དང་གཙོ་བོ་ཞེས་བྱ་བའི་རྒྱུ་རྟག་ཏུ་ཉེ་བ་ཉིད་ཀྱིས་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་ཡང་སྔ་མ་བཞིན་དུ་གང་རྒྱུ་མ་ཚང་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཐལ་བའི་སྒྲུབ་པར་བྱེད་པ་བརྗོད་པར་བྱའོ། །ཅི་སྟེ་བརྗོད་
པ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱིས་གང་རྒྱུ་མ་ཚང་བ་མེད་པ་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཉིད་དུ་རྗོད་པར་བྱེད་དོ། །རྒྱུ་གཉིས་པོ་དེ་དག་རྟག་ཏུ་ཉེ་བ་ཡིན་མོད་ཀྱི། འོན་ཀྱང་རིམ་གྱིས་འབྲས་བུ་ཐ་དད་པ་འདི་དག་ལ་འཇུག་པར་འགྱུར་ཏེ། འདི་ལྟར་དབང་ཕྱུག་གི་ལྷན་
ཅིག་བྱེད་པ་ནི་གཙོ་བོ་ལ་ཡོད་པའི་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གསུམ་ཡིན་ཏེ། དེ་དག་ཀྱང་རིམ་གྱིས་འཇུག་པའི་ཕྱིར་དེའི་འབྲས་བུ་ལ་ཡང་རིམ་གྱིས་འགྱུར་རོ། །འདི་ལྟར་གང་གི་ཚེ་རྡུལ་ཤས་ཆེར་འཕེལ་བ་དང་ལྡན་པ་དེའི་ཚེ་དབང་ཕྱུག་སྐྱེ་དགུ་རྣམས་ཀྱི་འབྱིན་པའི་རྒྱུ་ཡིན་ཏེ། རྡུལ་ནི་
འབྱིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་གི་ཚེ་སྙིང་སྟོབས་ཤས་ཆེར་འཕེལ་བ་ལ་རྟེན་པར་བྱེད་པའི་ཚེ་འཇིག་རྟེན་གནས་པའི་རྒྱུར་འགྱུར་ཏེ། སྙིང་སྟོབས་ནི་གནས་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་གི་ཚེ་མུན་པ་ཤས་ཆེ་བའི་ནུས་པ་དང་ལྡན་པ་དེའི་ཚེ་འགྲོ་བ་ཐམས་ཅད་འཇིག་པ་དང་ཉམས་
པར་བྱེད་པར་འགྱུར་ཏེ། མུན་པ་ནི་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། སྐྱེ་བ་དང་ལྡན་རྡུལ་ལ་རྟེན། །སྙིང་སྟོབས་འཕེལ་བ་གནས་པ་ཡིན། །མུན་པ་ལ་རེག་སྐྱེ་དགུ་འཇིག །སྐྱེ་མེད་འབྱིན་གནས་འཇིག་པའི་རྒྱུ། །གསུམ་གྱི་རང་བཞིན་ཡོན་ཏན་ནི། །གསུམ་
གྱི་བདག་ལ་ཕྱག་འཚལ་ལོ། །ཞེས་སྨྲས་པ་ལྟ་བུའོ། །གྲག་ཅེས་བྱ་བའི་སྒྲ་ནི་མི་སྲིད་པའི་དོན་ཏོ། །འདིར་བཤད་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །དེ་དག་ཅེས་བྱ་བ་ནི་རང་བཞིན་དང་དབང་ཕྱུག་གོ། །གཅིག་བྱེད་ཚེ་ཞེས་བྱ་བ་ནི་འབྱིན་པ་དང་། གནས་པ་དང་།
འཇིག་པ་དག་ལས་གང་ཡང་རུང་བ་གཅིག་བྱེད་པའི་ཚེ་དེ་ལས་གཞན་པའི་འབྲས་བུ་གཉིས་སྐྱེད་པར་བྱེད་པའི་ནུས་པ་ཅི་ཡོད་དམ། འོན་ཏེ་མེད་ཅེས་བྱ་བའི་རྣམ་པར་རྟོག་པ་གཉིས་སོ། །དེ་ལ་གལ་ཏེ་ཡོད་ན་དེའི་ཚེ་འབྱིན་པའི་ཚེ་ཡང་རྒྱུ་མ་ཚང་བ་མེད་པའི་ཕྱིར་གནས་པ་དང་འཇིག་པའི་བདག་ཉིད་

ཀྱི་འབྲས་བུ་གཞན་གཉིས་ཀྱང་སྐྱེ་བ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་གནས་པའི་དུས་སུ་ཡང་སྐྱེ་བ་དང་འཇིག་པ་ཐོབ་པར་འགྱུར་ལ། འཇིག་པའི་དུས་ན་ཡང་སྐྱེ་བ་དང་གནས་པར་འགྱུར་རོ། །དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། ཕན་ཚུན་སྤངས་ཏེ་གནས་པ་
དག་ནི་ཆོས་ཅན་གཅིག་ལ་དུས་གཅིག་ཏུ་སྲིད་པར་རིགས་པ་ཡང་མ་ཡིན་ནོ། །འདི་སྙམ་དུ་འབྲས་བུ་གཅིག་པོ་དེ་སྐྱེ་བའི་དུས་ན་རང་བཞིན་དང་དབང་ཕྱུག་དེ་དག་འབྲས་བུ་གཞན་སྐྱེ་བ་ལ་ངོ་བོ་གཞན་མི་ཉེ་སྟེ། དེས་ན་དེའི་ཚེ་དེ་དག་ཏུ་ཐལ་བར་མི་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་ངོ་བོ་གཞན་
ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་རང་བཞིན་དང་དབང་ཕྱུག་ཏུ་བརྗོད་པའི་རྒྱུའོ། །གཞན་ཞིག་གིས་ཞེས་བྱ་བ་ནི་ཕྱིས་ཀྱི་འབྲས་བུ་གཉིས་པའོ། །གཞན་ཞིག་གི་ངོ་བོས་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རང་གི་ངོ་བོ་ཁོ་ནས་རྒྱུ་ཡིན་ནོ་སྙམ་དུ་བསམས་པ་ཡིན་
ནོ། །འདི་སྙམ་དུ་གཞན་གྱི་ངོ་བོས་བྱེད་པ་མ་ཡིན་མོད་ཀྱི། འོན་ཀྱང་འབྲས་བུ་གཅིག་སྐྱེད་པའི་དུས་ན་འབྲས་བུ་ལྷག་མ་གཉིས་པོ་སྐྱེད་པ་ལ་འདི་ལ་ནུས་པ་མེད་དེ། དེས་ན་དེའི་ཚེ་འབྲས་བུ་གཉིས་པོ་མི་སྐྱེད་དོ་སྙམ་དུ་སེམས་ན། དེ་ཡི་ནུས་པ་དང་བྲལ་ན། །ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། གཞན་ཚེ་ཞེས་བྱ་བ་ནི་མངོན་པར་འདོད་པའི་འབྲས་བུ་རྩོམ་པའི་ཚེའོ། །འདི་སྙམ་དུ་གཙོ་བོ་ལས་ནུས་པ་ཐམས་ཅད་ཉེ་བ་ཡིན་མོད་ཀྱི། འོན་ཀྱང་གང་ཁོ་ན་ཤས་ཆེར་འཕེལ་བ་ཉིད་རྒྱུ་ཡིན་པར་ཁོང་དུ་ཆུད་པར་བྱའི། གཞན་ནི་མ་ཡིན་ནོ། །དེས་ན་འབྲས་བུ་རྣམས་ཅིག་ཅར་འབྱུང་
བར་མི་འགྱུར་རོ་སྙམ་ན། ནུས་པའི་ངོ་བོ་ཤས་ཆེར་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་སྟོབས་ལ་སོགས་པ་ཤས་ཆེ་བའི་ངོ་བོས་འདི་ནི་རེ་ཞིག་རྟག་གོ་ཞེས་ནི་བརྗོད་པར་མི་རིགས་ཏེ། རེས་འགའ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་པས་ན་དངོས་པོ་འདི་འགའ་ཞིག་གི་
ཚེ་རང་བཞིན་དང་དབང་ཕྱུག་ཏུ་བརྗོད་པའི་རྒྱུ་ལས་སམ། རྒྱུ་གཞན་ལས་སམ། རང་དགའ་བ་ཡིན་ཞེས་རྣམ་པར་རྟོག་པ་གསུམ་མོ། །དེ་ལ་ཕྱོགས་དང་པོ་ལ་ནི་ཤས་ཆེ་བའི་ངོ་བོ་དེ་ཐམས་ཅད་དུ་འགྱུར་ཏེ། རང་བཞིན་དང་དབང་ཕྱུག་ཅེས་བྱ་བའི་རྒྱུ་ནི་རྟག་པའི་ངོ་བོ་ཉིད་ཀྱིས་རྟག་ཏུ་ཉེ་བ་

ཉིད་ཀྱི་ཕྱིར་རོ། །ཕྱོགས་གཉིས་པ་ལ་ཡང་། གཞན་གྱིས་གཞན་དག་མི་འདོད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་དེ་གཞན་ལས་འབྱུང་བའི་ངོ་བོར་འགྱུར་བ་རང་བཞིན་དང་དབང་ཕྱུག་ལས་མ་གཏོགས་པའི་རྒྱུ་གཞན་འདོད་པ་ནི་མ་ཡིན་ནོ། །ཕྱོགས་གསུམ་པ་ཡང་རིགས་པ་
མ་ཡིན་ནོ་ཞེས་བཤད་པ། རེས་འགའ་ཉིད་ནི་སྲིད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །ཅི་སྟེ་རང་དགའ་བ་ཡིན་མོད། རེས་འགའ་བ་ཉིད་ནི་ཅི་འགལ་ཞེ་ན། རང་ལས་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ལས་ཏེ་རང་བཞིན་ལས་སྐྱེ་བ་ཡིན་ན་རྒྱུ་མེད་པ་ཅན་ཉིད་དུ་ངེས་པར་
འགྱུར་རོ། །འོན་ཏེ་རང་བཞིན་ལས་སྐྱེ་ན་ཇི་ལྟར་རྒྱུ་མེད་པར་འགྱུར། ཇི་སྲིད་དུ་རང་བཞིན་ཁོ་ན་ཉིད་དེའི་རྒྱུ་ཡིན་པར་རྟོགས་པ་མ་ཡིན་ནམ་ཞེ་ན། རང་ལ་བྱེད་པ་འགལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རང་རང་གི་ངོ་བོ་ལ་བྱེད་པ་རྒྱུའི་ངོ་བོར་འགལ་བའི་ཕྱིར་རོ། །འདི་སྙམ་དུ་རྒྱུ་མེད་པ་ཉིད་ཡིན་
ལ་རག་མོད། དེ་ལྟ་ན་ཡང་ཅིའི་ཕྱིར་རེས་འགའ་བར་མི་རིགས་སྙམ་དུ་སེམས་ན། དངོས་པོ་རྣམས་ནི་ལྟོས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་རང་བཞིན་གཞན་ལ་རག་ལས་ནས་འཇུག་པ་ནི་རེས་འགའ་ཞིག་རིགས་ཏེ། དེ་དག་གི་ཡོད་པ་དང་མེད་པ་དག་ནི་གཞན་ཡོད་
པ་དང་མེད་པ་དང་འབྲེལ་པའི་ཕྱིར་རོ། །གང་གི་ཕྱིར་གང་དག་གཞན་ལ་རག་མ་ལས་པར་འཇུག་པ་དེ་དག་ནི་ལྟོས་པར་བྱ་བ་འགའ་ཞིག་ཀྱང་མེད་པའི་ཕྱིར། ཅི་སྟེ་རེས་འགའ་བར་འགྱུར། འོན་ཏེ་ཡང་རང་ལ་བྱེད་པ་འགལ་བ་ཉིད་ཇི་ལྟར་འགྲུབ་ཅེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་
པོ་བདག་ཉིད་སྐྱེ་བ་ཡིན་ན། གྲུབ་པ་ཞིག་གམ། མ་གྲུབ་པ་ཞིག་སྐྱེ་གྲང་། རེ་ཞིག་གྲུབ་པ་ནི་མ་ཡིན་ཏེ། དེའི་གནས་སྐབས་ན་ཡང་བདག་ཉིད་ཀྱང་གྲུབ་པའི་ངོ་བོ་ལས། ཐ་མི་དད་པ་ཉིད་ཀྱིས་རང་གི་ངོ་བོ་བཞིན་དུ་རབ་ཏུ་གྲུབ་པའི་ཕྱིར་ཏེ་ཡོངས་སུ་གྲུབ་པའི་ཕྱིར་རོ། །དེ་ལྟ་ཡིན་དང་བསྐྱེད་པར་བྱ་བ་
མེད་པའི་ཕྱིར་དངོས་པོ་འདི་གང་དུ་བྱེད་པར་འགྱུར། མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། བདག་གི་དེ་ཉིད་མ་གྲུབ་ན། །ཞེས་བྱ་བ་ལ་སོགས་པ་ལ་འགའ་ཞིག་ཅེས་བྱ་བ་ནི་སྤྱིའི་ཚིག་སྟེ། རང་གི་བདག་ཉིད་དུ་གྱུར་པ་མ་ཡིན་ལ། གཞན་གྱི་བདག་ཉིད་དུ་གྱུར་པ་ཡང་མ་ཡིན་ཞེས་བྱ་བའི་དོན་

ཏོ། །བྱ་བ་ཡོད་ན་གྲུབ་པའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དུ་འགྱུར་ཏེ། གྲུབ་པའི་མཚན་ཉིད་ནི་དེ་ཙམ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་གཉི་ག་བརྟག་པ་སྟེ་གསུམ་པའོ།། །།སོགས་པའི་སྒྲས་
འཕངས་པ་རང་བཞིན་སྨྲ་བའི་རྩོད་པ་ནི་བརྗོད་པར་བྱ་བ་ཉུང་བ་ཉིད་ཀྱིས་གོ་རིམས་ལ་མ་བརྟེན་པར་སེལ་བར་བྱེད་པ་ནི་རང་བཞིན་སྨྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་སྨྲ་བ་ནི་སོགས་པའི་སྒྲས་དངོས་སུ་མ་འཕངས་མོད་ཀྱི། འོན་ཀྱང་རང་བཞིན་རྒྱུར་སྨྲ་བའི་ལུགས་བླངས་ནས་
བསྟན་པ་ཁོ་ནའོ། །དེ་ལ་གང་དག་དངོས་པོ་རྣམས་རང་ཉིད་ལས་སྐྱེ་བ་ཡིན་ནོ་ཞེས་སྨྲ་བ་དེ་དག་རང་ལས་བྱེད་པར་འགལ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཀག་ནས་ད་ནི་རང་བཞིན་སྨྲ་བ་འགེགས་སོ། །དེ་དག་ནི་འདི་སྐད་དུ་སྨྲ་སྟེ་དངོས་པོ་རྣམས་རང་ལས་སྐྱེ་བ་མ་ཡིན་ཞིང་གཞན་ལས་ཀྱང་
མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུ་རྣམས་ཀུན་ལ་མི་ལྟོས་པར་རང་དང་གཞན་གྱི་རྒྱུ་ལ་ལྟོས་པ་མེད་པར་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གང་དག་དངོས་པོ་རྣམས་རང་ཉིད་ལས་སྐྱེ་བ་ཡིན་ནོ་ཞེས་སྨྲ་བ་དེ་དག་ལས་འདི་དག་ཁྱད་པར་ཅི་ཡོད་ཅེ་ན། དེ་དག་རང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་རང་
བཞིན་དུ་སྨྲ་བ་དག་གོ། །རང་ཡང་ཞེས་བྱ་བ་ནི་རང་གི་ངོ་བོའོ། །ཡང་གི་སྒྲས་ནི་གཞན་གྱི་ངོ་བོ་ཡང་ངོ་། །སྔ་མ་ནི་རང་བཞིན་རྒྱུར་འདོད་ལ། འདི་ནི་དེ་ཡང་མི་འདོད་དོ། །ཞེས་བྱ་བ་ནི་ཁྱད་པར་རོ། །འདི་ལ་རིགས་པ་བརྗོད་པ་གང་ཞིག་ཡོད་པར་མི་དམིགས་པ་དེ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱི་
མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །དངོས་པོ་རྣམས་ཀྱི་རྒྱུ་ཡང་ཡོད་པར་མི་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་གཏན་ཚིགས་མི་དམིགས་པའོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདམ་སྐྱེས་སོགས་ཀྱི་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། འདམ་སྐྱེས་ནི་པདྨའོ། །དེའི་གེ་སར་ལ་སོགས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སོགས་པ་སྨོས་པས་མགུལ་པ་དང་། འདབ་མ་དང་། ཟེ་འབྲུ་ལ་སོགས་པ་དང་། ཚེར་མའི་རྣོ་བ་ལ་སོགས་པ་གཟུང་ངོ་། །སྣ་ཚོགས་ཞེས་བྱ་བ་ནི་ཁ་དོག་དང་། དབྱིབས་དང་། རྩུབ་པ་ལ་སོགས་

པའི་བྱེ་བྲག་གོ། །གང་གིས་བྱེད་ཅེས་བྱ་བ་ནི་སུས་ཀྱང་མ་ཡིན་ཏེ། དབང་ཕྱུག་ལ་སོགས་པའི་རྒྱུ་མི་དམིགས་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །འདི་སྙམ་དུ་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་རྒྱུ་མི་དམིགས་པའི་ཕྱིར་རྒྱུ་མེད་པ་ཅན་དུ་གྲུབ་མོད་ཀྱི། སྡུག་བསྔལ་བ་ལ་སོགས་པ་ནང་གི་བདག་ཉིད་ཅི་ལྟར་
གྲུབ་སྙམ་དུ་སེམས་ན། དཔེར་ན་ཚེར་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མངོན་སུམ་གྱིས་སྡུག་བསྔལ་ལ་སོགས་པ་རྒྱུ་མེད་པ་ཅན་དུ་མ་གྲུབ་པ་ཡིན་མོད་ཀྱི། འོན་ཀྱང་རྗེས་སུ་དཔག་པས་གྲུབ་པ་ཁོ་ན་སྟེ། འདི་ལྟར་གང་ཞིག་རེས་འགའ་བ་དེ་ནི་རྒྱུ་མེད་པར་ངེས་ཏེ། དཔེར་ན་ཚེར་མ་
རྣོ་བ་ལ་སོགས་པ་ལྟ་བུའོ། །སྡུག་བསྔལ་ལ་སོགས་པ་ཡང་རེས་འགའ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་ཡོད་པ་དང་མེད་པ་ན་ངེས་པར་འགའ་ཞིག་ཡོད་པ་དང་མེད་པར་འགྱུར་བ་དེ་ནི་དེའི་རྒྱུ་ཡིན་ནོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །འདི་
ལྟར་རེག་པ་ཡོད་ན་མིག་གི་རྣམ་པར་ཤེས་པ་འབྱུང་ལ་མེད་ན་མི་འབྱུང་བ་ཡིན་ན་ཡང་འདི་མིག་གི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་ནོ། །དེ་ལྟ་བས་ན་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་འདི་ནི་འཁྲུལ་པ་ཡིན་པས་དེའི་ཕྱིར། རྒྱུ་རྣམས་ཀུན་ལ་མི་ལྟོས་པར། །དངོས་པོ་སྐྱེ་བ་ཞེས་བྱ་བར་གྲུབ་བོ་
ཞེ་ན། འདམ་སྐྱེས་གེ་སར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །འདི་ནི་གཏན་ཚིགས་མ་གྲུབ་པ་དང་། དམ་བཅའ་བའི་དོན་མངོན་སུམ་དང་འགལ་བར་སྟོན་ཏེ། པད་མའི་གེ་སར་ལ་སོགས་པའི་རྒྱུ་མི་དམིགས་སོ་ཞེས་གང་སྨྲས་པ་དེ་ནི་མ་གྲུབ་སྟེ། མངོན་སུམ་དང་མི་
དམིགས་པ་དག་གིས་ས་བོན་དང་། འདམ་དང་ཆུ་ལ་སོགས་པ་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པས་རྒྱུ་ཉིད་དུ་ངེས་པའི་ཕྱིར་རོ། །འདི་ལྟར་གང་ཞིག་ཡོད་པ་ཁོ་ན་གང་ཞིག་སྐྱེ་ལ། གང་ཞིག་འགྱུར་བས་གང་འགྱུར་བ་དེ་ནི་དེའི་རྒྱུ་ཉིད་དུ་བརྗོད་དོ། །དེ་ཡང་དེ་ལྟ་བུར་གྱུར་པ་འདམ་སྐྱེས་ཀྱི་གེ་
སར་ལ་སོགས་པའི་ས་བོན་ལ་སོགས་པ་བོང་བ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་ཐོབ་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་སྟེ། ཡོད་པ་དང་མེད་པ་དང་ལྡན་པར་མངོན་སུམ་དུ་མི་དམིགས་པ་དག་གིས་ངེས་པའི་ཕྱིར་གཏན་ཚིགས་མ་གྲུབ་པོ། །གང་ཡང་རྒྱུ་དང་འབྲས་བུའི་མཚན་

ཉིད་འཁྲུལ་ལོ་ཞེས་སྨྲས་པ་དེ་ཡང་མ་གྲུབ་སྟེ། རེག་པ་ཡང་གཟུགས་ཀྱི་རྒྱུ་ཉིད་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་ཡང་རྒྱུ་མཚན་གྱི་དངོས་པོར་འདོད་པའི་ཕྱིར་རོ། །འདི་ལྟར་རེག་པ་ནི་འབྱུང་བ་དག་ལ་བརྗོད་ལ། དེ་དག་ལ་ཡང་བརྟེན་ནས་གཟུགས་ལ་འཇུག་གོ། །དེའི་ཕྱིར་
མིག་གི་རྣམ་པར་ཤེས་པ་ལ་རེག་པའི་རྒྱུ་མཚན་གྱི་དངོས་པོ་ཡོད་པ་ཉིད་དེ། དངོས་དང་བརྒྱུད་པས་བྱས་པའི་ཁྱད་པར་འབའ་ཞིག་ཏུ་ཟད་དོ། །ཁོ་བོ་ཅག་གིས་ནི་ལྡོག་པ་ཙམ་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པའི་རྒྱུ་ཉིད་དུ་ཁས་མ་བླངས་སོ། །འོ་ན་ཅི་ཞེ་ན། ཁྱད་པར་ཅན་ཉིད་དོ། །འདི་ལྟར་ནུས་
པའི་རྒྱུ་གཞན་གང་དག་ཡོད་ན་ཡོད་ལ། གང་ཞིག་མེད་པས་གང་མི་འབྱུང་བ་དེ་ནི་དེའི་རྒྱུ་ཡིན་ནོ་ཞེས་སྨྲའི། གང་ཞིག་མེད་པར་གང་མི་འབྱུང་བ་ཞེས་བྱ་བའི་ལྡོག་པ་ཙམ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ནམ་བག་མར་ལེན་པར་འོས་པའི་ཡུལ་དུ་སྐྱེ་བའི་འབྲ་གོ། །མ་བག་མར་ལེན་པ་མེད་ན་མེད་
པའི་ཕྱིར་འཁྲུལ་པར་འགྱུར་རོ། །དེ་ལྟ་བུར་གྱུར་པའི་ལྡོག་པ་ལ་རེག་པས་འཁྲུལ་པ་མེད་དོ། །འདི་ལྟར་གལ་ཏེ་གཟུགས་ལ་སོགས་པ་ཉེ་བར་བསྟན་ནས། རེག་པ་གཅིག་པུ་མེད་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་མི་འབྱུང་ངོ་ཞེས་དེ་ལྟར་བསྟན་ན་དེའི་ཚེ་འཁྲུལ་པར་འགྱུར་ན། འདི་ཡང་
བསྟན་པར་མི་ནུས་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་དངོས་པོ་ལ་འཁྲུལ་པ་ཡོད་པ་མ་ཡིན་ནོ། །ས་བོན་ལ་སོགས་པ་དངོས་པོ་རྣམས་ཀྱི་རྒྱུ་ཉིད་དུ་ངེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། སོ་སོར་ངེས་པའི་ཡུལ་དང་དུས་ཀྱང་ངེས་པ་ཡིན་ནོ་ཞེས་སྟོན་པ་ནི། ཡུལ་དང་དུས་ཀྱི་ངེས་པ་
ལ་འང་། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་པད་མ་ལ་སོགས་པ་དེའི་རྒྱུ་ཉིད་སོ་སོར་ངེས་པའི་ཡུལ་དང་དུས་རྒྱུ་ཉིད་དུ་མི་འགྱུར་ན་ནི། དེའི་ཚེ་གང་འདི་རྡོ་ལ་སོགས་པའི་ཡུལ་སྤངས་ནས་ཆུ་ལ་སོགས་པ་སོ་སོར་ངེས་པའི་ཡུལ་ལ་འཇུག་པ་དང་། གང་དགུན་ལ་སོགས་པའི་དུས་ཡོངས་
སུ་སྤངས་ནས་སོ་ག་ལ་སོགས་པའི་དུས་སུ་འཇུག་པ་དེར་མི་འགྱུར་གྱི། འོན་ཀྱང་ཡུལ་ཐམས་ཅད་དང་དུས་ཐམས་ཅད་དུ་པད་མ་ལ་སོགས་པའི་དངོས་པོ་དེ་དག་འབྱུང་བར་འགྱུར་ཏེ། དེ་ནི་ལྟོས་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ཞིག་དེ་ལས་གཞན་པའི་ཡུལ་དང་དུས་ཡོངས་

སུ་སྤངས་ནས་སོ་སོར་ངེས་པའི་ཡུལ་ལ་སོགས་པར་ངེས་པར་འཇུག་པ་དེ་ནི་ལྟོས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་ངེས་སོ། །བསམ་པ་མེད་པའི་དངོས་པོ་འདི་དག་ཅི་ལ་ལྟོས་ཤེན། དེ་ལྟོས་དེ་ལྟར་འཇུག་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་དུ་དེ་ལས་གཞན་པའི་ཡུལ་ལ་
སོགས་པ་སྤངས་ནས་ཡུལ་ལ་སོགས་པ་ངེས་པ་ལ་འཇུག་པ་གང་ཡིན་འདི་ཉིད་ལྟོས་པ་ཞེས་བྱ་བའི་བསམ་པའི་བདག་ཉིད་ཅན་ནི་མ་ཡིན་ནོ། །འདི་སྙམ་དུ་དེ་ལ་ལྟོས་ནས་འཇུག་པ་དེ་དེ་ལྟར་གྲུབ་མོད་ཀྱི། འོན་ཀྱང་དེའི་འབྲས་བུ་ཉིད་དུ་ཇི་ལྟར་ངེས་སྙམ་དུ་སེམས་ན། ལྟོས་པ་
འབྲས་བུ་ཉིད་དུ་བརྗོད། །ཅེས་བྱ་བ་སྨོས་ཏེ། དེའི་འབྲས་བུ་ཉིད་གཞན་ནི་མེད་དོ། །འོ་ན་ཅི་ཞེ་ན། དེའི་ཕྱིར་རང་བཞིན་སྨྲ་བའམ། དེ་དག་ལ་རང་བཞིན་སྨྲ་བའམ། དེ་རང་བཞིན་སྨྲ་བ་ཞེས་བསྡུ་བའོ། །གང་འདི་དེ་ལྟར་འཇུག་པའི་མཚན་ཉིད་ཀྱི་ལྟོས་པ་དེ་ཉིད་དེའི་འབྲས་བུ་ཞེས་
བྱའོ། །འདི་དག་གི་ལྟ་བ་གནས་པ་དེ་ཡང་ཇི་ལྟར་གྲུབ་ཅེ་ན། དེ་ལྟར་འཇུག་པའང་མངོན་སུམ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ཕྱིར་ཞས་བྱ་བ་ནི་དེ་ལྟ་བས་ནའམ། དེ་དག་ལ་སྟེ། པད་མ་ལ་སོགས་པ་ལ་རང་བཞིན་དུ་སྨྲ་བ་དག་ཅེས་བསྡུའོ། །མངོན་སུམ་གྱིས་ནི་རབ་
གནོད་འགྱུར། །ཞེས་བྱ་བ་ནི་མི་དམིགས་པ་ཡང་གཞན་དམིགས་པའི་བདག་ཉིད་ཡིན་པས་མངོན་སུམ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་བདེ་བ་ལ་སོགས་པ་རྣམས་རྒྱུ་མེད་པ་ཅན་དུ་བསྒྲུབ་པའི་ཕྱིར། རེས་འགའ་བ་ལ་སོགས་པའི་སྒྲུབ་བྱེད་བརྗོད་པ་དེ་ནི་བསྒྲུབ་བྱ་ལས་བཟློག་པ་སྒྲུབ་
པར་བྱེད་པའི་ཕྱིར་འགལ་བ་ཡིན་ཏེ། ལྟོས་པ་མེད་པའི་ཕྱིར་རྒྱུ་མེད་པ་ནི་རེས་འགའ་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དཔེ་ཡང་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟར་རེ་ཞིག་དམ་བཅས་པའི་དོན་མངོན་སུམ་དང་འགལ་བ་དང་། གཏན་ཚིགས་མ་གྲུབ་
པ་ཉིད་དུ་བསྟན་ནས། ད་ནི་གཏན་ཚིགས་གྲུབ་པར་ཁས་བླངས་ནས་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། རྒྱུ་ཡོད་པར་ནི་གྲུབ་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མི་དམིགས་པ་ཙམ་གཏན་ཚིགས་ཉིད་དུ་ཁས་ལེན་པ་དེའི་ཚེ་མ་ངེས་པ་ཡིན་ནོ། །འདི་ལྟར་ཚད་མ་མེད་པ་སྟེ།

ཚད་མ་མེད་པ་ཙམ་གྱི་གཏན་ཚིགས་ཀྱིས་དོན་མེད་པ་སྟེ་མི་བདོག་པར་ངེས་པ་མ་ཡིན་ནོ། །ཅིའི་ཕྱིར་མ་ཡིན་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་བྱེད་པའི་རང་བཞིན་དང་རྒྱུ་ལྡོག་ན་རང་གི་ཁྱབ་པར་བྱ་བ་དང་འབྲས་བུ་ལྡོག་པར་བྱེད་དེ། དེ་ལ་དེའི་བདག་
ཉིད་དང་དེ་ལས་བྱུང་བ་དག་གིས་ཁྱབ་པར་བྱ་བ་དང་འབྲས་བུ་དག་འབྲེལ་པའི་ཕྱིར་རོ། །ཚད་མ་ནི་དོན་ཡོད་པའི་ཁྱབ་པར་བྱེད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐ་དད་པ་ནི་ཡོད་པའི་ཕྱིར་ཐ་མི་དད་པ་ཁོ་ན་ཁྱབ་པར་བྱེད་པ་ཡིན་ཏེ། དཔེར་ན་ཤིང་ཤ་པའི་ཤིང་ལྟ་བུའོ། །ཐ་དད་པ་ནི་རྒྱུ་ཉིད་ཀྱི་
ཁོངས་སུ་འདུས་པའི་ཕྱིར་རོ། །ཚད་མ་དང་དོན་ཡོད་པ་གཉིས་ཐ་མི་དད་པ་ཡང་མ་ཡིན་ཏེ། སྣང་བ་ཐ་དད་པའི་ཕྱིར་རོ། །ཚད་མ་དོན་གྱི་རྒྱུ་ཡང་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །འདི་ལྟར་ཡུལ་དང་། དུས་དང་། རང་བཞིན་གྱིས་བསྐལ་པའི་དོན་རྣམས་ཚད་མས་ཡུལ་དུ་མ་བྱས་ན་
ཡང་ཡོད་པར་མི་འགལ་བ་ཉིད་དོ། །གང་མེད་པར་ཡང་གང་བྱུང་བ་དེ་ནི་དེའི་རྒྱུར་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་ཉིད་དུ་ཁས་ལེན་ན་ཡང་རང་གི་ཕྱོགས་བཏང་བ་ཡིན་ནོ། །དེ་ལས་བྱུང་བའི་ཕྱིར་ཡང་ཚད་མ་ནི་དོན་དེ་ཡོད་པའི་རྒྱུ་མ་ཡིན་ནོ། །འདི་ལྟར་ཡུལ་
དུ་གྱུར་པའི་དོན་ཉིད་ལས་ཚད་མ་བྱུང་གི །ཚད་མ་ལས་གཞལ་བར་བྱ་བའི་དོན་ནི་མ་ཡིན་ནོ། །ཅི་སྟེ་ཡང་འབྲེལ་པ་མེད་པར་ཡང་ཚད་མ་དོན་ཡོད་པ་ལྡོག་པར་ཁྱད་པར་འགྱུར་རོ་ཞེ་ན། གང་དངོས་དེ་ལྟའི་རྣམ་པ་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟའི་རྣམ་པ་མིན་ཞེས་བྱ་བ་ནི་རྒྱུ་
ཡང་མ་ཡིན་ཁྱབ་པར་བྱེད་པ་ཡང་མ་ཡིན་པའོ། །འབྲེལ་པ་མེད་པའི་ཆོས་ལོག་པས་ནི་ངེས་པར་གཞན་ལོག་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་རྟ་ལོག་པ་ན་བ་ལང་ཡང་ལྡོག་པར་འགྱུར་རོ། །གཞན་ཡང་མི་དམིགས་པ་གཏན་ཚིགས་ཉིད་དུ་ཁས་ལེན་པ་ན་
སྐྱེས་བུ་ཐམས་ཅད་ཀྱི་དམིགས་པ་ལོག་པའི་མཚན་ཉིད་ལེན་ནམ། རང་གི་དམིགས་པ་ལོག་པའི་མཚན་ཉིད་ལེན་གྲང་། རེ་ཞིག་དང་པོ་ནི་མ་ཡིན་ཏེ། དེ་ནི་ཚུ་རོལ་མཐོང་བས་ངེས་པར་མི་ནུས་པ་ཉིད་ཀྱིས་ཐེ་ཚོམ་ཟ་བའི་ཕྱིར་རོ། །གང་གི་ཕྱིར་སྐྱེས་བུ་ཐམས་ཅད་ཀྱིས་རྨ་བྱའི་མདོངས་ལ་

སོགས་པའི་རྒྱུ་མ་མཐོང་བའི་མི་དམིགས་པ་ཞེས་བྱ་བ་འདི་ལ་ཚུ་རོལ་མཐོང་བ་རྣམས་ཀྱི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་ཡང་རུང་གིས་མ་མཐོང་བ་སྟེ། ཐེ་ཚོམ་འཁྲུལ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རིའི་ཕུག་ལ་སོགས་པའི་ནང་ན་ཡོད་པའི་དཱུར་བ་དང་། རྩྭ་དང་། རྡོའི་དུམ་བུ་ལ་
སོགས་པ་མི་དམིགས་ཀྱང་ཡོད་པའི་ཕྱིར་ཏེ། ཡོད་པ་མི་འགལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡོད་པ་ཉིད་དུ་ངེས་པ་མ་ཡིན་ཏེ་ཐེ་ཚོམ་ཟ་བའི་ཕྱིར་རོ། །གཞན་ཡང་འདི་ལྟར་ཁྱེད་ལ་བརྒལ་ཞིང་བརྟག་པར་བྱ་སྟེ། ཅི་དངོས་པོ་རྣམས་རྒྱུ་མེད་པ་ཞེས་བྱ་བའི་རང་གི་ཕྱོགས་འདི་གྲུབ་པར་བྱ་
བའི་ཕྱིར། ཁྱེད་གཏན་ཚིགས་འགའ་ཞིག་ལེན་ནམ། འོན་ཏེ་མ་ཡིན། དེ་ལ་གལ་ཏེ་མི་ལེན་པ་དེའི་ཚེ་ཁྱོད་ཀྱི་ཕྱོགས་མི་འགྲུབ་སྟེ། ཚད་མ་མེད་པར་དོན་གྲུབ་པ་ཡོད་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་ལེན་པ་དེ་ལྟ་ན་ཡང་ཁྱེད་ཀྱི་ཕྱོགས་མི་འགྲུབ་པོ་ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །
ཅིའི་ཕྱིར་ཞེ་ན། གྲུབ་པ་དེ་རྒྱུས་སྐྱེད་ཉིད་ཕྱིར། །ཞེས་བྱ་བ་ནི་གཞལ་བྱའི་ཡུལ་གྱི་དོན་གྲུབ་པ་སྟེ། ངེས་པ་ནི་རྒྱུ་དེས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་སློབ་དཔོན་དཔའ་བོའི་ཞལ་སྔ་ནས་ཀྱིས། རྒྱུ་དང་བཅས་པར་སྨྲ་བ་རྒྱུ་མེད་ཅེས། །དམ་བཅའ་རང་ཉིད་ཀྱིས་གནོད་མ་
ཡིན་ནམ། །ཅི་སྟེའང་གཏན་ཚིགས་སྒྲུབ་ལ་སྙོམ་ལས་ན། །དམ་བཅའ་གཅིག་པུས་འདི་ལ་ཅི་ཞིག་འགྱུར། །ཞེས་བཤད་དོ། །འདི་སྙམ་དུ་བདག་གིས་ཤེས་པར་བྱེད་པའི་རྒྱུར་སྦྱར་གྱི། བྱེད་པ་པོ་ནི་མ་ཡིན་ནོ། །དེས་ན་ཅིའི་ཕྱིར་བདག་གི་ཕྱོགས་སྒྲུབ་པར་མི་འགྱུར་སྙམ་དུ་སེམས་
ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་བྱེད་གཏན་ཚིགས་ཞེས་བྱ་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་པའི་དུས་ན་ཚུལ་གསུམ་པའི་རྟགས་སོ། །ཚིག་ཅེས་བྱ་བ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ཚེའོ། །དེ་རབ་གསལ་བྱེད་ཅེས་བྱ་བ་ནི་གཏན་ཚིགས་དེ་གསལ་བར་བྱེད་
པའོ། །གྲུབ་པའི་ཞེས་བྱ་བ་ནི་གཞལ་བར་བྱ་བའི་དོན་ངེས་པའོ། །དེ་ལྟ་མ་ཡིན་ན་གལ་ཏེ་གྲུབ་པའི་རྒྱུ་མཚན་གྱི་དངོས་པོར་མ་གྲུབ་པ་དེའི་ཚེ་ཇི་ལྟར་དེའི་ཤེས་པར་བྱེད་པར་འགྱུར། དེ་ལྟ་ན་ནི་ཐམས་ཅད་ཐམས་ཅད་ཀྱི་ཤེས་པར་བྱེད་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་སློབ་དཔོན་གྱིས་

བྱེད་པ་པོ་ལས་ཤེས་པར་བྱེད་པར་མཛད་དེ། འདིར་ཡང་ཤེས་པའི་དབང་གིས་དོན་བསྟན་གྱི། སྐྱེད་པར་བྱེད་པ་བཞིན་དུ་ཡང་དག་པའི་དོན་གྱིས་ནི་མ་ཡིན་ནོ་ཞེ་ན། བསྒྲུབ་བྱ་སྐྱེད་པར་མི་བྱེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་བསྒྲུབ་བྱའི་དོན་སྐྱེད་པར་མི་བྱེད་པའི་ཕྱིར་
འདི་ཤེས་པར་བྱེད་པ་ཞེས་བྱ་བའི་བྱེད་པ་པོ་ནི་མ་ཡིན་ནོ། །གང་ཡང་མྱུ་གུ་ལ་སོགས་པའི་བསྒྲུབ་པར་བྱ་བ་སྐྱེད་པར་བྱེད་པ་དེ་ནི་བྱེད་པ་པོར་བརྗོད་དོ་ཞེས་བྱ་བ་ལ་སྐྱོན་མེད་དོ། །འདི་ཐམས་ཅད་ཀྱིས་ནི་སློབ་དཔོན་དཔའ་བོས་བཤད་པའི་སྐྱོན་གྱི་ཐོག་ཏུ་རྩོད་པ་ཕབ་པ་གང་ཡིན་པ་དེའི་ལན་
བཏབ་པ་ཡིན་ནོ། །འདི་ལྟར་དེ་ལ་རྩོད་པ་ནི་འདི་ཡིན་ཏེ། རྒྱུ་མེད་དོ་ཞེས་རྒྱུ་དང་བཅས་པར་སྨྲ་བ་ལ་ཡང་ཅིའི་ཕྱིར་དམ་བཅའ་བ་ལ་གནོད་པར་བྱེད། དེ་ནི་ཤེས་པར་བྱེད་པའི་རྒྱུ་སྨྲ་ཞིང་བྱེད་པ་པོ་ནི་སྤོང་ངོ་། །དེའི་ཕྱིར་འདིར་ལན་ནི་ཤེས་པར་བྱེད་པ་ཡང་བྱེད་པ་ཉིད་ཡིན་ཏེ་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །
འདིས་ནི་རང་གི་ཚིག་དང་འགལ་བར་བསྟན་ཏོ། །རྒྱུ་མེད་པ་ཉིད་ལ་ནི་སྒྲུབ་པར་བྱེད་པའི་གཏན་ཚིགས་འགའ་ཡང་ཡོད་པ་མ་ཡིན་ཏེ། ཁྱབ་པ་ལ་མངོན་སུམ་ལ་སོགས་པས་གནོད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བའི་ཐབས་ཀྱིས་དམ་བཅས་པའི་དོན་རྗེས་སུ་
དཔག་པས་གནོད་པར་སྟོན་པར་བྱེད་དོ། །གཞན་དག་ཀྱང་ཞེས་བྱ་བ་ནི་པད་མའི་གེ་སར་ལ་སོགས་པ་བསྒྲུབ་པར་བྱ་བའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་ལས་མ་གཏོགས་པ་རྣམས་སོ། །སྐྱེ་བར་ངེས་ཕྱིར་རོ་ཞེས་བྱ་བ་ནི་ངེས་པའི་དངོས་པོ་ཉེ་བ་ན་ཞེས་བྱ་བ་ལྷག་མའོ། །སྦྱོར་བ་ནི་གང་ཞིག་སོ་སོར་ངེས་པའི་
དངོས་པོ་ཉེ་བ་ན་སྐྱེ་བར་ངེས་པ་དེ་དག་ནི་རྒྱུ་དང་བཅས་པ་ཡིན་ཏེ། དཔེར་ན་ཁྱེད་ཅག་གིས་སྒྲུབ་པར་བྱེད་པ་ཉེ་བ་ན་འབྱུང་བའི་བསྒྲུབ་བྱའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་ལྟ་བུའོ། །པད་མ་ལ་སོགས་པའི་དངོས་པོ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་འགྲོ་བ་རང་བཞིན་
དུ་སྨྲ་བ་བརྟག་པ་སྟེ་བཞི་པའོ།། །།སྐྱེ་འཇིག་དག་དང་མི་ལྡན་པའི། །ཞེས་བྱ་བ་ལ་སོགས་པས་སྒྲའི་ཚངས་པར་སྨྲ་བའི་གཞུང་བཀོད་ནས་སུན་འབྱིན་པར་བྱེད་དོ། །དེ་ལ་སྒྲའི་ཚངས་པར་སྨྲ་བ་རྣམས་ན་རེ། ཤར་དང་ནུབ་ལ་སོགས་པའི་ཕྱོགས་ཀྱི་ཆ་དང་བྲལ་བ། སྐྱེ་བ་མེད་པ།

འཇིག་པ་མེད་པ། སྒྲའི་རང་བཞིན་གྱི་ཚངས་པ་གང་ཡིན་པ་དེའི་ཡོངས་སུ་འགྱུར་བ་ནི་གཟུགས་ལ་སོགས་པའི་དངོས་པོའི་ཚོགས་འདི་ཡིན་ནོ་ཞེས་ངེས་པར་བྱའོ། །ཇི་སྐད་དུ། ཐོག་མཐའ་མེད་པའི་ཚངས་པ་ནི། །སྒྲ་ཡི་དེ་ཉིད་ཡི་གེ་གང་། །གང་ལས་འགྲོ་བའི་ཐ་སྙད་འབྱུང་། །
དོན་གྱི་དངོས་པོར་ཡོངས་གྱུར་པ། །ཞེས་བཤད་དེ། དེ་ལ་ཐོག་མ་ནི་སྐྱེ་བའོ། །ཐ་མ་ནི་འཇིག་པའོ། །དེ་དག་མེད་པའི་ཕྱིར་ཐོག་མ་དང་མཐའ་མེད་པའོ། །ཡི་གེ་ཞེས་བྱ་བ་ནི་ཨ་ལ་སོགས་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །འདིས་ནི་རྗོད་པར་བྱེད་པའི་ངོ་བོས་ཡོངས་སུ་འགྱུར་བ་
བསྟན་ཏོ། །དོན་གྱི་དངོས་པོར་ཞེས་བྱ་བ་ལ་སོགས་པས་ཀྱང་བརྗོད་པར་བྱ་བའི་འགྱུར་བ་བསྟན་ཏོ། །ཐ་སྙད་ཅེས་བྱ་བ་ནི་ཁྱད་པར་རོ། །ཚངས་པ་ནི་ཞེས་བྱ་བ་ནི་མིང་ཡང་དག་པར་བསྒྲགས་པའོ། །ཚིགས་སུ་བཅད་པ་འདི་ཉིད་ཀྱི་དོན་སྟོན་པ་ནི། སྐྱེ་འཇིག་དག་དང་མི་ལྡན་པའི། །
ཞེས་བྱ་བ་ལ་སྐྱེ་འཇིག་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། ཤར་དང་ནུབ་ལ་སོགས་པའི་ཕྱོགས་ཆ་དང་བྲལ་བ་ཞེས་བྱ་བ་འདི་ཡང་འདི་ལྟར་རྟོགས་པར་བྱ་སྟེ། ཐོག་མ་དང་ཐ་མ་ཉིད་ཀྱི་ཆ་མེད་ཅིང་། ཤར་དང་ནུབ་ཀྱི་ཕྱོགས་ཆ་དང་བྲལ་བ་ཡང་དེར་བསྟན་ཏོ། །ཚངས་པའི་སྒྲའི་རང་བཞིན་
ནི་སྒྲའི་རང་གི་ངོ་བོ་དེ་ཉིད་ཀྱི་ཕྱིར་འདི་ནི་སྒྲའི་དེ་ཁོ་ན་ཉིད་ཡིན་པས་དེ་ནི་སྒྲའི་དེ་ཁོ་ན་ཉིད་ཅེས་བྱའོ། །འདི་ནི་སྒྲའི་ཕྱིན་ཅི་མ་ལོག་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །མཆོག་ནི་ཞེས་བྱ་བ་ནི་ཨོཾ་གྱི་བདག་ཉིད་དེ། ཨོཾ་ནི་སྒྲ་ཐམས་ཅད་དང་དོན་ཐམས་ཅད་ཀྱི་རང་བཞིན་ཡིན་པར་གྲགས་པས་དེ་ཡང་རིག་བྱེད་ཡིན་ཏེ།
འདི་ནི་ཡི་གེ་དང་ཚིག་གི་རིམ་པའི་ངོ་བོས་གནས་པའི་རིག་བྱེད་དེ་རྟོགས་པའི་ཐབས་ཡིན་ཏེ། དེའི་གཟུགས་བརྙན་གྱི་ཚུལ་དུ་གནས་སོ། །ཚངས་པ་མཆོག་གི་བདག་ཉིད་དེ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུའི་ཆོས་རྗེས་སུ་འཛིན་པའི་ནང་གི་བྱེད་པས་མཐོང་བ་
ཡིན་ནོ་ཞེས་ཟེར་རོ། །འདིར་ཡང་ཚད་མ་བྱེད་དེ། གང་ཞིག་གང་གི་རྣམ་པ་དང་ལྡན་པ་དེ་དག་ནི་དེའི་རང་བཞིན་ཡིན་ཏེ། དཔེར་ན་བུམ་པ་དང་ཁམ་ཕོར་དང་བླུག་མ་ལ་སོགས་པ་འཇི་བའི་རྣམ་པར་འགྱུར་བ་འཇི་བའི་རྣམ་པའི་རྗེས་སུ་བྱེད་པ་དང་། འཇི་བའི་རང་བཞིན་ཉིད་དུ་

གྲགས་པ་ལྟ་བུའོ། །དངོས་པོ་ཐམས་ཅད་ཀྱང་སྒྲའི་རྣམ་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་དོན་ཐམས་ཅད་སྒྲའི་རྗེས་སུ་བྱེད་པར་མངོན་སུམ་ཉིད་ཀྱིས་གྲུབ་སྟེ། འདི་ལྟར་ཤེས་པ་ཐམས་
ཅད་དོན་ལ་སྐྱེ་བ་ན་སྒྲའི་རྣམ་པ་དང་ལྡན་པ་ཁོ་ནར་སྐྱེ་སྟེ། ཇི་སྐད་དུ། སྒྲ་ཡི་རྗེས་འཇུག་མ་གཏོགས་གང་། །ཤེས་དེ་འཇིག་རྟེན་ན་ཡོད་མིན། །ཤེས་པ་ཐམས་ཅད་སྒྲ་དང་ནི། །ལྡན་པ་བཞིན་དུ་གནས་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །དངོས་པོ་རྣམས་ཀྱི་རང་བཞིན་དུ་
གདགས་པའི་རྒྱུ་མཚན་ཡང་ཤེས་པའི་རྣམ་པ་ཡིན་ནོ། །དེའི་ཕྱིར་འདི་དག་སྒྲའི་རྣམ་པ་དང་ལྡན་པ་ཉིད་གྲུབ་པོ། །དེ་གྲུབ་པ་ན་དེའི་རང་བཞིན་ཡིན་པ་ཉིད་ཀྱང་གྲུབ་པ་ཁོ་ན་སྟེ། དེའི་རང་བཞིན་ཉིད་ནི་དེ་ཙམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱའོ། །དེ་ལ་བརྗོད་བྱ་ཞེས་བྱ་བ་ལ་
སོགས་པས་རེ་ཞིག་དམ་བཅས་པའི་དོན་སུན་འབྱིན་པར་བྱེད་དོ། །འདིས་འགྲོ་བ་སྒྲའི་རང་བཞིན་དུ་བསྒྲུབ་པར་འདོད་པ། རེས་འགའ་སྒྲ་ཡོངས་སུ་གྱུར་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རམ། རེས་འགའ་སྒྲ་ལས་སྐྱེས་པའི་ཕྱིར་ཡིན་ཏེ། དཔེར་ན་སྲོག་ཆགས་རྣམས་ནི་ཟས་ལས་བྱུང་
བ་ཡིན་ནོ་ཞེས་བྱ་བ་དང་། རྒྱུའི་དོན་ལ་རྒྱུ་མ་ཡིན་པ་བརྗོད་པའི་ཕྱིར་དང་། རྒྱུ་ལས་བྱུང་བའི་རྐྱེན་དུ་བརྗོད་པའི་ཕྱིར་རོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཡོངས་སུ་འགྱུར་བ་ཉིད་མི་འཐད་པའི་ཕྱིར་རོ། །འདི་ལྟར་སྒྲའི་བདག་ཉིད་ཀྱི་ཚངས་པ་སྔོན་པོ་ལ་སོགས་པའི་ངོ་བོར་འགྱུར་
བ་ན་རེས་འགའ་རང་ཉིད་ཀྱི་སྡེ་རང་གི་ངོ་བོ་ཡོངས་སུ་བཏང་ནས་འགྱུར་བའམ། མ་བཏང་ནས་འགྱུར་བ་ཡིན་གྲང་། དེ་ལ་གལ་ཏེ་བཏང་ནས་ཞེས་བྱ་བའི་དང་པོའི་ཕྱོགས་ལ་བརྟེན་པ་དེའི་ཚེ། ཐོག་མཐའ་མེད་པ་ཞེས་བྱ་བའི་ཚིག་འདིས་འགྱུར་བ་མེད་པ་ཉིད་མི་འཇིག་པ་ཉིད་དུ་ཁས་བླངས་པ་གང་
ཡིན་པ་དེ་ཉམས་པར་འགྱུར་ཏེ། སྔོན་གྱི་རང་བཞིན་ཞིག་པའི་ཕྱིར་རོ། །ཅི་སྟེ་ཡོངས་སུ་མ་བཏང་ནས་ཞེས་བྱ་བ་དེ་མ་ཐག་པའི་ཕྱོགས་ཡིན་པ་དེའི་ཚེ་སྔོན་པོ་ལ་སོགས་པ་རིག་པར་བྱེད་པའི་དུས་ན་ཡང་མ་ཐོས་པས་ཀྱང་སྒྲ་རིག་པར་འགྱུར་ཏེ། སྔོན་པོ་ལ་སོགས་པའི་རིག་པ་བཞིན་དུ་དེ་ལས་

ཐ་མི་དད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལས་ཐ་མི་དད་པ་དེ་ནི་དེ་རིག་པ་ན་རིག་པ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པ་རིག་པའི་གནས་སྐབས་ན་སྔོན་པོ་ལ་སོགས་པ་དེའི་བདག་ཉིད་བཞིན་ནོ། །སྒྲའི་བདག་ཉིད་ཀྱང་སྔོན་པོ་ལ་སོགས་པ་ལས་ཐ་མི་དད་དོ་ཞེས་བྱ་བ་ནི་རང་བཞིན་
གྱི་གཏན་ཚིགས་སོ། །དེ་ལྟ་མ་ཡིན་ན་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར། དེའི་རང་བཞིན་ཉིད་མི་འགྲུབ་པོ་ཞེས་བྱ་བ་འདི་ནི་འདིར་གནོད་པར་བྱེད་པའི་ཚད་མའོ། །འདི་ཉིད་རྒྱས་པར་བསྟན་པའི་ཕྱིར་གང་གིས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། གང་གིས་ཏེ། གང་གི་
ཕྱིར་ཁྱེད་ཅག་གིས་དངོས་ཁོ་ནར་འགྲོ་བ་སྒྲའི་རང་བཞིན་ནོ་ཞེས་རྗོད་པར་བྱེད་དོ། ཅིའི་ཕྱིར་ཞེ་ན། སྒྲ་ཡི་ངོ་བོས་མ་བཏང་བར། །ཞེས་བྱ་བ་སྨོས་སོ། །གལ་ཏེ་དངོས་སུ་སྒྲའི་རང་བཞིན་དུ་གནས་པ་ཡིན་ན་དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟར་སྔོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་
པོ་ལ་སོགས་པ་གཅིག་ཉིད་ཅེས་བྱ་བ་ལ། སྒྲ་དང་ལྷན་ཅིག་ཅེས་བྱ་བ་ལྷག་མའོ། །དེ་རིག་པའི་དུས་སུ་ནི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་དེ་དག་རིག་པའི་གནས་སྐབས་ནའོ། །ཇི་ལྟར་འདི་རིག་ཡོད་མ་ཡིན། །ཞེས་བྱ་བ་ནི་དེ་ཡང་སྔོན་པོ་ལ་སོགས་པའི་རང་བཞིན་དུ་དམིགས་པའི་མཚན་
ཉིད་དུ་གྱུར་པའི་ཕྱིར་ཏེ། རིག་པ་ཉིད་དུ་རིགས་སོ་སྙམ་དུ་བསམས་པའོ། །ཅི་སྟེ་འདི་རིག་པ་ཉིད་དུ་མི་འདོད་པ་དེའི་ཚེ་སྒྲའི་རང་བཞིན་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་མི་རིགས་པར་ཐལ་བར་འགྱུར་ཏེ། གཅིག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་རྣམས་ནི་སྒྲ་
དང་ལྷན་ཅིག་གི་རང་བཞིན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་སྔོན་པོ་ལ་སོགས་པ་རྣམས་སྒྲ་དང་ལྷན་ཅིག་ཆོས་ཐ་དད་པར་ཁས་ལེན་ན་ཤིན་ཏུ་ཐ་དད་པར་ཁས་བླང་བར་བྱ་དགོས་སོ། །ཅིའི་ཕྱིར་ཞེ་ན། འགལ་བའི་ཆོས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་དུས་
གཅིག་ཏུ་རྟོག་པ་པོ་གཅིག་ལ་ལྟོས་ནས་འཛིན་པ་དང་མི་འཛིན་པ་ནི་མི་རིགས་ཏེ་གཅིག་ཉམས་པར་ཐལ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་འགལ་བའི་ཆོས་དང་ལྡན་པ་ཡང་གཅིག་ཉིད་དུ་འགྱུར་བ་དེའི་ཚེ་བུམ་པ་ལ་སོགས་པའི་གསལ་བ་ཐ་དད་པ་བརྟག་པར་འདོད་པའི་གསལ་བ་ཐ་དད་

པ་གང་ཡིན་པ་དེར་ཡང་མི་འགྱུར་རོ། །ཡང་གི་སྒྲ་ནི་ཚངས་པའི་རང་གི་ངོ་བོ་ཐ་དད་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཅེས་བྱ་བའོ། །གང་གི་ཕྱིར་རང་གི་བདག་ཉིད་དུ་རྣམ་པར་གནས་པ་དེ་ལ་ཐ་དད་པ་མེད་དེ། འདི་ནི་འགྱུར་བ་མེད་པའི་རང་བཞིན་ཡིན་པའི་ཕྱིར་དང་། ཐ་
དད་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་གྲུབ་པའི་མཐའ་ཡིན་ནོ། །འདི་ལྟར་དེ་ནི་བུམ་པ་ལ་སོགས་པའི་བདག་ཉིད་དུ་ཐོག་མ་དང་ཐ་མ་མེད་པ་ཉིད་དུ་མི་འདོད་དོ། །འོ་ན་ཅི་ཞེ་ན། མཆོག་གི་བདག་ཉིད་དུ་སྟེ། བུམ་པ་ལ་སོགས་པ་སྣང་བཞིན་པ་ན་སྐྱེ་བ་དང་འཇིག་པ་ཡོངས་
སུ་ཆད་པའི་ཡུལ་ཅན་རྣམས་སུ་དམིགས་པ་ཚངས་པ་ཡིན་ནོ། །མ་ཐོས་ཀྱང་སྒྲ་གསལ་བར་རིག་པར་འགྱུར་རོ་ཞེས་བྱ་བའི་ཐལ་བར་འགྱུར་བ་སྨྲས་པ་འདི་གང་ཡིན་པ་དེ་ཡང་གལ་ཏེ་ཚངས་པའི་ངོ་བོ་དམིགས་པའི་མཚན་ཉིད་དུ་གྱུར་པར་འདོད་པ་དེའི་ཚེ་བལྟ་བར་བྱའོ། །གལ་ཏེ་ཡང་ཤིན་
ཏུ་ཕྲ་བ་དབང་པོ་ལས་འདས་པའི་ཞེས་སྨྲ་བ་དེའི་ཚེ་སྐྱོན་འདི་མེད་དོ། །འོན་ཀྱང་སྔོན་པོ་ལ་སོགས་པ་ཡང་དེའི་ངོ་བོ་ཡིན་པའི་ཕྱིར་དེའི་རང་གི་ངོ་བོ་བཞིན་དུ་མི་འཛིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་སྐྱོན་འདི་བརྗོད་པར་བྱའོ། །དེ་ལྟ་ཡིན་དང་ཚུ་རོལ་མཐོང་བ་རྣམས་ཀྱིས་སྐྱེ་བ་དང་འཇིག་པ་དང་
ལྡན་པའི་དོན་ཙམ་ཤེས་སོ་ཞེས་བྱ་བའི་ངེས་པ་འདི་མི་འཐད་དོ། །འདི་སྙམ་དུ་ཇི་ལྟར་ཁྱེད་ཅག་གི་སྐད་ཅིག་མ་ཉིད་ལས་སྔོན་པོ་ལ་སོགས་པ་ཐ་མི་དད་ལ། སྔོན་པོ་ལ་སོགས་པ་མྱོང་ན་ཡང་མི་མྱོང་བ་དེ་བཞིན་དུ་སྒྲའི་ངོ་བོ་ལ་ཡང་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། སྔོན་
པོ་ལ་སོགས་པ་རིག་པ་ན་སྐད་ཅིག་མ་ཉིད་མི་རིག་པ་ནི་མ་ཡིན་ཏེ། འོན་ཀྱང་རྟོག་པ་མེད་པའི་ཤེས་པས་གཟུང་དུ་ཟིན་ཀྱང་འཁྲུལ་པའི་རྒྱུ་མཚན་གྱིས་ཡོན་ཏན་གཞན་སྒྲོ་བཏགས་པའི་ཕྱིར་མ་ངེས་པ་ཡིན་པར་བརྗོད་དོ། །དེས་ན་ཉམས་སུ་མྱོང་བ་ལ་ལྟོས་ནས་དེ་བཟུང་བ་ཉིད་ཡིན་ལ། ངེས་
པའི་ཤེས་པ་ལ་ལྟོས་ནས་ནི་མ་བཟུང་བ་ཡིན་པའི་ཕྱིར། ཤེས་པ་ཐ་དད་པས་གཅིག་བཟུང་བ་དང་མ་བཟུང་བ་ཉིད་ནི་མི་འགལ་བ་ཁོ་ནའོ། །དེ་ལྟར་ཁྱེད་ཅག་གི་ཕྱོགས་ལ་ནི་སྒྲ་བཟུང་བ་དང་མ་བཟུང་བར་རིགས་པ་མ་ཡིན་ཏེ། ཤེས་པ་ཐམས་ཅད་རྟོག་པ་དང་བཅས་པ་ཉིད་དུ་ཁས་ལེན་པའི་

ཕྱིར་དང་། ཤེས་པ་གཅིག་གིས་ཀྱང་དེའི་བདག་ཉིད་ཐམས་ཅད་ངེས་པས་མ་བཟུང་བའི་རང་བཞིན་གཞན་མི་འཐད་པའི་ཕྱིར་རོ། །ཇི་སྐད་དུ། ངེས་པ་རྣམས་ཀྱིས་མ་ངེས་གང་། །དེ་ནི་ཇི་ལྟར་དེ་དག་ཡུལ། །ཞེས་བཤད་དོ། །ཅི་སྟེ་རྟོག་པ་མེད་པའི་ཤེས་པ་ཡང་ཅུང་ཟད་ཅིག་ཁས་ལེན་
ན་འོ་ན། སྒྲ་ཡི་རྗེས་འཇུག་མ་གཏོགས་གང་། །ཤེས་དེ་འཇིག་རྟེན་ན་ཡོད་མིན། །ཞེས་བརྗོད་པར་མི་བྱའོ། །སྒྲའི་རྣམ་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱང་འགྲུབ་པར་མི་འགྱུར་རོ། །དེ་ལྟ་བས་ན་ཚད་མ་མེད་པའི་ཕྱིར་དངོས་པོ་རྣམས་སྒྲའི་བདག་ཉིད་དུ་གནས་པ་རྒྱུ་
མཚན་མེད་པ་ཅན་ཁོ་ནར་འགྱུར་རོ། །གཞན་ཡང་དངོས་པོ་རྣམས་ཀྱི་སྐད་ཅིག་མ་ཉིད་ནི་ཚད་མ་གཞན་ལས་གྲུབ་པའི་ཕྱིར་ཉམས་སུ་མྱོང་བ་ཡང་མ་ངེས་པ་ཡིན་ནོ་ཞེས་བསྟན་གྱི། གང་གིས་དེ་རྣམ་པར་འཇོག་པར་བྱེད་པ་དངོས་པོ་རྣམས་སྒྲའི་བདག་ཉིད་དུ་ག་ལས་གྲུབ། སུན་འབྱིན་པའི་
ལན་གཞན་ཡང་། གལ་ཏེ་དངོས་པོ་སོ་སོ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་བདག་ཉིད་དེ་ཡོངས་སུ་གྱུར་པར་འགྲོ་བ་ན་དོན་ཐ་དད་པར་འགྱུར་རམ། མ་ཡིན་པར་འགྱུར་གྲང་། དེ་ལ་གལ་ཏེ་ཐ་དད་པ་མེད་པ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་སྔོན་པོ་ལ་སོགས་པ་ཐམས་ཅད་
ཡུལ་གཅིག་པ་ཉིད་དུ་འགྱུར་རོ། །ཡུལ་གཅིག་པ་ཉིད་དུ་ཞེས་བྱ་བ་ནི་མཚོན་པ་ཡིན་ཏེ། དུས་དང་ཡོངས་སུ་འགྱུར་བ་དང་། བྱ་བ་དང་གནས་སྐབས་ཀྱི་ཁྱད་པར་ལ་སོགས་པ་ཡང་གཟུང་ངོ་། །འདི་རྣམས་ཀྱང་གཅིག་ཏུ་འགྱུར་རོ། །གཅིག་གི་རྣམ་པར་རིག་པར་ཡང་སྟེ། སོ་སོ་སྣང་
བར་འགྱུར་ཞིང་ཐོབ་པ་ཡིན་ཏེ། སྔོན་པོ་ལ་སོགས་པ་ཐམས་ཅད་སྒྲ་གཅིག་གི་ངོ་བོར་ཐ་མི་དད་པའི་ཕྱིར་རོ། །ཅི་སྟེ་སྒྲའི་བདག་ཉིད་འདིར་རང་གི་མཚན་ཉིད་གསལ་བ་སོ་སོ་ཐ་དད་པ་ཉིད་དུ་ཁས་ལེན་པར་བྱེད་པ་དེའི་ཚེ། ཚངས་པ་དུ་མ་ཉིད་དུ་འགྱུར་ཏེ། དངོས་པོ་ཐ་དད་པ་ནི་དུ་མའི་ངོ་བོ་ཉིད་དུ་ཡིན་པའི་
ཕྱིར་རོ། །ཐ་དད་པ་དུ་མའི་དངོས་པོའི་བདག་ཉིད་དངོས་པོ་དུ་མའི་རང་བཞིན་གྱི་ངོ་བོ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་དངོས་པོ་ནི་དེ་ཉིད་དེ། ཚངས་པ་མཆོག་ཀྱང་གཅིག་ཏུ་འདོད་དེ། དེས་ན་དམ་བཅའ་བ་ལ་ཁས་བླངས་པས་གནོད་པ་ཡིན་ནོ་སྙམ་དུ་བསམས་པའོ། །ཉེས་པ་

གཞན་ཡང་། སྒྲ་ཡི་རང་བཞིན་རྟག་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྟག་པ་ལས་འབྱུང་བ་ཉིད་དེ། འགྲོ་བ་སྒྲ་རྟག་པའི་རང་བཞིན་ཉིད་ཡིན་ན་སྒྲའི་ངོ་བོ་བཞིན་དུ་དངོས་པོ་རྣམས་ཀྱང་རྟག་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་དུས་ཐམས་ཅད་དུ་
དངོས་པོ་རྣམས་སྒྲ་དང་ལྷན་ཅིག་ཅིག་ཅར་གྲུབ་པ་ན་སྟེ། གྲུབ་པའི་ཕྱིར་ཡོངས་སུ་འགྱུར་བར་མི་འགྱུར་རོ། །དེ་དག་ཅེས་བྱ་བ་ནི་དེའི་ཕྱིར་གྱི་དོན་ནམ་དེ་དག་སྟེ་སྔོན་པོ་ལ་སོགས་པ་དེ་དག་རྣམས་ཀྱི་ཅིག་ཅར་ཏེ། དེ་དག་ཅིག་ཅར་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་སྟེ་ཅིག་ཅར་བ་གྲུབ་ན་ཡང་
ཅིའི་ཕྱིར་ཡོངས་སུ་འགྱུར་བ་མ་ཡིན་ཞེ་ན། ངོ་བོ་གཅིག་ནི་ཞིག་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནིའི་སྒྲ་ནི་གོ་རིམས་མེད་པ་ལ་ནི་དངོས་པོ་ཡོངས་སུ་འགྱུར་བ་འགྲུབ་པར་མི་འགྱུར་རོ་ཞེས་རིམ་པ་གཞན་དུ་བྱའོ། །དེ་ལྟར་རེ་ཞིག་ཡོངས་སུ་འགྱུར་བས་བྱས་པའི་དངོས་པོ་རྣམས་སྒྲའི་
རང་བཞིན་ཉིད་དུ་མི་རིགས་སོ། །ཕྱོགས་གཉིས་པ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ཡང་སྒྲ་རྟག་པ་ཉིད་ཀྱིས་འགྱུར་བ་མེད་པའི་ཕྱིར་དེ་ལས་རིམ་གྱིས་འབྲས་བུ་སྐྱེ་བར་མི་འགྱུར་རོ། །ཐམས་ཅད་ལ་རྒྱུ་ནུས་པ་ཐོགས་པ་
མེད་པ་མ་ཚང་བ་མེད་པའི་ཕྱིར་ཅིག་ཅར་ཁོ་ནར་སྐྱེ་བར་འགྱུར་རོ། །རྒྱུ་མ་ཚང་བའི་ཕྱིར་འབྲས་བུ་སྡོད་པ་ཡིན་ན། གང་གིས་ཅིག་ཅར་བར་མི་འགྱུར་བ་གལ་ཏེ་དེ་མ་ཚང་བ་མེད་ན་དེས་ན་ཅིའི་ཕྱིར་གཞན་ལ་ལྟོས། གཞན་ཡང་གལ་ཏེ་རང་བཞིན་གཅིག་པོ་དེ་ལས་སྒྲའི་རང་གི་ངོ་བོ་གཞན་ཐ་དད་
པ་སྐྱེ་བར་ཁས་ལེན་པ་དེའི་ཚེ། ཚངས་པ་དེ་དོན་གྱི་ངོ་བོར་རྣམ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདི་འགྲུབ་པར་མི་འགྱུར་རོ། །དོན་གཞན་སྐྱེ་བ་ན་གཞན་དེའི་རང་བཞིན་དུ་མི་འཇུག་པ་དེའི་ངོ་བོ་རྣམ་པར་འགྱུར་བ་ནི་མི་རིགས་སོ། །དེ་ལྟ་བས་ན་ཐམས་ཅད་དུ་ཡང་དམ་བཅས་པའི་དོན་བརྟག་པར་
མི་བྱའོ། །སྒྲའི་རྣམ་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱང་མ་གྲུབ་པར་བསྟན་པའི་ཕྱིར། དེ་ཡི་ངོ་བོ་མིན་ལས་ལོག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ལ་ནི་དོན་དམ་པར་ངོ་བོ་གཅིག་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་ཏེ། ཐམས་ཅད་རང་རང་གི་ངོ་བོ་ལ་གནས་པ་

ཉིད་ཀྱིས་རིགས་མཐུན་པ་དང་མི་མཐུན་པ་ལས་ལྡོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་དག་ལ་ནི་རྟོག་པས་ཞེན་པ་རིགས་མི་མཐུན་པ་ལས་ལྡོག་པས་བྱས་པ་རྣམ་པ་གཅིག་དང་ལྡན་པ་ཉིད་རྣམ་པར་འཇོག་པར་བྱེད་དེ། དཔེར་ན་བུམ་པ་དང་ཁམ་ཕོར་དང་། བླུག་མ་ལ་སོགས་པ་
དོན་དམ་པར་ཐ་དད་པ་རྣམས་ལ་ཡང་འཇི་བའི་བདག་ཉིད་མ་ཡིན་པའི་དངོས་པོ་ལས་ལྡོག་པས་བྱས་པ་འཇི་བའི་བདག་ཉིད་དུ་རྟོག་པ་ལྟ་བུའོ། །དེ་ལ་སྔོན་པོ་ལ་སོགས་པ་འདི་དག་གིས་བརྟགས་པ་དེ་ཡང་སྒྲའི་རྣམ་པ་དང་ལྡན་པ་ཉིད་དུ་སྲིད་པ་མ་ཡིན་ཏེ། སྔོན་པོ་དང་སེར་པོ་ལ་སོགས་
པ་རྣམས་ལ་སྒྲའི་ངོ་བོ་མ་དམིགས་ལ། མ་དམིགས་པ་ན་ཡང་ཇི་ལྟར་སྒྲའི་བདག་ཉིད་མ་ཡིན་པ་རྣམ་པས་བཅད་པས་བྱས་པའི་སྒྲའི་རྣམ་པ་དང་ལྡན་པ་ཉིད་རྟོག །དེ་ཕྱིར་རྟོག་པའང་ས་བོན་མེད། །ཅེས་བྱ་བ་ནི་གཏན་ཚིགས་མ་གྲུབ་པའོ། །གང་ཡང་། ཐམས་ཅད་ཡུལ་གཅིག་ཉིད་
དང་ནི། །གཅིག་གི་རྣམ་པར་རིག་པར་འགྱུར། །ཞེས་སྨྲས་པ་དེ་ལ་གཞན་ཀྱི་ལུགས་ཀྱི་དོགས་པ་བསུ་བ་ནི། འོན་ཏེ་ཚངས་པའི་དེ་ཉིད་ཅེས་བྱ་བ་ལ་སོགས་པའོ། །ཅི་སྟེ་ཡང་ཚངས་པའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་མི་འགྱུར་བ་དབྱེར་མེད་པ་ཉིད་དུ་རྟག་ཏུ་དོན་དམ་པར་གནས་པ་གང་ཡིན་
པ་དེ་ནི་དོན་དམ་པར་ཡོངས་སུ་འགྱུར་བ་མ་ཡིན་གྱི། འོན་ཀྱང་མ་རིག་པའི་ལིང་ཏོག་གིས་བློའི་མིག་ཉམས་པ་རྣམས་སྔོན་པོ་ལ་སོགས་པའི་དབྱེ་བས་སྣ་ཚོགས་པ་བཞིན་དུ་རློམ་མོ། །ཇི་སྐད་དུ། ཇི་ལྟར་ནམ་མཁའ་དག་པ་ལ། །རབ་རིབ་ཀྱིས་བསླད་སྐྱེ་བོ་ཡིན། །རབ་རིབ་སྣ་ཚོགས་
དག་དང་ནི། །ལྡན་པ་བཞིན་དུ་མངོན་པར་རློམ། །དེ་ལྟར་བདུད་རྩི་འགྱུར་མེད་པའི། །ཚངས་པ་འདི་ནི་མ་རིག་པས། །རྙོག་པ་བཞིན་དུ་འགྱུར་བ་སྟེ། །ཐ་དད་ངོ་བོར་རྣམ་པར་འགྱུར། །ཞེས་བཤད་པ་ལྟ་བུའོ། །དེས་ན་ཐམས་ཅད་ཡུལ་གཅིག་པ་ཉིད་དུ་ཐལ་བར་མི་འགྱུར་ཏེ། དེ་
དག་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རིག་པ་ཐ་དད་པར་ཡང་མི་འགྱུར་ཏེ། དེ་ནི་མ་རིག་པས་བསླད་པ་བྱས་པ་ཉིད་ཀྱི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལའང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ་གང་གི་ཕྱིར་ཚད་མའི་དབང་གིས་གཞལ་བྱ་ཡོད་པར་རྣམ་

པར་འཇོག་པ་ཡིན་ལ། དེ་ལྟ་བུའི་ངོ་བོའི་ཚངས་པ་གྲུབ་པར་བྱ་བའི་ཕྱིར་ཚད་མ་ཅུང་ཟད་ཀྱང་མེད་དོ། །འདི་ལྟར་རེ་ཞིག་དེ་ནི་མངོན་སུམ་གྱིས་དེ་གྲུབ་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བའི་རྟེན་ལས་ཐ་དད་པའི་སྒྲའི་ངོ་བོ་གཞན་
སྣང་བ་ནི་མེད་ལ། མི་སྣང་བ་ཡང་ཇི་ལྟར་དེ་མངོན་དུ་ཕྱོགས་པའི་སེམས་ཏེ། རིགས་པའི་ལམ་ལ་གནས་པས་ཡོད་པ་ཉིད་དུ་མ་ངེས་པར་འགྱུར། འདི་སྙམ་དུ་ཤེས་པའི་བདག་ཉིད་ཀྱི་ངོ་བོ་བཞིན་དུ་རང་རིག་པའི་མངོན་སུམ་ཁོ་ནས་དེ་གྲུབ་པ་ཡིན་ཏེ། འདི་ལྟར་དེ་ཉིད་གསལ་བ་
ཡིན་ཏེ། སྒྲའི་བདག་ཉིད་ཡིན་པའི་ཕྱིར་དང་། སེམས་པ་ཅན་གྱི་ངོ་བོ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་ན། འདི་ནི་རང་རིག་པ་དང་འགལ་ཏེ་འདི་ལྟར་ཡིད་གཞན་ལ་ཡང་ཡེངས་ཀྱང་མིག་གིས་གཟུགས་ལྟ་བ་ན། མངོན་པར་བརྗོད་པ་དང་མི་ལྡན་པ་སྔོན་པོ་ལ་སོགས་པའི་ཤེས་པ་ཉམས་སུ་མྱོང་བ་
ཁོ་ན་ཡིན་ནོ། །འདི་ལྟར་རྒྱས་པར་འཆད་པར་འགྱུར་རོ། །དེས་ན། ཤེས་དེ་འཇིག་རྟེན་ན་ཡོད་མིན། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་བསལ་བ་ཡིན་ནོ། །དེ་ལྟ་བས་ན་དབྱེར་མེད་པའི་སྒྲའི་རང་བཞིན་གྱི་ཚངས་པ་མངོན་སུམ་གྱིས་གྲུབ་པ་མ་ཡིན་ཏེ། དེ་ལྟ་བུར་གྱུར་པ་དེ་མི་སྣང་བའི་
ཕྱིར་རོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། འདི་ལྟར་རྗེས་སུ་དཔག་པ་ཡིན་ན་འབྲས་བུའི་རྟགས་ཡིན་པའམ། རང་བཞིན་གྱི་རྟགས་ཡིན་གྲང་། མི་དམིགས་པ་ནི་དགག་པའི་ཡུལ་ཅན་ཡིན་པའི་ཕྱིར་སྒྲུབ་པ་ལ་དབང་དུ་བྱེད་པ་ཉིད་མ་